ང་ཚོའི་སློབ་གྲྭ། (ཨང་དང་པོ)
དཀོན་མཆོག་ལྷ་མོ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
ཁམས་གསུམ་འགྲོ་བའི་མགོན་སྐྱབས་བསླུ་མེད་མཆོག་གསུམ་གྱིས། །གཟི་འོད་རང་མདངས་ཆེན་པོ་ཕྱོགས་བཞིར་ཁྱབ་འགྱུར་བའི།།
སེམས་ཅན་སྐྱེ་འགྲོ་ཐམས་ཅད་ངལ་བའི་ཕྱོགས་ནས་འཐེན། །གདོང་དམར་བོད་མི་རྣམས་ལ་སྤྱན་གྱིས་གཟིགས་པར་འདུད།།
རེད་ཡ་་་་་་་་་༌། དེ་རིང་ཉམ་ཆུང་གི་བུ་མོ་ངས་སེམས་ཁོང་ན་བཞུར་བའི་བརྗོད་འདོད་ཀྱི་ཚིག་དུམ་ཁ་ཤས་སོར་འདབ་དང་སྨྱུག་ཁ་བརྒྱུད་ནས་རིག་སྟོབས་རྣམ་དཔྱོད་ཀྱི་འཕར་རྩ་ལྡིང་བའི་རང་རེ་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་འགྲེམ་འདོད་དང་རེ་སྐུལ་གྱི་ཁ་བརྡ་ཐུང་ངུ་རེ་བཤད་འདོད་སྐྱེས། སྤྱིར་གུས་མོ་ནི་གང་ཅིའི་ཐད་ལ་སྐྱེས་སྦྱངས་ཀྱི་རིག་པ་དམན་ཞིང་སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པའི་མཐོ་སྒང་གི་འབྲོག་ཕྲུག་ངོ་མ་ཞིག་ལགས། དེར་བརྟེན་གུས་མོས་ཁྱེད་རྣམས་ལ་ཀློག་བདེ་ཞིང་སྙན་ཆ་ལྡན་པ་ཞིག་འདིར་འབྲི་ཁག་ཀྱང་འདི་ནི་སྙན་ངག་པ་ཞིག་གིས་སྨྱུག་རྩེ་ལས་བཞུར་བའི་ཚོར་སྣང་རྫུན་མ་ཞིག་མིན་ལ། ཚན་རིག་པ་ཞིག་གིས་མཛད་པའི་འཕྲུལ་ཆས་ཀྱི་གཞུང་ལུགས་གསར་པ་ཞིག་དེ་བས་ཀྱང་ག་ལ་ཡིན།
ཨེ་མ་་་་་་་་་་་༌། བརྩེ་ལྡན་གྱི་སྤུན་ཟླ་ལགས། དེ་རིང་གུས་མོའི་སྨྱུག་རྩེ་ལས་བཞུར་བའི་རྩོམ་ཐུང་གི་བརྗོད་གཞི་འདི་ནི་བྱབྱང་ཚོའི་སློབ་གྲྭ་བྱབྱཞེས་པ་དེ་ཡིན། སྤྱིར་སློབ་གྲྭ་ཞེས་པ་དེ་ནི་མུན་ནག་ཁོ་ནས་གཡོགས་པའི་ཤེས་མེད་དང་དམིགས་མེད་རྣམས་ལ་འོད་མདངས་ཀྱི་སྣང་གསལ་མར་མེ་སྦྱིན་སའི་ཤེས་བྱའི་གླིང་ཁ་ཞིག་ལ་གོ་དགོས། དེར་བརྟེན་ང་ཚོའི་སློབ་གྲྭ་འདི་ནི་ང་ཚོར་གཏི་མུག་ལས་སློང་མཁན་གྱི་སྐྱ་རེངས་བུ་མོ་དང་གཉིས་སུ་མ་མཆིས།
ཤར་ཕྱོགས་ཆུ་འཛིན་གྲོང་ཁྱེར་ནས་མཛེས་ལྡན་གྱི་སྐྱ་རེངས་བུ་མོས་རིམ་བཞིན་མུན་ནག་གི་ཡོལ་བ་བཤུས་ཚེ། མེ་ཟླུམ་མམ་ཚ་ཟེར་ཅན་གྱི་འོད་མདངས་དེ་གོ་ལའི་ཕྱོགས་ཐམས་ཅད་དུ་ཁྱབ་ནས་ལྗོན་ཤིང་གི་ཡལ་ག་དང་མེ་ཏོག་གི་འདབ་མ་སོགས་རིམ་བཞིན་གཉིད་ལས་སད། ཞོགས་པའི་བསིལ་རླུང་གིས་ཕར་གཡོ་ཚུར་གཡོ་བྱེད་པ་འདི་སློབ་གྲྭའི་ཁོར་ཡུག་ཏུ་གནས་པའི་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཚུངས།
