ྋརྒྱལ་དབང་གང་གི་སྙན་དབང་གསོ་བའི་དད་དབྱངས་བུང་བའི་གྲེ་འགྱུར།

 

ནོར་བུ་ཚེ་རིང༌། སུ་ཇ་བོད་ཁྱིམ། (ཨང་དང་པོ)

 

གཞན་ཕན་སྲི་ཞུའི་འཕྱང་འཕྲུལ་རབ་དཀར་བ། །རྣམ་ཀུན་སྐྱེ་རྒུའི་གདུལ་སྐལ་དུས་གཅིག་འདིར། །
ཐོགས་རེག་ཉེ་ཞོ་རྨང་ནས་འདོག་པ་ཡི། །ཀུན་མཐུན་གཙུག་གཏོར་རྒྱལ་བ་གང་དེར་འདུད། །

དྲི་ཟའི་ན་ཆུང་གར་གྱི་འགྱིང་སྟབས་ལ། །རིང་ནས་གོམས་ཤིང་ཕུལ་བྱུང་ཚངས་དབྱངས་གང༌། །
ངག་གིས་འབོད་པ་ཙམ་གྱ་དད་བྱིན་ལས། །བདག་ལ་དངོས་གྲུབ་སྩོལ་ཅིག་དབྱངས་ཅན་ཀྱེ། །

སྔོན་ཚེ་སྤྲེལ་སྲིན་བསྡེབས་པའི་རྣམ་སྨིན་ལས། །ཕྱི་མོ་དྲུག་གི་གདུང་རྒྱུད་ལེགས་སྤེལ་ཏེ། །
ཁྱབ་གདལ་ཆེན་པོ་བོད་ཡུལ་ཕྱུག་མོ་ལྗོངས། །མཐོ་རིས་མེ་ཎ་ཀ་ཡིས་བསྟི་བར་འཛིན། །

ཕྱི་བཞིན་འབྲངས་པའི་ལྟར་མི་མངོན་པའི་གཟི། །ཆོས་རྒྱལ་རིམ་པར་བྱོན་ལས་ལེགས་གྲོལ་ཏེ། །
ལེགས་བྱས་རྟ་བདུན་དཔུང་གི་སྙེམས་པའི་ཟླས། །མགོ་ནག་མི་ཡི་རིགས་ལ་དྲོད་སྣང་བྱིན། །

བཤད་བསྒྲུབ་བསྟན་གཉིས་ཡང་དག་འཇུག་པའི་བློས། །དད་མཐུ་མཚན་ཉིད་བསྐྲུན་པའི་ཀེ་ལ་ཤ །
མངོན་འཕགས་ཏི་སེ་གངས་ཀྱི་ཐོང་ག་ནས། །ལྷར་བཅས་འགྲོ་བ་ཀུན་ལ་ཡིད་འབྱུང་བསྐྱེད། །

རབ་དཀར་ཤམ་བུས་ཐ་ཀུན་བསྐོར་བའི་རྒྱན། །འཇིག་རྟེན་སྤྱི་པའི་ཁྱབ་ལ་ཧ་ཅང་རྒྱན། །
ཉམ་ཆུང་བོད་མིའི་ཁོང་དུ་འཚེར་བའི་རྒྱན། །ཕྱོགས་བཅུའི་མགྲིན་པ་སྟོང་གི་རྒྱན་དུ་ཕྱོགས། །

རིང་མོ་ཞིག་ནས་སྙིང་ལ་བསྙལ་བ་ཡི། །འོ་སྐོལ་དད་གདུང་སྔོན་འདྲིས་བག་ཆགས་ལས། །
རྟེན་འབྱུང་འཚེ་མེད་དབྱངས་ཀྱིས་ཉེར་བསྐུལ་བས། །ངོ་མཚར་སྟོང་གི་སྐལ་བ་རིང་མོ་ཕུད། །

དེ་ནས་རེ་ཞིག་མེས་དབོན་རྣམ་གསུམ་ལ། །གདོང་ལྔའི་འཇིགས་མེད་སྙིང་ལ་རབ་འབྱམས་པས། །
ངོ་མཚར་རྒྱུ་སྐར་ཁྲོད་ཀྱི་འོད་བྱིན་ཏེ། །སྲིབ་ཀྱི་མ་རུང་འབྱུང་བར་སྐད་ཅིག་སྙེགས། །

ཐོན་མི་མཁན་པོ་ཉིད་ཀྱི་བློས་མཛད་པའི། །ཁྱུང་པོ་གཡུ་ཁྲིའི་ཕྱག་སྣ་བོད་སྐད་གཟུགས། །
བརྩམས་ཏེ་གནའ་གཏམ་ཕྲེང་བར་བརྒྱུས་པ་འགའ། །མ་ལུས་གཙང་མའི་བསྟན་བཅོས་ཁུངས་ལ་བཀལ། །

དེའི་དུས་ན་ཡང་བཙན་པོའི་མངའ་ཐང་ངམ། །དགེ་བ་ཁོང་དུ་ཆུད་པའི་བྱང་སེམས་ཀྱིས། །
དུས་གསུམ་སྣོག་པ་བྲལ་བའི་རྡོ་རིང་གསུམ། །བོད་རྒྱ་དགེ་སྡིག་བར་ལ་མཁར་བརྩེགས་བསྐྲུན། །

འདས་སོང་ངོ་མཚར་བགྲང་གིས་མི་ལང་ཡང༌། །དེ་ལྟར་ཡུན་རིང་ཕྱིས་སུ་བསྣར་བ་ན། །
བོད་བསྟན་བསྣུབས་པའི་རྒྱ་མཚོའི་ཀློང་འབབ་ཀྱང༌། །འགྲོ་བའི་དེད་དཔོན་རྒྱལ་བ་གང་ཉིད་བལྟམས། །

བསྐལ་བའི་མེ་དཔུང་རྒྱས་འདྲའི་སྙིགས་མ་ལྔའི། །མི་འདོད་ཀུན་འབྱུང་ཉེ་བར་ལྷགས་པ་ན། །
ཉེར་འཁྲུངས་རྣམ་འདྲེན་གང་གི་མཆོག་སྤྲུལ་བརྗིད། །མི་བསྲུན་ལངྒའི་ཚོགས་ལ་དྲེགས་ཟིལ་སྦྱིན། །

བདག་ཉིད་ཆེན་པོའི་གར་གྱི་རྒྱས་བཏབ་སྐུ། །འཛམ་གླིང་རྒྱལ་བའི་ཁྲི་ཡི་འཕང་བ་རུ། །
འགྱིང་ཏེ་འགྲོ་ཚོགས་རབ་རྒྱས་སྐྱེད་མོས་ཚལ། །རྣམ་དག་ཚོར་བས་སྐུ་ལོང་དབང་མེད་བསྐུལ། །

