རྩམ་པ།

 

བཀྲ་ཤིས་རྒྱལ་པོ།  སེར་བྱེས་འབྲིང་རིམ་སློབ་གྲྭ། (ཨང་དང་པོ)

 

༄༅། །དམར་སེར་མཚམས་སྤྲིན་འབར་བའི་གཞས་ཡས་སུ། །རྨོངས་པའི་དཔུང་ཚོགས་འཇོམས་པའི་དཔའ་བོ་ཀྱེ། །
རལ་གྲིའི་འཕྲུལ་རྩལ་སྣ་ཚོགས་རྩེ་བཞིན་དུ། །བདག་ཡིད་བདེན་འཛིན་སྲོག་རྩ་ད་ཆོད་ཅིག །
བཅུ་དྲུག་ལང་ཚོས་སྒེག་པའི་སྙན་འགྱུར་གླུ། །ཡིད་ཅན་ཀུན་གྱི་རྣ་བའི་བཅུད་ལེན་དུ། །
ལེན་པར་སྤྲོ་བའི་དྲི་ཟའི་ན་ཆུང་མ། །བདག་གི་མགྲིན་པའི་རྫ་རྔ་སྙན་པར་རྡུངས། །
དམར་སྨུག་ན་བཟའ་བྱུ་རུའི་རྒྱལ་མཚན་མདངས། །ཞི་བདེའི་རླུང་གིས་གཡོས་པའི་གྲགས་སྙན་རྔ། །
དྲག་པོའི་ཐོས་འཛིན་གམ་དུ་རྡུང་བའི་མགོན། །པད་དཀར་འཆང་ཀྱེ་བདག་གི་གཙུག་ཏུ་བྱོན། །
དཀར་འཇམ་ཤོག་བུའི་དོ་རྭ་ཡངས་པོ་རུ། །འགྲན་རྩོམ་གཡག་གུ་རྒྱུག་པའི་རྨིག་སྒྲའི་དབུས། །
སྡེབ་སྦྱོར་རླུང་གི་དཔུང་རྩིད་གཡོ་བཞིན་དུ། །སྒྱུ་རྩལ་འགྱུར་བག་ངོམས་ཤོག་གངས་ཚ་ཀྱེ། །
སྡེབ་སྦྱོར་ཚིག་གི་དར་གོས་མ་བཀླུབས་ན། །དྲུག་ཅུའི་བགྲེས་མོ་གཅེར་བུར་རྒྱུ་བ་འདྲ།།
སྒྱུ་རྩལ་སྔོ་ལྗང་ལོ་འདབ་མ་བསྐྲུན་ན། །དགུན་གསུམ་ལྷག་པས་གཙེས་པའི་ཤིང་སྡོང་འདྲ།།
བརྗོད་བྱ་དོན་གྱི་འབྲས་བུ་མ་སྨིན་ན། །ཕུ་ཡི་ལྒང་བུ་རླུང་གིས་གཡོས་པ་འདྲ།།

