ངའི་མི་ཚེའི་དམིགས་ཡུལ། (ཨང་དང་པོ)
བསྟན་འཛིན་ཆོས་འབྱོར། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
བདེ་གཤེགས་ཀུན་འཕགས་ངོ་བོར་སངས་རྒྱས་ཀྱང༌། །ཚེ་འོད་དཔག་མེད་སྲས་ཀྱི་ཐུ་བོའི་ཚུལ། །
གངས་ཅན་ྋལྷ་གཅིག་འགྲོ་ཀུན་སྙིང་རྗེའི་བདག ། བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
ཅེས་ཐོག་མར་རྩོམ་འབྲིའི་སྔ་རོལ་དུ་བསུས་ནས་གུས་པས་རྩ་བའི་བླ་མར་གུས་ཕྱག་དང་གསོལ་འདེབས་ཞུས་ཏེ། དེ་ཡང༌།
ས་སྟེང་འདི་ན་བུ་བཟང་ང་འདྲ་སྐྱེས། །རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་རང་གཤིས་ཡིན། །
མ་འོངས་བོད་གསར་འཛུགས་སྐྲུན་བྱེད་པོའི་ཆེད། །དགེ་རྒན་བྱེད་རྒྱུ་མི་ཚེའི་དམིགས་ཡུལ་ཡིན། །
ཅེས་ཚིགས་སུ་བཅད་ནས་རྩོམ་འགོ་བཙུགས་ན། དེ་ཡང་ཐོག་མར་ད་ལྟ་དང་འདས་པའི་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ན་འཇིག་རྟེན་གྱི་འགྱུར་འགྲོས་དང་བསྟུན་ང་ཚོའི་རྒྱལ་ཁབ་དེ་ཡང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ལོ་རྒྱུས་བྱུང་ཡོད་ལ། གཞན་གྱིས་གུས་བཀུར་དང་ཆེ་མཐོང་བྱེད་སའི་རྒྱལ་ཁབ་ཞིག་ཏུ་གྱུར་མྱོང་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། དེང་གི་ཆར་གཞན་དབང་དུ་ཚུད་ནས་ཉམས་རྒུད་སྟོབས་ཟད་དུ་གྱུར་པའི་ལོ་རྒྱུས་ཀྱང་ཡོད། འོན་ཀྱང་དེ་འདྲའི་གཉན་འཕྲང་དང་ཛ་དྲག་གི་གནས་སྟངས་འོག་ཕྱི་གླིང་ནུབ་ཕྱོགས་པ་རྣམས་ཀྱིས་ང་ཚོར་བོད་ཅེས་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་ནི་ཅིའི་ཕྱིར། དེ་ནི་ང་ཚོར་འབྱོར་བ་ཕྱུག་པ་དང༌། མངའ་ཐང་རྒྱས་པ་ལ་བརྟེན་ནས་ཡིན་ནམ་ཞེ་ན། ནམ་ཡང་མ་ཡིན། དེ་ནི་ང་ཚོའི་རྒྱུད་དུ་ཡ་རབས་ཀྱི་གཤིས་རྒྱུད་དང་ཡང་དག་པའི་རིག་གཞུང༌། གཞན་ཕན་གྱི་ནང་ཆོས་བཅས་ཡོད་པ་ལ་བརྟེན་ནས་ཡིན།
