(དུས་དེབ་གོང་མའི་འཕྲོ།) ཨེ་པ་བསོད་ནམས་རིན་ཆེན།
གཉིས་པ། མཆོད་བརྗོད་དང་དམ་བཅའ།
༄༅། །མཆོད་བརྗོད་ནི། བསྟན་བཅོས་རྩོམ་པ་ལ་བར་ཆད་མི་འབྱུང་བའམ་རྩོམ་པ་མཐར་ཕྱིན་པ་སོགས་ཀྱི་སླད་དུ་ཡིན་ཅིང༌། ལེའུ་ཐོ་རྒྱས་འབྲིང་བསྡུས་གསུམ་གྱི་སྦྱོར་ཚུལ་ལ་ལྟོས་པའི་མཆོད་བརྗོད་ཀྱང་རྒྱས་བསྡུས་མི་འདྲ་ལ། བརྗོད་དོན་དང་བརྗོད་བྱའི་ཐད་ལའང་ལེ་ཐོ་རྩོམ་པ་པོའི་རྣམ་དཔྱོད་ཐ་དད་དབང་གིས་སྙན་ཟབ་ཅི་རིགས་མཆིས།
སྤྱིར་གཞུང་ལེ་རྒྱས་པའི་ནང་རྩ་བའི་མཆོད་ཡུལ་རྣམས་གཅིག་མཚུངས་སུ་ངེས་པའང༌། ཐོག་མར་ལུགས་གཉིས་འཛིན་པའི་བྱེད་པོ་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་མཆོད་པའི་དོན་ཚིགས་བཅད་སུམ་བྷིད་ཅན་གཅིག་དང༌། དེ་རྗེས་སྟོན་པ་ཤཱཀྱ་ཐུབ་པ། འཇམ་དཔལ་དབྱངས། ཚངས་སྲས་མ། དབང་ཕྱུག་ཡབ་ཡུམ། རིགས་ལྡན་རིམ་བྱོན། ཐོན་མིས་གཙོ་བྱས་ལོ་ཙཱ་བ་རཱ་འབྲོ་གཤོང་སོགས། རྩིས་རིག་བསྟན་འཛིན་སྐྱེས་བུ་རིམ་བྱོན། རང་གི་རྩ་བའི་བླ་མ་དང་ཆོས་སྐྱོང་སྲུང་མའི་ཚོགས་ལ་བསྟོད་པའི་སྒོ་ནས་ཤིས་པ་བརྗོད་པ་སོགས་སོ།།
དམ་བཅའ་ནི། རྩོམ་པར་དམ་བཅའ་བའོ། །རྩོམ་པར་དམ་བཅའ་བ་ནི་རྩོམ་པའི་ལས་ལ་སྒྱིད་མི་ལུག་པ་དང༌། བརྩམ་བྱ་དེ་ངེས་པར་མཐར་ཕྱིན་བསྒྲུབ་པར་བྱ་བའོ་ཞེས་ཁས་བླངས་པའི་བརྗོད་དོན་ཞིག་ཡིན།།
གསུམ་པ། བསྟན་པའི་རྩིས་ཀྱི་རྣམ་གཞག
བསྟན་རྩིས། ཞེས་པ་སྟོན་པའི་མཛད་དུས་ཁྱད་པར་ཅན་དང་བསྟན་པའི་གནས་ཚད། བསྟན་འཛིན་སྐྱེས་བུ་རིམ་བྱོན་གྱི་འཁྲུངས་འདས་སོཌ་རྩ་ཆེའི་དུས་བརྩི་བའི་རྩིས་རིག་པའི་རྣམ་གཞག་ལ་བརྗོད། གཞུང་ལེའི་ནང་བསྟན་རྩིས་བཤད་པའི་སྐབས་ཕུག་ལུཌ་ཀྱི་བཞེད་པ་གཙོ་བོར་བཟུང་ཐོག་སྟོང་ཆེན་འདས་ལོ་དང༌། སྟོན་པའི་མཛད་དུས་ཁྱད་པར་ཅན། མདོ་ལུཌ་བསྟན་པའི་གནས་ཚད། བསྟན་འཛིན་སྐྱེས་བུ་རིམ་བྱོན་གྱི་འཁྲུངས་འདས་དང་མཛད་དུས།(མཛད་པ་བཞེས་པའི་དུས་ཁྱད་པར་བ།)དུས་འཁོར་བསྟན་པའི་གནས་ཚད་བཅས་ས་བཅད་རྣམ་པ་ལྔ་ཡི་སྒོ་ནས་བསྟན་ཡོད།
གཅིག སྟོན་པའི་མཛད་དུས་ཀྱི་ལོ།
ཀ༽ སྟོང་ཆེན་འདས་ལོ། སྟོང་ཆེན་ལོ་ཚོགས་ཞེས་པ་ནི་འབྱུང་བཞིའི་དཀྱིལ་འཁོར་དང་བཅས་པའི་སྣོད་ཀྱི་འཇིག་རྟེན་ཆགས་རྗེས་ཉི་མ་ལ་སོགས་པའི་གཟའ་རྣམས་རང་རང་གི་སྐར་ཁྱིམ་སྟེང་དུས་སྔ་ཕྱིའི་རིམ་པས་སྐྱེས་པ་དེ་ནས་བཟུང་བར་མ་ཆད་པར་འཁོར་བས། གཟའ་ཀུན་གྱིས་རང་རང་གི་དཀྱིལ་འཁོར་ལོངས་སྤྱད་དེ་མཐར་གཅིག་ཏུ་སྟོང་པར་ཞུགས་པའི་བར་ཇི་ཙམ་འགོར་བའི་ཡུན་གྱི་ལོ་ཚོགས་(སྟོང་ཆེན་དཀྱིལ་འཁོར་)ལ་བརྗོད་པ་ཡིན།
