བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན།   (ཨང་དང་པོ)

ཚེ་རིང་ལྷ་མོ།  རྡ་སྟེང་བོད་ཁྱིམ་སློབ་གྲྭ།

ཆེས་སྔ་མོ་ནས་རང་དབང་ལོངས་སུ་སྤྱད་མྱོང་བའི་བོད་ཆོས་ལྡན་རྒྱལ་ཁབ་འདི་ནི་ད་ཆ་འཆི་ལ་ཉེ་བའི་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ནི་ཁྱེད་གཞོན་ནུ་ལྷན་ཚོགས་ཀྱིས་མཐོང་ཐོས་བྱུང་ཡོད་ཤས་ཆེ། འོན་ཀྱང་ཁྱེད་རྣམ་པས་མཁྱེན་ནམ། གཅེས་མར་འཛིན་པའི་སྤྲང་འཁྱམ་པ་ང་དང་ང་འདྲ་བའི་གཞོན་ནུ་མི་ཉུང་བ་ཞིག་ད་ལྟའི་ཆར་གང་ཅིའི་ཐོག་གནས་སྟངས་ཛ་དྲག་པོ་དང༌། ཡང་རེ་འགའ་ནི་བོད་མི་ས་ཡ་དྲུག་པོ་མཐའ་དག་ལ་སྦྲང་ཆར་ཟིལ་མའི་བདུད་རྩི་འཇོ་བའི་མིག་དཔེ་སྟོན་འོས་པ་ཞིག་ཏུ་གྱུར་བ་ཡང་ཉུང་ཤས་མིན། རེ་བ་ལྷ་ལ་བཅོལ་ནས་གནམ་ས་གང་ཡིན་ངོ་ཐག་མ་ཆོད་པར་མིག་ལྡན་གཡང་མཆོངས་ལྟར་མདུན་བསྐྱོད་བྱེད་པའི་གཞོན་ནུ་དག་ནི་ད་ལྟའི་ཆར་རང་ཉིད་ཀྱི་ལས་འགན་གང་ཡིན་ངོ་མི་ཤེས་པའི་གཞོན་ནུ་ཞིག་ལས་གཞན་སུ།

གང་ལྟར་རང་གིས་རྒྱབ་ཏུ་ཁུར་པོ་ལྕི་མོ་ཞིག་ཁུར་ཏེ་ལྗིད་ཏིག་ཏིག་གིས་བསམ་པས་ལ་རྒྱབ་ཏུ་གནས་པའི་ཁ་བའི་ལྗོངས་འདིར་སྦྲང་ཆར་ཟིལ་མའི་བདུད་རྩི་སྦྱིན་ཐུབ་པ་བྱེད་རྒྱུ་ནི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན་ངོ་མ་ཞིག་ཡིན་པས་ངོས་བཟུང་ཐུབ་པ་དགོས།

