ཁ་སྔོན་གཟའ་ཉི་མའི་ཉིན་གསུམ།
རིན་ཆེན་ཚེ་རིང༌། བོན་གཞིས་དྷོ་ལན་ཇི་སློབ་གྲྭ (ཨང་དང་པོ)
གཟའ་ཉི་མ་དང་པོ། ༢༠༠༡ ལོའི་ཕྱི་ཟླ་ ༨ ཚེས་ ༡༡ ཉིན།
༄༅། །གློག་བརྙན་ལ་ལྟ་རྒྱུ་ནི་ཉིན་འདིར་མི་མང་ཆེ་བའི་རྒྱུན་སྲོལ་ལྟ་བུ་ཡིན། ཆེས་ཡིད་དུ་འོང་བའི་ཉིན་དེའི་གནམ་གཤིས་ལ་བསམས་ན། ད་གཟོད་གློག་བརྙན་ལ་ལྟ་རྒྱུའང་དེ་ཙམ་གྱི་གལ་ཆེན་པོ་རང་མིན་པའི་ཚོར་སྣང་ཞིག་བྱུང༌། སྨྱུ་གུ་ཞིག་དང་འབྲི་དེབ་ཅིག་བཟུང་སྟེ། ང་རང་ཕྱི་རོལ་གྱི་སྣང་རིས་ཙམ་མ་ཡིན་པའི་ཡུལ་ལྗོངས་ལ་ལྟད་མོར་ཆས།
ཐོག་མར་ངས་ལམ་འགྲམ་གཡས་གཡོན་དང་དེ་ནས་མིག་རྩའི་ཐིག་ཚད་ཅུང་རྒྱང་རིང་དུ་བསྲིངས་པས། མཐོང་ལམ་གྱི་ཡུལ་ལྗོངས་དེ་ཆ་ཡོད་ཡོད་འདྲ་ཞིག་སྣང་མོད། ཡང་རྒྱུས་གང་ཡང་མེད་པའི་ཚོར་སྣང་ཞིང་ཀྱང་སྐྱེས། ང་རང་གནས་འདི་ནས་སྐྱེས་པ་མིན་ལ། འདིར་བསླེབས་ནས་དུས་ཡུན་ཡང་རིང་བོ་ཞིག་སོན་མེད་རྐྱེན། དངོས་གནས་ཆ་མེད་རྒྱུས་མེད་ཀྱི་སྣང་བ་ཞིག་ཀྱང་འཆར་འོངས། ཉེ་འཁོར་དུ་གསལ་པོར་ལྟ་སྐབས། ལྗོན་པས་ཁེངས་པའི་ཡུལ་ལྗོངས་འདིའི་མཛེས་སྡུག་གི་རྣམ་པ་རིམ་བཞིན་ངའི་མིག་ཟུང་གི་མདུན་དུ་ཤར་ཡོང་བ་རེད། མཐོ་རྒྱུ་དང་དམའ་རྒྱུ་མེད་པའི་སྒང་གཞུང་དེ་དག་ནགས་ཚལ་དང་རྩི་ཤིང་གིས་ཁེབས་འདུག་ལ། མཚམས་མཚམས་སུ་མི་ཚང་ཞིག་ལོས་ཡིན་སྙམ་པའི་སྡོད་ཁང་འགའ་རེ་འདུག་པ་དེ་དག་བརྒྱུད་ནས་གཞུང་ལམ་ཕྲ་མོ་ཞིག་སྐྱ་ཤར་རེ་འཐེན་འདུག་ཚུལ་ལ་བལྟས་ན། ལྷ་དང་ལྷ་མོར་མཆོད་བཤམ་དུ་བཞེངས་པའི་མཛེས་ལྗོངས་ཀྱི་རྟེན་ཞིག་ལ་ཆེས་དྭངས་གཙང་གི་ཁ་བཏགས་ཤིག་ཕུལ་ཡོད་པ་དང་ཡང་དག་མཚུངས།
སྐབས་ཤིག་ལ། ཁོ་བོ་དང་ཐག་རིང་རྒྱུ་མེད་པའི་སར། ཁྱིམ་ཚང་རེ་འགའ་ཞིག་མཐོང་ཐུབ་པ་དེ་དག་ལས། རྒྱུས་མངའ་ཆེར་མེད་ལ་ཅུང་རྣ་བར་གཟན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཅིག་མ་བསམ་ས་ནས་ངའི་རྣ་བའི་བུ་གར་ལྷུང་མོད། ཕར་བལྟས་ཚོད་ལ། ཁྱིམ་མི་དེ་ཚོས་གྲག་བཞིན་པའི་རོལ་དབྱངས་དེ་ནི་ཆེས་སྤྱིར་བཏང་གི་མི་ཡུལ་གྱི་རོལ་དབྱངས་ཤིག་མ་ཡིན་པར། སྙན་འཇེབས་ཡིད་དུ་འོང་བའི་ལྷའི་རོལ་དབྱངས་ཀྱི་འགྱུར་ཁུག་ཞིག་ལ་རོལ་བཞིན་པ་ཨེ་ཡིན་སྙམ་པའི་ཉམས་སྣང་ཞིག་དང་ཤུགས་ཀྱིས་སྟེར་བ་བྱེད། དེ་ལྟར་དུ་སྣང་མོད་ཀྱི། ང་རང་རོལ་དབྱངས་དེ་དང་ཅུང་རྒྱང་རིང་ཞིག་ཏུ་སྤོ་བར་མོས།
མཐོ་རྒྱུ་མེད་པའི་སྒང་མགོ་དེར་སོན་རྗེས། ཁོ་བོ་ད་གཟོད་རང་སྟེང་ནས་ཁུར་བོ་ཞིག་སར་ཕབ་པ་ལྟ་བུའི་སེམས་འགྱུ་ཞིག་དང་བཅས་སར་བསྡད། ངལ་དུབ་ཅུང་སོས་རྗེས། གཞི་ནས་ངས་མགོ་བོ་ཡར་བཀྱགས་ཏེ་ཉེ་འཁོར་ལ་བལྟས། ངས་རང་ཉིད་ཤིང་སྡོང་ཞིག་གི་རྩ་རུ་བསད་པ་ཅི་ལྟར་བྱས་ཀྱང་མི་དྲན། གཅིག་བྱས་ན་ཚ་རླངས་ཤིག་གི་་་ ་་་
ཡང་མིན་ན།་་་ ་་་
གང་ལྟར་ཀྱང་ང་རང་སྡོད་སའི་སྡོང་རྩ་དེ་ཤིན་ཏུ་བསིལ། སྐབས་ཤིག་ལ། ངའི་གོང་གི་སྡོང་རྒན་དེའི་ཡལ་གའི་གསེབ་ནས། བྱིའུ་ཆུང་ཞིག་འཕུར་མ་ལྡིང་གིས་སར་བབས་ཏེ། མིག་ཆུང་གཉིས་ཁྲ་རིག་རིག་གིས། གང་ཞིག་འཚོལ་བར་བྲེལ། བྱིའུ་ཆུང་དང་ངེད་གཉིས་ཀྱི་བར་ཐག་ཧ་ཅང་ཐུང༌། ང་རང་ཡར་ལངས་ཏེ་རང་གནས་སུ་ལོག