རྒྱ་མཚོའི་མཇིངས་ཆེན་རོལ་བའི་ཐུགས་བསྐྱེད་རྩི། །ཐུབ་རྣམས་འབད་པས་ཆར་ལ་རབ་བསྙིལ་བས། །
འགྲོ་རྣམས་སྒོམ་པ་ཐང་གི་སྐྱེ་དངོས་ལས། །དཔྱིད་ཀྱི་དགའ་སྟོན་སྣང་ངོར་ལྷུག་ལྷུག་འབབ། །

ཉམས་མེད་བདེ་ཆེན་བྱིན་རླབས་འབྱམས་ཀླས་གསུང༌། །དཔྱིད་ཀྱི་རྒྱལ་མོའི་སྤྲུལ་ངག་ལས་དྲངས་ཏེ། །
མཁྱེན་རབ་རྟོགས་པའི་གྲུབ་མཐའ་ལུང་རིགས་ཀུན། །འགྲོ་རྣམས་དད་པའི་སྙིང་ལ་རབ་ཏུ་སིམ། །

རྐང་གཉིས་པ་ཀུན་དགོད་པའི་རྩེ་དགའ་རུ། །བྱམས་ཀྱིས་བསླངས་པའི་འཇིག་རྟེན་གཞུག་མའི་གཤིས། །
ཀུན་ནས་སྤྱོད་པ་བྱང་ཕྱོགས་གནོད་སྦྱིན་འབྱོར། །རྗེས་ཆགས་དེ་རྣམས་དགོངས་པའི་ངང་བར་འཛུམ། །

མུན་སྨག་རྒྱང་ན་རྒུད་པའི་ཐན་སྒྲོག་འགའ། །མངོན་སུམ་སྤྱི་པའི་ལུགས་ལ་མི་རྟོན་པར། །
དྲིན་གྱི་རེག་བྱ་རླུང་གིས་གཏོར་ན་ཡང༌། །མཆོག་ཏུ་འཛིན་པའི་རང་སེམས་ཇི་ལྟར་འདུལ། །

འདི་ལྟར་སྤྱོད་པས་ྋགོང་ས་གཙུག་གི་གཉེན། །བདག་ཅག་ཉམ་ཆུང་ཐ་མའི་མཛའ་བར་བསྟེན། །
དུས་ཀུན་གཡེལ་མེད་མཛེས་བརྙན་ཤར་བའི་སྐུ། །གཞོམ་ཞིག་ཡོངས་སུ་བྲལ་བའི་ཞབས་བརྟན་གསོལ། །

རྗེས་བརྩེའི་ཤམ་བུ་ལེགས་འཁྱུད་དགེ་བའི་གནད། །འགྲོ་ལ་སྟོན་པའི་དུས་གསུམ་སེམས་འཆིང་སྟེ།།
རྗེས་འཛིན་རྟག་བརྟན་བཀྲ་བའི་རྟ་ལྗང་འོད། །མཆོག་ཏུ་སྤྲོ་བའི་བཀའ་དྲིན་སྐྱོང་བར་མཛོད།།
སྤྱི་ཟླ་ ༨ ཚེས་ ༣༠ ཉིན།

ཞན་ཆ།
བདག་ལ་རེམ་པར་(དངོས་གྲུབ)མཛོད་ཅིག(སྩོལ་ཅིག) མ་ལུས་གཙང་མར་(མའི་)   གཞོམ་གཞིགས(གཞིག) འཆིང་ཏེ་(སྟེ) ལྷག་(ལྷར)བཅས། འབྱམས་གླས(ཀླས) དགོངས་བ(པ)

 

དུས་རབས་ཉེར་གཅིག་པ་འདིའི་ནང་ཆོས་དགོས་མཁོ་ཆེ་བ།

 

བློ་བཟང་ཕུན་ཚོགས། སེར་བྱེས་སློབ་གྲྭ (ཨང་གཉིས་པ)