འདྲ་གསུམ་གནས་ལུགས་གནད་དུ་མ་ཕིགས་ན། །འགྲན་རྩོམ་གྲལ་དུ་སྡོད་པ་བཞད་གད་རྒྱུ། །
ཅེས་སྙན་རྩོམ་མེ་ཏོག་ཕྲེང་བས་སྔོན་བསུས་ནས། དེ་རིང་ནི་ཁོ་བོ་བཙན་བྱོལ་དུ་གྱར་ཏེ་མི་ལོ་དྲུག་གི་རིང་ན་གཞོན་སློབ་མའི་རྩོམ་ཡིག་གི་གར་སྟེགས་ཐོག་ཏུ་འཛེགས་པའི་ཐོག་མ་ཡིན་པས་ངའི་སེམས་སུ་རྩོམ་ཡིག་གི་བརྗོད་བྱ་གང་ཡིན་ན་བསམ་པའི་རེ་དོགས་ཁྲོད་དུ་འགྲན་རྩོམ་བྱེད་ཡུལ་དུ་བསྐྱོད། རྩོམ་ཡིག་གོ་སྒྲིག་བྱེད་པོའི་ཕྱག་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བཏང་གནང་བའི་ཡིག་ཁུག་ཆུང་ཆུང་དེ་ང་ཚོའི་མདུན་དུ་ཞལ་ཕྱེས་ཏེ། ཁྱོད་རང་ཚོས་གང་མོས་འབྲི་ཆོག་པའི་བཀའ་ཕེབས་པས་རེ་ཞིག་ཁོ་བོ་ཅི་འབྲི་མེད་པར་གྱུར། བསམ་བློ་ཞིབ་མོ་བཏང་རྗེས་མི་ཞིག་གིས་ཁྱོད་ཀྱིས་ཅི་ཟ་ཟེར་ན། ངས་དུས་རྒྱུན་རྩམ་པ་ཟ་ཞེས་ལན་འདེབས་བྱེད་པ་ལྟར། ངས་དེ་རིང་བརྗོད་གཞི་རྩམ་པ་ལེན་རྒྱུ་ཡིན། རྩམ་པ།
ངས་རྩམ་པ་ཟ་ཞིང་རྩམ་པ་འབྲི། ངའི་ཕ་ཡུལ་རྩམ་པའི་བང་མཛོད་ཡིན། རྩམ་པ་འདི་འདས་ཟིན་པའི་ལོ་རྒྱུས་ཡིན་ལ་ད་ལྟའི་ཚེ་སྲོག་དང་མ་འོངས་པའི་ཕུགས་བསམ་ཡང་ཡིན།
ཀྱེ་གྲོགས་པོ། ངའི་ཟླུམ་གཟུགས་ཀྱི་སྨྱུག་ཁ་ཤོག་དཀར་གྱི་དོ་རྭར་ཞབས་ཟུང་བསྒྱུར་དུས་རྩམ་པའི་འདབ་མ་དང་འདྲ་བའི་ཡིག་འབྲུ་འགའ་ངང་གི་སྤུང་སྤུང་དུ་བབས་བྱུང༌། ངའི་མིག་ཟུང་གིས་ཞིབ་བལྟ་རེ་བྱེད་དུས། ངའི་དྲི་འཛིན་གྱི་དཀྱིལ་དུ་རབ་དཀར་རྩམ་པའི་དྲི་ཞིམ་ལྷང་ལྷང་དུ་བྲོ་བྱུང༌། དེ་རིང་ནི་ཁོ་བོ་རྩམ་པ་དང་ཞལ་གྱེས་ཏེ་མི་ལོ་དྲུག་གི་མཐའ་རུ་སླར་ཡང་སྦྲང་དཀར་རྩམ་པ་དང་མཇལ་བའི་ཐོག་མ་དེ་ཡིན་པས་ངས་རང་དབང་མེད་པར་རྩམ་པ་སྦར་མོ་གང་མཁའ་དབྱིངས་སུ་གཏོར་ཏེ་ཀི་བསྭོ་དང་ལྷ་རྒྱལ་མི་འཐེན་ཀ་མེད་བྱུང༌། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།
རྩམ་པ་མཁའ་དབྱིངས་སུ་གཏོར་ནས་ལོ་རྒྱུས་ཀྱི་བྱུང་བ་བརྗོད།
རྩམ་པ་མཁའ་དབྱིངས་སུ་གཏོར་ནས་རང་དབང་དང་བདེ་སྐྱིད་བསུ།
རྩམ་པ་མཁའ་དབྱིངས་སུ་གཏོར་ནས་ནང་འཁོན་གྱི་རྨ་ཁ་གསོ།
རྩམ་པ་མཁའ་དབྱིངས་སུ་གཏོར་ནས་ལོ་རྒྱུས་ཀྱི་བྱུང་བ་བརྗོད།
རྩམ་པ་མཁའ་དབྱིངས་སུ་གཏོར་ནས་ཕམ་ཁ་ཡོད་ཚད་རྒྱལ་ཁར་བསྒྱུར།