ང་ཚོའི་སློབ་གྲྭའི་སློབ་མ་དག་ནི་མ་འོངས་གངས་རིའི་ཞབས་འདེགས་སྒྲུབ་པའི་ཁ་བའི་འདབ་མ་ཡིན་ལ། རྩྭ་ཐང་གི་ལང་ཚོ་སྨིན་བྱེད་སྦྲང་ཆར་གྱི་ཟེགས་མ་ཡང་ཡིན། ད་དུང་ང་ཚོ་ནི་ཚེ་སྲོག་གི་དབུགས་རྒྱུན་ཆད་ལ་ཉེ་བའི་མི་རིགས་ཤིག་གི་སོན་རྩ་དང་འབྱུང་འགྱུར་མི་རབས་དེ་ཡི་བདག་པོ་ངོ་མ་ཞིག་ལགས། མ་ཟད་ང་ཚོའི་སློབ་གྲྭའི་སློབ་དཔོན་རྣམས་ནི་གངས་ལྗོངས་བུ་ཕྲུག་རྣམས་ཀྱིས་ཁྲ་ཆུང་མིག་འབུར་ཅེར་ས་ཡིན་ལ་སློབ་ཕྲུག་རྣམས་འོད་ཟེར་སྟོང་ལྡན་གྱི་ལམ་བུར་འདྲེན་མཁན་གྱི་བྱེད་པོ་ངོ་མ་ཞིག་དེ་བས་ཡིན། ཁོང་རྣམས་ཀྱི་དུང་མདོག་གི་ལྷག་བསམ་འདི་ནི་དཔྱིད་དཔལ་བུ་མོ་བཞིན་འཛུམ་ཞིང་དགོད་ལ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས། ང་ཚོའི་ཤེས་བྱའི་ར་བའི་མཛེས་སྡུག་འདི་ནི་ཅི་འདྲའི་བརྗོད་མི་ཤེས་པ་དང༌། ཡི་གེའི་ལམ་ནས་མཚོན་དཀའ་བའི་ལྷ་ཡི་གཞལ་ཡས་ཁང་གསར་ཞིག་རེད་ཨང༌། ཁྱོད་ཡོད་པས་འཇིག་རྟེན་གོ་ལ་ཟླུམ་པོ་འདིར་མུན་ནག་གིས་ཕྱོགས་མཐར་བསྐོར་ཀྱང་ཐོ་རངས་ཀྱི་ཉིན་བྱེད་ལས་འོད་མདངས་རྒྱས་པ་མ་ཟད། མཛེས་ལྡན་མེ་ཏོག་དགུན་ཁའི་གྲང་རླུང་གིས་བཅོམ་ཡང་སང་ལོ་མཛེས་སྡུག་གི་སྒེག་ཉམས་འཛིན་མའི་ཁྱོན་ལ་བཞད་པར་དེ་བས་སྤྲོ།
ཨ་་་་་་་ཨ་་་་༌། མཛེས་ལྡན་གྱི་སློབ་གྲྭ་ལགས། ཁྱེད་ཡོད་པ་ལ་བརྟེན་ནས་ང་ཚོ་སློབ་ཕྲུག་ཡོངས་ཀྱིས་འབྱུང་འགྱུར་གྱི་དམིགས་ཡུལ་ལ་བསམ་གཞིགས་བྱེད་པའི་ཚོར་སྣང་དག་སྒྲུབ་མ་ཐུབ་པའི་ངེས་པ་མེད།
ལྟོས་དང༌། ཁྱོད་ནི་ང་ཚོ་སློབ་ཕྲུག་ཡོངས་ཀྱི་བསྒྲུབ་བྱ་ལ་སྨོན་ལམ་འདེབས་མཁན་ཞིག་མ་ཡིན་ནམ། ང་ཚོ་ཚང་མ་ཁྱོད་ལ་དགའ་ཞིང་དུང་བ་འབའ་ཞིག་ལས་ཁྱོད་ལ་མི་དུང་བ་ཡོད་མི་སྲིད། ཁྱོད་ཀྱི་གཟི་བརྗིད་ལ་བརྟེན་ནས་ང་ཚོས་བྱ་གཞག་རྣམས་སྒྲུབ་ཐུབ་ལ། ང་ཚོ་བོད་གངས་ཅན་གྱི་ཡུལ་གོམས་ལུགས་སྲོལ་ཉམས་མི་ཐུབ། དེ་བས་རིག་གཞུང་གི་སྲོག་རྩ་ཉམས་ག་ལ་ཐུབ། ང་ཚོའི་གོམ་སྒྲ་དང་ཆུ་ཚོད་ཀྱི་ཐག་སྒྲ་མཉམ་དུ་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་བརྒྱུད་ནས་ནུབ་ཕྱོགས་འཕགས་ཡུལ་འདིའི་རླབས་ཆེན་གྱི་སློབ་གྲྭ་འདིར་སླེབས་ཐུབ་པ་ང་ཚོས་ཚེ་སྔོན་ལས་འབྲས་བཟང་པོ་ཞིག་བསགས་པའི་མཐུས་ཡིན་པ་གོར་མ་ཆག