༄༅། །སྤྱིར་དུས་རབས་འདིའི་ནང་ཚན་རིག་གི་རིག་རྩལ་ཧ་ཅང་འཕེལ་རྒྱས་ཕྱིན་པའི་རྐྱེན་གྱིས་མིའི་འཚོ་བའི་ནང་དུ་ཕྱི་ཡི་དངོས་པོའི་ཐོག་ནས་ཕན་ཐོགས་ཤུགས་ཆེན་བྱུང་བ་ནི་སྨོས་མི་དགོས། འོན་ཀྱང་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་དུ་བརྒྱ་ཆ་དགུ་བཅུ་ཙམ་ཞིག་ཕྱི་ཡི་དངོས་པོ་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་ནས། ནང་སེམས་སུ་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་ཞིག་ཡོང་ཐུབ་ཀྱི་མེད། ནང་སེམས་སུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་རང་གཞན་གཉིས་ཀའི་རྩ་ཆེན་གྱི་དངོས་པོ་ཞིག་ཡིན། དེའི་ཕྱིར་དེ་འདྲའི་རྩ་ཆེན་གྱི་ཅ་དངོས་དེ་བསྒྲུབ་པ་ལ། རྒྱུ་ཞིག་ལ་བརྟེན་ནས་འབྲས་བུ་དེ་སྒྲུབ་དགོས་པས། རྒྱུ་མེད་རྐྱེན་མེད་ལས་བྱུང་བའི་དངོས་པོ་ཞིག་ཤེས་བྱ་ལ་རྙེད་མི་སྲིད། རྒྱུ་མཚན་དེའི་ཕྱིར་གང་ཟག་སོ་སོའི་བདེ་བ་འདོད་པའི་རྒྱུ་ཞིག་འཇོག་དགོས་པས། དགེ་བ་ཞིག་མ་གཏོགས་མི་དགེ་བ་ཞིག་འཇོག་ན་རྒྱུ་མི་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་ཡིན་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་དགོངས་དང་འགལ་བས། ཁོང་གི་རྣམ་ཀུན་བཀའ་སློབ་ནང་ང་རང་ཚོས་ལས་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་སྲུང་དགོས་པས། དེ་བྱུང་ན། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང༌། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་བྱུང་བ་ནི་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གཙོ་བོ་དེ་ཡིན་ཞེས་གསུངས་ཡོད།
ང་རང་ཚོའི་འབྲས་བུ་བདེ་བ་ལ་རྒྱུ་རྐྱེན་དགེ་བ་ཞིག་བསྟེན་དགོས་པས། དེ་འདྲ་བ་དགེ་བ་དེ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་དང༌། ནང་པ་སངས་རྒྱས་པའི་ཆོས་ལུགས་དང་མཐུན། ནང་སེམས་སུ་ཞི་བདེ་ཡི་འཚོ་བ་དང་ལྷིང་འཇགས་སམ་བག་ཕེབས་ཡོང་བ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་མ་གཏོགས་གཞན་ལྟ་གྲུབ་རྣམས། གུས་པས་ཆོས་ཀྱི་ཞེན་ཁོག་མ་ཡིན་ཡང༌། ནང་སེམས་སུ་ཕན་ཐོགས་མི་ཡོང་བའི་བསམ་པ་རྒྱུན་དུ་ཡོད། གང་ལགས་ཟེར་ན་འཛམ་བུ་གླིང་འདིའི་སྒང་དུ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དེ་རྣམས་དབྱེ་ན། དེ་ཕྱིའི་གྲུབ་མཐའ་དང༌། ནང་གི་གྲུབ་མཐའ་གཉིས་སུ་དབྱེ་དགོས།
དང་པོ་ཕྱིའི་གྲུབ་མཐའ་ནི་ཕྱི་རོལ་མུ་སྟེགས་པའི་བསྟན་པ་རྣམས་འཇོག་དགོས་པས། དེ་རྣམས་ཀྱིས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། གཞན་ལ་བྱམས་བརྩེ་དོར་བའི་དམར་མཆོད་ཀྱི་ལས་ལ་ཞུགས་པའི་ཆོས་ཡིན་པས། ཆོས་འདི་བརྟེན་ན་འབྲས་བུ་སྡུག་བསྔལ་ཞིག་མ་གཏོགས་བདེ་བ་མི་འགྲུབ་པ་ནི་ཁོ་བོས་གོང་དུ་བཤད་ཟིན། འོ་ན། ནང་སེམས་ལ་བདེ་སྐྱིད་ཡོང་བ་ལ་ཐབས་གང་ལ་འབད་དགོས་ཟེར་ན། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཁོ་ན་ལ་རག་ལས། སངས་རྒྱས་ཀྱི་ཆོས་ལ་ནང་ཆོས་ཟེར།
ནང་པ་ཟེར་བ་ནི། ནང་སེམས་འདུལ་བའི་ཐབས་ཤེས་གཙོ་བོ་ཡིན། །ནང་སེམས་འདུལ་བའི་ཐབས་དེ་ལ་འབད་ན་སེམས་བཏུལ་ཐུབ་གང་ཟག་དེའི་རྒྱུད་ལ་བྲལ་ཐབས་མེད་པའི་བདེ་སྐྱིད་དང་ཞི་བདེ་ཡི་འཚོ་བ་དེ་ཡོད། རྒྱུ་མཚན་དེ་ཡི་ཕྱིར། །དུས་རབས་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པ་ནང་བཞིན། ནང་སེམས་སུ་ཞི་བདེ་དང་བདེ་སྐྱིད་ཡོང་ཐབས་ཆེད་རྣམ་ཀུན་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་ཆོས་ཀྱི་གནད་དོན་ཐོག་དཔྱད་པ་གསུམ་གྱི་སྒོ་ནས་བརྩོན་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།
དེའང༌། ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་པ་ལ་དང་པོ་སྐྱབས་འགྲོ་ངེས་པར་དུ་དགོས་པས། དཔེར་ན་ཁང་པའི་ནང་འཛུལ་བ་ལ་སྒོ་ཡི་ནང་འཛུལ་དགོས་པ་ནང་བཞིན། ནང་ཆོས་སྦྱང་པ་ལ་སྐྱབས་འགྲོ་སྒོ་ལྟ་བུ་ཡིན་པས་ནང་ཆོས་མ་སྦྱང་པའི་སྔོན་དུ་སྐྱབས་འགྲོ་ངོས་བཟུང་དགོས།
སྐྱབས་འགྲོ་ཞེས་པ་ནི། རང་ཉིད་སྐྱབས་སུ་འགྲོ་བའི་ཡུལ་འདི་ཕྱིའི་ལེགས་ཉེས་ཐམས་ཅད་ཀྱི་མགོན་སྐྱབས་བཅོལ་བ་ནི་སྐྱབས་འགྲོ་ཡིན། ནང་པ་སངས་རྒྱས་པའི་སྐྱབས་འགྲོ་ཟེར་བ། དཀོན་མཆོག་གསུམ་སྟེ། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་གསུམ་ཡིན་པས་ཡུལ་དེ་དག་ལ་སྐྱབས་སུ་སོང་ན། ཚེ་འདི་དང་སྐྱེ་བ་ཕྱི་མའི་ཕན་བདེ་མཐའ་དག་འབྱུང་བར་མ་ཟད་མཐའ་ན་འཁོར་བ་དང་ངན་སོང་གི་ཕ་མ་སེམས་ཅན་རྣམས་སྐྱབས་ཐུབ་པའི་སྐྱབས་རྣམ་པར་དག་པ་ཡིན། འཇིག་རྟེན་པའི་ལྷ་ལ་སྐྱབས་སོང་ན།  ཡུལ་དེ་རང་ཉིད་འཁོར་བའི་འདམ་ལས་མ་གྲོལ་བས་གཞན་སྐྱབས་མི་ཐུབ་པ་ནི། དཔེར་ན། མི་གཉིས་འདམ་དོང་ནང་ལྷུངས་ཏེ་སྡུག་བསྔལ་མྱོང་བའི་སྐབས་གཅིག་གིས་གཅིག་སྐྱོབས་མི་ཐུབ་པ་བཞིན་ནོ། །སྐྱབས་གཞན་དཀོན་མཆོག་གསུམ་ནི་ཚེ་འདི་དང་ཕྱི་མའི་སྐྱབས་གནས་བསླུ་བ་མེད་པ་ཡིན་པས་སྐྱབས་གནས་དེར་སྐྱབས་སུ་སོང་ནས་ནང་ཆོས་བསླབ་ན། ཤ་ཐོག་མར་ཟེར་བའི་དཔེ་ལྟར། རང་ཉིད་ཀྱིས་ནང་ཆོས་ཡང་དག་པ་ཞིག་ཤེས།
གཙོ་བོ་སངས་རྒྱས་ཀྱི་གསུང་རབ་ལ་དབྱེ་བ་གསུམ་སྟེ། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད། །བཅས་གསུམ་དུ་གྲངས་ངེས། ནང་པ་སངས་རྒྱས་པའི་ལྟ་བ་ནི། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པ་བཞིན་སྤྱོད་པ་འཚེ་བ་མེད་པ་དང༌། ལྟ་བ་སྟོང་ཉིད་ཀྱི་ལྟ་བ་གཉིས་ཡིན་གསུངས་ཡོད་པས། འདི་གཉིས་ནང་ཆོས་ཀྱི་གཞི་རྩ་ལྟ་བུ་གྱུར་ཡོད། སོང་ཙང༌། དུས་རབས་འདིའི་ནང་མི་ཚོས་ལྟ་བ་གཉིས་གཞིར་བཟུང་ནས་ཆོས་སྲིད་ཀྱི་བྱ་བཞག་གང་ཞིག་བྱེད་ན། འཇིག་རྟེན་ཡ་རབས་དང་མཐུན་པ་སྟེ། མིའི་འཚོ་བ་ནང་བདེ་སྐྱིད་ཀྱི་ཉི་མ་ཤར་ཐུབ། གཞན་ཚེ་འདིའི་ལྟོ་གོས་གཏམ་གསུམ་དུ་མགོ་འཁོར་ནས་བསྡད་ན་རང་ཉིད་འཁོར་བ་འདིའི་ནང་རྫོགས་མཐའ་མེད་པ་ལས་ཞན་ཅི་མཆིས། གལ་ཏེ་སེམས་འདུལ་ནས་རང་གཞན་ཚང་མ་ཞི་བདེ་དང་བག་ཕེབས། གཅིག་གིས་གཅིག་ལ་བྱམས་དང་བརྩེ་བས་སྐྱོང་བ་ཞིག་བྱུང་ན། འཛམ་བུ་གླིང་འདི་ནང་རྒྱབ་ཁབ་ཕན་ཚུན་འཇིགས་སྣང་དང༌། འཚེ་བ་མེད་པས། རྒྱལ་ཁབ་སོ་སོའི་རྒྱལ་སྲིད་ཆོས་བཞིན་བསྐྱངས་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཤེས་དམན་པ་ཁོ་བོས་སྨྲ་མི་དགོས།། །།

ཞན་ཆ།
ཚོ་(འཚོ་)བ། ཤེས་བྱ་ལ་སེང་(རྙེད་)མི་སྲིད། ཐམས་ཅད་མཁྱེན་གྱི་(པའི) ཞེ་འགོག(ཞེན་ཁོག) འབྲས་བུ་(སྡུག་)བསྔལ་ཞིག་ལ། ཐབས་ལམ་གང་ལ་འབེད་(འབད་)དགོས། མུན་(མུ་)སྟེགས། དུས་རབ(རབས) ཆོས་ཀྱི་གནད་དོན་ཐོགས(ཐོག) ནང་ཆོས་མ་སྦྱོངས་(སྦྱང་)པའི། འཁོར་བའི་འདམ་ལས་མ་གྲོལ་བ(བས་)གཞན་སྐྱབས་མི་ཐུབ། སྐྱབས་འདིར་སོང་(སྐྱབས་གནས་དེར་སྐྱབས་སུ་སོང་ནས་) རང་ཉིད་ཀྱི་(ཀྱིས་)ནང་ཆོས་ཡང་དག་པ་ཞིག་ཤེས། གཙོ་བོ་སངས་རྒྱས་(ཀྱི་)གསུངས་(གསུང་)རབ་ལ། མདོ་བདེ་(སྡེ་)སྣོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་(གིས་)གསུངས་པ་བཞིན། སྟོག་(སྟོང་)ཉིད།  རྫོངས་(རྫོགས་)པའི་སངས་རྒྱས། རྣམས་(རྣམ)ཀུན། ཁང་པ་(པའི་)ནང་འཛུལ།

 

རེ་འདུན།

 

ཚེ་རིང་དབྱངས་འཛོམས། རྡ་སྟེང་བོད་ཁྱིམ། (ཨང་གསུམ་པ)

 