ཀྱེ་ཀྱེ།      གྲོགས་པོ་གཟིགས་དང༌། འབབ་བཞིན་པའི་རྩམ་པའི་ཁྲོད་དུ་ཡར་ཀླུང་གཙང་པོའི་ཁ་རུ་སྤྲེའུ་དང་བྲག་སྲིན་གྱི་ཁྱིམ་གཞི་སྦྲུམ་པའི་གཏམ་རྒྱུད་འདུག ཀྱེ་ཀྱེ། གྲོགས་པོ་གསན་དང༌། འབབ་བཞིན་པའི་རྩམ་པའི་ཁྲོད་དུ་གཉའ་ཁྲི་བཙན་པོའི་རྡོག་སྒྲ་དང་ཡུམ་བུ་བླ་མཁར་གྱི་སྒེ་ཁུང་ནང་ནས་ཡིག་དྲུག་གི་དབྱངས་རྟ་ཐོས་བྱུང༌།
ཀྱེ་ཀྱེ། གྲོགས་པོ་གཟིགས་དང༌། འབབ་བཞིན་པའི་རྩམ་པའི་ཁྲོད་དུ་མཁན་སློབ་ཆོས་གསུམ་ཀྱི་ཞལ་རས་མཇལ་བྱུང༌། མེས་དབོན་རྣམ་གསུམ་གྱི་ཞབས་རྗེས་འཕྲད་བྱུང༌། ཀྱེ་ཀྱེ། གྲོགས་པོ་བབས་བཞིན་པའི་རྩམ་པའི་ཁྲོད་དུ་སྲོང་བཙན་དང་ཀོང་ཇོའི་མཛའ་བརྩེ་ཟབ་མོའི་འོ་སྦྱོར་མཐོང་བྱུང༌། བབས་བཞིན་པའི་རྩམ་པའི་ཁྲོད་དུ་བོད་བཟང་པོའི་པིར་སྨྱུག་གི་གར་སྟབས་དང་མགར་སྟོང་བཙན་གྱི་ཐོ་བའི་བོངས་ཚད་མཐོང་བྱུང༌།
ཀྱེ་ཀྱེ་གྲོགས་པོ། བབས་བཞིན་པའི་རྩམ་པའི་ཁྲོད་དུ་ཁྲི་རལ་པའི་རལ་པ་དང་འུ་དུམ་བཙན་པོའི་རྭ་ཅོ་མཐོང་བྱུང༌།
ཀྱེ་ཀྱེ་གྲོགས་པོ་གཟིགས་དང༌། རྩམ་པ་འདི་མཁའ་དབྱིངས་ནས་ས་ལ་བབས་སོང༌། འབབ་སྟངས་ཡག་ལ་གངས་དཀར་འདབ་མ་རྒོད་པ་འདྲ། བབས་བཞིན་པའི་རྩམ་པ་ས་ལ་ཆགས་སོང༌། ཆགས་སྟངས་ཡག་ལ་ཆུ་སྐྱེས་འདབ་སྟོང་གྲམས་པ་འདྲ།
རྩམ་པ་འདི་བྱེས་ཕར་འགྲོའི་སྐྱེལ་མ་ཡིན། སྐྱེལ་སྟངས་ཡག་ལ་བྱམས་ལྡན་ཨ་མའི་འཛུམ་དཀར་འདྲ། སམ་བྷོ་ཊའི་རྒྱགས་ཕྱེ་དང་ལོ་ཙཱ་བ་དུ་མའི་འོག་རྟ་ཡིན།
རྩམ་པ་འདི་གཞིས་ཚུར་ཕེབས་ཀྱི་བསུ་མ་ཡིན། བསུ་སྟངས་ཡག་ལ་ཡབ་ཆེན་ཨ་ཕའི་དགྱེས་ཞལ་འདྲ། སློབ་དཔོན་པད་མའི་མཆོད་རྩམ་དང་ཇོ་བོ་རྗེའི་གསོལ་རྩམ་ཡིན།
ཀྱེ་ཀྱེ། རྩམ་པ་མཆོད་དང་ཁ་བའི་བུ། རང་བཙན་གཙང་མའི་རྡོ་རིང་ཡིན། བཀའ་རྒྱུད་པ་རྩམ་པ་བཞེས་དང་མི་ལ་རས་པའི་མན་ངག་ཡིན། ཟུང་འཇུག་གོ་འཕང་འདི་ཡིས་བརྙེས།      རྙིང་མ་པ་རྩམ་པ་བཞེས་དང༌། སློབ་དཔོན་པད་མའི་གཏེར་ཕུར་ཡིན། གསང་སྔགས་གཏེར་སྒོ་འདི་ཡི་འབྱེད།     ས་སྐྱ་པ། རྩམ་པ་བཞེས་དང་གོང་མ་རྣམ་ལྔའི་རྣམ་དཔྱོད་ཡིན། བླང་དོར་གནས་ལུགས་འདི་ཡིས་འདོམས། དགེ་ལྡན་པ། རྩམ་པ་བཞེས་དང་ཙོང་ཁ་པ་ཡི་བློ་གྲོས་ཡིན། རྟེན་འབྲེལ་ཁ་ལོ་འདི་ཡིས་བསྒྱུར། ལོ་རྒྱུས་པ། རྩམ་པ་བཞེས་དང་འདས་ཟིན་པའི་མེ་ལོང་ཡིན། སྙན་ངག་པ། རྩམ་པ་བཞེས་དང་སྒྱུ་རྩལ་གྱི་འགྱུར་ཁུགས་དང་སྡེབ་སྦྱོར་གྱི་གླུ་དབྱངས་ཡིན། ན་གཞོན་མ། རྩམ་པ་བཞེས་དང་མཛའ་བོ་གཞོན་ནུའི་དུངས་སེམས་དང་སྙིང་གཏམ་གྱི་ཨ་ལོང་ཡིན།
