ཉམ་ཆུང་བུ་མོ་ཞིག་གི་མི་རིགས་ཀྱི་ཚེ་སྲོག་ལ་འཁྱུད་པའི་རྣམ་ཤེས།
ཚེ་རིང་སྐྱིད། སུ་ཇ་བོད་ཁྱིམ། (ཨང་དང་པོ)
༄༅། །ད་ཕྲུག་རྫུན་མ་ཞིག་གིས་ལས་དབང་ཁྲོད་དུ་སློང་ཕོར་གནམ་ལ་འདེགས་བཞིན་ང་ཚོས་སུ་ཞིག་གི་དངོས་གྲུབ་ལ་མིག་ཟུང་ཅེར་ཡོད་དམ། ཕ་མ་དང་ཕ་ས་རྒྱབ་ཏུ་བསྐྱུར་ནས་ང་ཚོ་སུ་ཞིག་གི་ཆེད་དུ་མི་ཡུལ་འདིར་གནས་ཚང་གཡར་རམ། འཚོ་བ་དང་འགྲུལ་བཞུད་ལ་ཁ་དོག་མེད་པར་སྐྱ་མདོག་གི་འཇིག་རྟེན་ཞིག་ནས་ལས་དབང་གི་རི་མོ་འབྲི་དོན་ཅིའི་ཕྱིར་རེད་དམ། ཅི་ཞིག་ཐོབ་འདོད་པའི་སེམས་པས་མི་ཡུལ་གྱི་འདྲ་མཉམ་དབེན་པའི་སྡོམ་ཞིག་ལ་འཁང་ར་བྱེད་ཞོར་སུ་ཚང་གི་མནར་སྡུག་ཁུར་བཞིན་འཐབ་རྩོད་ལ་འགྲུལ་བཞུད་བྱེད་དམ། ད་དུང་ང་ཚོ་འདི་ལྟར་རང་ངོ་མ་ཤེས་པར་གྲགས་མེད་ངང་འཚོའམ་ཞེས་པའི་གོང་གི་དྲི་བ་རེ་རེ་ཡིས་ལྷིང་འཇགས་ཀྱི་ཁོར་ཡུག་འདི་ནས་སློང་མོ་བ་ང་ལ་མཆི་མ་དང་དབུགས་རིང༌། བློ་འཚབ་དང་བསམ་གཞིགས་སོགས་ཧ་ཅང་མང་པོ་ཞིག་སྤྲད་མྱོང་ལ་ད་དུང་ཡང་མྱོང་བཞིན་ཡོད། དེ་ལས་ཀྱང་སྨྱུག་གུ་ཤོག་ངོས་སུ་བསྒྱུར་ཐེངས་རེ་ལ་མཐོ་སྒང་གི་ཕ་ས་རུ་མུན་ནག་གི་བཙོན་དུ་ཚུད་དེ་རྗེས་ལུས་ཀྱི་ལ་བ་གྱོན་པའི་མ་ཡུམ་ཚོའི་ལས་དབང་ལ་འོ་དོད་དང་གདུང་འབོད་རེ་བྱེད་རྒྱུ་ངའི་གོམས་གཤིས་སུ་གྱུར་ལ་མི་རིགས་ཀྱི་ཕམ་ཁ་དང་མ་ཡུམ་ཚོའི་རྗེས་ལུས་བར་དུ་འབྲེལ་བ་དམ་ཟབ་ཡོད་པའི་བསམ་གཞིགས་ཀྱང་མང་དུ་བྱས་མྱོང༌།
ཡིན་ན་ཡང་ཕ་ས་མེད་པའི་བུ་མོ་ང་ལ་མཚོན་ན། མ་ཡུམ་མི་རིགས་ཀྱི་ལས་དབང་འདིའི་ཆེད་དུ་ཚེ་སྲོག་གི་དམར་མཆོད་བྱེད་ཐུབ་པ་འདི་རང་བྱུང་གི་ཚོར་བ་ཞིག་ཡིན་ལ་ལུས་ཐོག་ནས་འབྲལ་ཐབས་བྲལ་བའི་དམིགས་བྱ་གཅིག་པུའང་འདི་ལས་གཞན་ཅི། ཆེས་རྒྱང་རིང་གི་ཡུལ་གྲུ་འདི་ནས་ང་ཚོར་ཅི་ཞིག་གི་འོས་འགན་འདུག་གམ། ཐོག་མར་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་གོང་གི་སྙིང་སྲུབས་ལས་ཤོར་བའི་དྲི་བ་དེ་དག་གི་ལན་ཡང་དག་དེ་ཡིན། ཨ་རོགས་ངའི་ཀློག་པ་པོ་ཚོ། གཤམ་ནས་ངས་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་རྩོམ་འབྲིའི་ཆུ་ཚོད་གཉིས་པོ་ལོངས་སུ་སྤྱོད་བཞིན་དཔྱད་བརྗོད་ཀྱི་ཚུལ་དུ་སྙིང་སྲུབས་ལས་རླབས་ཕྲེང་བཞིན་འཕྱོ་བའི་དུས་རབས་འདིའི་འགྲུལ་བཞུད་ལ་ཕྱོགས་པའི་བསམ་ཚུལ་ཙམ་གླེང་ན།
དང་པོ། དུས་བབས་ཀྱི་ཛ་དྲག་ལས་འཕྲོས་པའི་རང་རེའི་མི་རིགས།
ང་ཚོའི་སྤྱི་ཚོགས་འདིར་མཚོན་ན་གོང་བཀའ་བློན་ནས་འོག་མི་སེར་བར་གྱི་བོད་འབངས་ཡོད་ཚད་ཀྱིས་བྱབྱང་ཚཽ་དུས་བབས་ཀྱི་ཛ་དྲག་ལ་འཕྲད་ཡོད་བྱབྱཅེས་བའི་ཚིག་འདི་མ་ནི་བགྲངས་པ་བཞིན་བཟློས་ཀྱིན་ཡོད་པ་ལས་དོན་དངོས་རང་ཉིད་དུས་བབས་ཀྱི་ཛ་དྲག་བཞིན་དུ་འགྲུལ་བཞུད་བྱེད་ཀྱི་མི་འདུག་གོ །ང་ཚོའི་མི་རིགས་ཀྱི་ཛ་དྲག་གནས་བབས་ལས་སྤྱི་ཚོགས་དང་ཁོར་ཡུག་མི་འདྲ་བ་གཉིས་ཀྱི་ནང་དུ་མ་འོངས་གངས་ཅན་གྱི་བདག་པོ་གཞཽན་སྐྱེས་ཚོ་འཚར་ལོངས་བྱུང་བཞིན་ཡོད། གཅིག་ནི་ཕྱི་ལོགས་བཙན་བྱོལ་བོད་གཞུང་དང་གཅིག་ནི་བོད་དུ་ཡོད་པའི་གཞོན་སྐྱེས་ཚོ་ཡིན། རིག་གཞུང་དང་གོམས་གཤིས་སོགས་དེང་རབས་ཀྱི་རྗེས་སུ་འདེད་བཞིན་པའི་བོད་ཕྱི་ནང་གི་གཞོན་སྐྱེས་ཚོ་གསར་བརྗེ་བ་རྐྱང་རྐྱང་ཡིན། འདི་ནི་ཕ་རོལ་པོས་བཙན་གནོན་བྱས་ཏེ་བྱུང་བ་ཞིག་མ་ཡིན་པར་དེང་རབས་གཞོན་སྐྱེས་ཚོའི་ཀླད་པའི་འཚར་ལོངས་རེད། བོད་དུ་ཡོད་པའི་གཞོན་སྐྱེས་ཚོ་རྒྱ་ནག་དམར་པོའི་བསླུ་བྲིད་འོག་ཆང་ཁང་དང་བྲོ་ཁང་དུ་བཟི་ཡོད་ལ་དཔལ་འབྱོར་དང་རྩྭ་་ས་རྩོད་གླེང་གི་ཆེད་དུ་ནང་ཁུལ་དམར་གསོད་བྱེད་བཞིན་ཡོད་ལ་ཐ་ན་རང་ཉིད་ཀྱི་རིགས་མཐུན་སྤུན་ཟླའང་རྒྱ་ནག་དམར་བོའི་བཙོན་ལ་འཚོང་བཞིན་ཡོད།
ད་དུང་ཁོ་ཚོས་མའོ་ཙེ་ཏུང་དང་མར་ལེ་རིང་ལུགས་ཀྱི་ལྟ་བ་མ་གཏོགས་བེད་སྤྱོད་མི་བྱེད་ལ་བྱ་སྤྱོད་ཡོད་ཚད་མི་རབས་སྔོན་མ་ཚོ་དང་བོད་རང་གི་རིགས་གཞུང་དང་གོམས་གཤིས་ལ་རྒྱབ་འགལ་ཁོ་ན་བྱེད། ཁོ་ཚོས་རང་གི་མི་རིགས་ཀྱི་སྐྱོ་གནས་འདི་ངོས་ཟིན་གྱི་མེད་ལ་རང་གི་ཡབ་མེས་ཚོ་གསོད་མཁན་གྱི་ལག་དམར་སུ་ཡིན་ཡང་ངོས་ཟིན་གྱིན་མེད་པའི་མི་རབས་འདི་འདྲ་ཞིག་འཚར་ལོངས་འབྱུང་བཞིན་པ་དང་ང་ཚོའི་བཙན་བྱོལ་བོད་གཞུང་དུ་ཕྱི་གླིང་གི་ལྟ་བ་ལག་བསྟར་བྱེད་བཞིན་ཕྱི་གླིང་གི་སྐད་ཡིག་ངག་ལ་འདྲེན་མཁན་ཐ་ན་རྨི་ལམ་དུའང་ཕྱི་གླིང་གི་ལོངས་སྤྱོད་ཁོ་ན་རྨི་མཁན་ལྟ་བུའི་གཞོན་སྐྱེས་ར་མ་ལུག་གི་མི་རབས་ཤིག་འཚར་ལོངས་འབྱུང་བཞིན་པར་གཞིགས་ཚེ་སླེབས་བཞིན་པའི་ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་ང་ཚོའི་མི་རིགས་ཀྱི་ངོ་བོ་གང་འདྲ་ཞིག་ཏུ་འགྱུར་བར་ངེས་སམ། ངས་འདི་ལྟར་ནམ་ཡིན་ཡང་བསམ་གཞིགས་རྐྱང་རྐྱང་ལ་རྩིས་ཐོ་འགོད་དུས་ང་ཚོ་དངོས་གནས་འཆི་ལ་ཉེ་འདུག ང་ཚོ་ཇི་ལྟར་གསོན་དགོས་སམ་ཞེས་བའི་དྲི་བ་འདི་ཟུངས་ཁྲག་བོད་རིགས་སུ་གཏོགས་པ་ཡོད་ཚད་ཀྱིས་བསམ་གཞིགས་བྱེད་དགོས་བ་ཞིག་རེད་ལ་དྲི་བ་འདི་ལ་བསམ་གཞིགས་བྱེད་ཞོར་མྱུར་སྐྱོབས་ཀྱི་ལས་འགན་ཡང་བོད་རིགས་ལ་གཏོགས་མཁན་བོད་པ་ཚོས་འཚོལ་དགོས།
འདི་ལྟ་བུའི་དུས་བབས་ཛ་དྲག་ཞིག་གི་ཁྲོད་ནས་ང་ཚོས་ང་ཚོ་དུས་བབས་ཀྱི་ཛ་དྲག་ཁྲོད་གནས་ཡོད་པ་མ་རྟོགས་ན་ང་ཚོས་ང་ཚོ་ལ་གུ་ཡངས་དང་ངལ་གསོ་སྤྲད་དེ་རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་གཏོང་བར་ངེས་འདུག
གཉིས་པ། དུས་བབས་ཀྱི་ཛ་དྲག་དང་བསྟུན་ནས་རྩོམ་རིག་གི་ཁ་ཕྱོགས་ཉམས་གུད་དུ་འགྲོ་བ།