དེར་བརྟེན་ང་ཚོའི་གཅེས་པར་འོས་པའི་སློབ་གྲྭ་བཟང་པོ་འདི་འདྲ་བ་ཡུལ་ཕྱོགས་གཞན་དུ་རྒྱུ་སྐར་དབུས་ཀྱི་ཟླ་བ་ལྟ་བུ་དང་ཉིན་མོའི་སྐར་མ་བཞིན་ཤིན་ཏུ་དཀོན། འདི་ནི་ཤེས་བྱའི་ར་བ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པ་ཞིག་ཡིན། ང་ཚོའི་སློབ་གྲྭའི་ཁོར་ཡུག་ཏུ་སྐྱེ་འགྲོ་སུ་འདྲ་ཞིག་མཆིས་ཀྱང་ཡིད་སེམས་རང་བཞིན་གྱིས་བདེ་བར་འགྱུར་ཐུབ་ལ་དུག་གསུམ་ཉོན་མོངས་ཀྱི་ཆགས་སྡང་དབེན་པའི་ར་བ་ཞིག་ཡིན།
ཨ་ཙི་་་་་་་༌། བརྩེ་ལྡན་གྱི་སློབ་གྲོགས་ལགས། ང་ཚོའི་ཤེས་བྱའི་ར་བ་འདི་ནི་རྙེད་པར་དཀའ་བའི་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རིན་ཆེན་གྱི་ནོར་བུ་ཞིག་དང་མི་མཚུངས་སམ། ལྷའི་རྗིང་རིང་གི་མཁའ་འགྲོ་སྡེ་ལྔས་ང་ཚོའི་སློབ་གྲྭ་རྟག་ཏུ་བསྐྱངས་ནས་སློབ་སྦྱོང་ནི་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་བ་ཡར་ངོའི་ཟླ་དང་མཚུངས་སོ། །སློབ་གྲྭའི་བདེ་སྐྱིད་ནི་ང་ཚོའི་བདེ་སྐྱིད་ཡིན་ལ། སློབ་གྲྭའི་སྡུག་བསྔལ་ནི་ང་ཚོའི་སྡུག་བསྔལ་དང་གྱོང་གུན་ཡིན། དེར་བརྟེན། ང་ཚོ་ནི་དུས་རྟག་ཏུ་ཁྱོད་དང་འབྲལ་འདོད་མེད་ཀྱང་ལས་དབང་ལ་ལྡོག་ཐབས་དང༌། རང་ཉིད་ཀྱི་ཐོད་པའི་རི་མོ་ལ་སུབ་ཐབས་མེད་པས་ཉིན་ཞིག་ང་ཚོ་ཁྱོད་དང་ཁ་བྲལ་དགོས་པ་དེ་ང་ཚོའི་སྡུག་བསྔལ་གྱི་རྨ་ཁ་ཞིག་ཡིན་ལ། འཇིག་རྟེན་གྱི་ཆོས་ཉིད་ངོ་མ་ཞིག་ཀྱང་ལགས།
མུན་སེལ་གྱི་ཤེས་བྱའི་ར་བ་ལགས། ཁྱོད་ཀྱིས་སྦྱིན་པའི་ཡོན་ཏན་གྱི་ནོར་བུ་དག་སེམས་ཁོང་ནས་སུས་ཀྱང་བསུབ་མི་ཐུབ་ལ་མཛེས་ལྡན་གྱི་ཡོན་ཏན་དྲོན་མོ་དག་བརྗེད་ག་ལ་སྲིད། དེ་ལྟར་མ་ཡུམ་གྱི་སློབ་གྲྭ་ལགས། ཁྱེད་ནམ་ཡང་རྒྱས་པར་གྱུར་ཅིག
ཞན་ཆ།
