སྤྱི་ཚོགས་ཕན་བདེའི་གཞི་རྩ།   (ཨང་དང་པོ)

བསོད་ནམས་བཟང་པོ།  གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ།

སྤྱི་ཡི་དོན་དུ་སྒེར་དོན་རྩད་ནས་བརྗེད། །དམངས་ཀྱི་བདེ་སྡུག་ཉིན་མཚན་ཀུན་ཏུ་དྲན། །
ཀུན་ལ་བྱམས་བརྩེའི་འོད་ཀྱིས་སྐྱོང་མཛད་པའི། །ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོར་འདུད། །

ཞེས་ཚིག་གིས་སྔོན་བསུས་ཏེ་འདིར་གླེང་བར་བྱ་བ་ནི། དེ་ཡང་རང་གཞན་ཆེ་འབྲིང་ཆུང་གསུམ་ཀུན་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་བསྒྲུབ་པ་དང༌། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་ཀྱི་སླད་དུ་ངལ་རྩོལ་བྱས་ཏེ་མཐར་རང་གཞན་ཀུན་ཞི་བདེ་བག་ཕབ་པར་གནས་ཐབས་བྱ་རྒྱུ་ནི་རང་ཅག་ཀུན་གྱིས་ངེས་པར་ཤེས་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན། དེ་ཡང་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ནང་གདོད་མའི་དུས་སྐབས་སུ་མི་རྣམས་ཀྱིས་ཤ་ཟ་ཁྲག་འཐུང་བྱེད་པ་དང༌། ལུས་ལ་ཤིང་ལོ་ལས་གྱོན་རྒྱུ་མེད་པའི་དུས་སྐབས་ནས་ཚོ་ཁག་བཟོས་པ་དང༌། རུབ་རུབ་བྱས་ནས་གཉིས་ཕན་བསྒྲུབ་རྒྱུའི་འབད་བརྩོན་བྱས་ཡོད། དེ་ནས་རིམ་གྱིས་མི་རྣམས་ཀྱི་འཚོ་སྡོད་སྤྱོད་གསུམ་ལ་ཡར་རྒྱས་དང་འགྱུར་བ་ཕྱིན་ཏེ་སྤྱི་ཚོགས་ཀྱི་རྣམ་པ་གསལ་པོར་མངོན་པ་དང༌། རང་དང་གཞན་གཉིས་ཀའི་འདོད་དོན་སྒྲུབ་ཆེད་རང་ཉིད་སྤྱི་ཚོགས་ཀྱི་བྱ་གཞག་ནང་ཞུགས་པ་རེད། དེ་བས་དེང་གི་དུས་སྐབས་སུ་སྤྱི་ཚོགས་ཞེས་པ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་རྩི་ཞིང༌། སྤྱི་ཚོགས་ནས་བུད་ཅེས་བརྗོད་ན་ཕལ་ཆེར་མི་གྲལ་ནས་བུད་པ་ལྟ་བུ་ཞིག་དང༌། གྲོགས་མེད་ཁེར་རྐྱང་གི་རི་དྭགས་ལྟ་བུ་ཞིག་ལ་ངོས་འཛིན་གྱི་ཡོད། ཚན་རིག་དང་ཕྱི་དངོས་པོའི་ཡར་རྒྱས་ཤིན་ཏུ་ཆེ་བའི་དུས་རབས་ནང་མི་སྒེར་གཅིག་པུར་འཚོ་ཐབས་མེད་ཅིང༌། རང་བཞིན་གྱིས་བྱ་བ་མང་པོ་ཞིག་སྒྲུབ་པ་ལ་ཡང་སྤྱི་ཚོགས་ནང་འཚོ་སྡོད་དང་མཉམ་རུབ་མེད་ན་བསྒྲུབ་མི་ནུས་པ་ཞིག་ཡིན་དུས་སྤྱི་ཚོགས་འདི་བཞིན་ཧ་ཅང་གལ་ཆེན་པོ་ཡིན། དེ་བས་སྤྱི་ཚོགས་ནང་ཕན་བདེ་བསྒྲུབ་རྒྱུ་ནི་གནད་འགག་ཆེ་བ་དང་འདི་ལྟ་བུའི་སྤྱི་ཚོགས་ནང་ཕན་བདེ་སྒྲུབ་མཁན་ལ་ཀུན་གྱིས་གོང་དུ་བཀུར་བས་སྤྱི་ཚོགས་ཕན་བདེའི་ལས་དོན་གཉེར་རྒྱུ་ནི་གལ་ཆེན་པོ་ཡིན།  ཆོས་ཕྱོགས་ནས་གཞན་དོན་སྒྲུབ་ཆེད་རང་དོན་སྐྱུར་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ཞིག་ཡིན་པས་འདི་ལྟ་བུའི་ལས་དོན་བསྒྲུབ་རྒྱུ་ནི་འགྲོ་བ་ཀུན་གྱིས་ཆེས་བླ་ན་མེད་པའི་རེ་འདུན་ཉག་ཅིག་ལགས།
དེ་ཡང་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པར་གཞི་རྩ་གཅིག་ནི་ཤེས་ཡོན་ཡིན། ཤེས་ཡོན་གྱིས་སྤྱི་ཚོགས་བརྟན་ལྷིང་ཡོང་ཐབས་དང་སྤྱི་ཚོགས་ཀྱི་དཀའ་རྙོག་མང་པོ་ཞིག་སེལ་གྱིན་ཡོད་ཅིང༌། ཤེས་ཡོན་གོ་རྟོགས་ཀྱིས་གཞན་ལ་ཕན་པ་སྒྲུབ་པ་དང༌། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་དང་མིའི་བར་གྱི་དྭོགས་པ་སེལ་བ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་འདྲིས་ལ་གོ་རྟོགས་སྤེལ་བ་སོགས་བྱེད་ཐུབ་ཀྱིན་ཡོད་པས། ཤེས་ཡོན་ནི་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་གཞི་རྩ་གལ་ཆེན་ཞིག་ཡིན། ཤེས་ཡོན་གྱི་ལམ་ནས་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པ། དཔེར་ན། དགེ་རྒན་གྱི་བྱ་བ་གཉེར་བ། སྨན་པ་བྱས་ཏེ་ནད་བཅོས་པ། ཚན་རིག་ལག་རྩལ་གྱི་ཐོག་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་པ་སོགས་ནི་ཧ་ཅང་གལ་ཆེན་པོ་ཡིན།
འོན་ཀྱང་ཤེས་ཡོན་གཅིག་པུས་སྤྱི་ཚོགས་ནང་ཕན་བདེ་བསྐྲུན་ཐུབ་བམ་ཞེ་ན། དེའང་མིན་ཏེ། ཤེས་ཡོན་ཡོད་ཀྱང་ལྷག་བསམ་མེད་ན་ཤེས་ཡོན་བེད་སྤྱོད་ལེགས་ཉེས་ཅི་འདྲ་ཞིག་གཏོང་མིན་ཐེ་ཚོམ་རེད། ཤེས་ཡོན་ཡོད་ཀྱང་མེད་ཀྱང་རུང་མིའི་རྒྱུད་ལ་བཟང་སྤྱོད་དང་བཅོས་མིན་གྱི་ལྷག་བསམ་ཞིག་ཡོད་ན། དེས་ཏན་ཏན་སྤྱི་ཚོགས་ནང་ཕན་བདེ་རྒྱ་ཆེར་སྒྲུབ་ཐུབ་ངེས་ཡིན། ལྷག་བསམ་དང་བཟང་སྤྱོད་སོགས་ནི་སློབ་ཁྲིད་བྱས་ནས་ཤེས་རྒྱུ་ཡོད་པ་ཞིག་མ་ཡིན་པར། གཙོ་ཆེ་ཡ་རབས་དང་དྲང་པོ་དྲང་བཞག་གི་བསམ་པ་ཡོད་པ། གཞན་དོན་དེ་རང་དོན་ལས་ལྷག་པའི་བསམ་པ་དེ་འདྲ་ནི་ཀུན་སློང་དང་ནང་སེམས་ཀྱི་ལྟ་བའི་འཁྱེར་སོ་ལ་རག་ལས་ཡོད། འདི་ལྟ་བུའི་སྐྱེས་བུ་ནི་རྗེ་ཙོང་ཁ་པ་ཆེན་པོས་བདག་གཞན་མཉམ་བརྗེ་གསུངས་པ་ནང་བཞིན་གྱི་དེ་འདྲའི་རླབས་ཆེན་གྱི་ཐུགས་གཤིས་ལྡན་པ། བདག་ཉིད་ཆེན་པོ་གནྡྷྀ་དང༌། མ་ཡུམ་ཀྲེ་རི་ས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སོགས་ཡིན། ཁོང་རྣམས་ཀྱིས་དུས་རྟག་ཏུ་རང་ལས་གཞན་གཅེས་པར་འཛིན་པ་དང༌། གཞན་དོན་ཁོ་ནའི་ཆེད་དཀའ་སྤྱད་གནང་བ་སོགས་རླབས་ཆེན་གྱི་བྱ་བ་འདི་འདྲ་བསྒྲུབ་པས་ཤེས་ཡོན་ཡོད་པ་དང་ལྷན་ཡ་རབས་བཟང་སྤྱོད་དང༌། ལྷག་བསམ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན།
དེ་བཞིན་སྤྱི་ཚོགས་ཕན་བདེ་བསྒྲུབ་པའི་གཞི་རྩ་གཅིག་ནི་མིའི་རིགས་དབར་མཉམ་འབྲེལ་དང་མཐུན་ལམ། བསམ་ཤེས་དགོས་པ་བཅས་ཡིན། སྤྱིར་འཛམ་གླིང་འདིའི་ཐོག་མི་རིགས་དང༌། སྐད་ཡིག ཆོས་ལུགས། གོམས་གཤིས་སོགས་ཧ་ཅང་རིགས་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་ཀྱང༌། མདོར་བསྡུས་ན་འཛམ་གླིང་འདི་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་ཆེ་ཤོས་དང༌། ཁྱིམ་ཚང་ཕྱུག་ཤོས་དེ་ཡིན་པས་ཕན་ཚུན་དབར་བསམ་ཤེས་དང༌། འཆམ་མཐུན་སོགས་དགོས་རྒྱུ་ནི་གལ་ཆེན་པོ་ཡིན། གོམས་གཤིས་དང་ཆོས་ལུགས་མི་མཐུན་པ་སོགས་ཀྱིས་དཀའ་ངལ་འཕར་མ་བཟོ་བ་དང༌། ཐ་ན་དམག་འཁྲུག་ཀྱང་ཡོང་བ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། དེ་ནི་ཕན་ཚུན་དབར་ཉན་ཤེས་དང་མཐུན་སྒྲིལ། བསམ་ཤེས་མ་བྱུང་བའི་རྐྱེན་གྱིས་ཡིན། འགྲོ་བ་མིའི་རིགས་ལ་འདོད་མོས་དང་འདེམས་ག་མི་འདྲ་བ་མང་པོ་ཡོད་པས་དེ་དག་ལ་ཆོས་ལུགས་དང༌། སྐད་ཡིག་སོགས་ཀྱང་འདྲ་མིན་དགོས་པ་ཡིན། གཅིག་ལས་གཅིག་བཟང་ངན་གྱི་རྣམ་པ་སྟོན་པ་དང་མི་དགའ་བའི་རྣམ་འགྱུར་བསྟན་ནས་མ་བསྡད་པར་དེ་དག་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་རིག་གཞུང་དང་ཁྱད་ནོར་ཞིག་ཡིན་པའི་ངེས་ཤེས་རྙེད་དགོས།
སྟོན་པ་ཐུབ་པའི་དབང་པོས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པ་བཞིན་གདུལ་བྱ་མི་འདྲ་བར་ཆོས་ལུགས་འདྲ་མིན་དགོས་པ་དང༌། དེ་དག་དབར་འཆམ་མཐུན་གྱིས་ཆོས་ལུགས་ཀྱི་དགོས་པ་དང་དམིགས་ཡུལ་སེམས་ཅན་རྣམས་བདེ་བ་ལ་འགོད་པ་དང་སྡུག་བསྔལ་ལས་སྐྱོབ་པའི་བློ་དེ་ངེས་ཤེས་བྱུང་བ་དང༌། བསམ་ཤཻས་བྱུང་ན་ཆོས་ལུགས་ཀྱིས་ཀྱང་སྤྱི་ཚོགས་ཀྱི་ཕན་བདེ་རྒྱ་ཆེར་བསྒྲུབ་ནུས་ངེས་ཡིན། དེ་བས་ན་མིའི་རིགས་དབར་འཆམ་མཐུན་དང༌། མཉམ་འབྲེལ། བསམ་ཤེས་སོགས་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན།
མདོར་ན་དབང་དང་རྒྱུ་ནོར་ཁོ་ནས་མིའི་རིགས་ལ་ཞི་བདེ་བསྐྲུན་མི་ཐུབ་པ་དང༌། ལྷག་པར་དུ་སྤྱི་ཚོགས་ནང་ཕན་བདེ་བསྐྲུན་མི་ཐུབ་པས། ཤེས་ཡོན་དང༌། བཟང་སྤྱོད། འཆམ་མཐུན། མཉམ་འབྲེལ། བསམ་ཤེས། དྲང་བདེན་སོགས་ནི་སྤྱི་ཚོགས་ཁག་བདེ་བ་བསྒྲུབ་པའི་གཞི་རྩ་ཉག་ཅིག་སྟེ། འདི་ནི་འགྲོ་བ་མིའི་ཕུལ་དུ་བྱུང་བའི་ཁྱད་ཆོས་ཤིག་གོ །

བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། །རྒྱལ་བའི་བཀའ་སློབ་སྙིང་ནས་དྲན་བྱས་ཏེ། །
བདག་གི་འདོད་དོན་ཁོ་ནར་མ་གཡེངས་པར། །སྤྱི་ཚོགས་ཕན་བདེ་བསྒྲུབ་ལ་འབད་པ་གྱིས། །

ཞན་ཆ།

རང་གཞན་ཆེ་ཕྲ་ཆུང་གསུམ་(རང་གཞན་ཆེ་འབྲིང་ཆུང་གསུམ་) སྤྱི་ཚོགས་ཀྱི་སྲོག་ཆགས་(སྤྱི་ཚོགས་སེམས་ཅན་) ཁྲག་མཐུང༌།(ཁྲག་འཐུང༌། )བྱ་བཞག་ནང་བཞུགས་པ་རེད།(བྱ་གཞག་ནང་ཞུགས་པ་རེད།) གྲོག་མེད་ཁེར་རྐྱང་(གྲོགས་མེད་ཁེར་རྐྱང༌།) ཤེས་ཡོན་བེད་སྤྱོད་ཡག་ངན་ཇི་འདྲ། (ཤེས་ཡོན་བེད་སྤྱོད་ལེགས་ཉེས་ཅི་འདྲ།) གཏན་གཏན་སྤྱི་ཚོགས་ནང༌། (ཏན་ཏན་སྤྱི་ཚོགས་ནང༌།) རིགས་མ་འདྲ་བའི་ཁྱད་ཆོས(།རིགས་མི་འདྲ་བའི་ཁྱད་ཆོས།) བྱང་ཆུབ་སེམས་པ་(བྱང་ཆུབ་སེམས་དཔའ་) སྨད་དུ་བྱུང་(རྨད་དུ་བྱུང་) གོམ་གཤིས་(གོམས་གཤིས་)

སྤྱི་ཚོགས་ཕན་བདེའི་གཞི་རྩ།   (ཨང་གཉིས་པ)

བུདྡྷ་སྐྱབས།  བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

དང་པོ། གླེང་གཞི།

དེང་སང་ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན། ཤེས་རིག་གི་མ་ལག་ཚང་མ་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་པའི་ལམ་དུ་འཇུག་དགོས་པའི་དུས་སྐབས་གནད་འགག་ཅན་ཞིག་ལ་སླེབས་ཡོད། རྒྱུ་མཚན་ནི། མང་པོ་ཞིག་གིས་རང་གིས་སྦྱངས་ཟིན་པའི་ཤེས་ཡོན་བེད་སྤྱོད་ལོག་པར་བཏང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་ཐད་ནས་ཕུ་དཀྲུག་མདའ་དཀྲུག་བྱེད་ཀྱི་ཡོད་པ་མ་ཟད། མི་སྒེར་དང་ཚོགས་པ་དེ་བཞིན་རྒྱལ་ཁབ་ཕན་ཚུན་འཁོན་འཛིང་གི་ལམ་ནས་མིའི་སྤྱི་ཚོགས་དང་སྲོག་ཆགས་དུད་འགྲོ། དེ་བཞིན་རང་བྱུང་ཁོར་ཡུག་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་པའི་སྦྱོར་བ་ངན་པ་རྩོམ་པའི་ལས་སྣ་ཉིན་བཞིན་དར་ཁྱབ་ཆེ་རུ་འགྲོ་ཡི་ཡོད་པས། ང་ཚོས་དཀའ་སྡུག་དང་འཇིགས་ཉེན་གྲངས་མེད་ཅིག་ལ་ཆོད་སེམས་བརྟན་པོའི་ངང་ནས་གདོང་ལེན་བྱ་བའི་ལས་འགན་དང་དུ་ལེན་དགོས་པ་ཞིག་ཆགས་ཡོད།
དེས་ན་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་པའི་གཞི་རྩ་ཅི་ཞིག་ཆགས་ཡོད་པ་དང༌། དེ་ཐབས་ལམ་ཅི་ལྟ་བུ་ཞིག་གི་ལམ་ནས་ལག་བསྟར་བྱས་པ་ན་གནད་དུ་འཁེལ་བ་ཡོང་ངེས་ཤེ་ན། ནང་བསྟན་ཆོས་ལུགས་སྙིང་པོར་བཟུང་སྟེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་དུ་ཕྱོགས་རྒྱུ་དང༌། སྤྱི་ཕན་ཁྲིམས་ལུགས་ཀྱི་དབང་སྒྱུར་འོག་ནས་སྤྱི་ཚོགས་ཀྱི་ངོ་བོ་གཅིག་སྒྲིལ་གྱི་སྒྲོམ་གཞི་ཞིག་ཏུ་བསྒྱུར་ཐུབ་པ་བྱ་དགོས། དེ་ལྟར་བྱུང་ན་གཞི་ནས་ང་ཚོས་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་པ་དང་བདེ་བའི་ལས་གཞི་རླབས་ཆེན་ཞིག་འགྲུབ་ཀྱིན་ཡོད་པར་ངོས་འཛིན་བྱ་འོས།