གཞིས་ལུས་ཀྱི་རྩོམ་པ་པོ་དང་བསམ་བློ་བ་ཁ་ཤས་ཀྱིས་རྒྱ་ནག་དམར་པོའི་གདུང་རྩེ་རུ་ལངས་ཏེ་རང་ཉིད་ཀྱི་སེམས་ཁོང་གི་ན་ཟུག་ཡོད་ཚད་སྒྱུ་འཕྲུལ་དང་ཤུགས་བསྟན་ཁོ་ནས་སྨྱུག་ཁར་འདྲེན་བཞིན་ཡོད་ལ། བོད་དུ་གཞོན་སྐྱེས་ཚོས་བོད་ཡིག་སྦྱང་ན་དགེ་རྒན་དང་རྩོམ་པ་པོ་མ་གཏོགས་ལས་གནས་ཅི་ཡང་མེད་པས་ཕ་རོལ་པོའི་བཙན་སྐུལ་མི་དགོས་པར་ཁོར་ཡུག་གི་གནོན་ཤུགས་འོག་ཏུ་རང་བཞིན་བོད་ཡིག་མཁོ་མེད་དུ་འགྱུར་བཞིན་ཡོད་པ་ལས་བོད་ཡིག་སྦྱངས་ཏེ་མི་ཚེ་འཁྱོལ་མི་ཐུབ་པ་གཞོན་སྐྱེས་ཚོའི་མི་མཐོང་ལག་ཟིན་དུ་གྱུར་དུས་རང་བཞིན་གྱིས་བོད་ཡིག་སྦྱོང་བའི་བློ་ཞིག་འཁོར་གྱིན་མེད་པ་རེད། ཡོད་པ་ཁ་ཤས་ནི་མི་རིགས་ཀྱི་ཕམ་ཁ་ལ་གདུང་འབོད་བྱེད་མཁན་ཀྱི་རྩོམ་པ་པོ་ཚོ་ཡིན་ལ་ཁོ་ཚོར་རིགས་ཞེན་དཀར་པོ་སྨྱུག་རྩེར་འདྲེན་པའི་དབང་ཆ་དང་སྨྲ་བརྗོད་རང་དབང་གཏན་ནས་མེད།
དེ་བཞིན་དུ་བཙན་བྱོལ་ནང་གི་རྩོམ་རིག་ཁ་ཕྱོགས་ནི་མི་རིགས་ཀྱི་འདས་ཟིན་པའི་ཁྲག་དང་རྣག་གི་ལོ་ཟླ་ལ་འཐབ་རྩོད་མི་བྱེད་པ་དང་རྒྱ་ནག་དམར་པོའི་འཁྱོག་བརྗོད་ལ་ཡ་ལན་མི་སྤྲོད་པར་རང་ཉིད་ཀྱི་ཚོར་བ་ཕྲ་མོ་རེ་ཡིས་ནང་ཁུལ་ལ་ཕྲག་དོག་དང་དགག་ལན་སྤེལ་རེས་བྱེད་མཁན་གྱི་སྨྱུག་གུ་འཛིན་མཁན་ཤ་སྟག་རེད། དཔེར་ན། ཧོར་གཙང་འཇིགས་མེད་དང་ས་དཀར་འོད་ཟེར་ལྟ་བུ། ང་ཚོ་འཚར་བཞིན་པའི་གཞོན་སྐྱེས་མང་པོའང་འདི་ལྟ་བུའི་ཟློས་གར་ལ་ལྟ་བཞིན་རང་བཞིན་གྱིས་སེམས་ཤུགས་ཆག་བཞིན་འདུག་གོ །འདི་ལྟར་རྩོམ་རིག་གི་ཁ་ཕྱོགས་ཉམས་དམས་སུ་གྱུར་ཏེ་མི་རིགས་ཀྱི་ཁྲག་དང་རྣག་གི་ལོ་ཟླ་ལ་འཐབ་རྩོད་བྱེད་མཁན་མེད་པར་རང་ཉིད་ཁོ་ནའི་ཚོར་བ་ཕྲ་མོ་རེ་ཡིས་སྟོང་སྐད་དང་ནང་ཁུལ་ལ་འཁྲུག་རྩོད་ཁོ་ན་སློང་བཞིན་པ་འདི་ཚོ་ཇི་འདྲའི་ཡ་ང་བའི་རང་རེའི་སྤྱི་ཚོགས་ཀྱི་ན་ཚ་ཞིག་རེད་ཨང༌།
ན་ཚ་འདི་སྔོན་ཆད་ནས་ང་ཚོའི་སྤྱི་ཚོགས་ཁྲོད་ཁྱབ་ཡོད་ལ་ད་དུང་ཡང་ན་ཚ་འདི་ལ་ང་ཚོས་གཅེས་སྤྲས་བྱེད་དགོས་སམ། འདི་ལྟར་ང་ཚོས་ཆེས་ཉག་ཕྲ་བའི་བྱ་གཞག་མང་པོ་རྣམ་གཡེང་ངང་དོར་མི་འོས་པར་ང་ཚོས་ཅི་ནས་ཀྱང་ཁ་ཕྱོགས་བསྒྱུར་དགོས་སོ། །
ང་ཚོ་ལ་སྐབས་སུ་བབས་པ་ནང་ཁུལ་ཟིང་སློང་ཙམ་མ་ཡིན་པར་མི་རིགས་ཀྱི་དྲང་བདེན་ལོ་རྒྱུས་སྔོན་དུ་བཞག་སྟེ་འཛམ་གླིང་མི་དམངས་ཀྱི་མིག་ལམ་ལ་བསྟར་དགོས། འདི་ནི་དུས་རབས་འདི་ལ་མི་རིགས་འདིར་མཁོ་བའི་མི་རིགས་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་ཡིན་ནོ།།
གསུམ་པ། དུས་བབས་ཀྱི་ཛ་དྲག་ལས་འཕྲོས་པའི་བོད་རིགས་བུད་མེད་ཚོ་ཡོད་ཚད་རྒྱལ་ཁའི་གླུ་དབྱངས་ཁྲོད་དུ་དུས་རབས་ཉེར་གཅིག་ལ་བསུ་མའི་གླུ་སྒྲ་སྒྲོག་བཞིན་པའི་སྐབས་འདིར་ད་དུང་ང་ཚོའི་མི་རིགས་འདི་ཕམ་ཁ་ཡི་གཡང་གཟར་ཁྲོད་མྱང་ངན་གྱི་འོ་དོད་འབྱིན་བཞིན་གནས་ཡོད། ང་ཚོ་ཇི་ལྟར་ལངས་དགོས་སམ། ད་དུང་དུས་རབས་ཉེར་གཅིག་གི་ལྡེབས་བར་དུ་འཛམ་གླིང་གི་བུད་མེད་འཇིག་རྟེན་གྱི་གར་སྟེགས་ལ་འཐམས་བཞིན་ཡོད་ཀྱང་ང་ཚོའི་བོད་རིགས་ཀྱི་བུད་མེད་ཚོ་སྦྲ་ནག་དང་ལྕི་འདམ། རྩྭ་ཐང་དང་ནོར་ནག་ཁྲོད་དུ་འཚོ་བ་སྐྱེལ་བཞིན་ཡོད། འདི་ཅིའི་ཕྱིར་རེད་དམ། བོད་རིགས་ཀྱི་བུད་མེད་ཚོ་ལ་སྙིང་སྟོབས་མེད་པ་རེད་དམ། བོད་རིགས་ཀྱི་བུད་མེད་ཚོར་འཇོན་ཐང་མེད་པ་རེད་དམ་ཟེར་ན་གཏན་ནས་མ་ཡིན་ཏེ་སྲོལ་རྒྱུན་འབའ་ཞིག་གི་ཁྲོད