གཟའ་ཉི་མ་གཉིས་པ།
༢༠༠༡ ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན། རང་རིགས་ཀྱི་ཞོགས་པར་ང་རང་གནས་འདི་རུ་སྡོད་མཁན་གྱི་ཁྱིམ་ཚང་ཞིག་ལ་སོང༌།
ངའི་གོ་ཐོས་ལ།
བློ་བཟང་ལྷ་མོ་ལ་ཤིན་ཏུ་དགའ། མོའི་ཆེད་དུ་ཤི་ཡང་འགྱོད་པ་མེད་སྐད། ཡིན་ན་ཡང༌། ལྷ་མོའི་ཁ་ནས་རྒྱུན་པར་བློ་བཟང་ལྟ་བུའི་གྲོགས་ཡ་ཞིག་འཚོལ་བ་ལས། ཤི་ཡང་མི་འགྱོད་ཟེར་སྐད། དེ་ནི་ལོ་གཉིས་ཀྱི་གོང་རེད།
ན་ནིང་བློ་བཟང་སྟབས་ལེགས་ཤིག་གིས་གྲོགས་བྱས་ཏེ། བྱང་ཨ་རིའི་རྒྱལ་ཁབ་ག་གེ་མོར་བསླེབས་རྗེས། ལྷ་མོས་ཁོ་ལ་ཡི་གེ་ཞིག་སྤྲིངས་སྐད། ཁོས་ཀྱང་དེ་ལ་ཡིག་ལན་ཞིག་བྲིས་སྐད། ད་དུང་་་
ཟླ་རྗེས་མའི་ཉིན་ཞིག་ལ། ཁོ་གཉིས་ཀའི་གཉེན་སྟོན་གྱི་མཛད་སྒོ་ཡིན་སྐད། དགོང་དྲོ་ང་རང་རང་གནས་སུ་ཕྱིར་ལོག
གཟའ་ཉི་མ་གསུམ་པ།
༢༠༠༡ ལོའི་ཕྱི་ཟླ་ ༨ ཚེས་ ༢༥ ཉིན། ཞོགས་པར། ངས་སྒྲུང་དེབ་ཀློག་ན་བསམ། ཡིན་ནའང་རང་དང་འཚམས་པའི་བོད་ཡིག་གི་སྒྲུང་དེབ་ཅིག ངས་ཅིས་ཀྱང་མ་རྙེད།
ཉིན་དགུང་རྗེས་སུ། ངས་རང་དང་འཚམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཞིག་བཙལ། དུས་ཚོད་ཅི་ཙམ་འགྱངས་རུང༌། ངས་མུ་མཐུད་དེ་བཙལ། ཇི་ལྟར་བཙལ་ཀྱང༌། ངས་རང་སྐད་ཀྱི་ནང་དུ་རང་དང་འཚམས་པའི་ལེ་ཚན་ཞིག་གཏན་ནས་མ་རྙེད། ཐ་ན་རང་སྐད་ཀྱི་ནང་དུ་་་་་་་་ཙམ་ཡང།
དགོང་ཁར། ངས་ལག་ཆུང་གཉིས་བྲང་ཁར་སྦྱར་ཏེ། སུ་ཞིག་ལ་སེམས་གཏིང་ནས་ཐོལ་བཤགས་ཤིག་ཕུལ་རྗེས། དགོང་དྲོའི་ཟས་ཙམ་ཡང་མ་ཟོས་པར་སེམས་པ་སྡུག་བསྔལ་གྱིས་ཁེངས།
མཐར་གཉིད་ཁུག་པ་ཡིན་ནམ། ངས་ཀྱང་གསལ་པོ་ཞིག་མི་དྲན།
གོང་གི་རྩོམ་ཡིག་འདིར་བཟོ་བཅོས་ཕྲན་ཙམ་ཡང་མི་རྒྱག་པར་ཞུ། དེ་ནི་རྩོམ་པར་མོས་པའི་ཁྱེད་ཀྱི་སྤུན་ཆུང་ཞིག་གི་ཟུངས་ཁྲག་ལས་བརྡོལ་བའི་རླབས་རྒྱུན་ཡིན།
རྩོམ་སྒྲིག་པའི་གསལ་བཤད།
འཛིན་རིམ་བརྒྱད་པའི་འགྲན་རྩོམ་ལ་དཔྱད་བསྡུར་བྱེད་སྐབས། རྩོམ་ཡིག་འདིར་ངས་གདེང་འཇོག་ཆེ་ཙམ་བྱས་པ་ཡིན། དེ་རིང་ཡང་བསྐྱར་འཕྲུལ་ཡིག་ཏུ་འགོད་སྒྲིག་བྱེད་སྐབས་ངའི་སེམས་པ་གཡོས་བྱུང༌། རྒྱུ་རྐྱེན་ཅི་ཡིན་མི་ཤེས།
ངས་རྩོམ་ཡིག་འདི་བཀླགས་ཐེངས་རེར། ཧ་ལམ་ང་རང་གིས་མྱངས་མྱོང་བའི་ཚོར་འདུ་ཞིག་སླར་ངའི་སྙིང་ཁར་འཚང་འོང་བ་དང་འདྲ།
ངས་ཁས་ལེན་བྱ་རྒྱུ་ཡིན། རྩོམ་ཡིག་འདི་དུས་ཚོད་ཆུ་ཚོད་གཉིས་གསུམ་ནང་བློས་བསླངས་ཀྱིས་ཤར་མར་བྲིས་པ་ཞིག་ཡིན་ཚེ། ཁྱེད་ལ་སྒྱུ་རྩལ་པའི་རང་གཤིས་ལྡན་པར་ཁས་ལེན་རྒྱུ་ཡིན། རང་བཞིན་གྱིས་གྲུབ་པའི་སྤོབས་པ་ཡོད་པར་ཁས་ལེན་རྒྱུ་ཡིན།
འོན་ཀྱང་ངས་འདི་བརྗོད་འདོད་བྱུང༌། སྒྱུ་རྩལ་པའི་གཤིས་ཀ་ལྡན་ཡང༌། སྒྱུ་རྩལ་གྱི་ལམ་དུ་མ་ཞུགས་ཚེ། གཤིས་ཀ་དེ་འཕྲོ་བརླག་རེད། སྒྱུ་རྩལ་གྱི་ལམ་དུ་ཞུགས་ཟེར་ཡང༌། དོན་དངོས་སུ་རང་གི་ལམ་རང་གིས་བཟོ་བཞིན་བསྐྱོད་དགོས་པས། དེ་ནི་རྒྱུན་རིང་ལ་དཀའ་ཚེགས་ཅན་ཞིག་ལོས་ཡིན།