སྐབས་སུ་ལོ་ཚོགས་འདི་འདས་མཚམས་སྟོན་པ་ལྷུམས་སུ་ཞུགས་ཞེས་པའང༌། རྩིས་རིག་པས་གཏན་ལ་དབབ་པའི་སྟོང་ཆེན་གཅིག་གི་ལོ་ཚོགས་ལས་སྐབས་སུ་ལོའི་གྲངས་དེ་ཙམ་འདས་མཚམས་སྟོན་པ་ལྷུམས་སུ་ཞུགས་པའི་དོན་ཡིན། དེ་ཡང༌། སྟོང་ཆེན་ཞེས་པ་འདི་ནི་རྩིས་རིག་པའི་ཐ་སྙད་གཅིག་ཡིན་ཅིང༌། དེ་ལ་སྟོང་པ་ཞེས་པ་གཟའ་གང་ཡང་རང་གི་སྐྱེས་སྐར་སྟེང་ནས་སྐྱེ་བ་དང་རང་བགྲོད་འགོ་རྩོམ་ལ་ཉེ་བའི་མཚམས་རང་རང་གི་རྟགས་ལོངས་ཅི་ཡང་མ་སྤྱད་པ་སྟོང་པར་སྣང་བ་ལྟ་བུའི་དོན་ནམ། ཡང་ན་གཟའ་གང་རང་རང་གི་སྐྱེས་སྐར་ལས་བརྩམས་ཏེ་རང་གི་རྟགས་ལོངས་དཀྱིལ་འཁོར་ཡོངས་སུ་སྤྱད་ཟིན་ཏེ་སླར་སྐྱེས་སྐར་སྟེང་སླེབས་པ་བགྲོད་ཐོག་མར་རྩོམ་ལ་ཉེ་བའི་གནས་སྐབས་དེ་མ་ཐག་ཏུ་བརྗོད་པ་དང༌། ཆེན་པོ་ཞེས་སྐབས་སུ་གཟའ་གཅིག་ཙམ་མ་ཡིན་པར་གཟའ་ཀུན་དུས་གཅིག་ཏུ་ཞུགས་པས་སོ།།
འདི་ལ་ཁ་ཅིག་ཟླ་བ་གསར་དུ་བྱུང་བ་ནས་ཞེས་མཁའ་ལ་ཟླ་བ་འབྱུང་དུས་ནས་ངོས་བཟུང་བར་འདུག་ཀྱང་འདི་ནི་ངེས་པ་གསལ་བ་མ་ཡིན་ཏེ། རྩིས་གཞུང་ལས་རགས་པ་གཟའ་རྣམས་རང་རང་གི་སྐྱེས་སྐར་གསུངས་པ་ཙམ་ལས་ཉི་ཟླ་སོ་སོ་དུས་དེ་ཙམ་ན་སྐྱེས་སོ་ཞེས་གསལ་མེད་པའོ།། སྤྱིར་ནང་གི་རྩ་འདབ་སྔ་ཕྱི་སྐྱེས་པའི་རིམ་པས་ཕྱིའི་རྒྱུ་སྐར་ཉེར་བརྒྱད་ལ་སོགས་པའི་སྐར་ཕྲན་དུང་ཕྱུར་བྱེ་བ་ས་ཡ་སྔོན་དུ་བྱུང་བ་དང༌། ཉི་མ་དང༌། ཟླ་བ། དམར་པོ། ལྷག་པ། ཕུར་བུ། སྤེན་པ། སྒྲ་གཅན། རཱ་ཧུ། དུ་མཇུག་བཅས་པའི་གཟའ་རྣམས་ཕྱིས་སུ་བྱུང་བར་མི་འགལ་མོད། སྟོང་ཆེན་འདས་ལོ་ནི་གཟའ་རྣམས་སྐྱེས་རྗེས་དེས་སྐར་ཁྱིམ་གོ་ལར་སྤྱོད་པའི་ཡུལ་ལོངས་ཤིག་ཡིན་པས་རང་རེའི་རྩིས་རིག་པའི་གཞུང་ལས་ཉི་ཟླ་གཟའ་སྐར་དུས་ནམ་བྱུང་གི་ལོ་གྲངས་ཞིབ་པ་གསུངས་མེད་ཀྱང་རགས་པ་སྟོང་ཆེན་འདས་ལོ་འདི་ཙམ་གྱི་སྔོན་དུ་བྱུང་བར་སྨྲས་ན་ལུང་རིགས་གཉིས་ཀས་འགལ་མེད་དུ་གྲུབ་ཐུབ་སྙམ།
གཞུང་ལེའི་ནང་གཟའ་རྣམས་སྟོང་པར་གཞུག་བྱའི་དཀྱིལ་འཁོར་ལོ་ཚོགས་ལས་ལོ་གྲངས་ ༨༢༧༧༦༡༣༢༧༦༦༩༤༥༡༧༦༩༥༢(དཀྲམ་བཅུ་གསུམ་ཁྲག་ཉེར་བདུན་དང་དུང་ཕྱུར་དགུ་བྱེ་བ་བཞི་ས་ཡ་ལྔ་དང༌། ཆིག་འབུམ་བདུན་ཁྲི་བདུན་དྲུག་སྟོང་དགུ་བརྒྱ་ལྔ་བཅུ་རྩ་གཉིས་)འདི་ཙམ་འདས་རྗེས་སྟོན་པ་ལྷུམས་སུ་ཞུགས་པར་བསྟན་ཡོད།
ཁ༽ སྟོན་པའི་མཛད་དུས་ཁྱད་པར་ཅན།
སྟོན་པའི་མཛད་དུས་ནི་སྟོན་པ་དུས་ཇི་ཙམ་ལ་ལྷུམས་སུ་ཞུགས་པ་དང༌། དུས་ཇི་ཙམ་ལ་སྐུ་བལྟམས་པ། རབ་ཏུ་བྱུང་བ། བླ་མེད་བྱང་ཆུབ་རྙེད་པ། བཀའ་བདེན་བཞི་གསུངས་པ། ཆོ་འཕྲུལ་མཛད་ཆེན་བཞེས་པ། དུས་འཁོར་གསུངས་པ། གཟུགས་སྐུ་བསྡུས་པ་བཅས་པའི་མཛད་དུས་སོ་སོ་ནས་ལེའུ་ཐོ་སྤེལ་ལོ་(འདིར་རབ་བྱུང་བཅུ་བདུན་པའི་ཆུ་ལུག་ཡེ་ལོ་ ༢༠༠༣ བར་གྱི་འདས་ལོ་དཔེ་མཚོན་དུ་བཀོད་ཡོད།)བར་ལོ་གྲངས་ཇི་ཙམ་འདས་པ་བསྟན་ཡོད་རུང༌། ཞིབ་པ་འདིར་ཡིག་ཚོགས་ལ་འཇིགས་ཏེ་བཀོད་མེད་ཅིང༌། ལེའུ་ཐོར་གཟིགས་ནའང་མཁྱེན་མ་ཐུབ་པ་མེད། གཤམ་འཁོད་རེའུ་མིག་ཏུ་གཟིགས།
༄། །སྟོན་པའི་མཛད་དུས་ཁྱར་པར་གསལ་བའི་རེའུ་མིག་བཞུགས་སོ། ། | |||
མཛད་པ། | མཛད་དུས། | ||
འབྱུང་ལོ། | ཡེ་སྔོན། | འདས་ལོ། | |
ལྷུམས་སུ་ཞུགས། | ས་ལུག | ༩༦༢ | ༢༩༦༤ |
བལྟམས་པ། | ལྕགས་སྤྲེལ། | ༩༦༡ | ༢༩༦༣ |
རབ་ཏུ་བྱུང་བ།༢༩ | ས་བྱི། | ༩༣༣ | ༢༩༣༥ |
སངས་རྒྱས་པ། ༣༥ | ཤིང་རྟ། | ༩༢༧ | ༢༩༢༩ |
བཀའ་དང་པོ་གསུང༌། | ཤིང་རྟ། | ༩༢༧ | ༢༩༢༩ |
ཆོ་འཕྲུལ་མཛད་བཞེས།༥༦ | ཤིང་ཡོས། | ༩༠༦ | ༢༩༠༨ |
དུས་འཁོར་གསུངས།༨༡ | ལྕགས་འབྲུག | ༨༨༡ | ༢༨༨༣ |
གཟུགས་སྐུ་བསྡུས།༨༡ | ལྕགས་འབྲུག | ༨༨༡ | ༢༨༨༣ |
གཉིས། བསྟན་པའི་གནས་ཚད་དངོས་བཤད་པ།
༄༅། །བསྟན་པའི་གནས་ཚད་ལ་མདོ་ལུགས་དང་སྔགས་ལུགས་ཀྱི་བརྩི་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས་ཐོག་མར་མདོ་ལུགས་བསྟན་པའི་གནས་ཚད་འཆད་པ་ཡིན་ཏེ། དེ་ཡང་བསྟན་པའི་གནས་ཚད་ཅེས་པ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་འཇིག་རྟེན་འདིར་དུས་ཡུན་རིང་ཐུང་ཇི་ཙམ་གནས་པའི་ཡུན་ལ་བརྗོད། བསྟན་པའི་གནས་ཚད་འདི་བཞིན་གདུལ་བྱའི་སྣང་ངོར་ལྟོས་ཏེ་ཚད་འདི་ཙམ་གནས་སོ་ཞེས་སྟོན་པ་ཉིད་ཀྱིས་མདོ་སྔགས་སོ་སོའི་སྡེ་ལས་བཞེད་ཚུལ་མི་འདྲ་བ་བསྟན་ཡོད་པ་ལས་འདིར་སློབ་དཔོན་དབྱིག་གཉེན་དང་འཇམ་དཔལ་གྲགས་པའི་དགོངས་འགྲེལ་ལྟར་མི་ལོ་ལྔ་སྟོང་དུ་གནས་པར་གསུངས་པ་གཙོ་བོར་སྨྲས་པའི་ཐོག་འདས་ལུས་ཀྱི་གྲངས་ཇི་ཙམ་ཡོད་རྩི་བ་ལ།
ཀ༽ རྩིས་འགོ། སྟོན་པའི་གནས་ཚད་མི་ལོ་ལྔ་སྟོང་གསུངས་པ་དེ་སྟོན་པས་བདེན་བཞིའི་ཆོས་བསྟན་པ་ནས་འགོ་འཛིན་པ་དང༌། སྟོན་པ་མྱ་ངན་ལས་འདས་རྗེས་འགོ་འཛིན་པ་སོགས་ཀྱི་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་འདིར་ལུགས་ཕྱི་མ་ལྟར་སྟོན་པ་མྱ་ངན་ལས་འདས་རྗེས་འགོ་འཛིན་པ་འཐད་ལྡན་དུ་བཟུང་སྟེ་དེ་ནས་མི་ལོ་ལྔ་སྟོང་བར་གྱི་ཡུན་ནི་མདོ་ལུགས་བསྟན་པའི་གནས་ཚད་དུ་ངེས་དགོས་པ་རྩིས་འགོ་ནི་མདོ་སྔགས་གཉིས་ཀར་མཚུངས་སོ། །
ཁ༽ དབྱེ་བ། སྟོན་པའི་གནས་ཚད་མི་ལོ་ལྔ་སྟོང་དུ་གསུངས་པ་འདི་ཉིད་ལྔ་བརྒྱ་ཕྲག་གསུམ་རེས་ལེའུ་རེར་བྱས་པའི་ལེའུ་གསུམ་དང་ལྔ་བརྒྱ་ཕྲག་གཅིག་པོ་ལེའུ་གཅིག་ཏུ་བྱས་པའི་ཁྱོན་ལེའུ་བཞིར་དབྱེ་ཡོད་དེ། དེ་ཡང༌། དང་པོ་ཡེ་ཤེས་ཁོང་ཆུད་ལེའུ། གཉིས་པ། སྒྲུབ་དུས་ཀྱི་ལེའུ། གསུམ་པ། ལུང་གི་ལེའུ། བཞི་པ། རྟགས་ཙམ་འཛིན་པའི་ལེའུ་བཅས་སོ། །
༡༽ ཡེ་ཤེས་ཁོང་ཆུད་ལེའུ་ལ་ལྔ་བརྒྱ་ཕྲག་གསུམ་ཡོད་པ་ལས་རེ་རེས། དགྲ་བཅོམ་དང༌། ཕྱིར་མི་འོང༌། རྒྱུན་ཞུགས་བཅས་ཀྱི་དུས་གསུམ་དུ་འགྱུར་ཏེ་འདི་ལ་འབྲས་བུའི་ཆོས་གཙོ་བོར་ཉམས་སུ་ལེན་པར་བཞེད་པས་ཡེ་ཤེས་ཁོང་ཆུད་ལེའུ་འམ་མངོན་པར་རྟོགས་པའི་དུས་གསུམ་ཞེས་བརྗོད་དོ། །