་དུ་གཉིད་དུ་ཡུར་བའི་མི་རིགས་འདིའི་རྗེས་ལུས་ཁྲོད་ནས་ད་གཟོད་བོད་རིགས་ཀྱི་བུད་མེད་ཚོ་དུད་འགྲོ་ཚོའི་མགོན་སྐྱབས་དང་ཕྲུ་གུ་བཙས་བྱེད་ཀྱི་འཕྲུལ་ཆས་ལྟ་བུ་ལ་ངོས་བཟུང་བ་རེད། ང་ཚོ་འདི་ལྟར་མུ་མཐུད་དུ་བསྐྱོད་དམ། བོད་རིགས་བུད་མེད་ཚོའི་ཕམ་ཁ་འདི་མི་རིགས་ཀྱི་ཕམ་ཁ་དང་བོད་རིགས་བུད་མེད་ཚོའི་རྗེས་ལུས་འདི་མི་རིགས་སྤྱི་ཡི་རྗེས་ལུས་སུ་ངེས་པར་དུ་བརྩི་དགོས།
དེའི་ཕྱིར་ང་ཚོས་ནམ་ཡང་བློ་རྒྱུད་དྲང་ཞིང་གཞུང་རྒྱུད་དྲང་བའི་རླབས་ཆེན་གྱི་མ་ཡུམ་ཚོ་གསོ་སྐྱོང་བྱེད་དགོས། གལ་ཏེ་ང་ཚོ་མུ་མཐུད་དུ་འདི་ལྟར་བསྐྱོད་ན་བོད་རིགས་མི་དམངས་བརྒྱ་ཆ་ལྔ་བཅུ་ཙམ་བུད་མེད་ཚོས་བཟུང་ཡོད་ཚེ་མ་འོངས་པའི་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་སྲིད་དམ། ང་ཚོ་འདི་ལྟར་གཏན་ནས་བསྐྱོད་མི་རུང་བར་ང་ཚོས་ང་ཚཽའི་སྤོ་བཞིན་པའི་གོམ་པ་དང་འགྲོ་བཞིན་པའི་གནས་ཡུལ་བཙལ་བཞིན་པའི་བྱ་བཞག་སོགས་སྔ་ཕྱི་གཉིས་ལ་དཔྱད་རྟོགས་བྱེད་བཞིན་ད་གཟོད་འགྲུལ་བཞུད་དང་འཐབ་རྩོད་བྱེད་དགོས། ང་ཚོས་མ་ཅིག་ལབ་སྒྲོན་ལྟ་བུའི་རླབས་ཆེན་གྱི་མ་ཡུམ་གསོ་སྐྱོང་བྱེད་དགོས་ལ་མ་ཅིག་ལབ་སྒྲོན་གྱིས་མི་ཡུལ་ལ་བཞག་པའི་རྐང་རྗེས་ལ་ང་ཚོས་ཐོད་དུ་བཀུར་འོས།
འདི་ལྟར་དུས་ཚོད་ཀྱི་ཛ་དྲག་ཁྲོད་ནས་ང་ལའང་མུ་མཐུད་དུ་འབྲི་ཁོམ་གྱི་དུས་ཚོད་མེད་པས་གོང་གི་ཚན་པ་དེ་གསུམ་ནི་ངའི་སྙིང་ཁ་རུ་ཟུག་ཡོད་པའི་ན་ཚ་ཡིན་ལ་ན་ཚ་འདིའི་ཆེད་དུ་ངས་ནམ་ཡང་རང་ཉིད་ན་ཚ་ལས་ཐར་བར་འབད་པ་བྱེད་བཞིན་ཡོད། དོ་མཉམ་མ་ཡིན་པའི་འཇིག་རྟེན་གྱི་གར་སྟེགས་སྟེང་ནས་ང་ཚོས་སུ་ལ་འཁང་ར་བྱེད་དམ། ང་ཚོའི་ཕ་ས་སྟེ་པོ་ཏ་ལའི་རྩེ་མོ་རུ་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་དར་དམར་དེ་ནི་ངའི་ཡབ་མེས་ཚོའི་ཟུངས་ཁྲག་ཡིན་ལ་ད་དུང་ང་ཚོའི་སྤུན་ཟླ་མང་པོས་ཡབ་མེས་ཚོའི་ཟུངས་ཁྲག་འཇིབ་མཁན་ལ་ཞྭ་བཞིན་བཀུར་དགོས། ཡིན་ཡང་ང་ཚོས་སུ་ལ་ལེ་བདའ་བྱེད་དམ། དེའི་ཕྱིར་ང་ཚོས་སྐབས་སུ་བབས་པའི་འགག་འཕྲང་རེ་རེ་ལ་རྒྱལ་ཁའི་རྟགས་མ་ལེན་བཞིན་ཆོལ་གསུམ་གཅིག་སྒྲིལ་གྱི་གོམ་པ་མཉམ་དུ་སྤོ་ཡ།
ང་ཚོ་དྲང་བདེན་གྱི་ཕྱིར་དུ་འཚོ་དགོས་ལ་ང་ཚོ་དྲང་བདེན་གྱི་ཆེད་དུ་འཆི་དགོས། ད་དུང་ང་ཚོ་སྨྱུག་རྩེ་ནས་རྒྱལ་བ་རླབས་ཆེན་ཡིན་ལ་སྨྱུག་རྩེ་ནས་ཕམ་པའང་གཟི་བརྗིད་ཡིན་པས་ང་ཚོས་དུས་ནམ་ཡང་རྟག་བརྟན་གྱི་ལ་རྒྱ་སྙིང་ལ་བཅངས་ཏེ་དྲང་བདེན་གྱི་ལམ་ཀར་ཡིད་ཆེས་དང་སང་ཉིན་གྱི་ཉིན་ཞིག་ལ་ཕ་ཡུལ་ཏུ་ལོག་རན་པའི་གྲ་སྒྲིག་བྱའོ།།
དུས་ཚོད་ཀྱི་དབང་གིས་གོ་རིམ་དང་ཡིག་གཟུགས། བསམ་གཞིགས་སོགས་ཡང་དག་པ་ཞིག་མ་བྱུང་བར་དགོངས།།
ཞན་ཆ།