འོན་ཀྱང༌། ལམ་དེར་ཁྱེད་རང་ཕེབས་འོས་ཞེས་ཞུ་འདོད་བྱུང༌།
ཉིད་ཀྱི་རེ་སྐུལ་གནང་བ་བཞིན་རྩོམ་ཡིག་འདིའི་ནང་བྱུང་བའི་ཡིག་ནོར་རེ་ཟུང་ལ་མ་གཏོགས་བཟོ་བཅོས་བྱས་མེད། ཆུང་ཚེ་རིང་གིས།
བུ་ངའི་ངར་སྒྲ།
ཉི་མ་དངོས་གྲུབ། རྡ་སྟེང་བོད་ཁྱིམ། ཨང་དང་པོ།
གལ་སྲིད་ང༌། ཤུགས་ཀྱི་རི་བོ་གདེགས་ཐུབ་པའི་སྟོབས་ཆེན་ཞིག་ཡིན་ན་ངས་རང་སྟོབས་བེད་དུ་སྤྱད་དེ། བདེ་སྐྱིད་གྱི་འོད་ཟེར་འཚོལ་ཞིང་ལུས་སེམས་ཡོངས་རྫོགས་ཉིན་མཚན་ཀུན་ཏུ་སྡུག་བསྔལ་མྱོང་བཞིན་པའི་བོད་མི་དག་ལ་ཕན་ཐོགས་ཀྱི་བྱ་བ་ཞིག་ངེས་པར་བྱ་ངེས།
གལ་སྲིད་ང༌། རྩལ་གྱིས་ནམ་འཕང་གཅོད་ཐུབ་པའི་རྒོད་པོ་ཞིག་ཡིན་ན༌། ལྡེམ་ལྡེམ་དང་ཚོན་སྣ་ལྡན་པའི་གཤོག་རྩལ་ངོམས་བཞིན་གངས་ལྗོངས་ཕ་ཡུལ་ཕྱོགས་སུ་འཕུར་ཏེ་དགྲ་བོ་ཡི་ཇུས་ངན་སྟོན་པའི་གསང་བ་དེ་དག་ཐབས་བརྒྱ་ཇུས་སྟོང་ཁོངས་སུ་གཏོགས་ངེས།
གལ་སྲིད་ང༌། དགུང་གི་རྒྱལ་པོ་འདྲ་བའི་རྟ་བདུན་དབང་པོ་དེ་ཡིན་ན་ང་རང་གི་སྟོབས་དང་ཚ་དྲོད་དེ་དག་གྲང་ངར་གྱི་གནས་སུ་རིལ་བའི་ཆབ་སྲིད་བཙོན་པ་རྣམས་དང་ས་མཚམས་གངས་དཀྱིལ་དུ་ལུས་པའི་བོད་མི་སེམས་ཆུང་དག་ལ་བདེ་སྐྱིད་ཀྱི་འོད་ཟེར་ཞིག་སྤྲོད་ངེས།
གལ་སྲིད་ང༌། ལྷོ་ཕྱོགས་ཀྱི་ཤུགསཀྱིས་སྡོང་པོ་དེད་པའི་ལྷག་པ་དེ་ཡིན་ན་བསམ་མེད་ཀྱི་རྒྱ་དམར་བཙན་འཛུལ་བ་དེ་དག་བོད་ཡུལ་ནས་རྒྱ་ནག་ཏུ་དེད་དེ་བོད་མི་རྣམས་ལ་སེམས་གཏིང་ཏུ་སྤྲོ་བ་ཞིག་དང་ཁའི་སྟེང་ཏུ་གད་མོ་ཞིག་ངེས་པར་སྤྲོད་ངེས།
གལ་སྲིད་ང༌། གསུང་སྙན་འགྲན་ཟླ་བྲལ་བའི་བྱེའུ་ཆུང་ཞིག་ཡིན་ན་ཐོ་རེངས་སྐར་ཆེན་དང་མཉམ་དུ་ལངས་ཏེ་རང་སེམས་སྡུག་བསྔལ་གྱི་རི་བོས་གནན་པའི་བོད་མི་ཡོངས་ལ་སེམས་སྐྱིད་ཀྱི་གླུ་ཆུང་ཞིག་ལེགས་སྐྱེས་སུ་ངེས་པར་འབུལ་ངེས།
གལ་སྲིད་ང༌། དབང་གི་ས་སྐྱོང་བྱེད་པའི་རྒྱལ་པོ་ཞིག་ཡིན་ན་བློན་དང་དམག་མི་གྲངས་ལས་མི་ལངས་པ་བཏང་སྟེ། རྒྱ་མི་བཙན་འཛུལ་པ་ཕམ་པ་བྱས་ཏེ་བོད་ལྗོངས་ཀྱི་མུན་པ་གསལ་བ་ཞིག་ངེས་པར་བྱ་ངེས།
གལ་སྲིད་ང༌། དགུང་སྔོན་གྱི་ལྷན་པ་ལྟ་བུའི་སྤྲིན་དཀར་ཞིག་ཡིན་ན་ངས་ས་སྟོང་གང་སར་འཁྱམས་ཏེ་མཐར་བོད་ཡུལ་དུ་གནས་པའི་རྩ་སྐམ་རྩི་ཤིང་རྣམས་ལ་ཟིམ་ཟིམ་གྱི་སྦྲང་ཆར་ཞིག་སྐྱོབ་གསོ་རུ་ངེས་པར་འབུལ་ངེས།
འོན་ཀྱང༌། ཡིན་པ་ནི་གཞན་ཡུལ་དུ་གྱར་བའི་སློབ་ཕྲུག་ཞིག་ད་ཆའི་དུས་ལ་སློབ་སྦྱོང་ཁོ་ནར་བརྩོན་རྒྱུ་དེ་ཡང་ང་རང་གི་རང་བཙན་ལེན་ཆེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད།
གསོན་དང་བོད་རིགས་སྤུན་ཟླ་ཚོ། གང་ཅིར་གཟི་བརྗིད་ལྡན་པའི་རང་རིགས་ཀྱི་ཁ་བའི་ལྗོངས་དེ་རྒྱ་དམར་བཙན་འཛུལ་པ་སྤྲིན་ནག་གིས་ཡུལ་དེ་ཁྲ་ཡི་བྱིའུ་ཆུང་བཟུང་བ་ལྟར་ཉི་མ་ཁ་དཀར་ངོ་དཀར་ལ་བཙན་འཛུལ་བྱསཏེ་ལ་རྒྱ་དང་རྒྱལ་ཁབ་ལ་རྒྱལ་ཞེན་ཆེ་བའི་དཔའ་མཛངས་བགྲང་གིས་མི་ལང་བ་དམར་གསོད་བཏང༌།