དེ་ཡང་དེ་རྣམས་ཀྱི་མ་རྩའམ་སྲོག་རྩ་ལྟ་བུ་ནི་བོད་ཀྱི་སྐད་ཡིག་དེ་རང་ཡིན། དེར་བརྟེན་ང་ཚོའི་རྒྱལ་ཁབ་དེ་འཛམ་གླིང་ལ་གནས་མ་གནས་དང༌། གསོན་མ་གསོན་དེའང་སྐད་ཡིག་དེ་ཡིན་པས་དེ་ནི་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཡིན། དེར་བརྟེན་སྐད་ཡིག་བདག་གཅེས་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ། འོན་ཀྱང་བློ་ཕམ་པ་དང་ཡིད་སྐྱོ་བ་ཞིག་ལ་དེང་དུས་ན་གཞོན་ཚོ་རང་དོན་དང་ཕྱི་རྒྱལ་སོགས་ལ་འགྲོ་རྒྱུའི་ཆེད་དབྱིན་ཇི་ཁོ་ནར་སྦྱང་བརྩོན་དང་དད་མོས་ལས་བོད་ཡིག་ལ་མིག་བཞག་ནས་ལྟག་ཁུང་ནས་ཀྱང་ལྟ་མཁན་མེད། ད་དུང་དེ་བས་བློ་ཕམ་པ་ཞིག་ལ་དེང་གི་ཆར་ན་གཞོན་འགའ་རང་ཉིད་བོད་པ་ཡིན་པ་བརྗོད་རྒྱུ་དང་བོད་སྐད་བཤད་རྒྱུར་ངོ་ཚ་ནས་དབྱིན་ཇི་ཁོ་ན་སྤྱོད་པར་བརྟེན་སྐད་ཡིག་དེའང་ཉམས་པར་འགྱུར་ཉེན་ཆེ། དེ་བས་དེང་དུས་བོད་པའི་སློབ་གྲྭ་ཁག་ནང་བོད་ཡིག་ལ་དོ་སྣང་དཀོན་པ་དང༌། མཐོང་ཆུང་ཁྱད་གསོད། མཐའ་ན་དེ་ནི་ཁོང་ཚོར་དཀའ་ངལ་སྣོན་མ་སྤྲོད་མཁན་ལྟ་བུར་རྩི་བཞིན་ཡོད། དེ་བཞིན་འཛིན་རིམ་དྲུག་པ་བདུན་པར་སླེབས་པའི་སློབ་ཕྲུག་ལ་ཆ་བཞག་ན་བོད་ཡིག་ཡག་པོ་ཀློག་མི་ཤེས་པ་དང་སྒྲ་མི་དག་པ་བཅས་ཡོད་པ་ཨ་ཅང་ཅང༌། འོན་ཀྱང་ཁོང་ཚོར་ཁག་མེད། འཛིན་རིམ་བཅུ་གཅིག་བཅུ་གཉིས་ལ་སླེབས་པའི་སློབ་ཕྲུག་རྣམས་ཀྱང་བོད་ཡིག་ཡག་པོ་ཀློག་མི་ཤེས་པར་བོད་ཡིག་འོག་ལ་དབྱིན་ཇི་བྲིས་ནས་ཀློག་མཁན་ཡང་ཡོད། དེ་ལྟར་སྤྱི་ཚོགས་ནང་ལའང་བོད་ཡིག་ལ་དོ་སྣང་དཀོན་པ་དང༌། བོད་ཡིག་དགེ་རྒན་ཐོན་མཁན་ནི་ཆེས་ཉུང་ཤས་ཤིག་ལས་མེད།
དེ་ལྟ་བུའི་ཛ་དྲག་དང་གཉན་འཕྲང་གི་དུས་ཚོད་འདིར་རྒྱལ་ཁབ་ལ་ཞེན་པའི་བུ་ཆུང་ང་སེམས་གཏིང་ནས་མ་བཟོད་པར་ཞེད་སྣང་དང་དངངས་སྐྲག་སྐྱེས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆགས་འཇིག་གི་སྲོག་རྩ་ལྟ་བུ་སྐད་ཡིག་དེ་མི་ཉམས་པ་དང༌། སླར་གསོ་ཡོང་ཆེད་ལས་དོན་ཞིག་བསྒྲུབ་དགོས་པར་བསམ། དེ་ཡང་ཕྱོགས་ག་ས་ནས་བལྟས་ཀྱང་སྐད་ཡིག་དེ་མི་ཉམས་པའི་ཆེད་སྙན་གྲགས་ཅན་གྱི་ཚན་རིག་མཁས་དབང་ཞིག་ཆགས་ན་མི་ཕན་ལ། སྨན་པ་དང་དམག་མི། བཟོ་པ། ཞིབ་འཇུག་པ། ཉེན་རྟོག་པ། བཀའ་བློན། དྲུང་ཆེ། ས་ཁམས་རིག་པ་སོགས་ཀྱིས་དེ་བས་མི་ཕན། དེ་ཡི་ལམ་བུ་ཡག་ཤོས་ནི་སྐད་ཡིག་ལ་དང་དོད་དང༌། དབྱིངས། ཞེན་ཁོག་བཅས་ཡོད་པའི་བོད་ཡིག་དགེ་རྒན་ཞིག་བྱས་ན་བཟང་ཤོས་ཡིན།
དེར་བརྟེན། ང་ཡང་རང་གི་རྒྱལ་ཁབ་ཀྱི་ཆེད་མ་འོངས་སོན་རྩ་རྣམས་ལ་སྐད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་བྱེད་པར་འདོད། དེར་བོད་དགེ་ཞིག་བྱེད་རྒྱུ་ནི་ངའི་མི་ཚེའི་དམིགས་ཡུལ་ཡིན་ལ་ངའི་མི་ཚེའི་ནང་གི་གནད་དོན་གལ་ཆེ་ཤོས་དེ་ཡིན། དེར་ངས་ཀྱང་ངའི་མ་འོངས་པའི་དམིགས་ཡུལ་དེ་འགྲུབ་པའི་ཆེད་ད་ལྟ་ནས་རང་གི་སྐད་ཡིག་ཐོག་ལ་འབད་བརྩོན་དང་སྦྱང་བ་བྱེད་བཞིན་ཡོད་པ་རྩོམ་ཡིག་སྣ་ཚོགས་བརྒྱུད་ནས་སྦྱོང་བརྡར་དང་གཞན་ལ་ཡང་བསྐུལ་མ་དང་ཤུགས་སྣོན་རྒྱག་བཞིན་ཡོད། དེ་ཡང་སྐད་ཡིག་ནི་མི་རིགས་ཀྱི་སྲོག་ཤིང་དང༌། སྲོག་ཤིང་དེ་སྐྱེ་དང་སྐམ། འཕེལ་དང་ཉམས། གང་བྱས་དེ་ལ་ལྟ་རྟོག་དང་གཡོག་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པས་ཚང་མས་སྐད་ཡིག་ལ་གཅེས་སྤྲས་བྱེད་དགོས།
དེ་ལྟ་བུའི་གཞི་རྒྱ་ཆེ་བའི་སྐད་ཡིག་དེ་ཚང་མས་བདག་གཅེས་བྱེད་དགོས་པ་ལས་ང་ཚོ་མི་རེ་ཟུང་ཞིག་གི་ཕྲག་པར་བཀལ་ན་ང་ཚོས་ཅི་ལ་ལྕོགས། དེ་ལྟར་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་དང༌། ལོ་རྒྱུས་ཀྱི་དཔང་པོ་ཡིན་པས་ཚང་མས་རང་གི་རྒྱལ་ཁབ་ཀྱི་བདེན་མཐའ་སེལ་ཆེད་སྐད་ཡིག་ལ་དོ་སྣང་དང་སྦྱང་བ་བྱེད་དགོས་པ་དང་ཕྱིན་ཆད་སྐད་ཡིག་གི་ངོ་བོ་ཆ་ཚང་བའི་བོད་པ་ཞིག་བྱེད་དགོས། དེ་ལྟར་གུས་པས་རྒྱ་ཆེན་པོ་བཀྲམ་ནས་བཤད་ནའང་འདྲ། བསྡུས་ནས་བཤད་ནའང་འདྲ། གཙོ་བོ་ནི་ངའི་དམིགས་ཡུལ་སྐོར་ཡིན་པ་དང་དམིགས་ཡུལ་དེའང་ཛ་དྲག་གི་དུས་ཚོད་དང་སྐད་ཡིག་ཆགས་འཇིག་གི་གནས་སུ་གྱར་བའི་དུས་ཚོད་ལ་བརྟེན་སྐད