གཉིས་པ། ནང་བསྟན་ཆོས་ལུགས་སྙིང་པོར་བཟུང་སྟེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་དུ་ཕྱོགས་དགོས།

དེ་ཡང་ང་རང་ཚོས་སྤྱི་ཚོགས་ཞེས་གཞི་རྒྱ་ཆེན་པོ་ཞིག་ལ་བསམ་བློ་བཏང་སྟེ་དེའི་ཕན་པ་དང་བདེ་བའི་གཞི་རྩ་ཅི་ཞིག་ལ་རག་ལས་འདུག་རྩད་ཞིབ་བྱས་པ་ན། ནང་བསྟན་ཆོས་ལུགས་ཀྱི་སྙིང་པོ་ཉམས་སུ་ལེན་ཐབས་ལ་འབད་པ་བྱ་རྒྱུ་ནི་ཆེས་གནད་འགག་ཅིག་ཆགས་བསྡད་ཡོད། ནང་བསྟན་ཆོས་ལུགས་ཀྱིས་ང་རང་ཚོར་ངེས་པར་དུ་དགོས་མཁོ་ཡོད་པའི་བྱམས་བརྩེ་དང༌། སྙིང་རྗེ། གཞན་ཕན་སོགས་ཀྱི་དགེ་མཚན་དང་དེ་དག་ཉིན་རེའི་འཚོ་བའི་གོམས་གཤིས་ནང་ཉམས་སུ་ལེན་ཐབས་ཀྱི་ལམ་བཟང་སྟོན་གྱི་ཡོད་པས། དེ་ནི་ང་ཚོའི་སྤྱི་ཚོགས་འདི་ཉིད་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་པའི་དཔལ་ཡོན་གཉིས་ཟུང་དུ་སྦྲེལ་ཏེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཏུ་འཁྲིད་ངེས།
སྤྱི་ཚོགས་ཕན་བདེའི་གཞི་རྩ་ནི་ཕྱིའི་དངོས་པོ་གཅིག་པུ་ཡར་རྒྱས་སུ་གཏོང་ཐབས་ལ་འབད་པ་བྱས་པས་མི་འགྲིག་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི། ཕྱི་དངོས་པོའི་འཕེལ་རྒྱས་ཀྱི་འགྲོས་སུ་མི་རྣམས་ཀྱི་སེམས་སུ་ཕྲག་དོག་དང་ཧམ་སེམས། འདོད་ཞེན་དང་ང་རྒྱལ་སོགས་སྤྱི་སྒེར་གཉིས་ལ་གནོད་ཚབས་ཆེ་བའི་རིགས་མང་པོ་ཞིག་ཤུགས་ཆེར་འཕེལ་ཡོང་གི་ཡོད། ངན་སེམས་དེ་རིགས་འཇོམས་པར་བྱེད་པ་ལ། ཕན་ཚུན་བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་གྱི་བློ་རྣམ་དག་ཅིག་རྒྱུད་ལ་སྐྱེས་ཐབས་བྱ་དགོས་པ་ཆགས་ཡོད་པ་དང༌། དེ་སྐྱེས་ཐབས་ལ་རོགས་ཕན་བླ་ན་མེད་པ་བྱ་མཁན་ནི་ནང་བསྟན་ཆོས་ལུགས་འདི་ཆགས་ཡོད་པས། མི་སྒེར་དང་སྤྱི་ཚོགས། དེ་བཞིན་རྒྱལ་ཁབ་དང་འཛམ་གླིང་ཁྱོན་ཡོངས་ནས་བཤད་ན་ཡང་ནང་བསྟན་ཆོས་ལུགས་འདི་ཉིད་སྤྱི་ཚོགས་ཕན་བདེའི་གཞི་རྩ་ནོར་བུ་རིན་པོ་ཆེ་ཞིག་ཆགས་ཡོད། དེ་མི་རབས་ནས་མི་རབས་སུ་ཉམས་ལེན་དང་ཁྱབ་སྤེལ་ཡུན་གནས་ཡོང་ཐབས་ལ། ད་ལྟ་ནས་གསར་དུ་འཚར་བཞིན་པའི་གཞོན་སྐྱེས་ཚོ་དང་བྱིས་པ་ཚོའི་རྒྱུད་ལ་ཕ་མ་དང་དགེ་རྒན་རྣམས་བརྒྱུད་དེ་ནང་བསྟན་ཆོས་ལུགས་ཀྱི་རིན་ཐང་དང༌། དེ་དོན་ལག་ལེན་སྟབས་བདེའི་ངང་གཤིས་རྒྱུད་ལ་འཇགས་ཐབས་བྱས་ན། རིམ་བཞིན་མི་རབས་ནས་མི་རབས་བརྒྱུད་སྤྱི་ཚོགས་ཀྱི་གོམས་གཤིས་དང་ཁྱད་ནོར་དུ་གྱུར་ཏེ། ནང་བསྟན་ཆོས་ལུགས་འདི་ཉིད་འཛམ་གླིང་མིའི་རིགས་ཧྲིལ་པོའི་སྤྱི་ཚོགས་ཀྱི་ཕན་བདེའི་གཞི་རྩ་འགངས་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟ།

གསུམ་པ། སྤྱི་ཕན་ཁྲིམས་ལུགས་ཀྱི་དབང་སྒྱུར་འོག་ནས་སྤྱི་ཚོགས་ཀྱི་ངོ་བོ་གཅིག་སྒྲིལ་གྱི་སྒྲོམ་གཞི་ཞིག་ཏུ་བསྒྱུར་ཐུབ་པ་བྱ་དགོས།