ཡོང་ཀྱི།(ཡོངས་ཀྱི་)སྨྱུག་ཁ་རྒྱུན།(སྨྱུག་ཁ་བརྒྱུད་ནས་) སྐྱེས་སྦྱང་ (སྐྱེས་སྦྱངས་) སྤྱི་ཚོགས་ཀྱི་གོ་རྟོག་བྲལ་པ་(སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པ་) འཚོར་སྣང༌།(ཚོར་སྣང )སྨྱུག་བརྩེ་(སྨྱུག་རྩེ་) མེ་ལྟོག(མེ་ཏོག་) མཐོ་རིང་(ཐོ་རངས་) གྲང་རླུང་གི་བཅོམ་ཡང༌།(གྲང་རླུང་གིས་བཅོམ་ཡང་) བསམ་ཞིག(བསམ་གཞིགས་) གོམས་སྒྲ།(གོམ་སྒྲ་) སྒྱུ་དཀར་དབུས་ཀྱི་ཟླ་བ།(རྒྱུ་སྐར་དབུས་ཀྱི་ཟླ་བ།) རང་བཞིན་གྱི་བདེ་བར་འགྱུར་ཐུབ་ལ།(རང་བཞིན་གྱིས་བདེ་བར་འགྱུར་ཐུབ་ལ་) མཁའ་འགྲོ་སྡེ་ལྔའི་ཀྱང་ང་ཚོའི་སློབ་གྲྭ་རུ་རྟག་ཏུ་བསྐྱོངས་ནས།(མཁའ་འགྲོ་སྡེ་ལྔས་ང་ཚོའི་སློབ་གྲྭ་རྟག་ཏུ་བསྐྱངས་ནས་) ཀྱོང་གུན།(གྱོང་གུན་) བྲལ་འདོད་མི་འདུག་མོད།(འབྲལ་འདོད་མེད་ཀྱང་) རི་མོ་འང་སུབ་ཐབ་མེད་པའི།(རི་མོ་ལའང་བསུབ་ཐབས་མེད་པས་)
ང་ཚོའི་སློབ་གྲྭ། (ཨང་གཉིས་པ)
དབང་ཕྱུག་བཀྲ་ཤིས། སུ་ཇ་བོད་ཁྱིམ་སློབ་གྲྭ།
རིས་མེད་འགྲོ་ཀུན་ལ་འཛུམ་པའི། །མཚུངས་མེད་ྋགངས་ཅན་གྱི་ཉིན་བྱེད། །
འཛད་མེད་ཐུགས་བརྩེ་ཡི་འོད་ཀྱིས། །མུན་པའི་འཇིག་རྟེན་འདི་སྲུངས་རོགས། །
ཕ་མེད་དྭ་ཕྲུག་གི་ཚོགས་ལ། །ཕངས་མེད་ཡོད་རྒུ་རང་སྩོལ་བའི།།
མཚུངས་མེད་ྋགངས་ཅན་གྱི་ཨ་མ། །སྐུ་ཚེ་ཡུན་རིང་དུ་བཞུགས་རོགས། །
བོད་ཀྱི་མ་འོངས་པར་དམིགས་ཏེ། །བཙུགས་པའི་སློབ་གྲྭ་འདིའི་མིང་ལ། །
སུ་ཇ་སློབ་གྲྭ་རུ་འབོད་ཅིང༌། །ལ་ལས་སྦིར་སློབ་ཀྱང་འབོད་དོ། །
གནའ་དེང་ཤེས་བྱ་ཡི་མེ་ཏོག །སྣ་ཚོགས་བཞད་པ་ཡི་སློབ་གླིང༌། །
ལོ་དྲུག་ཟེའུ་འབྲུ་ལ་རོལ་པའི། །རྐང་དྲུག་གཞོན་ནུ་ངའི་སློབ་གྲྭ། །
རྣམ་སྣང་སློབ་གྲྭ་འདིའི་ཕྱི་ནང༌། །བདག་ལ་ཆ་རྒྱུས་ཅུང་ཆེ་བས། །
དྲང་བདེན་སྨྱུ་གུ་ཡི་ཁ་ནས། །ཤོག་ངོས་རི་མོ་ཞིག་འབྲི་འདོད། །
སྔོ་ལྗང་ས་ཞིང་གི་དབུས་སུ། །ཚར་དུ་དངར་བ་ཡི་ཁང་བརྩེགས། །
ཁྱིམ་མཚེས་ཡུལ་མི་ཡི་མིག་ལ། །ལྷ་ཡི་ཞིང་ཁམས་དང་འདྲ་བྱུང༌། །
མགོ་ན་བྱམས་པ་ཡི་བཤེས་གཉེན། །སློབ་མའི་བདེ་སྡུག་ལ་གཟིགས་འདུག །
རྒྱབ་ན་མཁོ་རྒུ་རང་སྩོལ་བའི། །གཞུང་ཞིག་རང་ཁྱིམ་བཞིན་ཆགས་ཡོད། །
ཆོལ་གསུམ་ཞིང་ཁམས་ནས་གྱེས་པའི། །སློབ་ཕྲུག་ཉིས་སྟོང་གི་སེམས་པ། །