༢༽ སྒྲུབ་དུས་ཀྱི་ལེའུ་ལ་ལྔ་བརྒྱ་ཕྲག་གསུམ་ཡོད་པ་ལས་རེ་རེར་ཡང༌། ཤེས་རབ་དང༌། ཏིང་འཛིན། ཚུལ་ཁྲིམས་བཅས་ཀྱི་དུས་གསུམ་དུ་འགྱུར་ཞིང་འདི་ཡུན་བསླབ་པ་དེ་གསུམ་གཙོར་སྟོན་པ་མང་དུ་བྱུང་བས་ན་སྒྲུབ་དུས་ལེའུ་ཞེས་བརྗོད་དོ།།
༣༽ ལུང་གི་ལེའུ་ལ་ལྔ་བརྒྱ་ཕྲག་གསུམ་ཡོད་པ་ལས་རེ་རེར་ཡང༌། མངོན་པ་དང༌། མདོ་སྡེ། འདུལ་བ་བཅས་ཀྱི་དུས་གསུམ་དུ་འགྱུར་ཞིང་སོ་སོར་སྡེ་སྣོད་དེ་རྣམས་སྟོན་པ་མང་དུ་བྱུང་བའི་རྒྱུ་མཚན་གྱིས་ལུང་གི་ལེའུ་ཞེས་བརྗོད་དོ། །
༤༽ རྟགས་ཙམ་འཛིན་པའི་ལེའུ་ནི་ལྔ་བརྒྱ་ཕྲག་བཅུའི་ཐ་མ་ཡིན་ཏེ། འདི་ལ་རབ་བྱུང་རྟགས་ཙམ་མ་གཏོགས་སྒྲུབ་པ་དང༌། ལུང་གཉིས་གཟུགས་བརྙན་དུ་སྤྱོད་པས་ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར་རྟགས་ཙམ་འཛིན་པའི་ལེའུ་ཞེས་བརྗོད་དོ། །ཞིབ་པ་གཤམ་འཁོད་རེའུ་མིག་ལས་རྟོགས་སོ། །
དེ་ལ་འདིར་སྟོན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུའི་རྣམ་དབྱེ་དག་རེའུ་མིག་ལམ་ནས་བལྟ་བདེར་བཀོད་པ་(ཤོག་ངོས་ཕྱི་མར་གསལ)ལས་ངེས་པར་འཚལ།
གསུམ། བསྟན་པའི་གནས་ཚད་ཀྱི་འདས་ལུས་བརྩི་བ།
སྟོན་པའི་གནས་ཚད་དང་བརྩི་འགོ་འཛིན་ཚུལ་རྟོགས་རྗེས་ད་ནི་གནས་ཚད་དེ་ལས་ལེ་ཐོ་སྤེལ་དུས་བར་ཇི་ཙམ་འདས་པ་ཟིན་པ་དང༌། མ་འོངས་ཇི་ཙམ་ལྷག་ལུས་སུ་འགྱུར་བའི་གྲངས་བརྩི་བ་ཡིན། འདིར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཐོ་སྤེལ་ལོ་བར་གྱི་འདས་ལོ་བཀོད་པ་ནི་བསྟན་པའི་གནས་ཚད་ལས་ཇི་ཙམ་འདས་པའི་ཡུན་ཡིན་ཏེ། བསྟན་པའི་གནས་ཚད་དེ་བཞིན་སྟོན་པ་མྱ་ངན་ལས་འདས་ནས་བརྩི་འགོ་བཟུང་བའི་ཕྱིར་རོ།།
དཔེར་ན། རབ་གནས་ཆུ་ལུག་ལོའི་སྟོན་པ་མྱ་ངན་འདས་ལོ་ནི། སྟོན་པའི་མཛད་དུས་སྐབས་བཤད་ཟིན་པ་ལྟར་མི་ལོ་ ༢༨༨༣ ཡིན་ཅིང༌། འདི་ནི་སྟོན་པའི་འདས་ལོ་ཡིན་པས་དེས་གནས་ཚད་མི་ལོ་ལྔ་བརྒྱ་ཕྲག་བཅུ་ལས་འཕྲི་བས་ལྷག་མི་ལོ་ ༢༡༡༧ བྱུང་བ་ནི་བསྟན་པའི་ཚད་ཇི་ཙམ་ལུས་པའི་གྲངས་ཡིན་ནོ།།
དེ་ཡང་ཞིབ་པ། དུས་དབྱེའི་སྐབས་ལྔ་བརྒྱ་ཕྲག་རེས་དུས་རེ་དང་ཕྲག་གསུམ་རེ་ལེའུའི་བདག་ཉིད་དུ་རྩིས་པ་ལྟར། སྐབས་སུ་དགྲ་བཅོམ་དང་ཕྱིར་མི་འོང༌། རྒྱུན་ཞུགས་བཅས་པའི་ཡེ་ཤེས་ཁོང་ཆུད་ལེའུའི་ལྔ་བརྒྱ་ཕྲག་གསུམ་དང༌། སྒྲུབ་དུས་ལེའུ་ལས། ཤེས་རབ། ཏིང་འཛིན་གཉིས་པོའི་ལྔ་བརྒྱ་ཕྲག་གཉིས། གསུམ་པ་ཚུལ་ཁྲིམས་ལས་ ༣༨༣ འདས་པ་བསྟན་ཏོ།།
༄། བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུའི་རྣམ་དབྱེ། | |||
ལྔ་བརྒྱ་ཕྲག | དུས་དབྱེ། | ལོ་གྲངས། | ལེའུ། |
༡ དགྲ་བཅོམ། | འབྲས་བུ་གསུམ། | ༥༠༠ | ཡེ་ཤེས་ཁོང་ཆུད་ལེའུ། |
༢ ཕྱིར་མི་འོང༌། | ༥༠༠ | ||
༣ རྒྱུན་ཞུགས། | ༥༠༠ | ||
༤ ཤེས་རབ། | བསླབ་པ་གཙོར་སྟོན། | ༥༠༠ | སྒྲུབ་དུས་ཀྱི་ལེའུ། |