ཨ་ཡ་མཚན། འཇིག་རྟེན་འདིར་དཀོན་མཆོག་ཡོད་དམ་མེད། ལས་འབྲས་ཡོད་དམ་མེད། གལ་སྲིད་དེ་དག་ཡོད་ན། སྡུག་བསྔལ་དང་མུན་ནག་གིས་ཐིབ་པའི་ཁ་བའི་ལྗོངས་དེར་དཀོན་མཆོག་གིས་གཟིགས་ཏེ་བདེ་སྐྱིད་ཀྱི་འོད་ཟེར་འཕྲོ་རྒྱུ་ཞིག་དང་རྫུན་གྱི་ཁྲིམས་འགལ་བྱེད་པའི་རྒྱ་དམར་བཙན་འཛུལ་པ་རྣམས་ལ་ལས་འབྲས་ཤིག་ཕོག་རྒྱུ་མེད་དམ། ངས་ཤེས་ཀྱི་ཡོད་ལ་གོ་ཡང་མྱོང༌། འཇིག་རྟེན་སྟེང་གནས་པའི་མི་ཚེ་དེ་རྫོགས་རྒྱུ་མེད་པའི་ཤིང་ཟམ་ཀྱོག་ཀྱོག་ཅིག་དང་འདྲ། བདེ་སྐྱིད་འདོད་པ་ཡོངས་ཀྱི་རེ་བ་ཡིན། སྡུག་བསྔལ་བྱུང་བ་འཁོར་བའི་ཆོས་ཉིད་ཡིན། དེར་བརྟེན་ང་ཚོས་སེམས་ཅན་གྲོག་མས་རང་གི་ལས་ལ་འབད་བརྩོན་ལྷོད་མེད་བྱས་པ་དེ་མིག་དཔེར་བཟུང་ཏེ་བོད་ཀྱི་དོན་དུ་དཀའ་ངལ་མ་བརྒྱབ་ན་རྗེས་སུ་མིག་ཆུ་ཐོན་ཡང་ཆུ་ཡི་མཐོང་ལས་མེད།
བྱས་ཙང༌། བརྩོན་འགྲུས་ཅན་གྱི་རྡོ་ལ་ཨི་ཁུང་འབིགས་ཟེར་བའི་དཔེ་ལྟར་རང་སེམས་རང་གིས་བཅུན་ཏེ་བོད་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་གང་ཐུབ་བྱེད་དགོས།
བསམ་གཞིགས་གནང་དང༌། དེ་སྔོན་བལྟས་པས་མ་ངོམས་ཡིད་འོང་བོད་ཁ་བའི་ལྗོངས་དེ་ད་ཆ་དགྲ་ཡི་འདྲེ་ལག་བརྐྱངས་ནས་ནགས་ཚལ་ཡོངས་རྫོགས་བཏུབ་སྟེ། ལག་པའི་སྦར་མཐིལ་ལྟར་བཟོས།
ང་རང་ནི༌། འབྲི་རྩལ་ལ་ཁྱད་དུ་མཁས་པའི་སློབ་མ་ཞིག་མིན་ལ། ཀླད་པ་ཡི་ཆུ་ཚད་ཁྱད་དུ་མཐོ་བ་ཞིག་དེ་བས་མིན། འོན་ཀྱང༌། ང་རང་གི་གང་ཐོས་གང་ཤེས་རྣམས་ཤོག་བུའི་སྟེང་བཀོད་ཡོད་པས་མགོ་ནག་རྩམ་གཟན་ཚོས་དོ་སྣང་ཡོད་པ་མཁྱེན།།
ཞན་ཆ།
ས་འཚམས(མཚམས) དེད་ཏེ་(དེ) མུན་པ་གསལ་(བསལ་)བ་ཞིག་ངེས་པར་བྱས་(བྱ་)དགོས། ཡག་ཤོས་ཞིག(ཤིག) རྒྱན་(རྒྱལ་)ཞེན། དམར་བསད་(གསོད་)བཏང༌། ནགས་གསེབ(ཚལ) ཡོངས་རྫོགས་བཏུབ་(གཏུབ)སྟེ། ངས་འཛིན་(ངོས་འཛིན) ཨི་ཁུང་འབུད(འབིགས)
དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་གསར་པ།
བུངྡྷ་སྐྱབས། (གདུགས) སུ་ཇ་བོད་ཁྱིམ། (ཨང་གཉིས་པ)
༄༅། །ཡར་ཐོན་གྱི་ཕྱོགས་སུ་ཕུགས་རེ་བཅངས་པའི་མི་རིགས་ཤིག་ལ་མཚོན་ན་དུས་རབས་ཀྱི་ཞེན་བསྐུལ་ལ་ཡིད་འཇོག་ནན་མོ་བྱས་ཏེ་དེ་དང་འགྲོས་མཉམ་གྱི་གོམ་ཀ་མདུན་དུ་བསྒྱུར་བར་བརྩོན་སེམས་ཀྱི་སྙིང་རུས་དང་དཔའ་ངར་གདེང་ཚོད་བཅས་ངེས་པར་ཡོད་དགོས་པ་ཞིག་ཡིན་ལ༌། དེ་ནི་རང་རེའི་བོད་མི་རིགས་འདིར་མཚོན་ནའང་དཔལ་འབྱོར་དང༌། ཆབ་སྲིད། ཚན་རྩལ་སོགས་ཡར་རྒྱས་ཕྱོགས་སུ་འགྲན་རྩོད་ཀྱི་རླབས་རྒྱུན་འཕྱོ་བའི་འཛམ་གླིང་འདིར་སྔོན་ཐོན་གྱི་ཕྱོགས་སུ་གོམ་སྟབས་བསྒྱུར་དགོས་པར་དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་གསར་ཕ་ཞིག་ཡིན།