གཟིགས་དང་་་་་་༌། གལ་ཏེ་མགོ་ནག་རྩམ་གཟན་ཚོའི་ལས་འགན་ངོ་མ་གང་ཡིན་ཆེ་འབྲིང་ཆུང་གསུམ་ཐོག་ནས་ཞུ་ན། དང་ཐོག་རྟ་བདུན་དབང་པོའི་ཉི་འོད་ཁ་བའི་ལྗོངས་འདིར་ཤར་ནས་རང་རེ་རྣམས་ཀྱི་སྔོ་ནག་གདོང་པར་དགའ་བའི་འཛུམ་དང༌། སྐྱིད་པའི་གཞས་ཀྱིས་ཁེངས་པའི་ཡུལ་གྲུ་ཞིག་ཏུ་བསྐྲུན་ཐབས་ལ། གོམ་པ་དང་པོ་ནི་རང་ཉིད་གཡས་སྐྱོར་གཡོན་འདེགས་བྱེད་པའི་འཁར་རྒྱུག་དེ་ཕ་རོལ་ཏུ་བཞག་ནས། སོ་སོའི་རྐང་པའི་སྒང་ལ་ལངས་ཏེ་འཇིག་རྟེན་འདིའི་བདེ་སྡུག་འདྲེས་མའི་འཚོ་བ་མངར་སྐྱུར་གྱི་སྡིངས་ཆའི་སྟེང་གར་འཁྲབ་ཐུབ་པ་ཞིག་དགོས་པ་ནི་རང་ཉིད་ཁ་བའི་ལྗོངས་ཀྱི་གཞོན་ནུ་ཞིག་ཡིན་པའི་ཆ་ནས་རྒྱ་ཆུང་སའི་ལས་འགན་དང་པོ་དེ་བསྒྲུབ་པ་ཡིན་པས། ལྕགས་སྒོའི་ལྡེ་མིག་ཁྱེད་ལ་མངའ་བ་དང་མཚུངས། དེ་ནས་ལྕགས་སྒོའི་ལྡེ་མིག་ཁྱེད་ལ་མངའ་ཡང་ལོངས་སུ་སྤྱད་མ་སྤྱད་དེ་གཞོན་སྐྱེས་ཁྱེད་ཀྱི་སེམས་ཁམས་ཕྲ་མོ་འདིའི་གང་འདོད་ལགས་ན། རང་དབང་ཡོངས་རྫོགས་ཁྱེད་ལ་ལྡན།
མཁྱེན་ནམ་་་༌། དེང་སྙིགས་མའི་དུས་འདིར་རང་རེའི་སྤྱི་ཚོགས་ནང་གཞོན་སྐྱེས་དུ་མ་ཞིག་ལ་ནང་ཤེས་ཡོན་གྱི་ཆུ་ཚད་གང་འཚམ་ཞིག་ལྡན་ཡོད། འདི་ནི་ལྕགས་སྒོའི་ལྡེ་མིག་ཁྱེད་ལ་མངའ་བ་དང་མཚུངས། འོན་ཀྱང༌། རྣ་བར་མ་འགྲོ་བའི་གཏམ་དང་རྒྱ་མཚོར་མ་ཤོང་བའི་ཆུ་ལྟར། བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཉུང་བ་ཞིག་རང་རེའི་སྤྱི་ཚོགས་ནང་དར་ཁྱབ་ཡོང་གི་ཡོད་པས་དེ་དག་ནི་ཕལ་ཆེ་བ་གཞོན་སྐྱེས་ཚོས་མ་འགྲིག་པ་མཐའ་དག་ལས་འཆི་ལ་ཉེ་བའི་རྒན་ཁོག་ཚོས་མ་འགྲིག་པ་ནི་ཕལ་ཆེར་མཚན་མོའི་ཉི་མ་ལྟར་ཧ་ཅང་ཉུང༌། དེར་བརྟེན། གཞོན་ནུ་རྣམས་ཀྱི་ལས་འགན་དེར་ཐལ་ཆ་ཆེན་པོ་ཞིག་བྱུང་བའི་རྟགས་གསལ་པོར་མངོན། དེ་ལྟར་ཁྱེད་ལ་ལྡན་པའི་རྩ་ཆེའི་ཤེས་ཡོན་ལོངས་སུ་སྤྱད་དེ། ད་ལྟ་རང་ཡུལ་དུ་ཡོད་བཞིན་པའི་ལྕགས་དྲའི་ནང་གི་བྱེའུ་ཆུང་རྣམས་ལ་བདེན་མཐའ་གསལ་བའི་རྒྱབ་སྐྱོར་བྱེད་རྒྱུ་དེ་རང་ཉིད་ལས་གལ་ཆེ་བས་སེམས་ལ་ཞོག ཁྱེད་བོད་ལྗོངས་ཀྱི་གཞོན་ནུ་ཞིག་ཡིན་པའི་ཆ་ནས་ལས་འགན་གལ་ཆེ་བ་ཞིག་ལགས་པས་དེར་འཐབ་རྩོད་བྱ་དགོས། གང་ལྟར། འགྲམ་པ་ལག་པས་བཏེགས་ཤིང་འདས་ཟིན་པའི་ཀྱག་ཀྱོག་གི་འཚོ་བའི་ལམ་གཞུང་དེར་བསམ་གཞིགས་ཀྱི་ཨ་ལོང་ཞིག་འགུག་དུས། ད་ལྟ་བར་བོད་ཀྱི་གཞོན་ནུ་རྣམས་ནས་བྱས་ཤིང་བསགས་པའི་བྱ་གཞག་ཐད། རེ་འགའ་ནི་འབྲས་བུ་སྨིན་ནས་མིག་ལྟོས་བྱེད་འོས་པ་ཡང་ཡོད་ལ། ཡང་རེ་འགའ་ནི་མཐོང་ཐོས་སུ་མ་རུང་བའི་འབྲས་བུ་ཡང་ཡོད་སྲིད། འོན་ཀྱང༌། འདས་ཟིན་པའི་བྱ་བར་ཕྱིར་ལྟ་ཞིག་བྱས་ཏེ་མ་འོངས་པའི་འཆར་གཞིའི་ཐོག་ཟམ་ཆེན་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་དེ་བས་གནད་འགགས་ཆེ།