༥ ཏིང་འཛིན། | ༥༠༠ | ||
༦ ཚུལ་ཁྲིམས། | ༥༠༠ | ||
༧ མངོན་པ། | སྡེ་སྣོད་སྟོན་པ། | ༥༠༠ | ལུང་གི་ལེའུ། |
༨ མདོ་སྡེ། | ༥༠༠ | ||
༩ འདུལ་བ། | ༥༠༠ | ||
༡༠ རབ་བྱུང་རྟགས་ཙམ་ལས་ལྟ་སྤྱོད་རྣམ་མ་མེད་པ། | ༥༠༠ | རྟགས་ཙམ་འཛིན་པའི་ལེའུ། |
བཞི། བསྟན་འཛིན་སྐྱེས་བུའི་མཛད་དུས་དང་འཁྲུངས་འདས་སོགས།
བསྟན་འཛིན་སྐྱེས་བུའི་མཛད་དུས་དང་འཁྲུངས་འདས་ཀྱི་བསྟན་རྩིས་འདི་བཞིན་སྟོན་པ་མྱ་ངན་ལས་འདས་རྗེས་མདོ་སྔགས་ཀྱི་བསྟན་པ་ཇི་ལྟར་བརྒྱུད་ཚུལ་དང་བསྟན་པ་དེ་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་ཚུལ། འཁྲུངས་འདས། ཁྱད་པར་དུས་འཁོར་བསྟན་འཛིན་སྐྱེས་བུའི་(ཆོས་རྒྱལ་རིགས་ལྡན་རྣམས་ཁྲིར་བྱོན་ལོ)འཁྲུངས་འདས་དམིགས་སུ་བཟུང་སྟེ་བཀོད་ཡོད་པ་དེ་ཡང་གཞུང་ལེའི་ནང་བསྟན་པ་རྣམས་རེའུ་མིག་བལྟ་བདེ་ཟུར་དུ་བཀོད་ཡོད་པ་དེར་གཟིགས་པར་འཚལ།།
ལྔ་པ། རྒྱུད་ལུགས།(དུས་འཁོར་བསྟན་རྩིས་)བསྟན་པའི་གནས་ཚད་བཤད་པ།
དེ་ཡང་སྔར་གླེང་ཟིན་པ་ལྟར་བསྟན་པའི་གནས་ཚད་ལ་མདོ་རྒྱུད་ལུགས་གཉིས་ལས་མདོ་ལུགས་བསྟན་པའི་གནས་ཚད་གླེང་ཟིན་ཏེ་ད་ནི་སྐབས་སུ་རྒྱུད་ཀྱི་བསྟན་པའི་གནས་ཚད་བཤད་པ་ལ་གཉིས་ཏེ། བསྟན་པའི་གནས་ཚད་ཐུན་མིན་སྤྱི་བཤད་པ་དང༌། གནས་ཚད་དེ་དག་གི་དུས་བཞི་པོ་རེ་རེའི་ཚད་བཤད་པ། དེ་ཡི་སྟེང་ནས་འདས་ལུས་བརྩི་བའོ།།
ཀ༽ བསྟན་པའི་གནས་ཚད་ཐུན་མིན་སྤྱི་བཤད་པ་ལ། དེ་ཡང་དུས་འཁོར་རྒྱུད་ལས་དྲག་པོ་འཁོར་ལོ་ཅན་གྱི་བསྟན་པའི་གནས་ཡུན་དང༌། འོག་མིན་པའི་ཞག་རེའི་ཚད་མཉམ་པར་གསུངས་ལ། འོག་མིན་པའི་དབུགས་རེ་དང་མིའི་ལོ་རེ་མཉམ་པས་ས་དུམ་བུ་བཅུ་གཉིས་སུ་བསྟན་པ་གནས་ཡུན་མི་ལཽ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། ལོ་གྲངས་དེ་ལ་བཅུ་གཉིས་ཀྱིས་ཕྱེ་བའི་ཐོབ་ནོར་ལ་སྟོང་བརྒྱད་བརྒྱ་རེ་འབྱུང་བ་ནི། དུམ་བུ་བཅུ་གཉིས་སོ་སོར་བགོས་པའི་དུམ་བུ་རེ་རེའི་ཕྱི་དར་གྱི་གནས་ཚད་ཐུན་མོང་མ་ཡིན་པ་སྟེ། ལྷོ་གླིང་གསུམ་ལ་༥༤༠༠ རེ་གནས་པ་ཡིན་ནོ། །དེ་ཡང་ལྷོ་གླིང་དབུས་མ་འདིར་གཞིར་བྱས་ལ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེངྒེ་ཉིད་ཀྱིས་རྩ་རྒྱུད་(ཡེ་སྔོན་༨༨༡)བསྟན་ནས་ཀླ་ཀློ་(ཡེ་ལོ་༦༢༤) མ་བཞུགས་བར་ལ་ལོ་ ༡༥༠༤ འདས་པ་དེ་སྟེང་ཀླ་ཀློའི་གནས་ཚད་ ༡༨༠༠ འམ་དྲག་པོ་འཁོར་ལོ་ཅན་གྱིས་(རབ་བྱུང་ཉེར་བཞིའི་ཆུ་ལུག་ཡེ་ལོ་ ༢༤༢༤)ཆོས་བསྟན་པའི་བར་གྱི་གནས་ཚད་ ༡༨༠༠ དེ་བསྣན་པས། ༣༣༠༤ ནི་ལྷོ་གླིང་གི་སྔ་དར་ཚད་ཡིན་ལ་ཕྱི་དར་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་སྟེ་གསོས་པའི་ཚད་ཡིན་པས་དེ་ཡུན་མིང་ལོ་ ༡༨༠༠ བསྣན་པས་ ༥༡༠༤ ནི་དུམ་བུ་འདི་ཁོ་ནའི་དུས་འཁོར་གྱི་བསྟན་པའི་གནས་ཚད་དུ་གསུངས་སོ། །ལྷག་མའི་དུམ་བུ་བཅུ་གཅིག་ཏུ་ནི་སྔ་དར་ཕྱི་དར་གཉིས་ཀའང་སྟོང་དང་བརྒྱད་བརྒྱར་མཚུངས་སོ།།