དྭ་ཕྲུགས་རྫུན་མ་ཞིག་གི་(གིས་)ལས་དབང་ཁྲོད་དུ་སློང་བཟེད(ཕོར་)གནམ་ལ་འདེགས་བཞིན། སྐྱ་འདོག་(མདོག) འཆི་(མཆི་)མ། ཨ་རོག(རོགས་) བཟློས་གྱིན་(ཀྱིན་)འགྲུལ་བཞིན་(བཞུད་) ལོ་ངོ་ཉུ་(ཉི་)ཤུ། སྤྲ་(སྦྲ་)ནག གང་འདྲ་ཞིག་ཏུ་གྱུར་(འགྱུར་)སྲིད་དམ། ཡབ་མེས་ཚོའི་ཟུངས་ཁྲག་འཇུབ(འཇིབ་)མཁན། ཤོག་ངོས་བསྒྱུར་ཐེངས་(ཤོག་ངོས་སུ་བསྒྱུར་ཐེངས)བོད་གཞུངས་(བོད་གཞུང་)བྱེད་ཞིང་(བྱེད་བཞིན)ཁོ་ཚོ་དང་རིགས་ཞེན་པ་དཀར་པོ་(ཁོང་ཚོར་རིགས་ཞེན་དཀར་པོ་)འགག་ཕྲེང་(འགག་འཕྲང)
བོད་ཁ་བ་ཅན་གྱི་རྩ་ཆེའི་སྲོག་ཆགས་སྐོར།
ཀུན་བཟང་སྒྲོལ་མ། ལ་དྭགས་བོད་ཁྱིམ། (ཨང་གཉིས་པ།)
༄༅། །ང་ཚོའི་ཕ་ཡུལ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ཀྱི་སྐོར་མདོར་ཙམ་ཞུས་ན། རྩ་བའི་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་རྣམས་ནི་ཡུལ་གྲུ་གཞན་ལ་མེད་པའམ་བོད་དང་ཉེ་བའི་ཡུལ་གྲུ་ཁ་ཤས་ལ་ཉུང་ཤས་ལས་མེད། གངས་ལྗོངས་ཀྱི་སེམས་ཅན་རྣམས་ཡུལ་གཞན་གྱི་སེམས་ཅན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་དང་དེ་དང་འདྲ་བའི་གཟི་བརྗིད་ཀྱང་ཤིན་ཏུ་ཆེན་པོ་ཡོད་པའི་སྲོག་ཆགས་ཤིག་ཀྱང་ཡིན།
སྤྱིར་ང་ཚོའི་ཕ་ཡུལ་ཁ་བ་ཅན་གྱི་ཡུལ་དེ་འཛམ་གླིང་ནང་ས་ཆ་མཐོ་ཤོས་དེ་ཡིན་ལ་སེམས་ཅན་རྣམས་ཀྱང་གྲང་ངར་ཆེ་ས་དང༌། ས་གནས་མཐོ་ས་གངས་རི་དང་སྤང་རི་སོགས་ལ་གནས་རྒྱུ་ཧ་ཅང་དགའ་བོ་ཡོད་པའི་སྲོག་ཆགས་ཤིག་ཀྱང་ཡིན། བོད་ཁ་བ་ཅན་གྱི་སྲོག་ཆགས་རྣམས་ས་དམའ་ས་དང་དྲོ་སར་གནས་རྒྱུ་དེ་ཙམ་དགའ་བོ་མེད་གང་ལགས་ཤེ་ན། སྲོག་ཆགས་དེ་རྣམས་དམིགས་བསལ་གྱི་ལུས་ལ་སྤུ་ཤིན་ཏུ་མང་པོ་ཡོད་པས་ས་གྲང་སར་དེ་ཙམ་འཁྱག་གི་མེད་པས་ཡིན། དེ་རྣམས་ལ་དབྱེ་ན་གཉིས་ཡོད། དེ་གཉིས་ནི་བདག་ཡོད་སེམས་ཅན་དང་བདག་མེད་སེམས་ཅན་རེད།
གངས་ལྗོངས་ཀྱི་བདག་མེད་སེམས་ཅན་རྣམས་ནི་ཡིད་ཏུ་འོང་བའི་སྲོག་ཆགས་ཤ་སྟག་ཡིན། དཔེ་མཚོན་ཙམ་ཞུས་ན་བདག་མེད་སེམས་ཅན་ཤ་བ་ལྟ་བུ་ལ་མཚོན་ན། སེམས་ཅན་དེའི་སྤུ་མདོག་དེ་ཤིན་ཏུ་ཡིད་དབང་འཕྲོག་པ་ཞིག་ཡོད། དེ་ནི་སྤྱིར་སྤུ་མདོག་སྨུག་པོ་ཡིན་ལ་དེའི་དཀྱིལ་དུ་མདོག་དཀར་པོའི་མིག་ཁྲ་ཡོད། སྤུ་མདོག་དེ་ཤིན་ཏུ་མཛེས་པོ་མཐོང་གི་ཡོད། སེམས་ཅན་དེའི་གནས་ཡུལ་གཙོ་བོ་ནི་སྤང་ཡིན་ལ། སྲོག་ཆགས་དེ་ནི་བོད་ཀྱི་བདག་མེད་སྲོག་ཆགས་ནང་ནས་རྩྭ་གཟན་སེམས་ཅན་ཞིག་ཀྱང་རེད། དེ་བཞིན་བོད་ཁ་བ་ཅན་གྱི་བདག་མེད་སེམས་ཅན་ཤ་གཟན་ལ་ཆ་བཞག་ན། སྟག་དང་གཟིག་ལ་སོགས་པའི་སྲོག་ཆགས་དེ་ལྟ་བུ་ནི་འཇིགས་རྔམ་ཆེ་བ་དང་ལུས་སྟོབས་ཆེན་པོ་ཡོད་པ་ཞིག་ཡིན།
དེ་རྣམས་ལུས་ཀྱི་སྤུ་མདོག་ཇི་ལྟར་ཡོད་ཅེས་ན། རྩ་བའི་སྤུ་མདོག་མང་རུང་དེ་ཡི་ནང་ནས་སྟག་གི་སྤུ་མདོག་ནི་ལི་ཝང་སྒང་ལ་ནག་པོའི་ཐིག་འཐེན་པ་ཞིག་དང་གཟིགས་ཀྱི་སྤུ་མདོག་ནི་རྩ་བའི་ལུས་ཀྱི་སྤུ་མདོག་སེར་སྨུག་ཡིན་ལ་དེའི་དཀྱིལ་ལ་ནག་པོའི་སྒོར་ཐིག་ལྟ་བུ་ཡོད་པས་སྤུ་མདོག་དེར་ནག་ཁྲ་ཞེས་ཟེར། སེམས་ཅན་དེ་རྣམས་ཀྱི་གནས་ཡུལ་གཙོ་བོ་ནི་ནགས་ཚལ་ཡིན། གང་ལགས་ཤེ་ན། སེམས་ཅན་དེ་རང་གི་འཚོ་གནས་དེ་ཤ་ལ་བརྟེན་དགོས་དུས་ནགས་ཚལ་སྟུག་པོའི་དཀྱིལ་དུ་རྩྭ་གཟན་སེམས་ཅན་རྣམས་ལ་གནོད་འཚེ་བྱེད་རྒྱུ་ལས་སླ་བ་ཡོད་སྟབས་གནས་པ་ཞིག་ཡིན།
བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ནང་ནས་ང་རང་གི་ཡིད་དུ་འོང་བའི་སེམས་ཅན་ནི་གཡག་ཅེས་པ་དེ་ཡིན། གང་ལགས་ཤེ་ན་གཡག་ཅེས་པའི་སེམས་ཅན་དེ་ནི་ས་གནས་རི་མཐོ་ས་ལ་གནས་མཁན་སེམས་ཅན་ཞིག་ཡིན་ལ། སེམས་ཅན་དེའི་ལུས་ཀྱི་བཟོ་དབྱིབས་དེ་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཡོད་རེད། དེའི་ལུས་ཀྱི་བཟོ་དབྱིབས་ནི་སྟོད་མཐོ་བ་དང་སྨད་དམའ་བ་ལྟ་བུ་ཡོད། སྤུ་མདོག་ལ་དབྱེ་ན་མང་པོ་ཡོད། དཔེར་ན་གཡག་ཁ་ཤས་ཁམ་པ་དང་ནག་པོ། དཀར་པོ། ཁམ་ཁྲ། ནག་ཁྲ། སྔོན་པོ་སོགས་ཡོད། དེའི་ལུས་ཀྱི་སྤུ་སྐྱེ་སྟངས་ལ་ཆ་བཞག་ན་རྐང་པ་གཉིས་ཀྱི་སྨད་ཕྱོགས་ལ་སྤུ་བཟང་བ་དང་ལག་པ་གཉིས་ཀྱི་སྟོད་ཕྱོགས་ལ་སྤུ་ངན་པ་ཡོད། སེམས་ཅན་དེའི་སྒལ་པའི་སྒང་ལ་སྤུ་ཤིན་ཏུ་ཉུང་ཉུང་ཡོད། སེམས་ཅན་དེ་བདག་ཡོད་སེམས་ཅན་ཡིན་དུས་ང་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད། དེར་ཁལ་འགེལ་རྒྱུ་དང་ཞིང་རྨོ་རོགས་སོགས་ལ་ཕན་ཐོགས་ཆེ། གཞན་ཡང་དེའི་རྭ་ཅོས་སྣ་རུ་བཟོ་བྱེད་སོགས་ལ་ཕན་ཐོགས་ཆེ་བས། མདོར་ན་དེའི་ལུས་ཀྱི་ཆ་ཤས་རེ་རེས་ཀྱང་ཕན་རླབས་ཆེ། དེ་ནི་བོད་ཁ་བ་ཅན་གྱི་བདག་ཡོད་སེམས་ཅན་གཅིག་གི་ཕན་ཐོགས་དང་ཁྱད་ཆོས་ཡིན།
གཞན་ཡང་བདག་ཡོད་སེམས་ཅན་ཚང་མའི་ཕན་རླབས་དང་ཁྱད་ཆོས་ནི་ནགས་ཚལ་ཐམས་ཅད་སྨྱུ་གུ་དང༌། རྒྱ་མཚོ་ཚང་མ་སྣ་ཚ་ལ་བཅོས་ནས་བྲིས་ཀྱང་ག་ལ་ཚར། བོད་ཀྱི་བདག་ཡོད་སེམས་ཅན་རྣམས་ཤིན་ཏུ་ཕན་ཐོགས་པ་དང༌། དེ་རྣམས་ཀྱི་ཁྱད་ཆོས་ཀྱང་བཤད་མི་ཚར་བ་ཞིག་ཡོད་ལ། བོད་ལ་གཏེར་སོགས་མང་བ་དང་ས་ཆ་རྒྱ་ཆེ་བ་བཅས་ཡོད་པས་དགྲ་བོ་རྒྱ་དམར་གྱིས་ཧམ་བཟུང་བྱས་པ་ཡིན། ང་ཚོའི་ཕ་ཡུལ་བོད་ཁ་བ་ཅན་གྱི་ཡུལ་དེ་སྔོན་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་ཅིག་རེད། རྗེས་སུ་དུས་ལ་གྱུར་བ་ཕྱིན་པ་དང༌། རྒྱ་དམར་ངོ་ཚ་མེད་པ་ཚོས་ང་ཚོའི་ཕ་ཡུལ་ངོ་མཚར་ཅན་བོད་གངས་ཅན་ལྗོངས་དེ་ལ་བཙན་འཛུལ་བྱས་པ་ལ་བརྟེན་ང་ཚོའི་ཕ་ཡུལ་བོད་ཁ་བ་ཅན་གྱི་ཡུལ་དེ་ལ་བདེ་སྐྱིད་ཀྱི་ཉི་མ་ནུབ་པ་ནས་བཟུང་ཕ་ཡུལ་གྱི་སྲོག་ཆགས་རྩ་ཆེན་རྣམས་ལའང་ཉམས་ཆགས་ཤིན་ཏུ་ཆེན་པོ་བྱུང་བ་རེད། དེ་ཡང་རྒྱ་དམར་ངོ་ཚ་མེད་པས་བོད་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་རྣམས་ལ་གནོད་སྐྱོན་ཚབས་ཆེ་བཏང་ཡོད་པ་ནི། དཔེར་ན་རྒྱ་དམར་ཚོས་སྲོག་ཆགས་རྩ་ཆེན་རྣམས་བསད་ནས་རྩ་མེད་དུ་བཏང་བ་དང༌། ཡང་ཡུལ་གྲུ་གཞན་ལ་རིན་ཐང་ཆེན་པོས་ཚོང་པ་སོགས་དང་གཞན་ཡང་དེ་འདྲ་བའི་གནོད་སྐྱོན་གལ་ཆེན་བྱེད་ཀྱིན་ཡོད། དེ་བཞིན་སྲོག་ཆགས་ཡིད་དུ་འོང་བ་རྣམས་རྒྱ་དམར་གྱིས་གཅན་གཟིགས་ཁང་དུ་བཅུག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