གཅིག་ལ་སྦྲེལ་བ་ཡི་གནས་མཆོག །སློབ་གླིང་འདི་ཀོ་རང་སྐྱིད་དོ། །
མི་རིགས་རང་ཉིད་ཀྱི་འབྱུང་འགྱུར། །དྲན་པའི་ཡིད་ལ་རང་བཅངས་ཏེ། །
ཉིན་མཚན་ཤེས་བྱ་ལ་འབད་པའི། །བརྩོན་ལྡན་སློབ་གྲོགས་དེ་མཛེས་སོ། །
རང་རིགས་ལྷག་བསམ་དེ་དཀར་བའི། །བབ་ཆགས་འཚོ་བ་ལ་རོལ་མཁན། །
མ་བགྲོས་འདི་ལ་རང་འཛོམས་པའི། །ཞབས་ཏོག་ཞུ་མཁན་རྣམས་མཚར་རོ། །
སྣ་མང་ཤེས་བྱ་དེ་མངའ་བའི། །བཤེས་གཉེན་དམ་པ་ཡི་དྲུང་དུ། །
ཤེས་བྱའི་གནས་མཆོག་ལ་སྐོམ་པའི། །ཉ་མོ་ཁྱུ་ཚོགས་བཞིན་འཁོར་ཡོད། །
མ་འོངས་འཚོ་བ་ཡི་ལམ་ཁ། །འཚོལ་བའི་བགོ་སྐལ་དེ་ཕྱེ་ཡོད། །
ད་ལྟའི་དུས་རབས་ལ་མཁོ་བའི། །མཐུན་རྐྱེན་ཅི་དགོས་དེ་འཛོམས་ཡོད། །
རང་རང་ནུས་པ་ལ་བརྟེན་ནས། །བྱེད་སྒོ་སྣ་མང་ལ་འཛུལ་ཆོག །
རང་ལ་བརྩོན་སེམས་དེ་མཆིས་ན། །རྒྱལ་ཁའི་ལྡེ་མིག་དེ་ཡོད་དོ། །
ཤེས་བྱའི་བང་མཛོད་དེ་འཛིན་པའི། །དཔེ་མཛོད་ཁང་ཆེན་ཞིག་བསྐྲུན་ཡོད། །
ལུས་པོ་བདེ་ཐང་ལ་གཞིགས་ཏེ། །རྩེད་ཐང་ཆེ་ཆུང་ཡང་བསྐྲུན་ཡོད། །
མི་འདོད་ན་ཚས་རང་མནར་དུས། །བྱམས་པའི་ལྷ་རྗེ་ཡིས་གཟིགས་ཡོད། །
དྲན་གདུང་མཆི་མ་ཡིས་བརླན་ཚེ། །སེམས་གསོའི་གྲོགས་མང་དེ་འཛོམས་ཡོད། །
འབྲི་རྩལ་ངག་རྩལ་དེ་འགྲན་སའི། །དུས་དེབ་འདྲ་མིན་གྱི་དགའ་སྟོན། །
སྒྱུ་རྩལ་ཞབས་བྲོ་དེ་འཁྲབ་སའི། །དོ་ར་ང་ཚོ་ལ་གཏད་ཡོད། །
ཕྱི་ནང་མཐོང་བ་ཡི་མེ་ལོང༌། །ཚགས་པར་ཉིན་རེ་བཞིན་འབྱོར་ཞིང༌། །
མངོན་སུམ་མིག་ལམ་དུ་འདྲེན་པའི། །གློག་འཕྲུལ་ང་ཚོ་ལ་ཉོས་ཡོད། །
མདོར་ན་ཡོད་ཚད་དེ་སྤྲོད་པའི། །མ་ཡུམ་སློབ་གྲྭ་ཡི་ནང་ལ། །
འཁོས་ཆུང་ང་ཚོ་ལ་མཁོ་བའི། །ཤེས་རིག་སྣ་ཚོགས་ཀྱིས་ཁེངས་ཡོད། །
ཅང་མེད་ང་རང་གི་མིག་ལ། །སློབ་གྲྭ་འདི་ལས་རང་སྐྱིད་པའི། །
གནས་ཤིག་མེད་དོ་དེ་སྙམ་བཞིན། །རང་འཁྲིའི་ལས་འགན་ལ་གཞོལ་ཡོད། །
དེ་མིན་འབྱོར་ལྡན་གྱི་མིག་སྔར། །ཅོལ་ཆུང་གནས་ས་ཞིག་མཐོང་སྲིད། །
འོན་ཀྱང་ཀུན་ལ་རང་སྙོམས་པའི། །ཚུལ་དེར་བསམས་ན་རེ་སྤྲོ་ངེས། །
ཡ་གིའི་དགུང་སྔོན་ན་བཞུགས་པའི། །མངོན་མེད་ལྷ་ཚོགས་ཁོང་རྣམས་ཀྱིས། །