་ཡིག་སྨྲ་བའི་བཤེས་གཉེན་ཞིག་བྱེད་རྒྱུ་ཡིན་པ་སྟེ། ངའི་དམིགས་ཡུལ་ལམ་ཕུགས་འདུན་མངོན་དུ་འགྱུར་བ་དང༌། བོད་ཀྱི་སྲོག་རྩ་ལྟ་བུ་སྐད་ཡིག་དེ་ཇི་སྲིད་སྲིད་པ་མ་འཇིག་བར་དུ་བརྟན་པ། ང་དང་ང་འདྲ་བའི་སྐད་ཡིག་སློབ་མཁན་ཚོ་མ་འོངས་བོད་དོན་བདེན་མཐའ་སེལ་ཆེད་ཀྱི་ལག་ཆ་ལྟ་བུར་གྱུར་ནས། བོད་ཀྱི་བདེན་མཐའ་སྐད་ཡིག་གི་ནུས་པས་མྱུར་དུ་གསལ་བ་དང༌། ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་བཅས་བཀྲ་ཤིས་སྨོན་ཚིག་བཟང་པོར་དགེ་ལེགས་འཕེལ།།
ཞན་ཆ།
ཉུང་ཤས་ཆེ་(ཉུང་ཤས་ཤིག་ལས་མེད།) བོད་སྐད་རྒྱབ་རྒྱུར་(བོད་སྐད་རྒྱག་རྒྱུར་) རྩོམ་ཡིག་དང་སྙན་རྩོམ་དག་(རྩོམ་ཡིག་སྣ་ཚོགས་བོད་སྐད་རྒྱག་རྒྱུར་) མི་རེ་བཟུང་(མི་རེ་ཟུང་) ཅི་ནས་ལྕོགས་(ཅི་ལ་ལྕོགས) བལྡུས་ནས་བཤད་(བསྡུས་ནས་བཤད་) གནས་སུ་འགྱུར་བ་(གནས་སུ་གྱར་བ་)
ངའི་མི་ཚེའི་དམིགས་ཡུལ། (ཨང་གཉིས་པ)
སྦྲ་རིགས་ཐོགས་མེད། སུ་ཇ་བོད་ཁྱིམ་སློབ་གྲྭ།
༄༅། །ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་གི་ཁྱིམ་གཞི་ཆེན་པོ་འདིའི་ནང་དུ་སྐད་ཡིག་དང་རིག་གཞུང༌། ཆོས་ལུགས། བསམ་སྤྱོད་སོགས་མི་གཅིག་པའི་མིའི་རིགས་བགྲང་གིས་མི་ལང་བ་ཞིག་ཡོད་པ་དེ་དག་ཚང་མའང་རང་རང་གི་དམིགས་ཡུལ་ཞིག་འགྲུབ་སླད་འབད་བརྩོན་བྱེད་བཞིན་ཡོད་ལ། རང་རང་གི་དམིགས་ཡུལ་ཞིག་གི་ཕྱིར་དུ་འཇིག་རྟེན་འདིར་འཚོ་སྡོད་བྱས་ཡོད། མི་ཚེ་ནི་དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་སྤྱི་ཚོགས་ཀྱི་ཞིང་སའི་ཐོག་ཏུ་སྐྱེས་པའི་ལྗོན་ཤིང་ཡིན་ལ་དམིགས་ཡུལ་ནི་ལྗོན་ཤིང་དེའི་རེ་སྒུག་ཁྲོད་སྨིན་པའི་ཤིང་ཏོག་དང་འདྲ་ཞིང༌། དམིགས་ཡུལ་མེད་པའི་མི་ཚེ་ནི་འབྲས་བུས་སྟོང་བའི་ཤིང་སྐམ་དང་འདྲ་བར་བརྟེན། དེ་འདྲ་བའི་མི་ཚེས་རླབས་ཆེན་གྱི་བྱ་གཞག་བསྒྲུབ་མི་ཐུབ་ལ་མི་རིགས་ཀྱི་དགོས་མཁོ་ཡང་སྐོང་མི་ཐུབ་བོ། །