༄༅། །ཀྱེ་མ། གཡོ་མེད་ཀྱི་ནམ་མཁའི་བླ་མ་དཀོན་མཆོག་མཁྱེན། ཁྱེད་ཀྱིས་འཛམ་གླིང་ས་གཞི་རིལ་མོ་འདིའི་སྟེང་དུ་གནས་པའི་འགྲོ་བ་སྐྱེས་འགྲོ་ཀུན་གྱི་ཆེད་དུ་ཐུགས་བསམ་དང་སྨོན་ལམ་རོགས་རམ་གནང་ངམ། གཟིགས་དང༌། གངས་རི་དཀར་པོའི་ཡུལ་ནས་ཡོང་བ། གངས་ཆུ་བཏུང་ནས་འཚར་ལོངས་བྱུང་བ། གངས་རིའི་འོད་ཟེར་གྱི་ཁྲོད་དུ་འཚོ་གནས་བྱེད་མཁན་གྱི་གངས་ཕྲུག་ཅིག་སྟེ། སོ་སོའི་མ་འོངས་པའི་བདེ་སྐྱིད་དང༌། རྒྱལ་ཁབ་ཀྱི་ཞི་བདེ་རང་བཙན། མི་རིགས་ཀྱི་ལ་རྒྱ་དམ་ཟབ་བཅངས་ཏེ་ལྷག་བསམ་རྣམ་པར་དག་པའི་རྒྱལ་ཞེན་མི་སྣ་ཞིག་བྱེད་རྒྱུའི་འདུན་པ་ཆེན་པོ་ཞིག་རང་ཉིད་ཙམ་མ་ཟད། རང་གི་དྲིན་ཆེན་ཕ་མ། བོད་མི་དམངས་བཅས་ཀྱི་རེ་འདུན་ལྟར་མཐོ་སྒང་གི་གྲང་རླུང་བརྒལ་ནས། བརྩེ་སེམས་ཀྱི་དར་སྐུད་དཀྲོལ། འཇིགས་སྣང་གི་ས་མཐའ་འགྲིམས་ནས་འཕགས་ཡུལ་གྱི་གནས་སུ་ཆས་པའི་གཅེས་ཕྲུག་ཅིག་རེད། ཕ་ཡུལ་ནས་གྱེས་ཁའི་ཉིན་དེར་སེམས་སྡུག་དང་སྐྱོ་སྣང་གི་མིག་ཆུའི་རྡོག་པ་ག་ཚོད་ཕྱིས་པ། ཁ་ཆེམས་དང་བསླབ་བྱ་ག་ཚོད་བསྐྱོན་པ། རང་ཉིད་ཀྱིས་ཀྱང་མནའ་བཞག་ཁས་ལེན་ག་ཚོད་བྱས་པ། དེ་དག་ཉིན་རེ་བཞིན་ཡིད་ལ་བཅངས་ཏེ་སྐབས་བབ་ཀྱི་ཤེས་ཡོན་ལ་ཇི་ལྟར་བརྩོན་གྱི་ཡོད་པ་དེ་དག་ཞིབ་འཇུག་བྱས་ན། དངོས་གནས། བློ་ཕམ་དགོས་པ་ཞིག་རེད་ལ་ཞབས་འདྲེན་ཡང་རེད། རང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་དམར་པོའི་དྲག་ཤུགས་འོག་བཙན་གནོན་ཇི་ལྟར་མྱོང་བཞིན་ཡོད་པ་མིན་ནམ། རང་གི་ཕ་མའི་རེ་འདུན་སྒྲུབ་ཐབས་དང་རང་ཉིད་སོ་སོར་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་རྒྱུ་མནོ་བསམ་ནན་ཏན་ཞིག་བཞེས་ཨེ་མྱོང༌། ད་དུང་གཏོར་སྐྱོན་དང་མ་རབས་ཁོ་ནའི་ལས་དོན་སྒྲུབ་པ་དེ་ང་ཚོ་མ་འོངས་སོན་རྩ་ཚོས་ྋསྐྱབས་མགོན་རིན་པོ་ཆེ་དང༌། བོད་མི་དམངས་ཀྱི་རེ་འདུན་སྒྲུབ་རྒྱུ་ཕར་བཞག མ་རུང་དགྲ་བོའི་བསམ་དོན་ལྷུན་གྱིས་སྒྲུབ་བཞིན་ཡོད་པ་དེ་ང་ཚོས་ཤེས་གསལ་རེད།
ད་དུང་དེང་སང་བོད་པའི་སྤྱི་ཚོགས་ནང་འཕགས་མཆོག་ཕྱག་ན་པདྨོའི་འདུལ་བྱ་ཡིན་ཞེས་བོད་པའི་དྲི་མ་དང༌། བོད་པའི་རྣམ་པ། ཡ་རབས་གོམས་གཤིས་ལེགས་པོ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བ་བྱེད་དགོས་ཅེས་པའི་ཁ་མཁས་ཚིག་སྙན་དང་མགོ་བསྐོར་བསླུ་འབྲིད་ཀྱི་བྱ་བཞག་སྤེལ་མཁན་ཡང་ང་ཚོ་བོད་པའི་ཁྲོད་དུ་མི་ཉུང་བ་ཞིག་ཡོང་གི་ཡོད། དངོས་གནས་བློ་ཕམ་དགོས་པ་ཞིག་རེད་ལ། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་འདྲེན་ཡང་རེད། གཞུང་དོན་ཁ་ལ་འཁྱེར་ནས། རང་དོན་ལྐོག་ཏུ་འབད། ཞེས་པའི་དཔེ་ལྟར། རང་ཉིད་སྒེར་སོ་སོའི་ཁྱིམ་དང་རང་གི་བདེ་སྐྱིད་ཀྱི་དོན་དུ་ལྐོག་གྱུར་གྱི་ལས་དོན་སྤེལ་ན་རང་ལ་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང༌། བཟས་པའི་ལྟོ་དང༌། ཉལ་བའི་གཉིད་ལའང་བྲོ་བ་འདུག་གམ། སྤྱིར་མི་སུ་འདྲ་ཞིག་ཡིན་ཡང་རང་ལ་བདེ་སྐྱིད་ལྡན་པའི་མི་ཚེ་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དགོས་འདོད་ཡོད། འོན་ཀྱང་ཡ་རབས་བཟང་པོའི་ལས་ལ་ཞུགས་ཏེ་ལས་དོན་སྒྲུབ་ན་སེམས་ནང་ཚོར་བ་མི་འདྲ་བ་ཞིག་ཡོད། དཔེར་ན། ངན་པའི་ཇུས་ཀྱིས་སྟོང་ཅིག་ཐོབ་པ་ལས། །བཟང་པོའི་ལས་ཀྱི་སྒོར་བརྒྱ་ཐོབ་པ་དགའ། །ཞེས་པ་ལྟར་དགའ་ཚོར་མི་འདྲ་བ་ཞིག་ཏན་ཏན་ཡོང་ངེས་རེད། ང་ཚོའི་སྔོན་སོང་གི་ལོ་རྒྱུས་ཁག་ལ་དཔྱད་ཞིབ་བྱས་ནའང་ཕ་མེས་ཚོས་ཁྲག་དང་རྔུལ་ཆུའི་ཁྲོད་དུ་རང་གི་རྒྱལ་ཁབ་དོན་དུ་སྐུ་ངལ་མི་ཉུང་བ་ཞིག་བསྐྱོན་ཡོད། མ་ཟད་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བཙན་འཛུལ་བྱས་ནས་བཟུང༌། བོད་རིགས་དཔའ་བོ་རྒན་གཞོན་བྱིས་གསུམ་གྱིས་རང་གི་རྒྱལ་ཁབ་དོན་དུ་འཐབ་རྩོད་དང༌། སེམས་ཤུགས་ཀྱི་མེ་ལྕེ་གྱེན་དུ་འཕྱུར་ནས་ཟས་བརྗེད་གཉིས་གཅག་ཁོ་ནའི་ལས་འགུལ་འོག་དཀའ་ངལ་འཛད་མེད་མྱོང་བ་དེ་དག་ཀྱང་སུའི་ཆེད་དུ་ཡིན་ནམ། རང་གི་ཕ་ཡུལ་དུ་གནས་སྡོད། རང་གི་རིགས་གཞུང་སྲུང་བརྩི། ཆོས་དད་རང་མོས་སོགས་བྱེད་པའི་འཛམ་གླིང་འགྲོ་བ་ཀུན་གྱི་གཅིག་མཚུངས་ཀྱི་ཐོབ་ཐང་དེ་འཕྲོག་ནས་བརྙས་བཅོས་ཚད་མེད་བྱས་པ་དེར་ཁྱད་གསོད་ཐུབ་པ་རེད་དམ། དེ་དག་ལ་བསམ་གཞིགས་བྱེད་དགོས།
ཡ་རབས་ཀྱི་ལས་འགུལ་དང་ཞི་བདེའི་བྱ་གཞག་ཁག་ལ་བརྩོན་མཁན་གྱི་གྲགས་ཅན་མི་སྣ་ཚོར་འཛམ་གླིང་དང༌། རྒྱལ་ཁབ། ཚོགས་པ། ཐ་ན་མི་རེ་ངོ་རེས་ཆེས་མཐོང་དང་བརྩི་འཇོག་གུས་བཀུར་སོགས་བྱས་པ་མཐོང་དུས། རང་ལའང་ཆེས་མཐོང་དེ་འདྲ་ཐོབ་རྒྱུར་འབད་རྩོན་དང་སེམས་ཤུགས་ཤིག་སྐྱེས་ཐུབ་པ་བྱེད་དགོས། ཡང་མི་འགའ་ཤས་ཀྱིས་གཞན་ལ་ཆེ་མཐོང་ཐོབ་པ་དེར་གནོད་སེམས་དང་བསྣབ་སེམས་ཁོ་ན་བྱེད་མཁན་གྱི་སྐྱེ་བོ་དེ་ཚོ་ནམ་ཡང་ཁུངས་འཁྱོལ་ཐུབ་ཐབས་མེད། ཆོས་ཤེས་ནའང་འདྲ། ཆོས་མི་ཤེས་ནའང་འདྲ། ལས་རྒྱུ་འབྲས་ལས་འགལ་བའི་ལས་ཀ་བྱས་ཚེ་རང་ཉིད་ལ་ངན་ལན་ཡོང་རྒྱུ་ཡིན་པ་དེ་ང་ཚོའི་ཁྲོད་དུའང་མཐོང་རྒྱུ་འདུག བྱས་ཙང་རང་གི་རྒྱལ་ཁབ་དང་མི་དམངས་ཙམ་མ་ཟད་རང་ཉིད་ཀྱི་བདེ་སྐྱིད་དོན་དུ་སྔར་བྱས་རྒྱབ་བསྐྱུར་དང༌། ཆུ་མ་ཤོར་གོང་ཆུ་རགས་བརྒྱབ་ཏེ་སྐྱེལ་བཞིན་པའི་མི་ཚེ་དེའི་ནང་འབད་བརྩོན་ལྷོད་མེད་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ལ། ང་ཚོའི་ད་ལྟའི་གནས་སྟངས་ཛ་དྲག་པོ་འདིར་དཔྱད་གཞི་བྱས་ཏེ་མདུན་བསྐྱོད་ཀྱི་ལམ་བུ་མཚམས་འཇོག་མ་བྱས་པར། ཚང་མས་ཁྲག་དང་རྔུལ་ཆུ་གཅིག་པ་བཏོན་ཏེ་ང་ཚོའི་མ་འོངས་པའི་མདུན་ལམ་དང་བདེ་སྐྱིད་ཀྱི་ཆེད་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་ང་ཚོ་བོད་མི་ཞིག་ཡིན་པ་ཤེས་རྟོགས་ཐུབ་རྒྱུར་གཞིས་བྱེས་གཉིས་ཀྱི་བོད་མི་ཚང་མ་ལོངས་ཤོག །

དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་ནས་ནི། །མ་རུང་ལས་དོན་སྤང་བསྐྱུར་བྱས་པའི་མིར། །
ཕུགས་བརྟན་བདེ་སྐྱིད་ཡོང་རྒྱུར་རོགས་རམ་དང༌། །མཐའ་བདག་འབྲས་བཟང་ཐོབ་པར་ཡིད་ནས་སྨོན། །

མུན་ནག་ཁྲོད་དུ་ལྷུང་བའི་སྐྱེ་བོ་དེར། །མུན་ལས་གསལ་ཆེད་སྒྲོན་མེ་ཞིག་བྱིན་རོགས། །
མུན་པའི་ནང་དུ་ཚུད་པའི་བོད་མི་ཚོར། །མུན་གསལ་འོད་ཟེར་འཕྲོ་བར་ཡིད་ནས་སྨོན། །

ཞན་ཆ།
གངས་ཆུ་འཐུང་(བཏུང་)ནས་མཚར་(འཚར་)ལོངས་བྱུང༌།  སློབ་(བསླབ)བྱ་ག་ཚོད་སྐྱོན་(བསྐྱོན་)པ། རེ་འདུན་གྲུབ་(སྒྲུབ་)ཐབས། སེམས་ནང་འཚོར་(ཚོར་)བ། ཁྲག་དང་དངུལ་(རྔུལ་)ཆུ། སེམས་ཤུགས་ཞིག(ཤིག) གནས་སྟངས་རྫ་(ཛ་)དྲག  རྔུལ་ཆུ་གཅིག་པ་སྟོན་(བཏོན་) བསླུ་འཁྲིད(བྲིད) མཛད་(འཛད་)མེད། མི་ཉུ་(ཉུང་)བ།

 

དྲིན་ཆེན་ཕ་མ།

 

རྡོ་རྗེ་རྒྱལ་མཚན། ཀ་སྦུག (ཨང་གསུམ་པ)

 