ཁོ་བོས། སྙན་ངག་གི་ལ་རྩེ་འདི་རུ་སྒྱུ་རྩལ་གྱི་རླུང་རྟ་སྒྲོན་བཞིན་སྡེབ་སྦྱོར་གྱི་རྡེའུ་སྤུངས་བཞིན་སྦྲང་དཀར་རྩམ་པའི་ལང་ཚོ་དར་བའི་དར་ལྕོག་ཤིག་ཅིས་ཀྱང་འཛུགས་རྒྱུ་ཡིན།
རྩམ་པ་འདི། འཇམ་དབྱངས་ཀྱི་རལ་གྲི་བཞིན་རྨོངས་གཉིད་ཀྱི་མགོ་བོ་གཅོད།
རྩམ་པ་འདི། དབྱངས་ཅན་ལྷ་མོའི་སྒྲ་དབྱངས་བཞིན་གཏི་མུག་གི་མུན་པ་སངས།
རྩམ་པ་འདི། ཆོས་པ་ཚོའི་ཐར་པའི་ལམ་དང་བདེ་བ་ཅན་གྱི་སྐས་ཁ་འདྲ།
རྩམ་པ་འདི། སྙན་ངག་པའི་སྨྱུག་རྩེ་རུ་བཏེགས་པའི་སྙིང་གཏམ་ཟླུམ་པོ་འདྲ།
རྩམ་པ་འདི། དྲིན་ཆེ་ཆེའི་ཨ་མའི་བྱམས་བརྩེ་བཞིན་འཛུམ་མེར་མེར།
རྩམ་པ་འདི། སྙིང་ཉེ་ཉེའི་སྙིང་སྡུག་དགའ་མའི་འོ་སྦྱོར་བཞིན།
རྩམ་པ་འདི། གངས་དཀར་ཏི་སི་དང་ཚངས་སྲས་མའི་ཞལ་རས་ཇི་བཞིན་དཀར་བསིལ་བསིལ་དང་སྙིང་སྡུག་སྡུག
རྩམ་པ་དང་ཁ་ཐག་འགྱངས་པའི་ཡུལ་གྲུ་ཆེན་པོ་འདིའི་དབུས་སུ་རྩམ་དྲི་མི་བྲོ་བའི་སྲིན་ཕྲུག་ཚོར་རྩམ་དྲི་བྲོ་བར་གྱུར་ཅིག
རྩམ་པ་ཟ་འདོད་པ་རྣམས་ཚིམ་པར་གྱུར། ཟ་མི་འདོད་པ་རྣམས་འདོད་པར་གྱུར་ཅིག
ཀྱེ་ཀྱེ། གྲོགས་པོ་གསོན་དང༌། རྩམ་པ། འཚོ་བྱེད། གསོལ་ཞིབ། སྦྲང་རྩམ། ནད་བརྒྱ་སྨན་གཅིག གངས་རི་བའི་འཚོ་རྟེན། ཐ་སྙད་རྣམ་གྲངས་དུ་མའི་བར་ནས་ཁྱེད་དང་ལྷག་བསམ་དང༌། བྱམས་བརྩེ། གཞན་དོན་གོ་ཆ་བསྒོས་པའི་སྙིང་སྟོབས་འདིར་ཕྱི་གླིང་པའི་འགྲམ་ཆུ་ལྡང་ས་དང་རྒྱ་དམར་པོའི་ཞེ་སྣང་སྐྱེ་ས་ཁྱོད་རང་ཅི་འདྲའི་རླབས་ཆེ་བའི་གཟི་བརྗིད་ཅན་ཞིག་མ་རེད་དམ། ང་ཚོས་ངེས་པར་དུ་གཅེས་དགོས་པ་དང་རོལ་དགོས་པ། བསམ་དགོས་པ་དང་དྲན་དགོས་པ་ཁྱེད་ཁོ་ནའོ། །ཀྱེ་ཀྱེ། གྲོགས་པོ། བདག་གིས་ཕྱི་མའི་འཕྲང་ལམ་དེ་རུ་བཞུད་ཁར་ཁྱེད་ཀྱིས་ཅིས་ཀྱང་དྲན་དགོས་པ་དེ་ནི་རྩམ་པ་སྦར་མོ་གང་ཞལ་དུ་འདེབས་རྒྱུ་དེ་ཡིན།
ཁོ་བོས་རྩམ་པའི་ལང་ཚོ་ནི་མི་རིགས་ཀྱི་ངོ་བོ་དང་དམིགས་ཡུལ་ལོ་རྒྱུས་སོགས་ལ་ཚབ་མཚོན་བཀོད་དེ་འགྲན་རྩོམ་འདིའི་ཁྲོད་དུ་ཆུ་ཚོད་གཉིས་ཁོ་ན་བེད་སྤྱད་དེ་བྲིས་ཡོད་པས་རྒྱ་ཆེའི་ཀློག་པ་པོའི་སྙན་གྱི་སྦྲང་རྩི་རུ་འགྱུར་བར་གྱུར་ཅིག་གོ། །།