༡༽ ལོ་རྒྱུས་ལ་བྱུང་བའི་གོད་ཆག་ངེས་པར་རྟོགས་དགོས་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་དང་པོ་ཡིན། རང་རེ་བོད་ལ་མཚོན་ན་དུས་རབས་ཀྱི་འཕོ་འགྱུར་དང་མཐུན་པའི་གོམ་སྟབས་ཤིག་བསྒྱུར་འདོད་རྐང་ལག་ཡོངས་ལ་ལྕགས་སྒྲོག་བརྒྱབས་ཡོད་པ་ལྟ་བུའི་ན་ཟུག་ཅིག་སེམས་སུ་བསྐྱེད་ཡོང་བ་འདིའི་གནད་དོན་ལ་དཔྱད་ཞིབ་དང་མནོ་བསམ་མ་བྱས་ན། དམིགས་འདུན་དང་བསམ་བློའི་ཁ་ཕྱོགས་ངེས་གཏན་ཞིག་ཡེ་ནས་རྙེད་མི་སྲིད་པས། ང་ཚོས་ངེས་པར་དུ་རང་རེའི་ལོ་རྒྱུས་ལ་བྱུང་བའི་གོད་ཆགས་དེ་ཅི་ཡིན་གྱི་ངེས་པ་རྙེད་དགོས༌། དེ་མ་རྙེད་ན་ང་ཚོས་རང་གི་གནས་བབས་ཇི་ལྟར་ཡིན་པ་དང་འབྱུང་ འགྱུར་ཅི་ཞིག་འཚོལ་བསྙེག་བྱེད་དགོས་མིན་སོགས་ཡིད་ལ་ངེས་ཐབས་དང་གཏན་དུ་འཁེལ་ཐབས་ཡེ་ནས་མེད།
དེ་ལྟར་ཡིན་དུས་ང་ཚོའི་ལོ་རྒྱུས་ནང་རང་ཚོར་རང་དབང་བྲལ་བ་མ་ཟད་ཡང་མེས་ཀྱིས་བསགས་པའི་ནོར་བསྐལ་ཡོད་དོ་ཅོག་ཀྱང་རྩ་སྟོར་རང་དུ་འགྲོ་བའི་གོད་ཆགས་ཆེན་པོ་འདི་བྱུང་ཡོད་པ་རླུང་བུ་རྒྱུ་ཕྱོགས་སུ་འཁུར་བའི་སྐད་ཆ་ལྡོམ་པོ་ཙམ་ཞིག་མིན་པའི་ངེས་པ་གསལ་བོར་རྙེད་ཐུབ་པ་བྱ་རྒྱུ་ནི་རིག་གནས་དང་དམག་དོན། དཔལ་འབྱོར་སོགས་ཕྱི་ནང་གི་དཔལ་ཡོན་སྲིད་རྩེ་ན་མེ་དཔུང་བཞིན་འབར་བའི་དུས་རབས་འདིར་ང་ཚོར་ང་ཚོས་རང་ཉིད་ཀྱི་གནས་བབས་ངོ་ཐག་ཆོད་པར་དུས་རབས་ཀྱིས་གསེང་མཐོར་སྒྲོག་པའི་ཞེན་བསྐུལ་དང་བློས་བསླངས་ཡིན།
ང་ཚོའི་གནས་བབས་འདིར་བློ་རྣལ་ལ་ཕབས་ཏེ་བསམ་བློ་ཞིབ་མོ་ཞིག་བཏང་བ་ཡིན་ན། གཞིས་སྡོད་དང་བྱེས་གྱར་ཅེས་སྡེ་ཁག་གཉིས་སུ་གྱེས་ཏེ་རང་འདོད་དུ་འཚོ་བའི་ཕུན་ཚོགས་ལ་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པར་ཁྱི་བཞིན་གཞན་ངོ་བསྲུུང་བ་དང་བཙན་འདུལ་དང་གཉའ་གནོན་གདུག་རྩུབ་སོགས་ཀྱི་སྐྱུར་དྲི་ཁོ་ན་མྱངས་ཏེ་འདུག་དགོས་པའི་གནས་བབས་འདི་ནི་ཅི་འདྲའི་ཐོབ་འབྲས་མེད་པའི་རྣམ་སྨིན་ཞིག་རེད་ཨང༌། རང་ཡུལ་ལས་བྲལ་དགོས་བྱུང་བ་དང་རང་ཉིད་ལ་བདག་དབང་དང་བྲལ་བ་ཙམ་མིན་པར་རང་ཉིད་རྩ་སྟོང་དུ་འགྲོ་བ་འདི་ནི་རང་ཅག་རྣམས་དངངས་འཚབ་སྐྱེ་དགོས་པ་དང་དྲན་ཤེས་བརྟན་པོ་རྙེད་དགོས་པའི་ལོ་རྒྱུས་འགྲོས་སུ་གོད་ཆགས་བྱུང་བའི་རང་རེའི་གནས་བབས་ཀྱི་གདོང་རིས་ངོ་མ་ཡིན་པ་ཤེས་དགོས་རྒྱུ་ནི་གོང་དུ་བརྗོད་པ་བཞིན་རང་ཅག་མི་རབས་འདིར་དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་དང་པོའོ། །
༢༽ གནས་བབས་ལ་སེམས་བཞིན་རང་ནུས་རྩལ་དུ་བཏོན་ཏེ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་བརྩོན་རྒྱུ་ནི་ང་ཚོར་དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་གཉིས་པ་ཡིན། དེ་ཡང་དུས་རབས་ཀྱི་ཞེན་སྐུལ་ལ་ཡིད་འཇོག་བྱས་ཏེ་རང་རེའི་གནས་བབས་ཀྱི་ངོ་བོ་ཡོངས་སུ་རྫོགས་པའི་སྣང་བརྙན་དེ་བློ་ངོར་བསྐྱེད་རྗེས། གནས་བབས་ཡ་ང་བ་དེར་བསྒྱུར་བཅོས་གཏོང་བའམ་མགོ་རྟིང་བསློག་སླད་རང་ནུས་རྩལ་དུ་བཏོན་ཏེ་བཅོས་བསྒྱུར་འདིའི་ཕྱོགས་སུ་གོམ་པ་སྤོ་རྒྱུ་ནི་རང་ཅག་རྣམས་ལ་མཚོན་ན་དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་གཉིས་པར་སྐབས་འདིར་ངོས་འཛིན་བྱེད་ཆོག