ད་ལྟའི་གནས་སྐབས་འདིར་བོད་ཀྱི་རྩ་དོན་གསལ་བའི་སྡིངས་ཆའི་ཐོག་གར་པའམ་གར་མ་ངོ་མ་ནི་ད་ལྟ་འཚར་ལོངས་བྱུང་བཞིན་པའི་ཁྱེད་གཞོན་ནུ་རྣམས་ཀྱི་སྒལ་སྟེང་དུ་ཡོད་པས་གང་དུ་འཁྲིད། གང་དུ་སླེབས། གང་འདྲ་ཆགས་མ་ཆགས་ཐམས་ཅད་ཁྱེད་ལ་དབང༌། ད་ལྟ་བར་བཙན་བྱོལ་ལ་སླེབས་པའི་ཉིན་དང་པོ་ནས་བཟུང་སྙུགས་བསྲིངས་ཀྱིས་བསགས་ཤིང་བསྒྲུབ་པའི་སློབ་སྦྱོང་གི་བྱ་བ་རྣམས་སྐར་ཆའི་ཚག་སྒྲ་གཅིག་ལ་མེད་པ་བཟོ་ཐབས་བྱེད་པ་ནི་རང་རེའི་སྤྱི་ཚོགས་ནང་རེ་འགའ་ཡོད་པས། ཐ་ན་དེ་ཚོ་ཡང་ཆར་དུས་སུ་གྲགས་པའི་དབྱར་རྔ་བཞིན་སེམས་ལ་འགྱུར་བ་ཐེབས་པའི་མིག་དཔེ་སྟོན་རྒྱུ་ནི། ཉིན་རེ་བཞིན་འཚར་ལོངས་བྱེད་བཞིན་པའི་གཞོན་ནུ་ཚོའི་ལས་འགན་ཆུང་གྲས་ཤིག་ཡིན།
མདོར་ན། བོད་ཁ་བའི་ལྗོངས་ཀྱི་གཞོན་ནུ་ཞིག་གི་ལས་འགན་ལ་ཚད་མེད་ཀྱང་རང་ཉིད་ཀྱི་འཇོན་ཐང་དང་ཐུབ་ནུས་ལ་བརྟེན་ནས་ཕན་པའི་བྱ་བ་ཏིལ་འབྲུ་ཙམ་ལས་མེད་ཀྱང་དང་ཐོག་ནང་སེམས་པའི་ཕྱོགས་ནས། རང་ཉིད་གཞོན་ནུ་དར་མ་ཞིག་ཡིན་པའི་ངོས་འཛིན་ཐོག་སེམས་ནང་ང་རྒྱལ་དང༌། རྒྱལ་ཞེན། མི་རིགས་ཀྱི་ལ་རྒྱ་སོགས་ལ་ངས་བྱེད་ཀྱི་ཡིན་བསམ་པའི་བློ་ཞིག་དགོས་རྒྱུ་ནི་ཁང་པའི་ཀ་བ་ལྟར་མེད་དུ་མི་རུང་བ་ཞིག་ཡིན་པས། དེ་ལྟར་ང་རྒྱལ་དང་བློ་ཞིག་ཡོད་ཚེ། ལས་དོན་གང་འདྲ་ཞིག་ཡིན་རུང་གཙང་བཙོག་མེད་པའི་ཐོག་སྒྲུབ་ཐབས་ལ་འབད་བརྩོན་བྱེད་རྒྱུ་བརྗོད་མི་དགོས་པ་ཞིག་ཡིན། གང་ལྟར། གཞོན་ནུ་ལགས། ཁ་བའི་ལྗོངས་ཀྱི་གཞོན་ནུ། ཁྱེད་ནི་དེ་རིང་གི་སྨན་པ་དང༌། སང་ཉིན་གྱི་དཔོན་པོ། གནངས་ཉིན་གྱི་རྒན་པོ་ཞིག་ཡིན་རུང༌། རང་དབང་གི་ལྡེ་མིག་ཁྱེད་ལ་མངའ་བས། རྩམ་གཟན་ཚོས་བློས་གྲོད་པར་བཀལ། གྲོད་པས་ཆུ་གློད་ན་ཀྱག་ཀྱོག་གི་བདེན་པའི་འཁར་རྒྱུག་ཁྱེད་ལ་བསྐྱར་ཕུལ་ཞུ་རྒྱུ་ལས་གཞན་བྱེད་ཐབས་བྲལ།
མཐའ་དོན་གྱི་རེ་བར། ད་ལྟའི་ཆར་ལས་འགུལ་སྤེལ་དང་སྤེལ་བཞིན་པའི་ཞི་བའི་ངོ་རྒོལ་བྱེད་རྒྱུ་སོགས་ཕྱིའི་རྣམ་འགྱུར་ཙམ་ལས་ནང་སེམས་པའི་ལ་རྒྱ་དང་རྒྱལ་ཞེན་ཡོད་མེད་བརྗོད་པར་དཀའ། བྱས་ཙང་གཙོ་བོ་ནང་སེམས་པའི་ལྷག་བསམ་དང་རྒྱལ་ཁབ་ལ་ཤ་ཞེན་ཡོད་པ་ཞིག་བྱེད་རྒྱུ་ནི་གནད་འགག་ཆེ་ཤོས་ཡིན། དེ་ནས་ལུས་སེམས་གཉིས་གཤོག་ཟུང་མཉམ་བརྡབས་ཀྱི་བྱ་བར་རོལ་ཐུབ་ཚེ། འདི་ནི་འཆི་ལ་ཉེ་བའི་ཁ་བའི་ལྗོངས་ཀྱི་གཞོན་ནུའི་ལས་འགན་ངོ་མ་དེ་ཡིན་པས་གང་མགྱོགས་གཞོན་ནུ་ཐམས་ཅད་དེ་ལྟར་འགྱུར་བའི་རེ་བ་དང་བཅས།            བོད་རྒྱལ་ལོ།།