དེ་ཡང་དུས་འཁོར་བསྡུས་རྒྱུད་ཕྱི་ལེ་ཕྲེང་འཛིན་ཉེར་དྲུག་པར། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་བྱུང༌། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །ཅེས་པའང་འགྲེལ་ཆེན་ལས། དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཞེས་གསུངས་པ་ལྟར་འདིར་རགས་པ་སྟོན་པས་བསྡུས་འཁོར་ཆོས་(དུས་འཁོར་རྩ་རྒྱུད་)བསྟན་ཅིང་ཆོས་རྒྱལ་ཟླ་བཟང་གིས་བསྡུས་པའི་འཕྲིན་ལས་རྫོགས་པ་ནས་ལོ་དྲུག་བརྒྱ་འདས་པ་ན་རིགས་ལྡན་འཇམ་གྲགས་པ་ཤམ་བྷ་ལའི་ཁྲིར་བྱོན་པ་དང༌། དེའི་ཁྲི་ལོ་རྫོགས་ནས་ལོ་བརྒྱད་རྒྱ་འདས་མཚམས་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱི་སྐབས་ཀླ་ཀློའི་ཆོས་འཇུག་པར་གསུངས་ལ། ཀླ་ཀློ་འདིའི་བསྟན་པའི་གནས་ཚད་ནི་ཕྲེང་འཛིན་བརྒྱ་དང་རེ་དྲུག་པར། དེ་ལྟར་དུམ་བུ་ཐམས་ཅད་དུ་ཡང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། །ལོ་ནི་བརྒྱད་དང་བརྒྱ་ཕྲག་གཅིག་ཏུ་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པའོ། །ཞེས་ཀླ་ཀློའི་བསྟན་པའི་གནས་ཚད་ལོ་བརྒྱད་བརྒྱར་གསུངས། དེ་ཡང་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམས་པའི་བར་ཡིན་ཏེ་འདིར་ཕུག་པའི་ལུགས་ལྟར་རབ་བྱུང་ཉེར་བཞིའི་ཆུ་ལུག་(ཡེ་ལོ༢༤༢༤)བར་དུ་ངེས་པས། རང་ལུགས་བསྟན་པའི་སྔ་དར་ཀྱང་སྟོན་པ་འདས་ནས་རིམ་པར་ཟླ་བཟང་གི་ལོ་གསུམ་དང༌། དེ་རྗེས་ཆོས་རྒྱལ་དྲུག་གི་ལོ་བརྒྱ་རེ་རྩིས་པས་དྲུག་བརྒྱ། རིགས་ལྡན་འཇམ་གྲགས་ཀྱི་ཁྲི་ལོ་བརྒྱ། དེ་རྗེས་རིགས་ལྡན་བརྒྱད་ཀྱི་བརྒྱད་བརྒྱ་དང་བཅས་རིམ་པར་བསྣན་པས་ཁྱོན་ལོ་ ༣༣༠༤ འདིར་བརྩི་ལ། ཕྱི་དར་ནི་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་རྗེས་སུ་ས་དུམ་བུ་བཅུ་གཉིས་མཚུངས་པར་ལོ་སྟོང་བརྒྱད་བརྒྱ་རེར་བཞེད་དེ། དེ་ཉིད་ལས། དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལག་པ་བརྒྱ་དང་བྲལ་བ་སངས་རྒྱས་ཆོས་ནི་རབ་ཏུ་འཇུག །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། །ཞེས་གསུངས་པས་སྔ་ཕྱི་བསྡོམས་པའི་ལོ་ནི་ས་དུམ་བུ་འདིའི་རྒྱུད་ལུགས་བསྟན་པའི་གནས་ཚད་ཡིན་ནོ། །དེ་ཡང་ཞིབ་པ་དཔལ་ལྡན་དུས་འཁོར་ལས་གསུངས་པའི་ཤམ་བྷ་ལའི་ཁྲི་རབས་ཆོས་རྒྱལ་རིགས་ལྡན་རིམ་བྱོན་གྱི་མཛད་དུས་གཤམ་དུ་བཀོད་པ་ལ་གཟིགས་པར་མཛོད། །
༄༅། །དཔལ་དུས་འཁོར་ལས་གསུངས་པའི་ཤམ་བྷ་ལའི་ཁྲི་རབས་ཆོས་རྒྱལ་རིམ་བྱོན། | ||||
སྤྲུལ་གཞི། | ཆོས་རྒྱལ་རིཌ་ལྡན། | དུས། | མཛད་པ། | |
ཡེ་སྔོན། | འབྱུང་ལོ། | |||
