དབྱར་གྱི་མཚན་མོ།(ཨང་དང་པོ)

ཀུན་དགའ་གྲགས་པ། མ་སུ་རི་བོད་ཁྱིམ་སློབ་གྲྭ།

སྔོ་ཞིང་དྭངས་བའི་དབྱར་གྱི་མཚན་མོ་ཞིག །ཨ་སྔོན་དབྱིངས་སུ་རྒྱང་ལྟ་བྱེད་པའི་དུས། །
དཀར་གསལ་ཟླ་བ་དལ་གྱིས་མཁའ་རུ་འཕགས། །ཚེ་སྲོག་བྱམས་བརྩེས་བཅངས་པའི་ཨ་མ་དྲན། །
ནམ་མཁའ་དྭངས་ལ། ཟླ་བ་གསལ། སྐར་ཚོགས་གྲངས་མེད་པའི་གཡུ་ཡིས་ཕྲ་བཏབ་པ་ནང་བཞིན། ཧ་ཅང་མཛེས་ཤིང་ཡིད་དུ་འོང་བའི་དགའ་སྐྱོ་གཉིས་འཛོམས་ཀྱི་དབྱར་གྱི་མཚན་མོ་ཞིག་ལ། ང་ཁེར་རྐྱང་དུ་ཕྱི་ལོགས་སུ་བསྡད་ནས་མིག་གིས་ལཽངས་སུ་སྤྱོད་པའི་སྐབས། དྲན་གདུང་ཡུལ་ལས་འདས་པའི་བདག་གི་དྲིན་ཅན་ཨ་མ། ཡིད་ལ་ལྷང་ལྷང་འཁོར་བྱུང༌། ངས་ཟླ་བ་ལ་བལྟས་ནས། དུས་ཚོད་གང་འཚམ་ཕྱིན་སོང༌། རིམ་བཞིན། སྐར་མ་གཅིག་ཤར་གཉིས་ཤར། སྔོ་ཞིང་དྭངས་ལ་གཡུ་དང་མཚུངས་པའི་ནམ་མཁའ་དེ། གློ་བུར་དུ་སྐར་མ་ཡིས་ཁེངས་སོང༌། ངས་སེམས་ཁམས་ཡོངས་སུ་སྡུག་བསྔལ་དང་དྲན་གདུང་གིས་ཡིད་རང་དབང་མེད་པར་”ཨ་མ་”ཟེར་བའི་ཚིག་འབྲུ་རྐྱང་པ་གཉིས་དེ་ཁ་ནས་ཡང་སེ་ཡང་སེ་ཤོར་སོང༌།
དེ་དང་མཚུངས་པར་ངས་སྐར་མ་དང་ཟླ་བ་ལ་བལྟས་ནས་སྐྱོ་གླུ་ཞིག་ཀྱང་རང་དབང་མེད་པར་ཤོར།
དཀར་ཞིང་གསལ་བའི་བསིལ་ལྡན་ཟླ་བ་དེ། །དྲིན་ཅན་ཨ་མ་ཡིན་ན་དགའ་བ་ལ། །
མཐའ་རུ་འཁོར་བའི་རྒྱུ་སྐར་ཚོམ་བུ་དེ། །ལས་ངན་བུ་ང་ཡིན་ན་སྐྱིད་པ་ལ། །
ཞེས་སྐྱོ་གླུ་ཞིག་ལེན་བཞིན། མདུན་དུ་གོམ་པ་རེ་གཉིས་ཙམ་ཕྱིན་དུས། སྔོ་ཞིང་དྭངས་པའི་ནམ་མཁའ་དེ་ང་ལ་མ་དགའ་བའི་རྣམ་འགྱུར་ཞིག་གི་སྐར་ཚོགས་ཡོད་ཚད། ཡུད་ཙམ་ཞིག་ལ་མཐོང་རྒྱུ་མེད་པར་ཆགས་ཤིང༌། དཀར་ཞིང་གསལ་བའི་ཟླ་བ་དེ་ཡང་རིམ་བཞིན་ཆུ་འཛིན་གྱིས་དབུས་ནས་ཡལ། དེ་མ་ཐག