ཞན་ཆ།

གཞོན་ནུ་ལྷན་ཚོགས་ཀྱི་གཟིགས་ཡོད་ཤས་ཆེ་ལ་མཐོང་ཐོས་བྱུང་ཡོད་ཤས་ཆེ།(གཞོན་ནུ་ལྷན་ཚོགས་ཀྱིས་མཐོང་ཐོས་བྱུང་ཡོད་ཤས་ཆེ་) ཁྱེད་རྣམས་པས་མཁྱེན་སམ།(ཁྱེད་རྣམ་པས་མཁྱེན་ནམ་) ད་ལྟའི་འཆར་གང་སྤྱིའི་ཐོག(ད་ལྟའི་ཆར་གང་ཅིའི་ཐོག) སྒོམ་པ་དང་པོ་(གོམ་པ་དང་པོ་) གང་མཚམས་(གང་འཚམ) གང་ལྟང་རང་བརྒྱབ་འཁུར་པོ་ལྕི་མོ་ཞིག་འཁྱེར་(གང་ལྟར་རང་རྒྱབ་ཏུ་ཁུར་པོ་ལྕི་མོ་ཞིག་ཁུར་) ལགས་པས་སྟེགས།(ལག་པས་བཏེགས་) སྐྱག་སྐྱོག(ཀྱག་ཀྱོག་) བྱ་བཞག(བྱ་གཞག) མིག་བལྟོས་བྱེད་པ་ཡང༌།(མིག་ལྟོས་བྱེད་འོས་པ་ཡང་) བརྒྱབ་བལྟས་ཞིག་བྱས་ཏེ་(ཕྱིར་ལྟ་ཞིག་བྱས་ཏེ་) བརྒལ་སྟེང་དུ་ཡོད།(སྒལ་སྟེང་དུ་ཡོད་) སྐར་ཆའི་ཚགས་སྒྲ(སྐར་ཆའི་ཚག་སྒྲ་གཅིག་) སྔོ་ནག་གདོང་པའི་ཐོག་དགའ་བའི་(སྔོ་ནག་གདོང་པར་དགའ་བའི) གཡས་བསྐྱོར་གཡོན་བསྐྱོར་(གཡས་སྐྱོར་གཡོན་འདེགས) མཁར་རྒྱུགས་(འཁར་རྒྱུག) མངར་བསྐྱུར་(མངར་སྐྱུར) བློས་གྲོད་པར་བསྐལ།(བློས་གྲོད་པར་བཀལ་)

བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན།   (ཨང་གཉིས་པ)

ཉི་མ་རྒྱལ་མཚན། མ་སུ་རི་བོད་ཁྱིམ་སློབ་གྲྭ།

ཐོག་མར་ལས་འགན་ཞེས་པའི་ཐ་སྙད་འདིར་རང་མོས་འགྲེལ་པ་ཞིག་བརྒྱབ་ན། དེ་ཡང་གང་ཟག་རང་ངོས་ལ་བབས་པའི་ལས་སམ་འགན་དེར་ལས་འགན་ཞེས་བརྗོད་ཆོག་ལ། ས་གཞི་ཆེན་པོ་འདིའི་སྟེང་འགྲོ་བ་མི་ཆགས། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་རྣམ་པ་ཆགས་ནས་རིམ་པས་སྤྱི་ཚོགས་གང་དུ་བྱུང་བའི་ལས་རིགས་འདྲ་མིན་རྣམས་གང་ཟག་སོ་སོའི་མོས་པ་དང་དོ་སྣང༌། དབྱིངས་སོགས་ལ་བསྟུན་ནས་སོ་སོའི་ལམ་དུ་འཇུག དེ་དང་མཉམ་དུ་རང་ཉིད་སྤྱི་ཚོགས་གང་འདྲ་ཞིག་ནང་ཞུགས་པ་དེར་ལས་འགན་ཡོད་པ་ནི་སྨོས་ཅི་དགོས། དེ་བཞིན་མང་གཙོའི་གཞུང་ཚད་ལྡན་ཞིག་འཛིན་སྐྱོང་གནང་བར་མི་མང་རྣམས་ལ་འཛིན་སྐྱོང་བ་ཚད་ལྡན་ཞིག་འདེམས་དགོས་པའི་ལས་འགན་དང་མཉམ་དུ་རང་དབང་ཡང་ཆ་ཚང་ཡོད། དེ་དང་སྐབས་སུ་བབས་པའི་ང་ཚོ་བོད་ཀྱི་གཞོན་ནུ་རྣམས་ཀྱི་འོས་འགན་ནམ་ལས་འགན་ནི་རིའི་རྒྱལ་པོ་རི་རབ་ལས་ལྕི་བ་དང་ཆེ་བ། མཐའ་ཡས་རྒྱ་མཚོ་ཆེན་པོ་ལས་གཏིང་ཟབ་པ་ཡོད་སྟབས་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་བོད་ཀྱི་གཞོན་ནུ་རྣམས་ལ་བབས་པའི་འོས་འགན་རྣམས་མ་བརྗེད་པར་ཧུར་བརྩོན་གནང་དགོས།
དེ་ཡང་གཙོ་བོ་སོ་སོའི་རང་ཡུུལ་དགྲ་ལག་ཏུ་ཤོར་ནས་རང་གི་ཆོས་དང་རིག་གཞུང༌། ལུགས་སྲོལ་གོམས་གཤིས། མི་རིགས། རང་བྱུང་གི་བཀོད་པ་ལ་སོགས་ཕངས་མེད་རྡོག་རོལ་གཏོང་བཞིན་པའི་ཀླ་ཀློའི་བྱེད་སྟངས་དེ་རྣམས་སེམས་གཏིང་དུ་བཅངས་ནས་སོ་སོར་འཁྲི་བའི་ལས་འགན་རྣམས་རྒྱབ་མདུན་ངོ་ལྐོག་དང༌། གཡོ་ཁྲམ་མེད་པར་ལྷག་བསམ་རྣམ་དག་དང༌། ཁ་ཞེ་གཉིས་མེད་ངང་གནང་དགོས། མ་ཟད་ྋགོང་ས་མཆོག་གི་བཀའ་སློབ་རིམ་པའི་ནང༌། ང་ཚོའི་ད་ལྟའི་འཐབ་རྩོད་དེ་བཞིན་མི་རབས་གཅིག་གཉིས་ཙམ་མིན་པར་མི་རིགས་ཀྱི་འཐབ་རྩོད་ཅིག་ལ་སོང་ཙང་ཚང་མས་ཕྱར་གྲུ་མཉམ་འདེགས་གྱིས་འབད་བརྩོན་གནང་དགོས། གཞན་ཡང་ང་ཚོའི་ཕ་མེས་རྣམས་ཀྱིས་དཀའ་བ་ཁྱད་བསད་དང་ལུས་སྲོག་ཕངས་མེད་བཏང་ནས་བསག་བསག་རུག་རུག་མཛད་པའི་རྩ་ཆེའི་ཆོས་དང་རིག་གཞུང༌། ཡ་རབས་བཟང་སྤྱོད་ཕུན་སུམ་ཚོགས་པ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་དགོས་པའི་འོས་འགན་ཤུགས་ཆེ་ཞིག་ཡོད་ལ། དེ་དང་མཉམ་དུ་ཕྱི་ནང་གི་ཤེས་ཡོན་ལ་སྦྱང་བརྩོན་ལྷོད་མེད་གནང་ནས་ད་ལྟའི་གཞོན་ནུ། མ་འོངས་པའི་འཛིན་སྐྱོང་བ་ཟེར་བ་བཞིན། རང་རེའི་རྒྱལ་ཁབ་དེ་མ་འོངས་པར་སྲ་བརྟན་རྡོ་རྗེ་ཕ་ལམ་ལྟ་བུ་བཟོ་ཐུབ་མི་ཐུབ་དེ་ད་ལྟའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་སློབ་སྦྱོང་གནང་སྟངས་དང་ཕྱག་ལས་གནང་སྟངས་ལ་རག་ལས་དུས། ྋརྒྱལ་བ་རིན་པོ་ཆེ་མཆོག་ནས་ཀྱང་ཐུགས་རེ་ཆེན་པོ་ཞིག་གནང་དུས་ཚང་མས་ཁ་ཞེ་གཉིས་མེད་ངང་དགོང་འཕྱི་ཉལ་དང་ཞོགས་སྔ་ལངས། ཟས་བརྗེད་གཉིད་བཅག་གིས་འབད་བརྩོན་གནང་དགོས་པ་མ་ཟད། ལྷག་པར་དུ་གལ་འགངས་ཆེ་ཤོས་ཤིག་ལ་བོད་རྒྱལ་ཁབ་དེ་བཞིན་གནས་མི་གནས་ལ་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་ལ་རག་ལས་ཡོད་ལ། རིག་གཞུང་གི་སྙིང་པོ་ནི་སྐད་ཡིག་ཡིན་པས་ང་ཚོ་གཞོན་ནུ་རྣམས་ནས་སོ་སོའི་སྐད་ཡིག་ལ་དམིགས་བསལ་གྱིས་དོ་སྣང་དགོས། ཉེ་ཆར་ྋགོང་ས་མཆོག་གི་གནང་བའི་བཀའ་སློབ་ཅིག་གི་ནང་ང་ཚོའི་སྐད་ཡིག་འདི་བཞིན་ཡུལ་ལུང་གཞན་གྱི་སྐད་ཡིག་དང་མི་འདྲ་བའི་གཏིང་ཟབ་པོ་དང་གཞི་རྒྱ་ཆེན་པོ་ཞེ་དྲག་རེད། དེ་ཡང་དཔལ་ནཱ་ལེན་ཌའི་མཁས་པའི་བཞེད་རྒྱུན་རྣམས་ཆ་ཚང་བ་ཞིག་འགྲེལ་པ་རྒྱག་ཐུབ་མཁན་ང་ཚོའི་ལུང་ཁུག་གི་སྐད་ཡིག་དེ་ལས་མེད། དེའང་དེ་སྔོན་ཕྱི་རྒྱལ་བ་རྣམས་ནས་བརྗོད་གསལ་དབྱྀན་སྐད་ཐོག་ནས་ནང་ཆོས་ནང་ཡོད་པའི་རྟགས་གསལ་གཏོང་རྒྱུ་འདི་ཐབས་ཤེས་ག་ཚོད་བྱས་ནའང་དབྱིན་སྐད་ཐོག་ནས་ཚད་ལྡན་ཞིག་མི་ཐུབ་པ་དང༌། རྒྱ་སྐད་ནས་ཀྱང་དེ་ལྟར་ཡིན། དེ་འདྲའི་གཏིང་ཟབ་པོ་དང་འཛམ་གླིང་ནང་སྐྱེ་འགྲོ་ཀུན་གྱི་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་པའི་ནང་པ་སངས་རྒྱས་ཀྱི་ཆོས་མཐིལ་ཕྱིན་པ་ཞིག་འགྲེལ་བཤད་ཐུབ་པའི་སྐད་ཡིག་དེ་ང་ཚོ་བོད་མི་རིགས་ཀྱི་སྲོག་རྩ་ཡིན་ལ་རྒྱན་ཆ་ཡང་ཡིན། དེ་འདྲ་སོང་ཙང་ཚང་མས་སྙིང་རུས་ཆེན་པོས་སོ་སོའི་སྐད་ཡིག་ལ་དགའ་སྒོམ་དང་སྤོབས་པ་ལྡན་པའི་སྒོ་ནས་འཛམ་གླིང་འདིའི་སྟེང་སོ་སོའི་སྐད་ཡིག་བེད་སྤྱོད་བཏང་ནས། དཔལ་འབྱོར་དང་ཚན་རིག་གི་འབྲེལ་ལམ་ཆ་ཚང་སོ་སོའི་སྐད་ཡིག་ཐོག་ནས་གནང་ཐུབ་པ་དགོས། དེ་ལྟར་བྱུང་ཚེ་ཁྱེད་རྣམས་ང་ཚོ་བོད་ཀྱི་གཞོན་ནུ་ཚད་ལྡན་ཞིག་ལ་ངོས་འཛིན་ཆོག་པས་གོང་གི་གལ་ཆེའི་དོན་ཚན་རྣམས་བོད་ཀྱི་གཞོན་ནུའི་ལས་འགན་དང་འབྲེལ་བ་ཤ་སྟག་ཡིན་སྟབས་ཐུགས་སྣང་དང་ཕྱག་ལེན་དུ་འཁྱོལ་ཐུབ་པ་དགོས།
ལྷག་པར་དུ་རྩོམ་མཇུག་མ་བསྡུས་གོང་སྲིད་ཕྱོགས་ནས་བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན་ཞིག་ཞུ་ན། དེ་ཡང་ད་ལྟའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་དམིགས་ཡུལ་ནི་རང་བཙན་གཙང་མ་རག་ཐབས་ལ་འབད་བརྩོན་དང་ལས་འགན་གནང་མུས་ཡིན། རྩ་བའི་ང་ཚོའི་རང་བཙན་འཐབ་རྩོད་བྱ་ཡུལ་གྱི་རྒྱལ་ཁབ་དེ་ཅུང་སྟོབས་ཤུགས་ཆེ་དྲགས་པའི་དབང་གིས་དཀའ་ངལ་ཕྲན་བུ་ཡོད་རུང་དཀའ་སྤྱད་འཁྱེར་ཐུབ་པ་དགོས། དེ་ཡང་བོད་ཀྱི་ཁ་དཔེར། ཕར་རྡོ་ཆེན་པོ་ཞིག་མ་གཞུས་ན། ཚུར་གས་པ་ཆེན་པོ་ཞིག་ག་ནས་ཐོབ་ཟེར་བ་བཞིན་རེད། གཞན་ཡང་རང་བཙན་གཙང་མར་ཤུགས་བརྒྱབ་ནས་མ་འོངས་པར་རང་བཙན་གཙང་མ་མ་ཐོབ་ནའང་རང་སྲིད་རང་སྐྱོང་གི་རྒྱལ་ཁབ་ཅིག་ཆགས་ཐུབ་ངེས་རེད། དཔེར་ན། རང་ཉིད་ཀྱི་དམིགས་ཡུལ་དེ་ཚད་མཐོ་ལོས་དེ་ནས་བར་སྣང་གི་སྐར་མའི་རྒྱང་ཚད་དབར་བཞག་ནས་འབད་བརྩོན་གནང་བ་ཡིན་ན། ཅི་སྟེ་འབྲས་བུ་དམིགས་ཡུལ་དང་མཉམ་པ་མ་བྱུང་ཡང་མ་མཐར་ཟླ་བ་བར་སླེབས་ངེས་པ་ལྟར་ཡིན། གང་ལྟར་མདོར་བསྡུས་ནས་ཞུ་ན། བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན་འདི་མི་རིགས་ཤིག་གི་འཐབ་རྩོད་ལ་ཐུག་བསྡད་ཡོད་དུས། ལས་འགན་འདི་ཤིན་ཏུ་ལྗིད་མོ་ཡིན་པས་གོང་གི་ཚིག་སྐམ་དེ་རྣམས་སྙན་ངག་དང་འབྲི་གཟུགས་ཀྱི་ལམ་ནས་ཅུང་ངན་ནའང༌། དོན་ལ་ནམ་ཡང་སྨད་མི་ཉན་པས་ཚང་མས་ཧུར་བརྩོན་དང་ལག་ལེན་དུ་འཁྱོལ་བ་གནང་རོགས།
མཐའ་དོན་ྋགོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་བོད་ཀྱི་གཞོན་ནུ་རྣམས་ཀྱིས་བརྩམས་པའི་ལས་འགུལ་རྣམས་བྱ་བ་ལམ་ལྷོངས་ཡོང་བ་དང༌། གཞོན་ནུའི་དམིགས་ཡུལ་ཆེན་པོ་དེ་མྱུར་དུ་འགྲུབ་ནས་བོད་གཞིས་བྱེས་མཉམ་འཛོམས་ཀྱི་བསྐལ་བཟང་གི་ཉི་མ་མགྱོགས་མྱུར་ཤར་བའི་བཀྲ་ཤིས་སྨོན་ལམ་དང་བཅས་བོད་གངས་ཅན་ལྗོངས་རྒྱལ་གྱུར་ཅིག

རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །
ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་རྩོལ། །

དགེའོ། །

ཞན་ཆ།

གཏིང་ཟབ་པ་ཡོད་སྐབས།(གཏིང་ཟབ་པ་ཡོད་སྟབས་) སོ་སོར་འཁེལ་བའི་ལས་འགན།(སོ་སོར་འཁྲི་བའི་ལས་འགན་) འཕྱ་གྲུ་མཉམ་འདེགས།(ཕྱར་གྲུ་མཉམ་འདེགས་) འཕངས་མེད་དུ་བཏང༌།(ཕངས་མེད་དུ་བཏང་) བསག་བསག་རུབ་རུབ།(བསག་བསག་རུག་རུག་) དགོངས་ཕྱི་ཉལ།(དགོང་འཕྱི་ཉལ་) བཟས་བརྗེད་གཉིད་བཅག(ཟས་བརྗེད་གཉིད་ཆག་) ནང་ཆོས་ནང་ཡོད་པའི་བརྟག་མཚན།(ནང་ཆོས་ནང་ཡོད་པའི་རྟགས་གསལ་) འགྲེལ་བ་ཐུབ་པའི་སྐད་ཡིག(འགྲེལ་བཤད་ཐུབ་པའི་སྐད་ཡིག་)

བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན།   (ཨང་གསུམ་པ)

ནོར་བུ་ཚེ་རིང༌།  བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

གོ་ལ་ཟླུམ་པོ་འདིའི་ཕང་བར་མི་མངོན་པའི་གསོན་ཤུགས་ངར་མ་ཞིག་ལྡང་བ་ནི་མ་འོངས་ཕྱོགས་སུ་རྒྱང་བསྐྱོད་བྱེད་པར་འཇུག་པའི་འབྱུང་འགྱུར་གྱི་བདག་པོ་སྟེ། དུས་ཚོད་དང་རིགས་རུས་རིས་སུ་མ་ཆད་པར་བཞུད་པའི་གཞོན་ནུ་ཁྱུ་ཞིག་གི་རྡོག་སྒྲ་དང་བཅས་པ་ཡིན་པ་དུས་ནམ་ཡང་བསྙོན་ཐབས་བྲལ། འདིར་ཡང་ལོ་རྒྱུས་རང་བཞིན་གྱི་བདེན་དཔང་ཁྲོད་ང་ཚོ་གདོང་དམར་བོད་ཀྱི་གཞོན་ནུ་ཚོས་ཀྱང་དུས་རབས་མང་པོའི་རིང་དར་རྒུད་ཐོབ་ཤོར་གྱི་བརྒྱུད་རིམ་ཉག་ཅིག་དེད་དེ་བསྐལ་པ་ཡ་ཐོག་གི་ཤུལ་བཞག་དང༌། མེས་པོ་དམ་པ་ཚོས་གཞུང་ལུགས་རིགས་ཇི་སྙེད་དེང་སྐབས་ཀྱི་བར་རྗེས་བཞག་ལག་སོན་བྱུང་བ་ཁ་ཐོག་ལག་ཐོག་ཡིན་ལ། དུས་རབས་ཉེར་གཅིག་པའི་འཛམ་གླིང་སྤྱིའི་འཕེལ་ཁ་དང་དེའི་ཕྱི་ནང་གཉིས་ཀྱི་དཔལ་ཡོན་ལ་དུས་ལྷན་ཅིག་ཏུ་ལོངས་སུ་སྤྱོད་པའི་བོད་ཅེས་པའི་ཐ་སྙད་འདིས་དྲིལ་བའི་མི་རིགས་ཤིག་སྐྱེད་སྲིང་བགྱིས་པ་དང༌། འདི་འཚོ་གནས་ཐུབ་པའི་སྤོབས་པ་ཞིག་ཀྱང་ང་ཚོ་ཀུན་ལ་གཅིག་གྱུར་ལྟར་ཡོད་པ་སྨོས་མ་དགོས།
འདི་ལྟར་ནང་པའི་ཆོས་ཀྱི་ལྟ་སྤྱོད་གཉིས་དང་ཀུན་ནས་མཐུན་ཞིང་ལས་དབང་གི་ཨོཾ་ཡིག་སྐྱབས་འགྲོའི་གཙུག་ཏུ་བཀུར་མཁན་བོད་མི་ཡོད་དོ་ཅོག་གིས་བྱ་གཞག་གཅིག་མཚུངས་ཀྱིས་བསྐྱངས་པའི་ཡ་ཐོག་དང༌། དེང་སྐབས་བར་བསྲིངས་པའི་བོད་ཆོས་ལྡན་རྒྱལ་ཁབ་འདི་ནི་རང་ཅག་རྣམས་ལ་རྣམ་དཀར་ལེགས་བྱས་ཀྱི་འབྲས་བུ་སྨིན་པའི་གཟི་བརྗིད་ཅིག་ཏུ་འཁུམས། བོད་ཅེས་པའི་ཐ་སྙད་འདི་ལས་གཅིག་འདུས་གདོང་དམར་གྱི་སྙིང་གསོན་པོ་ཞིག་ཀྱང་མཐོ་སྒང་གི་དྲོ་གྲང་ལྷན་དུ་ཚེ་སྲོག་ཐོབ་པས་ན། འདི་ནི་ང་ཚོའི་ཆེས་བསྐལ་བཟང་གི་བསྭོ་སྒྲ་དག་སྣང་ཅན་ཞིག་ཡིན་པ་གཞིར་བཞག་གིས་དོན་སྙིང་འདོན་པའི་ལས་འགན་རྣལ་མ་ཞིག་མི་རབས་ནས་མི་རབས་བར་འཁྲི་བ་བརྗེད་ཐབས་མེད། འོན་ཀྱང་དུས་རབས་ཉེར་གཅིག་པ་སྟེ། བསྐལ་པ་ཐ་མའི་དུས་ངན་གྱི་དབང་ཤུགས་འཕར་བས་གཞུང་ནས་རྒྱ་དམར་གྱི་ཧམ་ཤེད་ཅེ་སྤྱང་གི་ལྟོགས་སྐོམ་ལྷན་དུ་ལྡིར་ཏེ་བོད་ཀྱི