སྤྱི་ལ་གཅིག་བསྟུན་གྱིས་ཕན་རླབས་ཆེ་བའི་ཁྲིམས་ལུགས་ནི་སྤྱི་ཚོགས་ཕན་བདེའི་གཞི་རྩ་འགངས་ཆེན་ཞིག་ཆགས་ཡོད།
དེང་སང་སྤྱི་ཚོགས་ནང་སེལ་ཐབས་དཀའ་བའི་རྙོག་གླེང་བགྲང་ཡས་པ་ཞིག་ཡོང་གི་ཡོད་པ་དང༌། རྙོག་གླེང་དེ་དག་གི་འབྱུང་རྩ་དང་བརྒྱུད་རིམ་རྩ་མེད་མ་བཟོས་ན་སྤྱི་ཚོགས་ཧྲིལ་པོ་ཞི་བདེ་ངང་གནས་ཐུབ་ཀྱི་མེད་ཁར། སྤྱི་ཚོགས་ངོ་བོ་འཕེལ་རྒྱས་དང་ལེགས་བཅོས་ཡོང་བར་གནོད་པ་ཚབས་ཆེན་ཐེབས་ཀྱི་ཡོད། དེས་ན་དཀའ་རྙོག་འདི་རིགས་སེལ་བ་ལ་ཁྲིམས་ལུགས་ཀྱི་སྟངས་འཛིན་སྲ་བརྟན་ཞིག་དགོས་པ་ཆགས་ཡོད་སྟབས། ཡང་དག་པའི་ཁྲིམས་ལུགས་ནི་ང་ཚོས་སྤྱི་ཚོགས་ཕན་བདེའི་གཞི་རྩ་ལ་ངོས་འཛིན་བྱ་ཆོག
ཁྲིམས་ལུགས་ཀྱིས་ནི་སྒྲིག་གཞི་དང་བཀའ་བཀོད་གཏན་འབེབས་ཀྱིས་སྤྱི་ཚོགས་ནང་གི་རྩོད་རྙོག་མང་པོ་ཞིག་སེལ་གྱི་ཡོད་པས། ནང་བསྟན་ཆོས་ལུགས་ཀྱིས་སེམས་ལ་སྟངས་འཛིན་བྱེད་པ་ལྟ་བུའི་ནུས་པ་ཐོན་གྱི་ཡོད་པ་དང༌། སྤྱི་ཚོགས་ཀྱི་ངོ་བོ་ཚང་མ་གཅིག་གྱུར་དང༌། འདྲ་མཉམ་འཕེལ་རྒྱས་ལྡན་པ་ཞིག་ལ་བཅོས་ཐབས་ཐད་ནུས་པ་བླ་མེད་ཐོན་གྱི་ཡོད། དེས་ན་ཁྲིམས་ལུགས་སྤུས་དག་ཅིག་གཏན་འབེབས་བྱས་ཏེ་ལུགས་སྲོལ་གཙང་མའི་ངང་ལག་བསྟར་བྱ་རྒྱུ་ནི་སྤྱི་ཚོགས་ཧྲིལ་པོའི་ཕན་བདེ་བསྒྲུབ་པའི་གཞི་རྩ་གལ་ཆེན་ཞིག་ཆགས་ཡོད།

བཞི་པ། མཇུག་གི་གཏམ།

དེང་སྐབས་ང་ཚོས་སའི་གོ་ལའི་ཚེ་སྲོག་དང་འགྲོ་བ་མིའི་སྤྱི་ཡོངས་ཀྱི་བདེ་སྡུག་ལ་མནོ་བསམ་བྱ་དགོས་པ་ཞིག་ཆགས་བསྡད་ཡོད་དུས། མི་སྒེར་རེ་རེའི་ངོས་ནས་དང་ལེན་གྱིས་ལས་འགན་ཞིག་ཁུར་ཏེ་སྤྱི་ཚོགས་ཧྲིལ་པོའི་ཕན་བདེའི་ཐད་ཧུར་བརྩོན་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་ནི། རང་ཉིད་མི་སྒེར་གཅིག་ཡིན་ཡང་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། རང་ཉིད་ཀྱང་སྤྱི་ཚོགས་ཤིག་ལ་མ་བརྟེན་པར་གནས་སྡོད་བྱེད་ཐབས་བྲལ། དེར་བརྟེན། ང་ཚོའི་ངོས་ནས་སྤྱི་ཚོགས་ཕན་བདེའི་གཞི་རྩ་སྟེ། ནང་བསྟན་ཆོས་ལུགས་ཀྱི་རིན་ཐང་དང༌། སྤྱི་ཕན་ཁྲིམས་ལུགས་ཀྱི་བྱེད་ལས་བཅས་ལ་གོང་བཀུར་དང་གདེང་འཇོག་གིས་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་པའི་གཞི་རྩ་ཞིག་ལ་ངོས་འཛིན་ཡོད་པའི་ཐོག་ནས། རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་ལག་ལེན་གང་ཐུབ་ཡོང་བར་འབད་བརྩོན་བྱ་རྒྱུ་དེ་ཡང་སྤྱི་ཚོགས་ཕན་བདེའི་གཞི་རྩ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་ངེས་ཤེས་རྙེད་རྒྱུ་ནི་ཧ་ཅང་གི་གནད་འགག་ཅིག་ཏུ་སེམས།

མཐའ་དོན་དུ་སྨྲས་པ།

གཞན་ཕན་བྱམས་བརྩེའི་ཆུ་རྒྱུན་མ་ལུས་པ། །གཅིག་འདུས་སྤྱི་ཚོགས་ཕན་བདེའི་རྒྱ་མཚོ་ཆེར། །
འཁྱིལ་བའི་འབྱུང་ཁུངས་ནང་བསྟན་ཆོས་ལུགས་ཀྱི། །གངས་དཀར་ལྷུན་པོའི་གཟི་ཉམས་རྒྱས་གྱུར་ཅིག །
རྩོད་རྙོག་མུན་པའི་དཔུང་ཚོགས་མཐར་སྐྲོད་པའི། །ཁྲིམས་སྲོལ་གཙང་མའི་རྟ་བདུན་འོད་སྟོང་གིས། །
ས་གཞིའི་དཀྱིལ་འཁོར་མ་ལུས་ཁྱབ་གྱུར་ཏེ། །སྤྱི་ཚོགས་ཕན་བདེའི་ལམ་དུ་འགོད་པར་ཤོག །