ཞན་ཆ།
དཔུངས་(དཔུང་)ཚོགས། གཡོག་(གཡོ)བཞིན་དུ། དྲུག་བཅུའི་(ཅུའི་) རེ་དོག(དོགས) ཡོམ་(ཡུམ་)བུ་བླ་མཁར། བསོལ་(གསོལ་)རྩམ། གོང་མ་རྣམ་ངའི་(ལྔའི་)རྣམ་དཔྱོད་ཡིན་ནོ།། ཅེས(ཅིས)ཀྱང་འཛུགས་རྒྱུ་ཡིན། མགོ་བོ་(བཅོད་)གཅོད ཞེ་(ཞེད་)སྣང༌།  ངོ་བ་(བ)ོདང༌། གསང་རྔགས(གསང་སྔགས) ལྡངས་ས(ལྡང་ས) དྲིས་འཛིན(དྲི་འཛིན)

དུས་ཚོད། ཚེ་སྲོག་གི་འོད་སྣང།

 

ཆོས་འཕེལ། (གསེར་ཉ།) སུ་ཇ་བོད་ཁྱིམ། (ཨང་གཉིས་པ)

 

༄༅། །གཉན་འཕྲང་གི་དོག་ལམ་གང་ཞིག་གི་སྒོ་ཁ་ནས་ཚག་ཚག་གིས་སྒྲ་དབྱངས་དང་བཅས་ཡལ་འགྲོ་བ་ནི་ཚེ་སྲོག་ལ་འོད་སྣང་བསྣན་བྱའི་ཕྲ་རྡུལ་ཞིག་ཡིན་ལ། ཕྲ་རྡུལ་རེ་རེ་ནི་ཆེས་རིན་ཐང་ཆེ་བའི་གནའ་རྫས་སྒོར་མོ་ཞིག་ཡིན། སུ་ཞིག་གི་ཉམས་པ་མེད་པའི་རྩོལ་ལག་མཉེན་པོས་ཕྲ་རྡུལ་རེ་རེ་བཞིན་བསྲི་ཚགས་བྱས་ན། དེ་ཡི་མི་ཚེ་ནི་འོད་སྣང་གིས་སྤུད་པའི་གྲགས་སྙན་དཀར་པོ་ཞིག་ཡིན་ལ། མི་རིགས་ཤིག་དང༌། མི་དམངས་ཤིག་གི་བདེ་སྡུག་ལ་བཏབ་པའི་ཞི་བདེ་ཡི་ས་བོན་ཞིག་ཀྱང་ཡིན། དེས་ན་དུས་ཚོད་ཅེས་པའི་མངར་ཁ་མྱོང་འདོད་ན། ལེ་ལོ་དང༌། གཏི་མུག་གི་དགྲ་ཡན་ལ་བརྩོན་འགྲུས་དང༌། དང་ལྒག་བསམ་གྱི་གོ་མཚོན་བཤམས་ཏེ་གཡུལ་འགྱེད་ལ་འཇུག་དགོས། གཏི་མུག་དང་སྒྱིད་ལུག་ལ་འཐབ་པའི་གོམ་ཁ་རེ་རེ་ནི་མུན་ནང་གི་དམིགས་ལམ་གསལ་བའི་འོད་སྣང་ཤ་སྟག་ཡིན།
གནའ་རབས་ཀྱི་སྐྱེ་རྒུ་སྟེ། དཀའ་སྤྱད་འབད་ཐག་གིས་རང་ལུས་ཚོན་པོ་སྡུག་བསྔལ་ན་བཏབ་པའི་དཔའ་རྒོད་རེ་རེས་དུས་ཚོད་ཅེས་པའི་ཉིང་བཅུད་བརྩེགས་པའི་འོད་སྣང་ནི་ད་དུང་ཡང༌། སྔར་ལས་ཇེ་གསལ་དུ་གྱུར་ནས་ང་ཚོའི་སྐྱ་ལམ་དོག་པོ་གསལ་བཞིན་པ་འདི་ཡིན་ན། འདི་ནི་ཁོ་ཚོས་ང་ཚོར་གནང་བའི་ལེགས་སྐྱེས་ཚོམ་བུ་ཞིག་ལས་མ་འདས་པས། ང་ཚོས་ཇི་ལྟར་བྱས་ན་ཆོག་པ་རེད་ཡཱ། བསམ་གཞིགས་ཀྱི་སྤྲིན་ཕུང་དཀྲིགས་ཙམ་གྱིས་དོན་གོ་ཡི་སྦྲང་ཆར་འཇོ་ནུས་མིན་ལ། སྨྲ་ལྕེ་ཡི་གཤིན་ས་ཡངས་པ་ཙམ་གྱིས་དོན་འབྲས་ཀྱི་ལོ་ཏོག་མི་སྨིན་པས། ནམ་ཡིན་ཡང་དུས་ཚིགས་ཀྱི་ས་བོན་གང་བཟང་དེ་དམ་པོར་བཟུང་ནས། འགུལ་རྩོལ་གྱི་ཆུ་ལུད་ཚོན་པོ་དེ་འདེབས་དགོས་གལ། ངོ་མ། དུས་ཚོད་ནི་བོར་བ་སླ་ཞིང་རྙེད་པར་དཀའ་ལ། བོར་སོང་བ་ཡང་ནམ་ཡང་རྙེད་དུས་བྲལ། དེའི་ཕྱིར་དུས་ཚོད་བོར་ན་མི་ཚེ་ཡི་རིན་ཐང་བོར་བ་ཡིན་ཞེས་འཇིགས་དངངས་ཀྱི་ཚིག་ཤུམ་འདེབས་ཐལ་བ་མ་ཡིན་ནམ། མ་མ་ཡི་མངལ་སྒོ་ནས་ཐོན་ཏེ་ཨག་སྐད་གཉོམ་པོ་ཆེས་ཐོག་མར་གོ་ལ་ཟླུམ་པོའི་ཐང་ངོས་ན་བརྡལ་བའི་ཉིན་དེ་ནས་བཟུང་སུ་དང་གང་ལའང་འབྲེལ་བ་ནི་མི་མངོན་པའི་དུས་ཚོད་ཀྱི་སྲིང་སྐུད་ཁྲི་མ་འབུམ་དེ་ཡིན་ཞིང༌། སྲིང་སྐུད་རེ་རེའི་སྣེ་མོར་བཏགས་པ་ནི་སུ་དང་གང་ལའང་མཁོ་བའི་འོད་སྣང་ཉག་ཅིག་ཡིན། ཡིན་ནའང་རྣམ་དཔྱོད་ཀྱི་རལ་གྲི་ལོག་སྒྲིབ་ཀྱི་ཤུབ་རོལ་ན་བསྙལ་བའི་སྐྱེ་བོ་ཚོས་བརྡར་དཔྱད་ཀྱི་བརྟུལ་ཞུགས་རྣོན་པོ་བག་མེད་ཀྱི་བརླ་འོག་ན་བཅུམ་ནས་མི་ཚེ་ཡི་རིན་ཐང་ལྟ་་ཅི། ཐ་ན་རང་ཁ་འཆིས་པའི་ཟས་སྐོལ་གཡོ་སྦྱོར་ཡང་མ་ཐུབ་པ་ནི་དུས་ཚོད་ཀྱི་སྲིང་སྐུད་རྒྱ་ཡན་དུ་བཏང་བས་ལན་པ་ཡིན་ལ། མ་ཟད་དེས་ཅི་ལ་ཚད། དུས་ཚོད་ཀྱི་ཉག་སྐུད་རེ་རེ་འཇུ་འཛིན་མ་ཐུབ་པའི་སྐྱེ་བོ་དེ་ཚོའི་གདོས་བཅས་ཀྱི་ཟག་ཕུང་ནི་བཙོག་ས་ནས་བཙོག་སར་དང༌། མུན་པའི་ནང་ནས་མུན་པའི་ཟབ་སར་འཛུལ་ནས་ཅི་ཡང་མེད་པར་ཤ་པགས་རུས་གསུམ་ས་རྡོར་འགྱུར་རྒྱུ་ལས་མ་འདས། འོན་ཀྱང༌། དུས་ཚོད་ཀྱི་ཉག་སྐུད་སྤུངས་མ་དེར་སྟངས་འཛིན་གྱི་སྲབ་ཐུལ། བློ་གྲོས་ཀྱི་སོར་རྩེས་བསྙབས་པའི་སྐྱེ་བོ་རེ་རེ་ཉག་སྐུད་རེ་རེའི་རྩེ་མོར་སྒྲོན་པའི་འོད་སྣང་རེ་རེ་བཞིན་རང་ལུས་ཀྱི་མཛེས་རྒྱན་དུ་སྒྲོན་ནས་འཇིག་རྟེན་མིག་ཅན་ཚོའི་མིག་སྔར་བསྒྲེངས་མ་མྱོང་བ་ཅི་ལ་ཡིན།
ལྟོས་དང༌། གནའ་རབས་དང༌། དེང་རབས་ཀྱི་ཚན་རྩལ་མཁས་པ་དང༌། ཆོས་སྲིད་མཁས་པ། ད་དུང་དེ་དང༌། དེ་འདྲ་བའི་མཁས་པ་རེ་རེའི་མཛད་སྤྱོད་ནི་ཇི་འདྲའི་བསམ་ཡས་པ་ཞིག་ཨང༌། ཐ་ན་བཟའ་བཏུང་གི་བར་སྐབས་ཕྲན་ཙམ་ཞིག་ཀྱང་བོར་དུ་མི་འདོད་པར་རང་ཉིད་ལ་རང་ཉིད་ཀྱི་ཟས་སྐལ་བཅད་པའང་མང༌། ཅིའི་ཕྱིར། དེ་དག་ནི་སྒྱིད་ལུག་དང༌། བག་མེད་ཀྱི་བྱ་སྤྱོད་ལ་གཡེང་བའི་མི་ཚོའི་སེམས་ངོས་ཀྱི་དྲི་ཀྱུ་རྣོན་པོ་ཞིག་ཡིན། དུས་ཚོད། འོད་སྣང་གིས་སྤུད་པའི་མ་མ་དཀར་མོ། ཁྱེད་ནི་ཇི་འདྲའི་གཟི་རླབས་ཤིག་དང་རྟོགས་དཀའ་བ་ཞིག་ཨང༌། ཁྱེད་ཀྱི་མངལ་སྒོར་རེ་ལས་སྦྲུམ་པའི་དོན་རྡོག་ནི་མི་ཚེ་ཡི་གཟི་སྣང་མཐོར་བཏེགས་ཀྱི་འོད་སྣང་ཁོ་ན། འོན་ཀྱང་ཁྱེད་ཀྱི་ང་ཚོའི་མིག་ཟུང་འབྱེད་འཛུམ་གྱི་བར་ནས་ཆེས་རིན་ཐང་ཅན་གྱི་ནོར་གཡར་དེ་བསྣམས་ནས་བཞུད་འགྲོ་བ་ནི་ད་བར་ཁྱེད་ལ་བརྩེ་བའི་ཞགས་ནག་བཅིངས་པའི་སྐྱེ་བོ་ཚོའི་སྙིང་ནད་ཅིག་ཡིན་ཡང༌། བློ་ཆུང་བྱིས་བློའི་ངང་ཚུལ་ཅན་ཚོའི་སྣང་ངོར་ཁྱེད་ཉིད་ནི་ཁོ་ཚོར་རྩེད་མཚར་སློང་བའི་རྩེད་དགོད་མ་ཞིག་ཡིན། དེར་ལྟར་ཁྱེད་ཉིད་གཞན་ཚོའི་སྣང་ངོར་ཅི་ཞིག་ཡིན་མིན་གང་ལྟར་ཡང་ང་རང་གི་བློ་མིག་ན་མངོན་པ་ནི་སྐྱེ་རྒུ་ཚོའི་མི་ཚེ་ཡི་རིན་ཐང་བསྣམས་པའི་འོད་གོར་ཞིག། །།