༄༅། །དྲིན་ཆེན་ཕ་མ་ཟེར་བ་ནི། འཇིག་རྟེན་འཛམ་གླིང་ནང་ཕ་མ་ཟེར་ནའང་འདྲ། དགེ་རྒན་ཟེར་ནའང་འདྲ། ཚང་མའི་ནང་ནས་དྲིན་ཆེ་ཤོས་ཤིག་རེད། དེར་མ་ཟད། ཚང་མའི་ནང་ནས་དགེ་རྒན་དང་པོ་ཡང་ཕ་མ་རེད། ཕ་མ་ཟེར་བ་ནི་ང་ཚོ་ལ་བྱམས་སྐྱོང་ཐོག་མར་གནང་མཁན་ཞིག་ཡིན་པ་དང༌། ང་ཚོ་འཛམ་གླིང་འདིའི་ནང་རྐང་པ་མ་བརྒྱབ་གོང་ཨ་མའི་ཁོག་པའི་ནང་ཟླ་བ་དགུ་ཙམ་ཨ་མས་འཁྱེར་ནས་བཞུགས་ཀྱི་ཡོད། སྐབས་དེར་ཨ་མ་རང་ཉིད་བྱ་བ་གང་བྱེད་འདོད་ཡོད་ཀྱང་བྱེད་མ་ཐུབ་པ་དང༌། རང་གི་གཟུགས་པོ་ལ་ལྗིད་ཚད་ཆེན་པོ་ཞིག་འཁྱེར་གྱི་ཡོད་པ་ལྟ་བུ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད།
དེ་ནས་ཟླ་ཤས་རྗེས་ང་ཚོ་ཨ་མའི་ཁོག་པའི་ནང་ནས་མར་སྐྱེས་རྗེས། ཡང་དྲིན་ཆེན་ཕ་མ་གཉིས་ལ་དཀའ་ངལ་ཚད་མེད་འཕྲད་ཀྱི་ཡོད། ཡིན་ནའང་ནོར་བུ་རིན་པོ་ཆེ་ཞིག་ལག་ཏུ་རྙེད་པ་ལྟར་ཕངས་སེམས་དང་གཅེས་སྤྲད་ངང་མིག་འབྲས་བཞིན་སྲུང་བར་མ་ཟད་ད་དུང་བྱམས་སྐྱོང་དང་གཞན་ལ་སྟོན་གྱི་ཡོད། ང་ཚོ་ལོ་ན་མ་ཟིན་སྔོན་ལ་ཕ་མ་ལ་དཀའ་ངལ་ཚད་ལས་འདས་པ་ཞིག་ཡོང་གི་ཡོད། གང་ཡིན་ཟེརན་ང་ཚོ་ཆུང་དུས་རང་ཉིད་ལག་ཏུ་གང་ཐེབས་རུང་དེ་ཟ་བ་དང༌། གང་མཐོང་ཡང་དེའི་འགྲམ་ལ་འགྲོ་གི་ཡོད་པས། ཕ་མའི་སེམས་ནང་ང་ཚོ་བསྒྲིལ་ན་སྐྱོན་ཆེན་པོ་ཡོང་གི་རེད་བསམ་ནས་སེམས་འཕྲལ་གནང་བ་མ་ཟད། ཡང་ང་ཚོ་ལོ་ན་ཅུང་ཟད་ཟིན་མ་ཐག་ང་ཚོ་སྐད་ཆ་བཤད་མ་སོང༌། ལྐུག་པ་མིན་ནམ་སྙམ་པའི་སྡུག་བསྔལ་མང་པོ་འཕྲད་ཀྱི་ཡོད། དེ་ནས་ང་ཚོ་སྐད་ཆ་བཤད་ཐུབ་ན་ཡང་ང་ཚོ་སློབ་གྲྭ་ལ་ཐོག་མ་གཏོང་གི་ཡོད། དེ་དུས་ང་ཚོས་སློབ་གྲྭ་ལ་བསྡད་ཀྱི་མིན་ཞེས་ངུས་ནས་ཕ་མས་ཉིན་ལྟར་སློབ་གྲྭ་ལ་འཁྲིད་དེ་སྐྱེལ་བ་དང༌། དགོང་མོ་ཚུར་བླངས་པ་སོགས་བཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། སློབ་གྲྭའི་ནང་བསྡད་ཐུབ་པ་དང་ཟ་ཤེས་པ་བྱུང་ན་ཡང༌། ད་དུང་ཕ་མ་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། སློབ་གྲྭ་ལ་སློབ་ཕྲུག་གཞན་གྱི་ཡོན་ཏན་ཡག་པོ་དང་གྱོན་ཆས་ཡང་ཡག་པོ་གྱོན་ཡོད་ན། ང་ཚོས་ཕ་མའི་དཀའ་ངལ་དང་གནས་སྟངས་ལ་མ་བལྟས་བར་གཞན་གྱི་ཡོན་ཏན་མ་མཐོང་བར་གྱོན་ཆས་ཡག་པོ་དེ་ལ་སེམས་པ་ཤོར་ནས་ཕ་མ་ལ་རྙོག་གྲ་དང་བཅས་ཏེ་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད།
དེ་རྗེས་ང་ཚོ་འཛིན་རིམ་བཅུ་པ་གཅུ་གཅིག་ཙམ་སླེབས་དུས་ཕ་མས་ང་ཚོ་བུ་དང་བུ་མོ་གཉིས་ཀ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། བུ་ཞིག་ཡིན་རུང་ཆེན་པོ་ཆགས་རྗེས་གྲོགས་པོ་ངན་པ་མཉམ་དུ་ཐུག་ནས་བྱ་བ་ངན་པ་བྱས་མི་ཡོང་ངམ་སྙམ་པ་དང་གཞན་དང་འཁྲུག་འཛིང་ཤོར་མི་ཡོང་ངམ་སྙམ་བའི་སེམས་ཁྲལ་ཆེན་པོ་ཡོད། བུ་མོ་ཡིན་ནའང་ཕ་མ་ལ་སྡུག་བསྔལ་དེ་བཞིན་ཡོང་གི་ཡོད། ད་དུང་བུ་ལས་བུ་མོ་ལ་སེམས་ཁྲལ་ཆེ་བ་གནང་གྱི་ཡོད། གང་ཡིན་ཟེར་ན། བུ་མོ་ཞེས་པ་ནི་མི་ཚེ་ཁབ་ཕྲ་མོའི་རྩེ་ལ་བསྡད་པ་ནང་བཞིན་ཉེན་ཁ་ཆེན་པོ་ཡོད་པ་དང༌། དེ་འདྲ་སོང་ཙང་ཕ་མས་བུ་མོ་ལ་སེམས་ཁྲལ་བུ་ལས་ལྷག་པ་བྱེད་ཀྱི་ཡོད།
ཡང་བུ་མོ་ནི་རྗེས་ལ་སློབ་གྲྭ་ཐོན་ཚར་རྗེས་ལས་ཀ་ཡག་པོ་རག་པའི་རེ་བ་དང༌། སེམས་ཁྲལ་བྱེད་ཀྱི་ཡོད༌། ཡིན་ནའང་དེང་སང་དུས་སྐབས་ལ་བུ་དང་བུ་མོ་ཚང་མ་རང་གི་སློབ་གྲྭ་ཐོན་རྗེས་ད་ནི་ང་རང་ལ་ལས་ཀ་ཞིག་རག་ན་འགྲིག་སོང་སྙམ་ཕ་མའི་དྲིན་ལན་འཇལ་དགོས་པ་ཕར་བཞག་སྟེ། ཕ་མའི་མིང་དང་སྐད་གོ་བ་ཙམ་གྱིས་ངོ་ཚ་བ་སོགས་རྣམ་འགྱུར་མི་དགའ་བ་སྟོན་པ། དེ་ནི་ཧ་ཅང་གི་སེམས་པ་སྐྱོ་དགོས་པ་ཞིག་དང༌། དེ་འདྲ་བྱེད་མཁན་རྣམས་སློབ་སྦྱོང་ག་ཚོད་ཡག་པོ་ཡོད་ཀྱང་ཁེ་ཕན་གཅིག་ཀྱང་མེད་པ་ལྟ་བུ་རེད། གང་ཡིན་ཟེར་ན། ཕ་མ་ཞེས་པ་ནི་ང་ཚོའི་མི་ཚེ་ནང་ཐོག་མའི་དགེ་རྒན་དང༌། བྱམས་སྐྱོང་གནང་བ། སོ་སོའི་རྐང་པའི་སྟེང་ལང་ཐུབ་པ་བཟོ་མཁན་ཚང་མ་ཕ་མ་རེད། དེང་དུས་སློབ་ཕྲུག་མང་ཆེ་བས་དེ་ལྟར་སེམས་ལ་དྲན་བཞིན་དྲིན་ལན་འཇལ་བ་སོགས་གནང་ཀྱི་ཡོད་ཀྱང༌། སློབ་ཕྲུག་རེ་ཟུང་གིས་ཕ་མ་ལ་དྲིན་ལན་འཇལ་རྒྱུ་ཕར་བཞག ཕ་མ་ལ་ཁ་ལན་སློག་པ་སོགས་བྱེད་མཁན་འདུག དེ་ན་འཇིག་རྟེན་འདིའི་ནང་ཁོང་ལ་ལས་འབྲས་འཁོར་རྒྱུ་ཡིན་པ་ཐེ་ཚོམ་མེད།
དེང་སང་འཛམ་གླིང་འདི་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་པ་རེད། རང་གི་རེ་བ་ལྟར་ཅ་ལག་གང་ཞིག་དགོས་ཀྱང་རག་གི་ཡོད། ཡིན་ན་ཡང༌། ཕ་མ་ཞེས་པ་ནི། ས་ཕྱོགས་གང་སར་ཕྱིན་པ་ཡིན་ཀྱང་རག་གི་མ་རེད། ཕ་མ་ཞེས་པ་ནི་འཇིག་རྟེན་འདིའི་ནང་ལན་གཅིག་མ་གཏོགས་མི་ཚེ་གཅིག་མཉམ་དུ་བསྡད་རྒྱུ་རག་པ་ཁག་པོ་རེད། དེ་འདྲ་ཡིན་དུས། དྲིན་ཆེན་ཕ་མ་ནི་ང་ཚོ་མཉམ་དུ་ལོ་ཤས་བཞུགས་ནས་ཚང་མ་འགྲོ་མཁན་ཡིན་པ་ཤ་སྟག་རེད། ངའི་བསམ་ཚུལ་ལྟར་བྱས་ན། ང་ཚོ་ནི་སེམས་ཅན་དུད་འགྲོ་ལྟ་བུ་དང་ཕ་མ་ནི་དེའི་བདག་པོ་ལྟ་བུ་ཡིན།  བྱས་ཙང་ང་ཚོ་བུ་དང་བུ་མོ་ཚང་མས་སེམས་ལ་ཉར་དགོས་པ་ཞིག་ཡིན། དེ་ནི་མི་ཚེའི་ནང་ཕ་མ་ཞེས་པ་ཐེངས་གཅིག་འཇིག་རྟེན་འདི་ནས་ཕ་རོལ་ཕྱིན་པ་ཡིན་ན། དེ་ནས་ང་ཚོའི་སེམས་ལ་དྲན་རྒྱུ་དང༌། རྨི་ལམ་ནང་དུ་མ་གཏོགས་མཇལ་རྒྱུ་མེད། སློབ་ཕྲུག་ཚོ་གཤམ་གྱི་གླུ་གཞས་འདི་སེམས་ལ་ཉར་ནས་ཕ་མའི་དྲིན་ལན་འཇལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།།