ཞན་ཆ

གནད་འགག་ཞིག་(གནད་འགག་ཅིག་) ཚབ་ཆེ་བ།(ཚབས་ཆེ་བ།) ནོ་བུ།(ནོར་བུ།) མི་རིགས་ཧྲུལ་པོའི།(མི་རིགས་ཧྲིལ་པོའི།) བརྒྱུད་རིམ་རྩད་མེད་མ་བཟོས་པར།(བརྒྱུད་རིམ་རྩ་མེད་མ་བཟོས་པར།) ལག་ལེན་སྟབས་བདེའི་ངང་ཡོང་ཐབས་སོགས་སྦྱོར་ཐབས་བྱས་པ་ན།(དེ་དོན་ལག་ལེན་སྟབས་བདེའི་ངང་གཤིས་རྒྱུད་ལ་འཇགས་ཐབས་བྱས་ན། )སྒྲིགས་གཞི་དང༌།(སྒྲིག་གཞི་དང༌།) རྩོད་ཉོག(རྩོད་རྙོག་) བྱེད་པ་ལྟ་བའི་ནུས་པ། (བྱེད་པ་ལྟ་བུའི་ནུས་པ།) ཁྲིམས་ལུགས་སྤས་དག(ཁྲིམས་ལུགས་སྤུས་དག་) འགན་ཁུར།(འགན་འཁུར།) གདེང་འཇོགས།(གདེང་འཇོག་) མཐར་བགྲད་(མཐར་བསྐྲད་)

སྤྱི་ཚོགས་ཕན་བདེའི་གཞི་རྩ།   (ཨང་གསུམ་པ)