བདག་ནི་དྲིན་ཆེན་ཕ་མའི་དྭངས་གཙང་གི་བྱམས་བརྩེ་དང་ྋགོང་ས་མཆོག་དང་བོད་གཞུང་གི་ཐུགས་རྗེའི་ཉི་ཟེར་འོག་འཚར་ལོངས་འབྱུང་བཞིན་པའི་མ་འོངས་པའི་སོན་རྩ་ཆུང་ཆུང་ཞིག་ཡིན་པས། ངའི་ཡིད་ལ་རྟག་པར་འཆར་བ་ནི་ང་ལ་རེ་བ་དང་ཡིད་ཆེས་བཅོལ་བའི་མི་སྣ་དེ་དག་དང་ངའི་དམིགས་ཡུལ་དུ་རྟག་པར་བཟུང་བ་ནི་ངས་བསྒྲུབ་དགོས་པའི་རིན་ཐང་དང་གཟི་བརྗིད་ལྡན་པའི་འོས་འགན་དེ་དག་ཡིན། འདི་ལྟར་འཛམ་གླིང་ལོ་རྒྱུས་འཕོ་འགྱུར་གྱི་དཀྱོགས་མཚམས་ཤིག་ནས་ང་ཚོའི་མེས་པོ་ས་ཡ་གཅིག་ལྷག་རྒྱ་མིའི་མེ་མདའི་འོག་ཏུ་གྲོངས་ཤིང༌། བཅུ་ཕྲག་རིག་གནས་ཀྱི་གླེགས་བམ་ལྷུན་པོ་བཞིན་བརྩེགས་ཤིང་འཆད་རྩོད་རྩོམ་གསུམ་གྱི་འོ་མཚོ་འཁྱིལ་བའི་དགོན་སྡེ་དྲུག་སྟོང་ཙམ་འབྱུང་བཞིའི་ཁམས་སུ་བསྟིམས་ཟིན། ང་ཚོ་ཡིད་སྐྱོ་ལྷང་ངེར་མི་ཡུལ་ཏུ་གྱར་ཞིང་འཛམ་གླིང་ཏུ་སློང་མོར་འགྲིམས་པའི་ཉིན་དེ་ནས་བཟུང༌། ང་ཚོའི་དམིགས་ཡུལ་སྔར་ལས་དཀའ་ཚེགས་ཆེ་ལ་ང་ཚོའི་འོས་འགན་སྔར་ལས་དོན་སྙིང་དང་རིན་ཐང་ལྡན་ཨང༌།
ངའི་ལུས་ངག་ཡིད་གསུམ་གྱི་བརྩེ་བ་ཡོད་ཚད་མི་རིགས་དང་དབྱེར་མེད་དུ་འདྲེས་ཤིང༌། ངའི་དྭངས་གཙང་གི་ཤ་ཁྲག་ཟུང་ཡང་གདོང་དམར་བའི་རིགས་རྒྱུད་དུ་གཏོགས་པར་བརྟེན། ང་འདི་ལྟར་དོན་མེད་དུ་ཉི་མ་བསྐྱལ་ནས་འདུག་ག་ལ་རུང༌། ངས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཚད་ལྡན་ཞིག་སྦྱོང་དགོས་པར་མ་ཟད། འཛམ་གླིང་སྤྱིའི་དེང་རབས་རིག་གནས་ཀྱི་ཁ་ཕྱོགས་ཀྱང་ཁོང་དུ་ཆུད་པར་བྱས་ནས་འབྱུང་འགྱུར་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྒྱུད་འཛིན་བྱེད་ཐུབ་ལ་དེང་རབས་རྒྱལ་སྤྱིའི་ཤེས་རིག་གི་ཉིང་བཅུད་ཀྱང་ཚུར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ཏུ་བསྒྱུར་ཐུབ་པའི་མི་རིགས་རིང་ལུགས་པའི་སྐད་གཉིས་སྨྲ་བ་ངོ་མ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།