མ་འོངས་སློབ་གྲྭ་ཡི་མཛད་འཕྲིན། །སྔར་བཞིན་ཐུགས་བརྩེ་ཡིས་སྐྱོངས་རོགས། །
མཐའ་འབྲས་སློབ་གྲྭ་ཡི་མདུན་ལམ། །འབྱུང་འགྱུར་བོད་འབངས་ལ་མཁོ་བའི།།
དཔྲལ་བའི་མིག་འབྲས་བཞིན་འགྱུར་བར། །སྨོན་ལམ་ཡང་ཡང་རང་འདེབས་སོ། །
སྦྱངས་སྟོབས་ཡོན་ཏན་འདི་དབེན་པས། །མ་ལུས་སློབ་གྲྭ་ཡི་ཡོན་ཏན། །
སྨྱུག་རྩེས་འགོད་པ་རང་དཀའ་བས། །དེ་ལ་བཟོད་གསོལ་ཞིག་གནང་རོགས། །
བཀའ་དྲིན་ཆུ་ཐིགས་ཙམ་མཚོན་ཕྱིར། །མ་ཡུམ་སློབ་གྲྭ་ཡི་ཟུར་ཞིག །
ཤར་མར་རི་མོ་ལ་བཀོད་པ། །དགའ་སྟོན་ལྟད་མོ་རུ་འགྱུར་ཤོག །
ཞན་ཆ།
ཕ་མེད་དྭ་ཕྲུག་ཡི་ཚོགས་ལ།(ཕ་མེད་དྭ་ཕྲུག་གི་ཚོགས་ལ།) སྨྱུག་རྩེའི་འགོད་པར་མ་ནུས་(སྨྱུག་རྩེས་འགོད་པར་མ་ནུས) ཐུགས་བརྩེ་ཡི་གནངས་རོགས་(ཐུགས་བརྩེ་ཡིས་སྐྱོངས་རོགས་) རྐང་དྲུག་བུང་བ་ངའི་སློབ་གྲྭ།།(རྐང་དྲུག་གཞོན་ནུ་ངའི་སློབ་གྲྭ།།)
ང་ཚོའི་སློབ་གྲྭ། (ཨང་གསུམ་པ)
ཐུབ་བསྟན། སུ་ཇ་སློབ་ཆུང༌།
༄༅། །ཨེ་མ། མཐའ་མེད་རྒྱུ་སྐར་དུ་མའི་ཁོངས་སུ་གཏོགས་ཤིང་ནང་ངོས་ལ་རླུང་དམར་གྱི་མེ་ལྕེ་དྲག་ཏུ་འབར། བར་མཚམས་ལ་བྲག་ལྕགས་ཀྱིས་དམ་པོར་བཏུམས་ཤིང་ཕྱི་ངོས་སུ་རབ་ཤར་འཛུམ་ལྡན་སྣ་ཚོགས་ཀྱིས་ཁེངས་པའི་རྩྭ་ཐང་དང༌། རྦ་རླབས་ལང་ལོང་དུ་འཕྱོ་བའི་ཆུ་བོ། གསུང་སྙན་ལྷང་ལྷང་དུ་སྒྲོག་པའི་འདབ་ཆགས་ཀྱི་རིགས། འཚོ་བ་ཅི་དགར་རོལ་བའི་རྐང་གཉིས་སོགས་འཚོ་གནས་བྱེད་འོས་པའི་ཡུལ་ནི་ས་ཡི་གོ་ལ་ཟླུམ་གཟུགས་འབའ་ཞིག་ཡིན་པ་སྨོས་ཅི་ལ་དགོས།
བདག་ཐོག་མར་འཛམ་གླིང་ངམ་ས་ཡི་གོ་ལའི་གསེར་ལྡན་དགའ་མ་ཡི་ཐོག་ཏུ་ལྷུང་སྐབས་གངས་ལྗོངས་སམ་པུར་རྒྱལ་བོད་ཅེས་པའི་ཡུལ་སྡེ་ཞིག་ཏུ་ལྷུངས། དེ་ནས་རིམ་བཞིན་ལོ་ཡི་ཉག་མ་འདའ་བའི་དུས་རབས་ཤིག་གི་དཀྱོགས་མཚམས་སུ། ངས་སློབ་གྲྭ་ཞེས་ཤེས་ཡོན་གྱི་བདུད་རྩི་མྱོང་སའི་བསྟི་གནས་ཤིག་ཏུ་གོམ་པ་དང་པོ་སྤོ་འགོ་ཚུགས། ཡིན་ནའང་ཚེ་སྔོན་གྱི་ལས་འབྲས་སམ་དཀོན་མཆོག་གིས་ང་ཚོར་གནང་བའི་རྣམ་སྨིན་གྱི་ཉེས་ཆད་གང་ཡིན་ཆ་མ་རྟོགས་ཀྱང༌། ང་ཚོས་དྲག་ཆར་དང་རླུང་འཚུབ་ཁྲོད་ངལ་བ་ཁྱད་བསད་ཀྱིས་ཀྱག་ཀྱོག་གི་ལམ་བུ་ཇི་སྙེད་བརྒྱུད་དེ་ཆ་རྒྱུས་མེད་པའི་ཡུལ་གྲུ་ཞིག་ཏུ་འབྱོར། ད་ཆ་མི་ཡུལ་འདིར་ང་ཚོའི་འཚོ་བའི་བརྟེན་སའམ་གཅེས་པར་འོས་པའི་གནས་ཡུལ་ནི་བཙན་བྱོལ་བོད་ཕྲུག་ཁྱིམ་སྡེ་ཡི་ཡ་གྱལ་སུ་ཇ་བོད་ཁྱིམ་སློབ་གྲྭ་འདི་ལས་གཞན་ཅི་ཞིག་མཆིས།