ལྷུན་གྲུབ་རྡོ་རྗེ། དྷ་སྟེང་བོད་ཁྱིམ་སློབ་གྲྭ།

སྤྱིར་བཏང་འཇིག་རྟེན་ཁམས་ཀྱི་སྣོད་བཅུད་དུ་གཏོགས་པའི་སྐྱེ་འགྲོ་སུ་འདྲ་ཞིག་ཡིན་ནའང་ཐམས་ཅད་ཀྱིས་སྒྲུབ་འདོད་པ་ནི་བདེ་བ་དང༌། སྤོང་འདོད་པ་དེ་སྡུག་བསྔལ་འབའ་ཞིག་ཡིན་ཕྱིན་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་གཞི་རྩ་དེའང་བྱམས་བརྩེའི་གཡའ་དང་མི་བྲལ་བ་ཞིག་དགོས་གལ་ཆེ་ལ། ལྷག་པར་དུ་བྲེལ་ཟིང་དང་གཡོ་ཁྲམ། རང་དོན་དང་ཁེ་ཕན། འཇིགས་སྐུལ་དང་དངངས་སྐྲག བཙན་གནོན་དང་གཏོར་བཅོམ་གྱིས་ཁེངས་པའི་དུས་རབས་ཉེར་གཅིག་པའི་ཁོར་ཡུག་འདི་ལྟ་བུའི་ནང༌། ང་ཚོའི་མི་རབས་ཀྱི་ཕྲག་པར་བབས་པའི་ལས་འགན་གཙོ་བོ་དེ་སྤྱི་ཚོགས་ཕན་བདེའི་གཞི་རྩ་བརྟན་པོ་ཞིག་འཛུགས་རྒྱུ་དེ་ཡིན་པ་མ་ཟད། ང་ཚོ་བོད་མི་རིགས་འདི་མི་རིགས་གཞན་དང་མི་འདྲ་བར་སངས་རྒྱས་བསྟན་པའི་གདུལ་བྱ་དམིགས་བཀར་བ་ཞིག་ཡིན་དུས། ནང་པའི་ལྟ་ཕྱོགས་གཞན་ཕན་དང་སྙིང་རྗེ། ཞི་བ་དང་མྱང་འདས་ཁས་ལེན་དང་རྗེས་སུ་འཇུག་པའི་ཐོག འཇིག་རྟེན་འཛིན་མའི་ཕང་བར་སྤྱི་ཚོགས་ཕན་བདེའི་གཞི་རྩ་ཞིག་བསྐྲུན་ཐུབ་ན། དེ་ནི་ང་ཚོས་འགྲོ་བ་ཀུན་ལ་རླབས་ཆེ་ཞིང་རིན་ཐང་བྲལ་བའི་ཞབས་ཞུ་བསྒྲུབས་ཡོད་པར་ངོས་འཛིན་བྱེད་ཆོག
དེ་ཡང་དུས་རབས་ཉེར་གཅིག་པའི་ཡར་རྒྱས་གསར་པའི་སྒོ་མོ་ཕྱེ་མགཽ་བཙུགས་པ་ནས་བཟུང༌། མིས་འཇིག་རྟེན་གྱི་སེལ་མི་ཐུབ་པའི་དཀའ་ངལ་མང་པོ་སེལ་ཡོད་ལ། སྒྲུབ་མི་ཐུབ་པའི་ལས་འགན་ཡང་མང་པོ་ཞིག་བསྒྲུབས་ཡོད། ད་ལྟའི་ཆར་ཚན་རྩལ་རིག་པའི་ཡར་རྒྱས་ཀྱི་མངོན་འགྱུར་མཁའ་ལ་འཕྱོ་ཞིང་མི་རྣམས་ཀྱིས་ཡིད་ཀྱི་རྟ་ཕོ་འཛམ་གླིང་ལ་ཕྱོགས་པའི་སྐབས་དང་མཚུངས་སྤྱི་ཚོགས་ཕན་བདེའི་གཞི་རྩ་བསྐྲུན་ཆེད་མིའི་སྤྱི་ཚོགས་ལ་ཆེས་བསྔགས་པར་འོས་པའི་ལེགས་སྐྱེས་གང་མང་ཕུལ་བ་ནི། ད་ལྟའི་ཆར་མི་ཚོས་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཧ་ཅང་བློ་བདེ་བག་ཕབ་ངང་ལེ་དབར་སྟོང་ཕྲག་ལ་འགྲུལ་བཞུད་བྱེད་ཐུབ་པ་དང༌། ཉིན་རེའི་འཚོ་བའི་དཀའ་ངལ་སེལ་ཆེད་སྣ་མང་ཅ་ལག་སྟབས་བདེ་མཁོ་འདོན་བྱེད་པ། སྣ་ཚོགས་ཤེས་ཡོན་དྲ་རྒྱའི་འབྱུང་ཁུངས་བསྐྲུན་པ་སོགས། མདོར་ན་ཚན་རྩལ་རིག་པས་སྤྱི་ཚོགས་ཕན་བདེའི་གཞི་རྩ་རླབས་ཆེན་ཞིག་བསྐྲུན་ཐུབ་ཡོད།
འོན་ཀྱང་ང་ཚོས་ཕྱོགས་གཞན་ཞིག་ནས་ཁ་ཕྱོགས་ཏེ་བལྟས་པ་ཡིན་ན། ཚན་རྩལ་རིག་པས་སྤྱི་ཚོགས་ཕན་བདེའི་གཞི་རྩར་ཕན་མེད་གནོད་སྐྱོན་ཐེབས་ཡོད་པ་ནི། རྡུལ་ཕྲན་མཚོན་ཆས་ཁོར་ཡུག་དང་སྤྱི་ཚོགས་གཏོར་སྐྱོན་དང་རང་སྲོག་འཕྲོག་པའི་ངུ་སྒྲ་ད་དུང་ཡང་རྒྱུན་ཆད་མེད་ལ། ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་པ་དེས་མིའི་སྤྱི་ཚོགས་ཀྱི་འགྲན་རྩོད་དོ་ར་རྒྱ་ཆེར་བསྐྱེད་སྟབས། མི་དང་མིའི་དབར་རིན་ཐང་དང་བརྩི་མཐོང་བརླག་པ། ཕྲག་དོག་དང་ང་རྒྱལ་གྱི་རྒྱ་མཚོ་ལྷག་པར་དཀྲུགས་ཏེ་ཕན་ཚུན་དབར་དམར་གསོད་དང༌། རང་རྒྱལ་གཞན་ཕམ་གྱི་འཁྲུག་རྩོད་བྱེད་པ་བཅས་ནི་ང་ཚོས་བསམ་མི་ཐུབ་པའི་གནད་དོན་ཐབས་སྡུག་ཅིག་ཡིན་ལ། ལྷག་པར་དུ་མིའི་རིན་ཐང་གི་རྩ་བ་ག་ལེར་རུལ་འགྲོ་བ་དང༌། ད་ལྟའི་ཆར་ཕྲུ་གུ་ཆུང་ཆུང་ཡིན་ནའང་ཐ་མག་དང་ཆང་རག