་གཞན་ཡང་ཡུལ་གྲུ་འདྲ་མིན་ནས་ཡོང་བའི་མི་རྣམས་ལ་བོད་ཀྱི་རྩ་ཆེའི་སྲོག་ཆགས་རྣམས་བལྟད་མོ་བལྟ་རུ་བཅུག་ནས་རིན་བབས་ལེན་པ་སོགས་རྒྱ་དམར་ཁོ་རང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཡོང་ཐབས་ཀྱི་ཆེད་འགྲེམ་སྟོན་འདྲ་མིན་བྱེད་བཞིན་ཡོད། གཞན་ཡང་ད་ལྟའི་དུས་སྐབས་འདིར་བོད་ཀྱི་བདག་མེད་སེམས་ཅན་མང་ཆེ་བ་རྩ་མེད་དུ་ཕྱིན་པའི་གནས་ཚུལ་འཕྲད་ནས་བོད་ཀྱི་རྩ་ཆེའི་སྲོག་ཆགས་རྣམས་རྫོགས་ལ་ཉེ་བ་ཞིག་ཆགས་ཡོད། དེང་གི་དུས་ལ་ང་ཚོའི་ཕ་ཡུལ་བོད་ཀྱི་སྲོག་ཆགས་མང་ཆེ་བ་རྩ་མེད་དུ་ཕྱིན་ཚར་བ་འདྲ་པོ་ཆགས་འགྲོ་གི་ཡོད་པ་ནི་ང་ཚོས་མཁྱེན་གསལ་རེད། དཔེར་ན་ང་ཚོའི་རྩ་ཆེའི་སྲོག་ཆགས་བྱི་ལ་དོམ་ཞེས་པ་དེ་དང་དེ་འདྲ་བ་གཅིག་ཀྱང་མཐོང་རྒྱུ་མེད་ཧ་ཅང་དཀོན་པའི་གནས་ཚུལ་ནི་གོ་དང་གོ་བཞིན་པ་རེད། གཞན་ཡང་བོད་ཁ་བ་ཅན་གྱི་སྲོག་ཆགས་སྟག་དང་གཟིག་རྣམས་ནི་ཤིན་ཏུ་ཉུང་ཉུང་ཆགས་ཡོད་པ་མ་ཟད་རྩ་མེད་འགྲོ་བཞིན་པའི་དུས་ལ་སླེབས་ཡོད། རྒྱ་དམར་གྱིས་ང་ཚོའི་བོད་ཀྱི་སྲོག་ཆགས་རྣམས་རྩ་མེད་གཏོང་གིན་ཡོད་དུས་ང་ཚོ་བོད་ཀྱི་སྲོག་ཆགས་རྣམས་ལ་བདག་སྐྱོང་དང་རྩ་མེད་མ་འགྲོ་བའི་ཆེད་ལས་འགུལ་འདྲ་མིན་སྤེལ་རྒྱུ་ནི་བོད་མི་ཚང་མའི་ལས་འགན་ཡིན་པ་ནམ་ཡང་བརྗེད་མི་རུང་ངོ༌།། །།
རྩ་ཆེན་བོད་ཀྱི་སྲོག་ཆགས། །ཉིན་བཞིན་ཉུང་དུ་གཏོང་དུས། །
རྒྱ་དམར་ཀླ་ཀློའི་བྱེད་ངན། །བཙན་བྱོལ་བོད་མིས་མ་བརྗེད།
ཁ་བཤད་རང་བཙན་མ་ལེན། །རྡོག་རྩ་གཅིག་སྒྲིལ་གནང་དང༌། །
རྩ་ཆེའི་བོད་ཀྱི་སྲོག་ཆགས། །ཚེ་སྲོག་མྱུར་དུ་སྐྱོབས་དང༌།
ང་ཚོ་བཙན་བྱོལ་བོད་མི། །སེམས་ཤུགས་སྔར་ལྷག་སྐྱེད་ནས། །
བོད་ཡུལ་རྒྱ་དམར་ལག་ནས། །ལེན་པའི་ཐབས་ལ་འབུངས་རོགས།།
ཞན་ཆ།
སོགས་ལས(སོགས་ལ) མེད་བས་(མེད་པས) ཡོད་རེད་པ་ཞིག(ཡོད་པ་ཞིག) ཁྱེད་ཆོས(ཁྱད་ཆོས) ང་ཚའི་(ང་ཚོའི་) ཉུང་རུ་(དུ) སྟགས་(སྟག) བྱིལ་(བྱི་)ལ་དོམ། བལྟད་(ལྟད་)མོ། གཡག་ཞེས་(ཅེས་)
ངའི་བརྗེད་པར་དཀའ་བའི་ཉིན་གཅིག
བློ་བཟང་བསྟན་འཛིན། མ་སུ་རི་བོད་ཁྱིམ། (ཨང་གསུམ་པ)
༄༅། །ནོར་འཛིན་སྒེག་མོས་ཟུར་མིག་གི་མདའ་མོ་འཕེན་བཞིན་མཛེས་སྡུག་གི་སྒེག་ཉམས་ངོམ་དུས། སེམས་ནང་འཆར་སྒོ་འདྲ་མིན་ཇི་སྙེད་ཅིག་ལྷང་ལྷང་དུ་མི་སྟེར་བ་ག་ལ་སྲིད། དེ་ཡང་རྟ་བདུན་དབང་པོའི་འོད་ཟེར་ས་གཞིའི་ཕྱོགས་ལ་འཕྲོས་ཤིང༌། སྔོ་ལྗང་གཡུ་ཡི་གོས་བཟང་བཀླུབས་འདྲའི་སྤང་ལྗོངས་ཀྱི་ཁྲོད་དུ་སེམས་ཁོངས་ཀྱི་ཡོད་ཚད་བསླུ་བར་བྱེད་པའི་མེ་ཏོག་སྣ་ཚོགས་ཚང་ཁ་ཤིག་ཤིག་ངང་རང་ཉིད་ཀྱི་སྟོབས་ཤུགས་དང་འཇོན་ཐང་ངོམ་ཞིང༌། དེའི་ཐོག་གསེར་སྦྲང་གི་ཚོགས་དུ་མས་སྦྲང་རྩི་ལེན་པའི་ལས་ལ་བྲེལ་ཞིང་ཕར་ལྡིང་ཚུར་ལྡིང་གི་མངར་ཟས་ཀྱི་རོ་བཅུད་ལ་རོལ། བྱ་བྱིའུ་རྣམས་ཀྱང་སྙན་འཇེབས་ལྡན་པའི་མགྲིན་རྔ་སྒྲོག་བཞིན་མཁའ་དབྱིངས་ལ་གཤོག་རྩལ་ངོམ། དྭངས་ཤིང་སྔོ་བའི་རྒྱུག་ཆུ་རྣམས་ནི་ཅ་ཅོ་མི་སྒྲོག་པར་དལ་བུར་མདུན་སྐྱོད་ཀྱི་གོམ་པ་སྤོས་པ་དང༌། དེའི་ཉེ་འཁོར་དུ་སྐྱེས་པའི་རྩྭ་ཕྲན་རྣམས་ནི་མགོ་བོ་གཡུག་གཡུག་ངང་ནས་དབྱར་གླིང་ཁ་གཏོང་མཁན་རྣམས་ལ་དགའ་བསུ་བྱེད་པ་དང་ཡོངས་སུ་མཚུངས།