དེར་བརྟེན། ངས་དེ་རིང་དཀར་གཙང་གི་ཤོག་ངོས་སུ་ང་ཚོའི་སློབ་གྲྭ་ཞེས་རྗེས་དྲན་གྱི་སླད་དུ་ནག་ཆུང་དབྱངས་གསལ་གྱི་གཟུགས་ཅན་འགའ་འབྲི་བར་དེ་བས་སྤྲོ་བ་རབ་ཏུ་བརྟས། རེད་ཡ། འདི་ནི་ངའི་མི་ཚེའི་ནང་སློབ་གྲྭ་འགྲིམས་པའི་གོམ་ཁ་གཉིས་པ་དེ་ཡིན་ཡང་གཞན་ཡུལ་གྱི་ནང་དུ་ཚུགས་པའི་བཙན་བྱོལ་གྱི་སློབ་གྲྭར་འགྲིམ་པའི་གོམ་པ་དང་པོ་དེ་ཡིན། ང་ཚོའིྋསྐྱབས་མགོན་བསླུ་མེད་ྋགོང་ས་ཡིད་བཞིན་ནོར་བུས་གདོང་དམར་བོད་ཕྲུག་མང་པོའི་ཆེད་དུ་གནང་བའི་སུ་ཇ་བོད་ཕྲུག་ཁྱིམ་སྡེ་འདི་ནི་དབེན་པའི་རི་ཁྲོད་དུ་སྒོམ་ཆེན་མཚམས་ལ་བཞུགས་པ་ལྟར་ཅ་ཅོ་མེད་པར་དབེན་ཐིང་ཐིང་གི་རྒྱ་གར་གྲོང་གསེབ་འགའ་ཡི་ཉེ་འགྲམ་དུ་ཆགས་ཤིང༌། མཐའ་འཁོར་རྒྱ་གར་སོ་ནམ་པ་ཚོས་ལོ་ཏོག་འདེབས་ལས་བྱེད་སའི་ཞིང་ཁ་དུ་མས་ཀུན་ནས་བསྐོར་བ་དང༌། ནང་ངོས་སུ་རིང་ལ་སྦོམ་པའི་གནམ་གྱི་ཀ་བ་ལྟ་བུ་དང་ཕྲ་ཞིང་མཉེན་ལ་ཆུ་ཡི་ལྷ་མོའི་ཉམས་དང་འདྲ་བའི་རང་བྱུང་གི་ལྕང་མ་དང་ལྕུག་ཕྲན་སོགས་ཀྱིས་ཁེངས་པ་མ་ཟད། མེ་ཏོག་གི་དྲི་བསུང་ཕྱོགས་བཅུར་འཐུལ་བའི་ལྡུམ་རའི་ནང་བུང་བའི་ཚོགས་ཀྱིས་རོ་བརྒྱའི་བཅུད་དང་ལྡན་པའི་འཛུམ་ལྡན་མེ་ཏོག་གི་བདུད་རྩི་ལོངས་སུ་སྤྱོད་བཞིན་མཆིས།
སློབ་གྲྭ་ལགས། སློབ་གྲྭ། ང་ཚོའི་གཅེས་པར་འོས་པའི་སློབ་གླིང་འདིར་ཚ་དྲོད་སྙོམས་ཤིང་ཁ་རླུང་གཙང་བས་ནད་དང་རིམས་ནད་སོགས་ཉུང་ཞིང་བདེ་བ་དང་བདེ་སྐྱིད་ཕུན་སུམ་ཚོགས། བཅུ་ཕྲག་རིག་པའི་གནས་ལ་མཁས་ཤིང་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་དགེ་བའི་བཤེས་གཉེན་དམ་པའི་ཐུགས་ཁོང་ལ་ཆུད་པའི་ཡོན་ཏན་གྱི་རྒྱ་མཚོ་ནས་བུང་བའི་ཚོགས་དང་འདྲ་བའི་སློབ་མ་ཚོས་སྣ་མང་ཤེས་བྱའི་སྦྲང་རྩིའི་ཐིགས་པ་རེ་རེ་བཞིན་བླངས་ནས་རང་ཉིད་ཀྱི་སེམས་ཁོངས་སུ་གསོག་གིན་ཡོད། རྣམ་ཀུན་རྟག་ཏུ་ཞོགས་པའི་སྐྱ་རེངས་ཀྱིས་ནམ་མཁའ་གསལ་མ་