ཉལ་ཐ། རྐུ་བྱེད་པ། འཁྲུག་རྩོད་བྱེད་པ། ཐབས་མེད་ཚེ་སོ་སོའི་ཕ་མ་ཡིན་ནའང་ཆེས་མཐོང་མི་འདོད་པའི་དགྲ་ལྟ་བུར་ངོས་བཟུང་སྟེ། རང་གི་ཕ་མའི་སྲོག་བཅད་པའང་ག་ལ་ཉུང༌། དེ་ལྟར་གནས་ཚུལ་དང་མཐོང་ཚུལ་བདེན་པའི་གནས་སྟངས་འདིའི་འོག་ནས། ང་ཚོས་བསྒྲུབ་དགོས་པ་དེ་སྤྱི་ཚོགས་ཕན་བདེའི་གཞི་རྩ་བཟང་པོ་ཞིག་བསྐྲུན་ཐུབ་པ་བྱ་དགོས་ཤིང༌། གཞི་རྩ་དེའང་ཕྱི་དངོས་པོའི་གནས་སྐབས་འཕྲལ་སེལ་གྱི་དཀའ་ངལ་སེལ་ཐུབ་པ་གཅིག་པུར་མ་ཡིན་པར། ནང་སེམས་ཀྱི་བདེ་བ་ཞིག་བྱུང་ཐུབ་པ་བྱ་རྒྱུ་ནི་དེ་བས་གལ་ཆེ་བར་སྣང༌།
དེ་ལྟར་ན་ང་ཚོས་སྤྱི་ཚོགས་ཕན་བདེའི་གཞི་རྩ་བཟང་པོ་ཞིག་བསྐྲུན་ཆེད་ནང་སེམས་ཀྱི་ཉོན་མོངས་གླང་པོ་འདུལ་དགོས་པ་དང༌། རང་གཞན་ཀུན་ལ་བྱམས་པ་དང་སྙིང་རྗེའི་བློ་སྐྱེ་དགོས་པ། བདེ་སྡུག་ཉམས་མྱོང་གཅིག་ཏུ་འཁུར་ནུས་པ། རིས་མེད་འགྲོ་བར་མཐུན་སྒྲིལ་དང་རོགས་བྱེད་པའི་བསམ་པ་ཡོད་པ། རང་འདོད་དང་རང་དོན་འབའ་ཞིག་སྒྲུབ་ཆཻད་གཞན་གྱི་བདེ་སྡུག་ལ་གནོད་མི་བྱེད་པ་སོགས། མདོར་ན་སེམས་ཞི་བ་དང་རང་ལས་གཞན་གཅེས་ཀྱི་ལྟ་བའི་རྣམ་གཞག་ཐོག་ནས་སྤྱི་ཚོགས་དང་མིའི་རིགས་ཀྱི་དགོས་མཁོ་བསྐྲུན་ཐུབ་པ་བྱུང་ན་དེ་ནི་སྤྱི་ཚོགས་ཕན་བདེའི་གཞི་རྩ་བཟང་ཤོས་ཤིག་དང་རིན་ཐང་བྲལ་བ་ཞིག་ཡིན། དེ་ལྟ་བུའི་ཕུགས་ཀྱི་སྤྱི་ཚོགས་ཕན་བདེའི་གཞི་རྩ་བཟང་པོ་བསྐྲུན་ཆེད། ང་ཚོས་ངེས་པར་དུ་ནང་པའི་ལྟ་བ་མཐར་ཐུག་གི་བསྒྲུབ་བྱ་གཞན་ཕན་དང་སྙིང་རྗེ། ཞི་བ་དང་བདེ་བ་བཅས་ཀྱི་ལྟ་གྲུབ་ཟབ་མོ་ལ་སློབ་གཉེར་དང་དེ་ཉམས་སུ་ལེན་པའི་ལམ་དུ་འཇུག་དགོས་པ་ནི་ཧ་ཅང་གི་དགོས་གལ་ཆེ་ཞིང༌། དེ་ནི་སྤྱི་ཚོགས་ཕན་བདེའི་གཞི་རྩ་མཐར་ཐུག་དེ་ཡིན་ལ། འགྲོ་བ་ཀུན་ལ་ལམ་བཟང་སྟོན་པའི་སྐྱབས་ཀྱང་ཡིན།
འོན་ཏེ་ང་ཚོས་དུས་དང་མིའི་སྤྱི་ཚོགས་འགྱུར་འགྲོས་རང་བཞིན་གྱིས་ཁོར་ཡུག་འཕེལ་རིམ་ཁྲོད་ཀྱི་གནས་སྟངས་ལ་བསམ་སྐབས། ད་ལྟའི་ཆར་ཕྱི་དངོས་པོའི་ཡར་རྒྱས་དེ་དགོས་གལ་ཆེ་ཞིང༌། དེ་ལས་ཀྱང་གལ་ཆེ་བ་ནང་བསམ་བློའི་ཆར་ལྷད་སྐྱོན་མེད་པ་ཞིག་ཡོད་དགོས་པ་དེ་ཡིན་སྟབས། སྤྱི་ཚོགས་ཕན་བདེའི་གཞི་རྩ་བཟང་པོ་བསྐྲུན་པར་ཕྱི་དངོས་པོའི་ཡར་རྒྱས་དང་ནང་བསམ་པ་བཟང་པོ་གཉིས་ཟུང་དུ་འབྲེལ་དགོས་ཤིང༌། དེའི་ནང་ནས་ཀྱང་ང་ཚོས་ནང་བསམ་བློའི་བསྒྱུར་བཅོས་གལ་ཆེ་བར་བཟུང་ནས། ཕྱི་དངོས་པོས་སྤྱི་ཚོགས་ཕན་བདེའི་གཞི་རྩ་བསྐྲུན་ཐུབ་པ་བྱུང་ན་འཛམ་གླིང་གི་ཕྱོགས་ཀུན་ཏུ་བདེ་སྐྱིད་པད་མོའི་ལང་ཚོ་ཤར་ཐུབ་པ་དང༌། ཁོར་ཡུག་དང་གནམ་གཤིས་བཟང་བས་ལོ་ཕྱུགས་རྟག་ཏུ་ལེགས་པ་ཡོང་ཐུབ། དེ་ལྟར་ང་ཚོས་འཛམ་གླིང་འཛིན་མའི་སྤྱི་ཚོགས་ཕན་བདེའི་གཞི་རྩ་བཟང་པོ་བསྐྲུན་ཆེད། རིགས་རུས་དང་ཕོ་མོ། མི་རིགས། ལྟ་བ་བཅས་དབྱེར་མེད་ཀྱི་ཐོག་ནས་ཚང་མས་ཕྱར་གྲུ་མཉམ་འདེགས་དང༌། ལྷག་བསམ་དཀར་པོས་ཞི་བདེ་དང་སྙིང་རྗེའི་སོན་རྩ་ཞིག་གདབ་རྒྱུ་དེ་གལ་ཆེའོ། །