ད་དུང་ང་ཚོ་ནི་རང་གི་ཕུན་སུམ་ཚོགས་ཤིང་གཅེས་པར་འོས་པའི་ཕ་ཡུལ་དགྲ་ལག་ཏུ་ཤོར་བའི་སྐྱབས་བཅོལ་བའི་མི་རིགས་ཤིག་ཡིན་པས། ངས་རང་ཉིད་ཤེས་ཡོན་པར་གྱུར་པའི་རྒྱལ་ཞེན་རིང་ལུགས་པའི་མི་རིགས་རང་དབང་འཐབ་རྩོད་པ་ངོ་མ་ཞིག་བྱས་ཏེ་དངོས་ཡོད་དང་དྲང་བདེན། ལོ་རྒྱུས་གསུམ་གཞི་ལ་བཞག་པའི་རྒྱལ་སྤྱིའི་ཆབ་སྲིད་འཐབ་རྩོད་ཀྱི་གཡུལ་ས་དེར་དངོས་སུ་ཞུགས་ནས་མེས་པོ་འབུམ་ཕྲག་དུ་མའི་སྙིང་རུས་དང་རྔུལ་ཆུས་བཞེངས་པའི་གསེར་མདོག་འཚེར་བའི་པོ་ཏཱ་ལ་དང་གཙུག་ལག་ཁང་སོགས་རྒྱ་དམར་གྱི་ལག་འོག་ནས་ཚུར་འཕྲོག་དགོས།
ད་དུང་ངས་ཤ་རུས་གཅིག་ཏུ་གཏོགས་པའི་སྤུན་ཟླ་མང་པོར་ལག་རྡང་སྦྲེལ་ནས་ང་ཚོའི་ཞི་བདེའི་དབུ་ཁྲིད་ལྷ་བྱ་དཀར་མོ་དང་མཉམ་དུ་མཛེས་སྡུག་ལྡན་པའི་ཕ་ཡུལ་མཐོ་སྒང་དུ་ལོག་སྟེ། རེ་སྒུག་དང་ཡིད་ཆེས་ཡོད་ཚད་ལྷོ་ཕྱོགས་སུ་གཏད་པའི་ཕ་མ་དང་སྤུན་མཆེད་ཡོངས་ཀྱི་མི་ཚེ་ལ་སྤྲོ་སྐྱིད་དང་རང་དབང་ལྡན་པའི་གསེར་མདོག་གི་ཁ་བྱང་ཞིག་འབྲི་འདོད། དམིགས་ཡུལ་འདི་དག་གི་ཕྱིར་དུ་ངས་དཀའ་ཚེགས་ཀྱི་ལོ་ཟླ་ག་ཚོད་ཅིག་བརྒྱུད་དགོས་བྱུང་ཡང་ངའི་སྙིང་སྟོབས་ཉམས་མི་སྲིད་ལ། དམིགས་ཡུལ་འདི་དག་གི་ཕྱིར་དུ་ངས་མིག་ཆུ་དང་ཁེར་རྐྱང་གི་ལོ་ཟླ་ག་ཚོད་ཅིག་ལ་གདོང་ལེན་བྱེད་དགོས་བྱུང་ཡང་སྤོབས་པ་དང་ཡིད་ཆེས་ཀྱི་ངང་ནས་དང་ཏུ་ལེན་ངེས་ཡིན། དམིགས་ཡུལ་དང་གྲུབ་འབྲས་ནི་སྙིང་སྟོབས་དང་དམ་བཅའི་འོག་ཏུ་འགྲུབ་བཞིན་ཡོད་པས་ངས་རང་ལ་བཞག་པའི་གསེར་མདོག་གི་དམ་བཅའ་དེ་གཏན་ཏུ་བརྗེད་མི་སྲིད།
མི་རིགས་ཤིག་གི་ལོ་རྒྱུས་སྐྱུར་མོ་ཧི་མ་ལ་ཡའི་གངས་ལ་བྲིས། །
སྨྲས་པ།
བྱམས་བརྩེའི་གཤོག་ཟུང་ལྷོད་པོར་གཡོ་བའི་ལྷ་བྱ་དཀར་མོ་ལྷོ་རུ་འཕུར། །
ལོངས་ཤོག་རིགས་མཐུན་སྤུན་ཟླ་ཚང་མ་དམིགས་ཡུལ་ཞིག་གི་ཕྱིར་དུ་ལོངས། །
ང་ཚོས་བདེན་པའི་སྨྱུ་གུ་བཟུང་ནས་རང་གི་རྒྱལ་ཁབ་སླར་ཡང་བསྐྲུན། །
མི་ཚེ་ཞིག་གི་དམིགས་ཡུལ་ཁུར་ནས་ཁེར་རྐྱང་གོམ་ཁ་ལྷོ་རུ་གཏད། །
སྐྱིད་སྡུག་འདྲེས་མའི་རྐང་ལམ་ཕྲ་མོ་ཉམ་ཆུང་རྐང་པ་ཟུང་གིས་མནན། །