་སྲིད་དབང་ལ་མཆེ་སྡེར་བགྲད་པ་མ་ཟད། མི་གསོད་ཁྲག་སྦྱོར་དང༌། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ངན་ཇུས་བདུད་འཕྲུལ་འཁྲུགས་པ་ལྟ་བུ་མུ་མཐུད་བྱུང་བའི་མོད་ལ། མི་བཟད་པའི་མནར་གཅོད་དང་འཇིགས་སྣང་དེ་དག་ལས་བག་འཁུམ་དང་ཤེས་བྱའི་མིག་རྩ་བསྒགས་པའི་མི་རིགས་འདི་དམྱལ་བའི་ཁྲིམས་ལ་སྦྱར་ཞིང༌། ཁྲུང་ཁྲུང་གི་གཤོག་འགྱུར་ལའང་མཁའ་དབྱིངས་འདི་ལྡིང་སྐོར་རྒྱག་པའི་རང་དབང་ཅི་ཡང་བྲལ་བའི་རྩོད་པའི་གཞི་རུ་གྱུར།
ད་ལྟ་ངེད་ཅག་བོད་མི་རིགས་ཀྱི་ཚེ་སྲོག་ལོ་ན་ཉིས་སྟོང་བརྒྱ་དང་སོ་གཅིག་སོན་པའི་དུས་ཐོག་འདི་ལ་དཔྱད་བསྡུར་ཅུང་ཟད་བྱས་ན། བོད་གཞིས་བྱེས་གཉིས་སུ་འཐོར་བའི་གནས་གཞི་སོ་སོ་ནའང་བཀའ་རྒྱ་དང༌། ཤུགས་རྐྱེན་སོགས་ཀྱི་དབང་གིས་གང་ལྟར་ཤེས་ཡོན་སློབ་གསོ་གནད་ཏིག་ཅིག་རག་ཐུབ་ཀྱི་ཡོད་མིན་གྱིས་གཞོན་ནུ་ཚོའི་ལས་འགན་དང་ལེན་བྱེད་ཕྱོགས་ཀྱི་ཐད་ལ་ཐད་ཀར་རག་ལས་པར་འགྱུར་བ་ཡིན་ལ། གཞིས་ལུས་གཞོན་སྐྱེས་ཚོ་ནི་དེང་དུས་ཀྱི་ཤེས་བྱར་སྦྱང་བའི་སྒོ་གླེགས་བསྡམས་པ་དང་བསམ་བློའི་རྒྱབ་ལྗོངས་ཀྱི་སློབ་གསོ་ལམ་སྟོན་སོགས་ཀྱིས་དབུལ་བར་གྱུར་བས། རིགས་ཞེན་གྱི་ཀུན་སློང་གཙང་མ་ཞིག་བཟུང་ཡང་རྒྱ་དམར་གྱི་དྲག་གནོན་ཁ་ནས་གཡོལ་ཐབས་མེད་པ་ཞིག་གོ །
དེ་ཡང་ང་ཚོ་བཙན་བྱོལ་བོད་ཀྱི་གཞོན་ནུ་ཚོ་ནི་དེ་ལས་ལྡོག་སྟེ། རང་དབང་གི་བྱ་ལམ་ཡངས་པ་དང༌། ཤེས་ཡོན་སྦྱང་བར་དགོས་ངེས་ཀྱི་མཐུན་རྐྱེན་ལེགས་པ། ད་དུང་མ་འོངས་འགན་ལེན་གྱི་གན་རྒྱ་ལྟ་བུའི་སློབ་གསོའི་སྲིད་ཇུས་དང་མདུན་ལམ་ལྡན་པ་བཅས་ཕྱོགས་གང་ཅིའི་ཐད་ནས་རྒྱས་འཛོམས་ཡོད་པ་མ་ཟད། ང་ཚོས་རྒྱ་དམར་ལ་སྨྱུ་གུས་མཚོན་ཆར་བསྐྲུན་ཏེ་བོད་རང་དབང་འཐབ་རྩོད་བྱེད་པའི་ཕུགས་འདུན་དང་དམིགས་བུ་རྒྱུ་བའི་ཨ་ལོང་བརྟན་པོའང་དེ་ལྟར་ཡོད། སྤྱིར་ན་རང་ཅག་གི་ྋསྤྱི་ནོར་ྋགོང་ས་མཁྱེན་གཟིགས་གང་གི་ཐུགས་བཞེད་པདྨོའི་དཀྱིལ་འཁོར་ལས་ཁྱབ་པ་འཛམ་གླིང་ཡངས་པའི་ཁྱོན་འདིར་ཞི་བདེ་བསྐྲུན་རྒྱུ་འདི་ཡང་བླ་ན་མེད་པའི་བོད་ཀྱི་གཞོན་ནུ་ཚོའི་འགན་ངོ་མ་ཞིག་ཡིན་ལ། བོད་ཀྱི་རིག་གཞུང་སྤྱི་དང་ནང་པའི་ཆོས་ཀྱི་ཉིང་བཅུད་གཅེས་ཉར་དང༌། ལྷག་པར་བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་བརྩད་དེ་འབྱུང་འགྱུར་བོད་མཐོ་སྒང་འཛུགས་བསྐྲུན་དང་ཞི་བའི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུ་ནི་ད་ལྟའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྲག་པའི་ཐོག་རླབས་ལྟར་འཕྱོ་བའོ། །

ཞན་ཆ།

མེས་པ་དམ། (མེས་པོ་དམ་པ་)  ཨོཾ་ཡིག་སྐྱབས་འགྲོའི་གཙུགས་སུ། (ཨོཾ་ཡིག་སྐྱབས་འགྲོའི་གཙུག་ཏུ་) བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྲག་པའི་རླབས་ལྟར་འཕྱོ་བའོ། (བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྲག་པའི་ཐོག་རླབས་ལྟར་འཕྱོ་བའོ། །)