ཞན་ཆ།

ཐམས་ཅད་ཀྱི་གྲུབ་འདོད་པ་(ཐམས་ཅད་ཀྱིས་སྒྲུབ་འདོད་པ་) བརྟན་པོ་ཞིག་བཙུགས་རྒྱུ་དེ་ཡིན།(བརྟན་པོ་ཞིག་འཛུགས་རྒྱུ་དེ་ཡིན།) ཞི་བ་དང་བརྩེ་བས་ཁས་ལེན་རྗེས་སུ་འཇུག་པའི་ཐོག(ཞི་བ་དང་མྱང་འདས་ཁས་ལེན་དང་རྗེས་སུ་འཇུག་པའི་ཐོག་) གྲུབ་མི་གྲུབ་པས་ལས་འགན་ཡང་མང་པོ་ཞིག་སྒྲུབ་ཡོད།(སྒྲུབ་མི་ཐུབ་པའི་ལས་འགན་ཡང་མང་པོ་ཞིག་སྒྲུབ་ཡོད།)འགྲུལ་བཞུད་ལེ་དབང་སྟོང་ཕྲག་བྱེད་པ་དང༌།(ལེ་དབར་སྟོང་ཕྲག་ལ་འགྲུལ་བཞུད་བྱེད་ཐུབ་པ་དང༌།) ནང་སེམས་ཀྱི་རང་རྒྱུད་དུལ་དགོས་པ་དང༌།(ནང་སེམས་ཀྱི་ཉོན་མོངས་གླང་པོ་འདུལ་དགོས་པ་དང་) འགྱུར་བགྲོས་རང་བཞིན།(འགྱུར་འགྲོས་རང་བཞིན་་) རིགས་རུས་དབྱེར་མེད། ཕོ་མོ་དབྱེར་མེད། མི་རིགས་དབྱེར་མེད། ལྟ་བ་དབྱེར་མེད་ཀྱི་ཐོག་ནས་(མི་རིགས་དང་ཕོ་མོ། མི་རིགས། ལྟ་བ་བཅས་དབྱེར་མེད་ཀྱིས)