འགྲོ་ཡ་རིགས་མཐུན་སྤུན་ཟླ་ཚང་མ་དམིགས་ཡུལ་ཞིག་གི་ཕྱིར་དུ་འགྲོ།།
ང་ཚོའི་མེས་པོའི་ཁྲག་གི་ལོ་རྒྱུས་འཇིག་རྟེན་ཡོངས་ལ་བསྒྲག་ཏུ་འགྲོ། །
ཞན་ཆ།
ཞིང་སའི་ཐོག་ཏུ་(ཞིང་སར) མི་རིགས་རང་ལུགས་(མི་རིགས་རིང་ལུགས) ལག་སྡང་སྦྲེལ་(ལག་རྡང་སྦྲེལ་) ཁེར་རྐྱང་ཁོམ་ཁ་(ཁེར་རྐྱང་གོམ་ཁ་) སྙིང་བཅུད་(ཉིང་བཅུད་)
ངའི་མི་ཚེའི་དམིགས་ཡུལ། (ཨང་གསུམ་པ)
པདྨ་ཚེ་རིང༌། བལ་ཡུལ་རྣམ་རྒྱལ་མཐོ་སློབ།
སྤྱིར་འཛམ་གླིང་འདིར་མི་འདྲ་མིན་ཡོད་པར་བརྟེན་འཚོ་བའི་གནས་སྟངས་ཀྱི་དམིགས་ཡུལ་ཡང་འདྲ་མིན་ཡོད། ལྟོ་གོས་འཚོ་བ་བསྐྱལ་བའི་ཕྱིར་ཆུང་ངུའི་དུས་སུ་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་མ་འོངས་པར་བོད་མི་བཟང་པོ་ཞིག་དང༌། ཁོ་རང་གི་མི་ཚེ་ལ་སྡུག་བསྔལ་མ་ཡོང་བའི་ཕྱིར་ཕྲུ་གུ་སློབ་གྲྭར་གཏོང་གི་ཡོད། ཕྲུ་གུ་ཡིན་ཡང་ཕ་མའི་བཀའ་དྲིན་དྲན་པ་ཙམ་གྱིས་སོ་སོའི་སློབ་སྦྱོང་ལ་མཐུན་རྐྱེན་འཛོམས་པའི་གོ་སྐབས་བཟང་པོ་དེ་འཕྲོ་བརླག་ཏུ་མ་བཏང་བར་མ་འོངས་པ་མི་བཟང་ཞིག་དང་ཤེས་ཡོན་ཅན་ཞིག་ཆགས་ཐུབ་པའི་དམིགས་ཡུལ་བཟུང་ནས་སློབ་སྦྱོང་ལ་གང་ཐུབ་འབད་བརྩོན་བྱས་ནས་ཡར་རྒྱས་གཏོང་རྒྱུའི་ཐོག་བསམ་བློ་གཏོང་གི་རེད། ཆུང་ངུ་སློབ་གྲྭའི་དུས་ནས་དམིགས་ཡུལ་བཟང་པོ་ཞིག་བཟུང་ནས་མ་འོངས་པ་ན་འབྲས་བུ་བཟང་པོ་རེག་ཐུབ་པར་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དེ་མིན་ང་ཚོ་བོད་པ་ལ་གཞིར་བཞག་ན་ང་རང་ཚོ་རང་བཙན་མེད་པའི་མི་ཞིག་ཡིན། ང་རང་ཚོའི་རང་བཙན་ལེན་པའི་ཆེད་དུ་སློབ་སྦྱོང་ལ་དོ་སྣང་དང་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། སློབ་སྦྱོང་ཐོག་མཐར་ཕྱིན་ནས་སོ་སོའི་རྐང་པའི་སྟེང་ལ་ལངས་ཐུབ་པ་བྱེད་དགོས། དེ་ནས་རྒྱལ་ཁབ་ལ་ཕན་པའི་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད།