ཁག་གཉིས་སུ་གྱེས་པའི་སྡེ་ཚན་(གཞིས་ལུས་དང་བྱེས་གྱར།)གྱི་ངོ་བོ་འདི་གཅིག་གྱུར་དང་སྐོམ་པ་ཆུ་འདོད་ལྟར་རེ་བའི་རང་དབང་ལོངས་སྤྱོད་གྱི་འདོད་དོན་མངོན་དུ་འགྱུར་སླད་ཕྱོགས་ཀུན་ནས་འབད་པ་ཆེན་པོ་བསྐྱེད་རྒྱུ་ནི་ང་ཚོ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཉག་ཅིག་ཡིན་ཏེ། དེ་ཡང་ང་ཚོ་རང་སྟེང་ན་ཞན་པའི་ནུས་ཤུགས་ཤིག་ནི་རྒྱལ་སྤྱིའི་དཔལ་འབྱོར་རིག་གནས་དང༌། དེང་རབས་ཚན་རྩལ་རིག་གནས། ཆབ་སྲིད་ཤེར་རྟོགས་རིག་པ་སོགས་ཀྱི་ཚད་གཞི་ཧ་ཅང་ཞན་པ་དཔེར་ན་ཟུངས་ཟད་ཀྱི་ནད་པ་ལྟ་བུ་ཞིག་ཡིན་པ་འདི་རེད།
འདིའི་ངོ་བོར་བསྒྱུར་བཅོས་ཀྱིས་ཡར་ཐོན་ཕྱོགས་སུ་གོམ་ཞེང་ཆེན་པོ་སྤོ་རྒྱུ་ནི་དོན་དམ་གྱི་རྒྱལ་ཁ་ཞིག་འཐོབ་པར་ངེས་དགོས་པའི་ཆ་རྐྱེན་དང་གཞི་རྩ་ཡིན་པ་ནི་ད་ལྟ་ཆབ་སྲིད་དཔལ་འབྱོར་ཚན་རིག་བཅས་དར་འཕེལ་ཤིན་ཏུ་སྐྱེན་པའི་འཛམ་གླིང་སྤྱི་ཚོགས་ཀྱི་གནས་སྟངས་དང་འགྱུར་ལྡོག་ལ་བསྟུན་ཏེ་དུས་རབས་ཀྱིས་ང་ཚོར་བསྐུལ་བའི་བློས་སླངས་གསར་པ་ཞིག་ཡིན་པས། གནད་དོན་འདི་དག་གི་སླད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ནི་རང་རེ་ཁ་བ་ཅན་གྱི་མི་རིགས་འདིའི་གོད་ཆགས་ཀྱི་རྨ་ཁ་གསོ་བའི་སྨན་མཆོག་ཏུ་ངེས་པར་ཤེས་གལ་ཆེ་སྙམ། ང་ཚོར་རང་དབང་དང་ལོངས་སྤྱོད་འདང་ངེས་ཙམ་ཡོད་པས་ཚིམ་ཐབས་མེད་དེ། ང་ཚོར་ཡང་ཡར་རྒྱས་སོང་ཟིན་པའི་རྒྱལ་ཁབ་དང་མི་རིགས་གཞན་དག་ཇི་བཞིན་ཆེས་མཐོ་བའི་རང་དབང་དང་ཆེས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དགོས་པའི་རེ་བསྙེག་བྱེད་དགོས། དེ་དག་ཡོད་ཚད་ཐོབ་པའི་རྒྱལ་ཁའི་ཕྱོགས་སུ་རིགས་ཞེན་གྱི་ལ་རྒྱ་དང་ཞེན་མེད་ཀྱི་སྤོབས་པ། ཡིད་བརྟན་འཕེར་བའི་གདེང་ཚོད་བཅས་སེམས་ངོགས་སུ་གཅིག་ཏུ་བསྒྲིལ་ཏེ་གོམ་པ་སྤོ་ཐུབ་པ་བྱུང་ན་འུ་ཅག་ཚང་མ་རྟག་བརྟན་ཀྱི་རྒྱལ་ཁ་དེ་དང་རྒྱང་ཐག་མི་རིང་ཞེས་དུས་རབས་ཀྱིས་ཞེན་སྐུལ་སྒྲོག་པ་ཚོར་དགོས།
༣༽ མཇུག་མཐའི་གླེང་སློང་ཐོར་བུ། འདིར་བདག་གིས་དུས་རབས་ཀྱིས་བསྐུལ་བའི་བློས་བསླངས་གསར་པ་ཞེས་པ་འདི་ཐོལ་བྱུང་དུ་བྲིས་པའི་བརྒྱུད་རིམ་ལས། དུས་རབས་དང་ལོ་རབས་རིམ་འདས་ཁྲོད་འཛམ་གླིང་ཡོངས་ཀྱི་ངོ་བོ་སྟེ་ཕྱི་ནང་གི་དཔལ་ཡོན་འཕེལ་རྒྱུས་མགྱོགས་ཤིང་འགྲན་བསྡུར་གྱི་འཚང་ཁ་ཤིན་ཏུ་སྟུག་པའི་སྐབས་འདིར་ཡང་རང་རེ་རྣམས་ལ་བདག་དབང་དང་ལོངས་སྤྱོད་མེད་པར་མགོན་མེད་ཀྱི་དྭ་ཕྲུག་ལྟ་བུའི་གནས་སྟངས་ཉམས་ང་བ་ཞིག་ཏུ་ལྷུང་ཡོད་པ་ཤེས་རྟོགས་བྱུང་སླད་དུས་ཚོད་ཀྱི་གོམ་འགྲོས་དང་གནས་བབས་ལ་ཡིད་འཇོག་ནན་མོ་བྱ་རྒྱུ་དང༌། སྐྱི་གཡའ་བའི་གནས་བབས་དང་གོད་ཆགས་ཡོད་ཚད་ཀྱི་རིམ་པ་གོ་བསྒྲིག་སྟེ། བསྐྱར་དུ་རང་ཁེ་འབད་བསྒྲུབ་ཀྱི་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་ལུས་ཤུགས་དང་ཀླད་ཤུགས་ཀྱི་ངལ་རྩོལ་ལ་གཞོལ་ཏེ་བདག་དབང་སླར་གསོ་དང་གནས་བབས་ལེགས་བཅོས་ཡོང་བར་དུས་རབས་རིམ་འདས་ཀྱིས་སྒྲོག་པའི་ཞེན་བསྐུལ་ལ་སྣང་འཇོག་བྱས་ཏེ། འགྱེལ་ས་ནས་སླར་ལངས་པའི་ནུས་ཤུགས་འདོན་པའི་རེ་བསྐུལ་དང་བློས་བསླངས་འདི་འགྱུར་ལྡོག་སྐྱེན་པའི་སྤྱི་ཚོགས་ཀྱི་ངོ་བོར་དུས་རབས་ཀྱིས་བཅོལ་གདམས་བྱེད་པའི་སྣང་ཚུལ་ཏེ་རང་རེ་བོད་ཀྱི་གནས་བབས་དང་སྦྱར་ཏེ་འབྲི་ཁུལ་བྱས་པ་དགེ་གྱུར་ཅིག། །།