སློབ་ཕྲུག་ཕོ་གསར་མོ་གསར། །ཕྱི་ལ་དཀྲོག་དཀྲོག་མ་བྱེད། །
ནང་གི་ཕ་མའི་གནས་སྟ་ངས། །བསམ་བཞིན་སློབ་སྦྱོང་གནང་དགོས། །
དྲིན་ཆེན་ཕ་མ་ཟེར་བ། །འཇིག་རྟེན་འདི་ཡི་ནང་དུ། །
དུས་གཅིག་ལན་གཅིག་མ་གཏོགས། །མི་ཚེ་བཞུགས་ལོང་མི་འདུག།
མི་ཚེ་བཞུགས་འདོད་ཡོད་ཀྱང༌། །ཚེ་སྔོན་ལས་ཀྱིས་བཀོད་པ།།
འཇིག་རྟེན་བྱེད་པོ་ཡིན་ཀྱང༌། །རྩ་ནས་ཟློག་ཐབས་མི་འདུག།
ཕ་མ་ཐུག་འདོདཡོད་ཀྱང༌། །འཇིག་རྟེན་ཕ་རོལ་ཕྱིན་སོང༌།།
མཚན་མོའི་རྨི་ལམ་ནང་དུ། །ཞལ་རས་ཐེངས་གཅིག་མཇལ་བྱུང༌།།

ཞན་ཆ།
ཕ་མ་ཟེར་ནའང་(འདྲ) ཚང་མ་(མའི་ནང་)ནས། ཨ་མས་འཁྱིར་(འཁྱེར་)ནས་ཞུགས(བཞུགས་)ཀྱི་ཡོད། འཁྱིར་ཀྱི་(འཁྱེར་གྱི་)ཡོད། དཀའ་ངལ་ཚད་དང་མི་ལྡན་པ་ཞིག་(ཚད་ལས་འདས་པ་ཞིག)ཡོང་གི་ཡོད། སློབ་གྲ་(གྲྭ) དགོང་དག་ཚུར་གླང་(བླང་)བ། སློབ་གྲྭ་གི་(གྲྭའི་ནང་) སེམས་འཕྲལ་(ཁྲལ་) ཉམ་(མཉམ་)དུ་ཐུགས་(ཐུག)ནས། མིན་ན་(ནམ་)སྙམ་པ་དང༌། འཁྲུག་འཛིན་(འཛིང)  ད་དུང་བུ་ལ་(ལས་)བུ་མོ་ལ་སེམས་ཕྲལ་(ཁྲལ་)ཆེ་བ། སློབ་གྲྭ་མཐོན་(ཐོན)ཚར་རྗེས། ཕ་མི་མའི་དྲིན་ལན་མཇལ་(འཇལ་)དགོས་པ། ཁ་ལན་རློག་(སློག) མ་ཏོགས་(གཏོགས) གནས་སྟང་(སྟངས་) ལེན་(ལན)གཅིག དྲིན་ཆིན(ཆེན) ཤ་རྟག(སྟག) ཆུང་(ཅུང)ཟད།