ང་རང་གི་དམིགས་ཡུལ་ནི་བོད་ཡིག་སློབ་ཚན་གྱི་དགེ་རྒན་ཞིག་ཆགས་ཐུབ་པ་བྱེད་རྒྱུ་དེ་ཡིན། གང་ཡིན་ཟེར་ན་དགེ་རྒན་ནི་རྒྱལ་ཁབ་འཛིན་སྐྱོང་བྱེད་མཁན་ཞིག་ཡིན། དགེ་རྒན་བཟང་པོ་ཞིག་སློབ་ཕྲུག་ལ་ཡོད་ན། སློབ་ཕྲུག་ཀྱང་རང་བཞིན་གྱི་བཟང་པོ་ཞིག་ཆགས་ཀྱི་རེད། དགེ་རྒན་ལ་སྤྱི་ཚོགས་ཀྱི་མཐོང་ཆེན་པོ་དང་གུས་ཞབས་ཆེན་པོ་བྱེད་ཀྱི་རེད། ང་ཚོའི་སློབ་གྲྭ་ལ་ཡང་དགེ་རྒན་ཤེས་ཡོན་ཅན་མང་པོ་ཡོད། ཁོང་རྣམ་པས་བཀའ་སློབ་གནང་བའི་སྐབས། བྱབྱང་ཚོ་དགེ་རྒན་རྣམ་པས་ཁྱེད་སློབ་ཕྲུག་ཚོ་ལ་ཕན་པའི་ལས་ཀ་བྱེད་ཀྱི་ཡོད། ཁྱེད་རྣམས་མ་འོངས་པའི་བོད་ཀྱི་བདག་པོ་ཡིན་བྱབྱཞེས་ཡང་ཡང་བཀའ་བསྩལ་གནང་གི་རེད། དེ་འདྲ་སོང་ཙང་ང་རང་ཡང་ད་ལྟ་སློབ་སྦྱོང་ཡག་པོ་ཞིག་སྦྱངས་ནས་མ་འོངས་པ་ངས་བོད་སྤྱི་ལ་ཕན་པའི་དགེ་རྒན་བཟང་པོ་ཞིག་ཆགས་ཐུབ་རྒྱུ་ངའི་དམིགས་ཡུལ་ཡིན། དགེ་རྒན་ཆགས་ཐུབ་པ་ཡིན་ན་སློབ་ཕྲུག་ཀུན་ལ་འདྲ་མཉམ་དང༌། ཕོ་མོ་དང་དབུལ་ཕྱུག་དབྱེ་བ་མེད་པ་བཟོ་ཐུབ་པ་བྱེད་རྒྱུ་ངའི་ལས་འགན་ཡིན། དེ་འདྲ་བྱས་ན་སློབ་ཕྲུག་ཀུན་ལ་ཕན་ནས་བོད་པ་བཟང་པོ་ཞིག་དང་བོད་པའི་ལོ་རྒྱུས་ཆ་ཚང་ཤེས་ཐུབ་པ། སོ་སོ་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བཟོ་ཐུབ་པ་བྱེད་རྒྱུ་ཡིན། མ་འོངས་པ་བོད་ལ་ལོག་ཀྱང་བོད་པ་རང་ཉིད་ཀྱིས་གང་བྱས་ཀྱང་བྱེད་ཐུབ་པ། རྒྱལ་ཁབ་གཞན་ལ་རེ་མ་དགོས་པ་འབྱུང་སྟབས། འཛམ་གླིང་འདིའི་སྒང་ལ་བོད་པ་ཟེར་བའི་མིང་དེ་སླེབས་ཐུབ་པ་བྱ་དགོས་སོ། །
ཞན་ཆ།
སྟོ་གོས་(ལྟོ་གོས) འཚོ་སྐྱལ་སྟངས་(འཚོ་བ་བསྐྱལ་སྟངས) མ་འོངས་ན་(མ་འོངས་པར་) འཕྲོ་བརླག་ཏུ་མ་གཏོང་བར་(འཕྲོ་བརླག་ཏུ་མ་བཏང་བར་) རྒྱལ་ཁབ་ཐོག་(རྒྱལ་ཁབ་ལ་) གཞི་བཞབ་ན་(གཞིར་བཞག་ན་) རྐང་པའི་གང་ལ་(རྐང་པའི་སྟེང་ལ་) ཁོང་རྣམས་ལས་བཀའ་སློབ་གནང༌།(ཁོང་རྣམ་པས་བཀའ་སློབ་གནང༌།) བོད་ཀྱི་ལྟེ་བ་(བོད་ཀྱི་བདག་པོ་) ཕྱུགས་དབུལ་(དབུལ་ཕྱུག) བོད་པ་ཁོ་རང་གི་(བོད་པ་རང་ཉིད་ཀྱིས་)