ཕྱག་རྡོར། | ༡༽ ཟླ་བཟང༌། | ༨༨༠ | ལྕགས་སྦྲུལ། | རྩ་རྒྱུད་བསྡུས། |
ས་སྙིང༌། | ༢༽ ལྷ་དབང༌། | ༨༧༧ | ཤིང་སྤྲེལ། | ཁྲིར་ཕེབས། |
གཤིན་མཐར། | ༣༽ གཟི་བརྗིད་ཅན། | ༧༧༧ | ཤིང་བྱི། | ཁྲིར་ཕེབས། |
སྒྲིབ་སེལ། | ༤༽ ཟླ་བས་བྱིན། | ༦༧༧ | ཤིང་འབྲུག | ཁྲིར་ཕེབས། |
རྨུག་བྱེད། | ༥༽ ལྷའི་དབང་ཕྱུག | ༥༧༧ | ཤིང་སྤྲེལ། | ཁྲིར་ཕེབས། |
རྟ་མགྲིན | ༦༽ སྣ་ཚོགས་གཟུགས | ༤༧༧ | ཤིང་བྱི། | ཁྲིར་ཕེབས། |
ནམ་སྙིང༌། | ༧༽ ལྷའི་དབང་ལྡན། | ༣༧ | ཤིང་འབྲུག | ཁྲིར་ཕེབས། |
འཇམ་དཔལ། | ༨༽ འཇམ་གྲགས། | ༢༧༧ | ཤིང་སྤྲེལ། | ཁྲིར་ཕེབས། |
སྤྱན་གཟིགས། | ༩༽ པདྨ་དཀར་པོ། | ༡༧༧ | ཤིང་བྱི། | ཁྲིར་ཕེབས |
གཤིན་མཐར། | ༡༠༽ ཤིན་ཏུ་བཟང༌། | ༧ | ཤིང་འབྲུག | ཁྲིར་ཕེབས། |
ས་སྙིང༌། | ༡༡༽ རྣམ་རྒྱལ། | ༢༤ | ཤིང་སྤྲེལ། | ཁྲིར་ཕེབས། |
རྨུག་བྱེད། | ༡༢༽ བཤེས་གཉེན་བཟང༌། | ༡༢༤ | ཤིང་བྱི། | ཁྲིར་ཕེབས། |
སྒྲིབ་སེལ། | ༡༣༽ རིན་ཆེན་ཕྱག | ༢༢༤ | ཤིང་འབྲུག | ཁྲིར་ཕེབས། |
ཁེངས་བྱེད། | ༡༤༽ ཁྱབ་འཇུག་སྦས། | ༣༢༤ | ཤིང་སྤྲེལ | ཁྲིར་ཕེབས། |
ནམ་སྙིང༌། | ༡༥༽ ཉི་མ་གྲགས། | ༤༢༤ | ཤིང་བྱི། | ཁྲིར་ཕེབས། |
བགེག་དགྲ | ༡༦༽ ཤིན་ཏུ་བཟང་པོ། | ༥༢༤ | ཤིང་འབྲུག | ཁྲིར་ཕེབས། |
ཕྱག་རྡོར། | ༡༧༽ རྒྱ་མཚོ་རྣམ་རྒྱལ། | ༦༢༤ | ཤིང་སྤྲེལ། | ཁྲིར་ཕེབས། |
གཤིན་མཐར། | ༡༨༽ རྒྱལ་དཀའ། | ༨༠༦ | མེ་ཁྱི། | ཁྲིར་ཕེབས། |
ནམ་སྙིང༌། | ༡༩༽ ཉི་མ། | ༡༠༢༧ | མེ་ཡོས། | ཁྲིར་ཕེབས། |
རྨུག་བྱེད། | ༢༠༽ སྣ་ཚོགས་གཟུགས། | ༡༡༢༧ | ཤིང་འབྲུག | ཁྲིར་ཕེབས། |
སྒྲིབ་སེལ། | ༢༡༽ ཟླ་འོད། | ༡༢༢༧ | མེ་ཕག | ཁྲིར་ཕེབས། |
ཁེངས་བྱེད། | ༢༢༽ མཐའ་ཡས | ༡༣༢༧ | མེ་ཡོས | ཁྲིར་ཕེབས། |
ནམ་སྙིང༌། | ༢༣༽ ས་སྐྱོང༌། | ༡༤༢༧ | མེ་ལུག | ཁྲིར་ཕེབས། |
བགེག་དགྲ། | ༢༤༽ དཔལ་སྐྱོང༌། | ༡༥༢ | མེ་ཕག | ཁྲིར་ཕེབས། |
ཕྱག་རྡོར། | ༢༥༽ སེངྒེ༌། | ༡༦༢༧ | མེ་ཡོས། | ཁྲིར་ཕེབས། |
གཤིན་མཐར | ༢༦༽ རྣམ་གནོན། | ༡༧༢༧ | མེ་ལུག | ཁྲིར་ཕེབས། |
ས་སྙིང༌། | ༢༧༽ སྟོབས་པོ་ཆེ། | ༡༨༡༦ | མེ་བྱི | ཁྲིར་ཕེབས། |
རྨུགས་བྱེད། | ༢༨༽ མ་འགག་པ། | ༡༩༢༧ | མེ་ཡོས། | ཁྲིར་ཕེབས། |
དུས་འཁོར་ལུགས་མ་འོངས་རིགས་ལྡན་རིམ་བྱོན་གྱི་བསྟན་རྩིས། | |||||
དུས། | མཛད་པ། | ||||
སྤྲུལ་གཞི | རིགས་ལྡན། | ཡེ་སྔོན། | རབ་བྱུང། | འབྱུང་ལོ། | |
སྒྲིབ་སེལ། | ༢༩༽ མི་ཡི་སེངྒེ༌། | ༢༠༢༧ | ༡༧ | མེ་ལུག | ཁྲིར་ཕེབས། |
མཁའ་སྙིང༌། | ༣༠༽ དབང་ཕྱུག | ༢༡༢༧ | ༡༩ | མེ་ཡོས། | ཁྲིར་ཕེབས། |
ཕྱག་རྡོར། | ༣༡༽ མཐའ་ཡས། | ༢༢༢༧ | ༢༡ | མེ་ཡོས། | ཁྲིར་ཕེབས། |
འཇམ་དཔལ། | ༣༢༽འཁོར་ལོ་ཅན | ༢༣༢༧ | ༢༢ | མེ་ལུག | ཁྲིར་ཕེབས |
འཇམ་དཔལ | ༣༢༽འཁོར་ལོ་ཅན། | ༢༤༢༤ | ༢༤ | ཆུ་ལུག | ཀླ་ཀློ་བཅོམ། |
ཁ༽ བསྟན་པའི་གནས་ཚད་དེ་དག་གི་དུས་བཞི་པོ་རེ་རེའི་ཚད་དང་འདས་ལུས་ཀྱི་བརྩི་ཚུལ་བཤད་པ་ལ། འདི་ལ་དུས་བཞི་ཞེས་པ་སྔ་དར་ཕྱི་དར་གཉིས་སུ་དབྱེ་བ་ལས་རེ་རེ་ལའང༌། རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་ལྡན་བཞིར་འགྱུར་བ་ཡིན། གླིང་འདིའི་སྔ་དར་ནི་སྟོན་པས་རྩ་རྒྱུད་གསུངས་པ་ནས་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་དཔུང་བཅོམས་པའི་བར་གྱི་ཡུན་ལ་བརྗོད་དེ། དེ་ནི་གོང་དུ་བཤད་པ་ལྟར་མི་ལོ་ ༣༣༠༤ ཚད་དུ་འགྱུར་ལ། ཕྱི་དར་ནི་རིགས་ལྡན་དྲག་པོས་ཀླ་ཀློའི་དཔུང་བཅོམ་རྗེས་གླིང་བཞིར་གསོས་པའི་ཚད་ལས་བརྩི་དགོས་པས་སྐབས་སུ་ལྷོ་གླིང་དབུས་མ་འདིར་མི་ལོ་ ༡༨༠༠ ཚད་དུ་གྱུར་བ་ཡིན། དེ་ལ་དུས་བཞི་རེའི་གནས་ཚད་མཉམ་པར་གསུངས་པས་སྔ་དར་གྱི་གནས་ཚད་ ༣༣༠༤ དེ་ཉིད་བཞིས་ཕྱེ་བས་ ༨༢༦ ནི་སྔ་དར་གྱི་རྫོགས་ལྡན་དང༌། སུམ་ལྡན། གཉིས་ལྡན། རྩོད་ལྡན་རེའི་ཚད་དུ་འགྱུར་ལ། ཕྱི་དར་གྱི་གནས་ཚད་ ༡༨༠༠ དེ་ཉིད་གོང་བཞིན་ཕྱེ་བས་མི་ལོ་ ༤༥༠ ནི་ཕྱི་དར་གྱི་རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་ལྡན་རེའི་ཚད་དུ་རྟོགས། གླིང་འདིའི་སྔ་ཕྱི་གཉིས་ཀའི་ཚད་ནི་མི་ལོ་ ༥༡༠༤ ཡིན།
༄༅། །དུས་འཁོར་བསྟན་པའི་གནས་ཚད་ཀྱི་འདས་ལུས། (རབ་བྱུང་བཅུ་བདུན་པའི་ཆུ་ལུག) | |||||
ལྷོ་གླིང་དབུས་མའི་བསྟན་པའི་གནས་ཚད་མི་ལོ་༥༡༠༤ གཞིར་བྱས། | བསྟན་པ། | དུས་བཞི། | ཡུན་ཚད། | འདས་པ། | ལུས། |
སྔ་དར། | རྫོགས་ལྡན། | ༨༢༦ | ༨༢༦ | ||
སུམ་ལྡན། | ༨༢༦ | ||||
གཉིས་ལྡན | ༨༢༦ | ||||
རྩོད་ལྡན། | ༨༢༦ | ༤༠༡ | ༤༢༥ | ||
ཕྱི་དར། | རྫོགས་ལྡན། | ༤༥༠ | |||
སུམ་ལྡན། | ༤༥༠ | ||||
གཉིས་ལྡན། | ༤༥༠ | ||||
རྩོད་ལྡན། | ༤༥༠ |
གཞན་ཡང༌། དུས་བཞི་པོའི་ཚད་དང་དེ་སྟེང་ནས་འདས་ལུས་ཀྱི་གྲངས་བརྩི་བ་ལ། གླིང་འདིའི་སྔ་དར་ནི་སྟོན་པས་རྩ་རྒྱུད་(ཡེ་ལོ་ ༨༨༡)གསུངས་པ་ནས་འཛིན་པས་དེ་ནས་ལོ་ཐོ་སྤེལ་ལོ་(ཡེ་ལོ་ ༢༠༠༣ བར་མི་ལོ་ ༢༨༨༣ སོང་བ་ནི་འདས་པའི་གྲངས་ཡིན་ཅིང༌། འདི་ཉིད་སྔ་དར་གྱི་གནས་ཚད་ ༣༣༠༤ ནས་འཕྲི་བས་མི་ལོ་ ༤༢༡ ནི་མ་འོངས་ལུས་པའི་སྔ་དར་གྱི་ཚད་ཡིན་ནོ། །དེ་ལ་ཞིབ་པ་འདས་ལོ་ ༢༨༨༣ དེ་ཉིད་དུས་སྔ་དར་གྱི་དུས་བཞིའི་ཚད་ ༨༢༦ ཀྱི་དབྱེ་བས། རྫོགས་ལྡན། སུམ་ལྡན། གཉིས་ལྡན་གསུམ་གྱི་ཡུན་མི་ལོ་ ༢༤༧༨ འདས་པ་དང་ད་དུང་རྩོད་ལྡན་སྟེང་ནས་ ༤༠༥ འདས་མ་འོངས་ ༤༢༡ འདས་ཚེ་གླིང་དེའི་སྔ་དར་གྱི་གནས་ཚད་རྫོགས་པས་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློའི་ཚོགས་བཅོམ་དེ་ཕྱི་དར་དར་རོ།། །།