ཞན་ཆ།
འོད་སྣང་བསྣོན(བསྣན) དེ་(དེས་)ན། གོ་ཚོན་(མཚོན) སྒྱིད་ལུགས(ལུག) སྔར་ལས་ཇེ་གསལ་དུ་འགྱུར་(གྱུར་)ནས། ལག་(ལེགས་)སྐྱེས། བརྟུལ་བཞུགས་(ཞུགས) མིག་མངར་(སྔར་)ཐ་ན་ཟ་(བཟའ་)བཏུང༌། དུས་གཙིགས(དུས་ཚིགས)ཀྱི་ ཨག་སྐད་གཉམ་པོ་(གཉོམ) ཁྲིམ་(ཁྲི)མ་འབུམ། ཞག(ཞགས)ནག དེར(དེ)ལྟར། སྡུག་མངལ(བསྔལ)

 

བོད་ཀྱི་གནས་སྟངས།

 

བསྟན་འཛིན་གཡུ་ལོ། པ་ཀུལ་བོད་ཁྱིམ། (ཨང་གསུམ་པ)

༄༅། །བརྗིད་ཆགས་ཤིང་ཡིད་དུ་འོང་བའི་རང་ཅག་ཁ་བའི་ཡུལ་དེ་ཡུལ་ལུང་གཞན་དང་མི་འདྲ་བར་རིན་ཆེན་སྣ་ལྔ་འཛོམས་པའི་ཧ་ཅང་ཕྱུག་པའི་ཡུལ་ཞིག་ཡིན། དེར་གནས་པའི་ཡུལ་མི་རྣམས་ཆོས་སེམས་ཆེ་ཞིང་སེམས་པ་བཟང་བ་ཞིག་ཡོད། ཡིན་ནའང་ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་དམར་ཀླ་ཀློས་བོད་ཡུལ་དེ་ཧམ་ཟོས་བྱས་ཏེ་ཕྲོགས་པ་རེད། དུས་དེ་ནས་བཟུང་བོད་མི་མང་པོ་ཞིག་རྒྱ་གར་ལུང་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད།
རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱས་ནས་བཟུང་བོད་ནང་འགྱུར་བ་ཧ་ཅང་མང་པོ་བཏང་ཡོད། བོད་ནང་ཡོད་པའི་དགོན་པ་མང་པོ་ཞིག་གཏོར་བཅོམ་བྱས་པ་དང༌། སྨན་རྩྭ་རྣམས་ཧམ་བརྐོ་བྱེད་པ་སོགས། སྔོན་བོད་དེ་ས་མ་ཤོར་སྔོན་ཤིང་ནགས་རྒྱ་ཁྱོན་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ལྷག་ཡོད་པ་དེ་རྣམས་རྒྱ་མིས་ཧ་ཅང་མང་པོ་བཅད་སྟབས། ད་ལྟ་སྔོན་ཡོད་པ་རྣམས་ཕྱེད་ཀ་ཙམ་ལས་ལྷག་མེད། དེས་རྐྱེན་དེང་སང་བོད་ནང་བོད་མི་མང་པོ་ཞིག་ལ་ཆུ་ལོག་དང་གངས་ཞོད་ཚབས་ཆེན་གྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། དེ་མ་ཟད་བོད་ནང་ཡོད་པའི་གྲྭ་བཙུན་རྣམས་ཀྱང་ཧ་ཅང་གི་ཉུང་དུ་གཏོང་བ་དང༌། ཁ་ཤས་བཙོན་ལ་བཅུག་པ་སོགས་འདྲ་མིན་བྱེད་ཀྱི་ཡོད།
བོད་ནང་རྒྱ་མིས་གསེར་དངུུལ་ཟངས་སོགས་ཧམ་འཕྲོག་བྱས་ཏེ་ལོ་རེར་གསེར་སོགས་རྒྱ་མ་གསུམ་བརྒྱ་ལྷག་འཁྱེར་གྱི་ཡོད།འདི་དོན་ལ་མི་གནས་པར་སེམས། ལོ་རེར་དེ་ལས་མང་བ་འཁྱེར་གྱི་ཡོད། རྩོམ་སྒྲིག་པས། བོད་ཟེར་བ་དེ་མིང་ཙམ་ཡང་མེད་པར་བཟོ་ཆེད་བོད་ནང་གློག་བརྙན་ཁང་དང་དུག་ལོག་སོགས་འདྲ་མིན་བཟོས་ཀྱི་ཡོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་བཟང་པོ་རྣམས་རྩ་བརླགས་གཏོང་ཆེད་བོད་ཕྲུག་རྣམས་ལ་རྒྱ་སྐད་ཁྲིད་པ་དང༌། སྒྲིག་ཆས་ཀྱང་རྒྱ་མིའི་གྱོན་ཆས་གྱོན་དུ་བཅུག་པ་མ་གཏོགས། ཕྱུ་པ་སོགས་གྱོན་དུ་བཅུག་གི་མེད། ཁོང་ཚོས་བོད་དེ་རྒྱ་མིའི་ཆ་ཤས་ཤིག་ཡིན་ཞེས་བཤད་ཀྱི་ཡོད། དོན་དངོས་སུ་དེ་འདྲ་རྩ་བ་ནས་མིན། བོད་དེ་ས་ཆ་གཙང་བ་དང༌། རྒྱ་ཆེ་ཞིང་མི་འབོར་ཉུང་བ་སོགས་ལུང་པ་ཧ་ཅང་ཕྱུག་པོ་ཞིག་ཡིན་སྟབས་འཛིན་བཟུང་བྱས་ཏེ་དེ་འདྲ་བཤད་ཀྱི་ཡོད། ཁོང་ཚོས་བོད་ནང་ྋགོང་ས་མཆོག་གི་སྐུ་པར་ཡང་བཤམ་མི་ཆོག་པ་བཟོས་ཡོད། དེང་སང་བོད་ནང་བོད་མི་གཞོན་སྐྱེས་མང་པོ་ཞིག་ཆང་རག་དང་ཉལ་ཐག་སོགས་འཐུང་བས་རྐྱེན་འདས་གྲོངས་སུ་ཕྱིན་ཡོད། བོད་མིའི་སྐྱེ་དམན་རྣམས་ཀྱི་སྐྱེ་སྒོ་ཡང་བཀག་ཡོད། གལ་ཏེ་བོད་ནང་བོད་མི་རྣམས་ཀྱི་རྒྱ་ནག་གཞུང་ལ་ངོ་རྒོལ་སོགས་བྱས་པ་ཡིན་ན་ལམ་སེང་ཉེན་རྟོག་པས་འཇུས་ནས་ཉེས་རྡུང་ཚད་མེད་བཏང་སྟེ་བཙོན་ལ་བཅུག་གི་ཡོད་པ་དང༌། མི་ཁ་ཤས་གསོད་ཀྱི་ཡོད།
རྒྱ་མི་རྣམས་ཀྱིས་བོད་མིར་དམྱལ་ཡུལ་ནང་སླེབས་པ་ལྟར་སྡུག་པོ་ཚད་མེད་གཏོང་གི་ཡོད། བོད་ཀྱི་གཏེར་རྣམས་དང་ཤིང་དང་སྨན་རྩྭ་ཚང་མ་རྒྱ་ནག་ལ་དབོར་འདྲེན་བྱས་དང་བྱེད་བཞིན་ཡོད། རྒྱ་མིས་བོད་མི་རྣམས་དང་ཕྱིའི་རྒྱལ་ཁབ་ཀྱི་འབྲེལ་བ་རྣམས་ཀྱང་བཀག་པ་དང༌། ཕྱིའི་རྒྱལ་ཁབ་ཀྱི་མི་ཡང་བོད་ནང་དུ་ཡོང་མི་ཆོག་པ་སོགས་བཟོས་ཡོད། བོད་ནང་ཡོད་པའི་བོད་མི་ཚང་མ་རྒྱ་མིའི་གདུག་རྩུབ་འོག་ལ་རང་དབང་མེད་པར་གནས་ཡོད། ཐ་ན་ཁོང་ཚོས་ཆོས་བྱེད་པའི་རང་དབང་མེད་པ་དང་ཁ་ནས་ྋགོང་ས་མཆོག་ཅེས་ཚིག་གཅིག་བཤད་ཀྱང་ལམ་སེང་བཙོན་དུ་བཅུག་གི་ཡོད། འབྲོག་པའི་ས་ཁུལ་ལ་འབྲི་གཡག་རྣམས་ལ་རྩྭ་ཡང་ཧ་ཅང་དཀོན་པོ་ཆགས་ཡོད།
དེ་ལྟར་རྒྱ་མིས་བོད་ནང་མུ་མཐུད་ན་ཉིན་ཞིག་བོད་དེ་ཐང་སྟོང་ལྟར་ཆགས་པའི་ཉེན་ཁ་ཡོད། རྒྱ་མི་ཡིས་བོད་ནང་ཡོད་པའི་ཤིང་རྩ་ཆེན་དང་རིན་ཐང་ཅན་ཚང་མ་ཕྱི་རྒྱལ་ལ་དབོར་འདྲེན་བྱེད་བཞིན་ཡོད། དུས་དེང་སང་བོད་ནང་གི་བོད་མིའི་གནས་སྟངས་སྔར་ལྟར་རྩིས་ན་ཧ་ཅང་ཉམས་ཆགས་དང་ཇེ་ཞན་དུ་སོང་ཡོད། བྱས་ཙང་རྒྱ་གར་ནང་ཡོད་པའི་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་གནང་སྟེ་མ་འོངས་བོད་རང་བཙན་ལེན་ཐུབ་པ་དང༌། རང་གི་རྗེས་འཇུག་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པར་བྱེད་དགོས་སོ། །བོད་ནང་ཡོད་པའི་སོ་སོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ཀྱི་སྡུག་བསྔལ་ལ་གཟིགས་ནས་ང་ཚོས་ྋགོང་ས་མཆོག་གི་བཀའ་སློབ་བཟང་པོ་རྣམས་སེམས་ལ་བཅངས་ཏེ་མ་འོངས་བོད་མི་དམངས་ཀྱི་ཞབས་ཕྱི་ཞུ་ཐུབ་པ་བྱེད་དགོས་སོ།། བོད་རྒྱལ་ལོ།། ཐུགས་རྗེ་ཆེ་གནང༌།། །།

ཞན་ཆ།
འཇིད་(བརྗིད་)ཆགས། གཞན་དང་མི་འདྲ་བ(བར) སྣ་ལྔ་འཛོམས་པ་(པའི) རྒྱ་དམར་ཀླ་ཀློའི་(ཀློས་)ཕྲོགས། སྨན་རྩ(རྩྭ) རྩ་བརླགས་གཏོང་ཆེར(ཆེད) ཁོང་ཚོའི་(ཚོས་)བོད་ནང༌། མི་མཆོག་(ཆོག)  ཉེ་རྟོགས་(ཉེན་རྟོག)པའི་(པས) བཀག་བ་(པ)དང༌། རྩ་ཀྱང་(རྩྭ་ཡང) དེ་ལྟར་རྒྱ་མིའི་(མིས་)བོད་ནང༌། བོད་མི་དམངས་ཀྱི་ཞབས་སྤྱི་(ཕྱི་)ཞུས། ཧམ་སྟོག(འཕྲོག)བྱས། པྱེད་ཀ(ཕྱེདཀ)