ཞན་ཆ།
གཞེས་(གཞིས)སྡོད། རང་ཡུལ་ལ་(དང༌། ལས་)བྲལ་དགོས་བྱུང༌། ལོངས་སུ་(སྤྱོད་)པའི་ཐོབ་ཐང་མེད། རང་ཉིད་ལ་བདག་(དབང་)དང་བྲལ་བ། མི་རིགས་གཞན་དག་(ཇི་)བཞིན། ཡིད་(ཡོད)དོ་ཅོག གནས་ཏོན(དོན) ང་འཚོར(ཚོར) རྒྱུད་(བརྒྱུད་)རིམ། ན་ཟུག་ཞིག་(ཅིག)
གཞན་དབང།
འཕྲིན་ལས་དབང་ཕྱུག ཅོང་ཏ་ར། (ཨང་གསུམ་པ)
༄༅། །བདག་གི་བསམ་པ་ལ་མི་རྣམས་ཀྱི་གཟུགས་པོའི་སྟེང་གི་དབུ་ཞེས་པའི་ནང་འདིར་ཚིག་འདི་རི་བོང་གི་རྣ་ཅོག་ནང་འབྲུག་གི་སྐད་སྒྲ་ཐོས་པ་ནང་བཞིན་འཛུལ་ཡོད་ཤག་རེད། སའི་གོ་ལའི་སྟེང་སེམས་ཅན་གྲངས་མེད་ཡོད། སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པ་སྨྲ་ཤེས་དོན་གོ་བའི་མི་ཞིག་ལ་འདི་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཡང་ན་བདེ་བ་ཞེས་པ་འདི་ནི་གཞན་དབང་ནས་རག་གི་ཡོད་པ་རེད། ཡང་ན་བདེ་བ་འདི་སོ་སོའི་རང་ཉིད་ཀྱི་དབང་གི་ངང་རག་གི་ཡོད། ཁོ་བོའི་བསམ་པ་ལ་དྲི་བ་འདི་གཉིས་ནི་མི་ལ་ཆུ་དགོས་པ་ལྟར་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག
སྔོན་ཨ་རི་ཞེས་པ་འདི་འཛམ་གླིང་ས་ཁྲའི་སྟེང་མཐོང་རྒྱུ་མེད། འདི་ཡང་སྔོན་དབྱིན་ཇིས་ས་ཆ་རེ་བཟུང་སྟེ་འདིའི་ནང་དབྱིན་མི་བཏང་བ་རེད། འདིའི་ནང་སྡོད་མཁན་གྱི་མི་རྣམས་ལ་རང་དབང་མེད་པ་དང་དཔྱ་ཁྲལ་ཤིན་དུ་མང་བ་ཞིག་དབྱིན་ཇིའི་གཞུང་ལ་འབུལ་དགོས་ཀྱི་ཡོད་པར་སོང་ཙང་འདིར་སྡོད་མཁན་མི་རྣམས་ཀྱིས་རིམ་བཞིན་དབྱིན་ཇིའི་གཞུང་ལ་ངོ་རྒོལ་བྱེད་སྐབས་མི་ཞིག་གིས་སྨྲས་ཡོད། མི་ཞེས་པ་འདི་ཆུང་དུས་སྐབས་ནས་རང་དབང་ངང་སྐྱེས་ཡོད། ཆེན་པོ་ཆགས་དུས་གཞན་གྱིས་མཛུབ་་མོའི་སྟེང་གི་ཨ་ལད་པད་སྐཽར་མིན་ཞེས་སྨྲས། ཁོང་ཚོས་རང་དབང་ཆེད་དམག་ཀྱང་རྒྱབ་ཡོད་པ་རེད། ཁོང་ཚོས་རང་དབང་ཆེད་དཀའ་ལས་ཚད་མེད་རྒྱབ་པ་ལ་བརྟེན་ལོ་མང་པོའི་མཇུག་ཁོང་ཚོ་ལ་འབྲས་བུ་བཟང་པོ་ཞིག་ཐོན་ནས་ད་ལྟ་ཁོང་ཚོའི་མི་ཚེ་འདི་བདེ་སྐྱིད་ངང་འགྲོ་བཞིན་ཡོད་པ་མ་ཟད་འཛམ་གླིང་ནང་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་རེད།
ཁོང་ཚོས་གཞན་དབང་འདི་སྤང་ནས་རང་དབང་ཆེད་དུ་འབད་བརྩོན་བྱས་སྟབས་ཕྱིས་སུ་བདེ་སྐྱིད་ཐོབ་པ་རེད། ངའི་བསམ་པ་ལ་ད་ཁྱེད་རྣམས་ཀྱིས་ཤེས་གསལ་རང་དབང་ཞེས་པ་ག་ཚོད་ཀྱི་གལ་ཆེན་པོ་ཡིན་པ་དང་རང་དང་མིའི་བར་གྱི་འབྲེལ་བ་མཁྱེན་གསལ་རེད། ཡིན་ནའང་གལ་སྲིད་ལུང་པ་ཞིག་སོ་སོ་རང་ཉིད་སྤྱི་ཚོགས་གང་ཡང་ཡར་རྒྱས་གཏོང་མི་ཐུབ་ན་ངའི་བསམ་པ་དེ་ལས་མི་གཞན་གྱི་མཛུབ་མོའི་སྟེང་འགྲོ་ན་ཡག་ཡོད་པ་བསམ་གྱི་འདུག དཔེར་ན་བོང་བུ་ལམ་ལ་མ་སོང་ན་དབྱུག་པ་ཡག་ཤོས་རེད་ལ། དབྱུག་པ་དེ་གལ་ཆེ་ཤོས་རེད། ཡིན་ནའང་སོ་སོ་རང་ཉིད་ཀྱི་ལུང་པ་འདི་ཡར་རྒྱས་འགྲོ་བཞིན་པའི་སྒང་ལ་གཞན་དབང་ངང་མི་ཚེ་བསྐྱལ་རྒྱུ་བྱུང་ན་རང་དབང་ཐོག་འབད་བརྩོན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་ཞིང་ལམ་འདི་མ་གཏོགས་ལམ་གཞན་གང་ཡང་མེད།