དེ་ལྟ་བུའི་ཁྲོད་དུ་ཕྲན་གྱི་འཛིན་གྲོགས་རྣམས་དང་རྟག་ཏུ་དྲིན་གྱིས་སྐྱོང་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་དང་ལྷན་དུ་རང་རང་གི་ཁྱིམ་ནས་འཁྱེར་ཡོང་བའི་ཟས་རིགས་དུ་མ་དང༌། རྔན་པ། ད་དུངསྐོམ་པ་སེལ་བྱེད་ཀྱི་ཇ་ཆང་ཕུན་སུམ་ཚོགས་པ་དེ་རྣམས་གླིང་ཀ་གཏོང་སའི་སྦྲ་གུར་ཆུང་ངུ་དེའི་ནང་བཞག་སྟེ། རྒན་ལགས་ཀྱི་བཀའ་འཁྲོལ་ཕེབས་པ་དང་སྦྲགས་ལམ་སེང་ཕྱོགས་གང་སར་བསྐྱོད་དེ་རྩེད་དགའི་གནས་ལ་རོལ། ལ་ལ་ནི་རྐང་རྩེད་སྤོ་ལོ་རྩེད་པ་དང༌། ལ་ལ་ནི་རྒྱུག་ཤར་འགྲན་བསྡུར་བྱེད་པ། ལ་ལ་ནི་ཐག་མཆོངས་བྱེད་པ། ལ་ལ་ནི་སྒྲུང་དེབ་ཀློག་པ་སོགས་གང་ལྟར་བརྗོད་ནས་བརྗོད་མི་ཚར་བའི་བྱ་བ་ཅི་རིགས་ལ་འཇུག་བཞིན་མཆིས། དེ་ལྟར་ཟང་ཟིང་གི་ཁྲོད་ཉིན་དགུང་གི་ཞལ་ལག་ཀྱང་གཏོང་འགོ་བརྩམས་ཤིང༌། ཕྲུ་གུ་སོ་སོའི་ལྟོ་ཕད་ལས་ཟས་རིགས་རྣམས་མདུན་དུ་བཤམས་ནས། རང་ཟོ། ཁྱོད་ཟོ་ཞེས་བརྗོད་ཀྱིན་དགའ་སྐྱིད་ཀྱི་སྐད་སྒྲ་དང་བཅས་མཉམ་བཟའ་མཉམ་འཐུང་བྱས།
ཞལ་ལག་གྲུབ་རྗེས་ངང་པའི་ཁྱུ་ཚོགས་པད་མཚོར་འཇུག་པ་ལྟར་ཕན་ཚུན་གཞས་སྣ་དང་རྩེ་དགའི་གནས་ལ་སླར་ཡང་འཛུལ་ཞུགས་བྱས། ཡིན་ན་ཡང་ཕྲན་དང་བརྩེ་བའི་གྲོགས་མཆོག་ཕུར་རྒྱན་ལགས་ནི་རི་རྩེར་ཕྱིན་ཏེ་ཉིན་མོ་དེའི་མཛད་རིམ་ལ་བསྐྱར་ཟློས་ཐེངས་གཅིག་བྱས་པ་དང༌། ཕན་ཚུན་གྱི་སྙིང་གཏམ་ཤོད་རེས་བྱས་ཏེ་སྐར་ཆ་ཁ་ཤས་ཤིག་འདས་ཟིན། དེ་ལྟར་དུས་ཚོད་ནི་རྟ་ཕོ་ལྕགས་ཀྱིས་བསྐུལ་བ་ལྟ་བུར་ཡུད་ཙམ་ཞིག་ལ་རྫོགས་ཏེ། རྟ་བདུན་དབང་པོ་ཡང་འཇིག་རྟེན་གྱི་བྱ་སྤྱོད་དུ་མར་མི་བཟོད་པའི་ཕྱི་མིག་བལྟ་བཞིན་ཆུ་ལྷའི་ཕང་བར་ཡིབ་པ་དང༌། དུས་མཚུངས་རྒན་ལགས་རྣམས་དང་འཛིན་གྲོགས་ཚོས་སོ་སོའི་དངོས་ཆས་རྣམས་བསྡུ་རུབ་བྱས་ཏེ་རང་ཁྱིམ་ལ་མ་འདོད་བཞིན་ལོག་རྒྱུ་ལས་བྱེད་ཐབས་བྲལ། དེ་ནི་ཕྲན་གྱི་ཧ་ཅང་བརྗེད་པར་དཀའ་བའི་ཉིན་གཅིག་ཡིན་ལ། ད་ཆ་སྔར་བྱས་ཀྱི་སྐྱིད་སྣང་ལ་ཕྱི་མིག་ཅིག་བལྟས་ཚེ་ཁྲ་ཆུང་མིག་ལ་མཆི་ཞག་འཁོར་རྒྱུ་ལས་གཞན་བྱ་ཐབས་གང་ཡང་མ་མཆིས། ཀློག་པ་པོ་ལགས། ཁྱེད་རྣམས་ལ་ཡང་དེ་ལྟ་བུའི་བརྗེད་དཀའ་བའི་བྱ་གཞག་འཕྲད་ཡོད་སྲིད་ལ། གལ་ཏེ་དེ་ལྟར་མིན་ན་རྗེས་ཕྱོགས་འཕྲད་རྒྱུའི་སྨོན་འདུན་ཞུ། །
ཞན་ཆ།
སྔོ་ལྗང་གཡུ་ཡི་དོ་རྭ་(གོས་བཟང་)བཀླུབས་འདྲའི། ཚང་ག་བཤིགས(འཚང་ཁ་ཤིག་ཤིག) རྟག་ཏུ་དྲིན་གྱི་(གྱིས་)སྐྱོང་གནང་མཁན། བཀའ་གྲོལ་(འཁྲོལ) འགྲན་ཟླུར་(བསྡུར་)བྱེད་པ་དང༌། ཉིན་དགུང་གི་ཞལ་ལག་ཡང་(ཀྱང་) འཇིག་རྟེན་གྱི་ཆས་སྤྱོད་(བྱ་སྤྱོད་)དུ་མར། འཛུལ་བཞུགས་(ཞུགས་) ཁ་ཤས་ཞིག(ཤིག)