ཐག་སློབ་གྲྭའི་ཁོར་ཡུག་ནི་སྔར་ལས་ཀྱང་མཛེས་པའི་སྣང་བ་ཤར་བ་དང༌། བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་པའི་སློབ་མ་ལ་ལས་ཞོགས་པའི་མཁའ་དབུགས་གསར་པ་དང་དྲོད་འཇམ་གྱི་ཉི་འོད་ལ་འགྲོགས་ནས་སྐྱོར་སྦྱང་བྱེད་པ་སོགས་ལ་འབད་བརྩོན་ཧུར་ཐག་བྱེད་ཅིང་མཆིས། སློབ་གྲྭའི་སྤྱི་ཚོགས་ཆུང་ངུ་དེའི་ནང་འཚོ་བའི་སློབ་ཕྲུག་ཡོད་དོ་ཅོག་དང་སློབ་དགེ་ཡོངས་སུ་རྫོགས་པ་ནི་འབྲེལ་ལམ་ཤིན་ཏུ་བཟང་ཞིང༌། དགེ་རྒན་ལས་བྱེད་ཀུན་གྱི་སློབ་ཕྲུག་རྣམས་ལ་བྱམས་དང་བརྩེ་བ་ཆེན་པོས་སྐྱོང༌། སློབ་མའི་ཚོགས་ཀྱིས་ཀྱང་དགེ་སློབ་ཀྱིས་གང་གནང་བའི་ལས་བྱ་དག་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་པ་དང༌། ལྷག་པར་ཡིད་བཞིན་ནོར་བུའི་བཀའ་དགོངས་ལྟར་སོ་སོའི་རིག་གཞུང་ལ་གཅེས་འཛིན་བྱེད་པ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ལ་རོལ་བཞིན་ཡོད་པ་སོགས་ནི་ལྕེ་བརྒྱ་སྤྲུལ་ནས་བརྗོད་ཀྱང་བརྗོད་ཚར་ཐབས་མེད་པས་རེ་ཞིག་མ་བཞག་ཐབས་མེད་ལ་གྱུར་ཏོ། །
ཨེ་མ། གཡུ་རི་ར་བ་ནང་དུ་ཆགས་པའི་སུ་ཇ་གླིང༌། །ཕྱི་ནས་ལོ་ཏོག་ལྗང་པས་བསྐོར་བས་ཤིན་ཏུ་མཛེས། །
ནང་དུ་ཤེས་བྱའི་སྒྲོན་མེ་བཏེགས་པའི་སློབ་ཕྲུག་བཟང༌། །ངོ་མཚར་ཤིན་ཏུ་ཆེ་བས་ཀུན་གྱིས་བསྔགས་ལ་བྲེལ། །
ཞན་ཆ།
སྣ་ཚོགས་ཀྱི་ཁེངས་པའི་(སྣ་ཚོགས་ཀྱིས་ཁེངས་པའི) འདབས་ཆགས་(འདབ་ཆགས་) དུས་རབས་ཞིག་གི་ཀྱོག་མཚམས།(དུས་རབས་ཤིག་གི་དཀྱོགས་མཚམས) བསྟི་གནས་ཞིག་ཏུ་(བསྟི་གནས་ཤིག་ཏུ་) བཙན་འབྱོལ་(བཙན་བྱོལ་) བསགས་ཤིང་ཡོད།(གསོག་གིན་ཡོད།) ཇེ་སྙེད་རྒྱུད་དེ།(ཇི་སྙེད་བརྒྱུད་ད)ེ རྒྱ་གར་བསོད་ནམས་པ་ཚོ་ཡི་(རྒྱ་གར་སོ་ནམ་པ་ཚོས་) མེ་ཏོག་གི་དྲི་ཞིམ་མངར་ལྷང་ལྷང་དུ་ཐུལ་བའི་ལྡུམ་རྭ།(མེ་ཏོག་གི་དྲི་བསུང་ཕྱོགས་བཅུར་འཐུལ་བའི་ལྡུམ་ར།) འདུད་བརྩི་ཉམས་སུ་བླངས་བཞིན་མཆིས།(བདུད་རྩི་ལོངས་སུ་སྤྱོད་བཞིན་མཆིས།) ལྷག་བསམ་གྱི་རབ་ཏུ་ཕྱུག་པའི་(ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་) ཞོགས་པའི་གཙང་རླུང་(ཞོགས་པའི་ཁ་དབུགས་གསར་པ་)