རྒྱ་གར་གྱི་གཏམ་དཔེ་ཞིག་ན་རང་དབང་གི་བག་ལེབ་སྐམ་པོ་ནི་གཞན་དབང་གི་ཇ་ལས་ཞིམ་པ་ལྟ་བུ་རེད། དེང་སང་འཛམ་གླིང་གང་སར་ཡར་རྒྱས་འགྲོ་བཞིན་ཡོད་ལ་ཕྱིན་པ་ཡང་ཡོད། དེས་མ་ཚད་ལུང་པ་གང་སར་རང་དབང་གི་རླུང་ལས་དབུགས་གཏོང་བའི་སྐབས་ཐོབ་ཡོད། ལུང་པ་ཆ་ཚང་གནམ་སྟེང་རང་དབང་ངང་འཕུར་བའི་སྐབས་ད་དུང་ཡང་ལུང་པ་ཞིག་གི་གཤོག་པ་ལྕགས་ཀྱིས་བསྡམས་བཞག་ཡོད། མི་ཚང་མར་རང་དབང་ངང་གོམ་པ་རྒྱབ་པའི་སྐབས་ད་དུང་ཡང་མི་ཁ་ཤས་གཞན་དབང་གིས་བསྡམས་ཏེ་གོམ་པ་རྒྱབ་བཞིན་ཡོད། དེ་ལུང་པ་ཚང་མས་ཤེས་གསལ་ལྟར་འདི་ནི་བསོད་ནམས་མེད་པའི་བདག་གི་ལུང་པ་བོད་ཅེས་པ་དེ་རེད།
བོད་ནི་རྒྱ་དམར་ཀླ་ཀློས་སྙིང་རྗེ་མེད་པར་བཙན་བཟུང་བྱས་ནས་གཏོར་སྐྱོན་བཏང་བ་མ་ཚད་ལུང་པ་དེར་མིའི་རོ་དང་ཁྲག་གིས་ཁེངས་ཡོད། བོད་ཅེས་པ་དེ་འཛམ་གླིང་གི་མཐོ་སྒང་ཟེར་མཁན་དེང་དུས་དཔའ་བོ་དཔའ་མོའི་ཕུང་པོའི་རི་ལྟ་བུ་ཞིག་ཆགས་ཡོད། བོད་ལ་གཞན་དབང་གི་སྡུག་བསྔལ་མ་གཏོགས་གཞན་གང་ཡང་སྤྲད་ཡོད་པ་མ་རེད་ལ། ལག་པའི་བག་ལེབ་ཡང་ཧམ་པས་འཕྲོག་ཡོད། གཞན་དབང་གི་བོད་འདི་ཡར་ལངས་མི་བཅུག་པ་དང༌། གདོང་པ་ཡང་རས་དཀར་པོས་བཀབ་ཡོད། རང་ཉིད་གཞན་དབང་འདི་ལས་ཐར་ཆེད་དུ་ཤེས་བྱ་ཡོན་ཏན་ལ་འབད་བརྩོན་གནང་དགོས། ཡིན་ནའང་བོད་ཀྱི་གཏམ་དཔེ་ཞིག་ནང་མི་སུ་འདྲ་ཡིན་རུང་པོ་ཏ་ལའི་ཐོག་ཚད་ལྔ་པའི་ནང་སླེབས་མི་ཐུབ། གལ་སྲིད་ཐོག་ཚད་དང་པོ་ནས་འགོ་མ་བཙུགས་པ་ཡིན་ན། ཡིན་ནའང་ང་ཚོའི་བློ་རྩེ་གཅིག་བསྒྲིལ་ནས་ཤེས་བྱའི་ཐོག་དོ་སྣང་སྤྲད་ན་ངའི་བསམ་པ་ལ་ང་ཚོ་ཡང་ལུང་པ་གཞན་པ་ནང་བཞིན་གོམ་པའི་གང་ལ་གོམ་པ་རྒྱབ་ཐུབ་ཀྱི་རེད་བསམ་གྱི་འདུག
སྔོན་གཏམ་དཔེ་ཞིག་ལ། རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །རང་དབང་ཐོབ་ན་སློབ་སྦྱོང་ལ། །འབད་པར་བྱེད་པ་བདེ་བའི་བདེ། ། ཡིན་ནའང་གལ་སྲིད་ང་ཚོ་ལ་རང་དབང་ཐོབ་ནའང་འདི་བེད་སྤྱོད་གཞན་ཕན་ཆེད་མ་བཏང་ན། ངའི་བསམ་པར་རང་དབང་འདི་ང་ཚོའི་མི་རིགས་མེད་པ་བཟོ་མཁན་གྱི་དུག་ཆགས་ཀྱི་རེད་བསམ་གྱི་འདུག སོ་སོ་རང་ཉིད་རང་དབང་ཐོབ་པ་འདི་ལ་རང་ཉིད་ཀྱི་བདག་པོརྒྱབ་དགོས། མཐའ་དོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོསྐུ་ཚེ་བརྟན་པ་དང་བོད་རང་བཙན་མྱུར་ནས་མྱུར་དུ་ཐོབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།། བོད་རྒྱལ་ལོ།། །།
ཞན་ཆ།
གཞན་གྱི་མཛུག་མོར་(མཛུབ་མོའི་)སྟེང༌། འབྲས་བུ་སྨིན་པ་(བཟང་པོ་)ཞིག་ཐོབ་ནས། འབད་བཙོན་(བརྩོན) ཁྱེད་རྣམས་ཀྱི་བཤད་(ཀྱིས་ཤེས་)གསལ་ལ། རང་དབང་ངང་གོང་(གོམ་)པ་བརྒྱ། བློ་བཙེ་(རྩེ) དུག(སྡུག)ཆགས་ཀྱི་རེད་བསམ་གྱི་འདུག སོ་སོའི་(སོ་)རང་ཉིད། སྨོན་ལམ་ཞུས་(ཞུ་)རྒྱུ་ཡིན། བྱེད་སྒྲ་ལ་འབྲེལ་སྒྲ་བྲིས་པ་མང༌། བྱེད་(བྱས)སྟབས། བྱ་ལས་(ཇ་ལས་)ཞིམ། བོད་ཞེས་(ཅེས)།