ཆར་པ་འབབ་པའི་སྔོན་བརྡ་ལ་སྤྲིན་པ་ནག་པོ་ཞིག་གིས་ཨ་སྔོན་ཡོངས་སུ་བསྒྲིབས་ནས་གཡུ་འབྲུག་སྔོན་མོས་སྐད་སྒྲ་སྒྲོག་པའི་དུས་ལ་བབས། ང་ལམ་སང༌། མི་ལོ་བརྒྱ་ཕྲག་བརྒལ་བའི་ཤིང་སྡོང་ཞིག་གི་ཡལ་ག་དང་ལོ་མ་འོག་རི་བོང་རྒོད་ཀྱིས་བདས་པ་བཞིན་ཀུམ་ཀུམ་བྱས་ནས་བསྡད། དེ་ནས་རིམ་བཞིན་ཆར་པ་ཟིམ་ཟིམ་བབས་པས་རིགས་མི་གཅིག་པའི་བྱ་བྱེའུ་ཡོངས་སུ་རྫོགས་པ་གཉིད་ལས་དཀྲོགས་ཏེ་རི་ལུང་ཡོངས་སུ་སྐད་ཅིག་ལ། འབྲུག་དང་བྱེའུ་སོགས་ཀྱི་སྐད་སྒྲས་ཁེངས་ནས་ངས་ལུས་སེམས་ཡོངས་སུ་འཇིགས་སྣང་དང་དངངས་སྐྲག་གིས་རང་དབང་མེད་པར་འདར་གསིག་བརྒྱབ། ཆར་ཤུགས་དང་འུར་སྒྲ་སོགས་ཀྱི་ང་ཡུད་ཙམ་ཞིག་ལ། རི་བོང་རྒོད་ཀྱིས་དེད་པ་དང་གླ་བ་སྟག་གིས་བདས་པ་ནང་བཞིན་དྲན་པ་ཡང་གར་སོང་ཆ་མེད་དུ་གྱུར།
དུས་ཚོད་ཡུན་རིང་ཞིག་ཕྱིན་རྗེས། ངའི་ལུས་ལ་དྲོད་ཅུང་ཟད་སླེབས་པ་དང༌། ཆར་ཤུགས་ཀྱང་རིམ་བཞིན་ཆད་སོང༌། དེ་ནས་བདག་གི་མི་ལོ་བརྒྱ་ཕྲག་ཕྱིན་པའི་ཤིང་སྡོང་དེ་ཡི་འོག་ནས་ག་ལེར་སློབ་གྲྭ་ཡི་ཕྱོགས་སུ་བསྐྱོད། སྔོན་ཆར་པ་ཡིས་འཇིགས་སྣང་དང་འབྲུག་སྐད་ཀྱི་འཚེ་བ་སོགས་ཡིད་ལ་དྲན་ནས་ལས་དབང་ལ་འཁང་ར་བྱས། དོ་དགོང་ང་ལ་སྐྱིད་སྡུག་གཉིས་ཀ་མྱོང་བ་དབྱར་གྱི་མཚན་མོ་ཐོག་མ་དེ་ཡིན་ལ། ད་དུང་ཡང༌། ངས་དེ་དང་དེ་འདྲ་བ་མྱོང་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། མཐའ་མཇུག་དེར་ངས་སླར་ཡང་དབྱར་གྱི་མཚན་མོ་ལ་གཞིགས་ནས་ཚིགས་བཅད་ཅིག་རང་དབང་མེད་པར་ཤོར།
དཀར་གསལ་ཟླ་བའི་འོད་ཟེར་ཀུན་ལ་ཁྱབ། །ང་དང་མཉམ་པའི་འགྲོ་བ་སེམས་ཅན་ཡོངས། །
མ་རིག་མུན་པ་སེལ་བའི་རེ་བ་ཡོད། །དེ་རིང་དབྱར་གྱི་མཚན་མོའི་གནས་ཚུལ་དང༌། །
སྡུག་བསྔལ་འཁོར་བའི་རྒྱུ་དེ་མཚུངས་པ་འདྲ། །དང་པོ་ཨ་མས་མངལ་དུ་ཡོད་པའི་སྐབས། །
ཨ་མས་སྡུག་བསྔལ་ཅི་འདྲ་མྱངས་ཡོད་ཨང༌། །དེ་ནས་རིམ་བཞིན་འཁོར་བ་པང་དུ་སླེབས། །
རིམ་པ་རིམ་པས་གཟུགས་པོ་འཚར་ལོངས་བྱུང༌། །སྐད་ཅིག་བདེ་བའི་གནས་ལ་ཆགས་མགོ་བཙུགས། །
མ་འོངས་ཅི་ཡོང་སྔོན་བལྟ་བྱེད་མཁན་དཀོན། །དེ་ནས་འདོད་ཆགས་གོས་རྒྱན་ལས་ལ་འཐམས། །
ཤི་ལ་ཉེ་དུས་གཞི་ནས་དངངས་སྐྲག་བྱུང༌། །
དེར་བརྟེན། འགྲོ་བ་ཡི་མི་ཚེ་ནི་དབྱར་གྱི་མཚན་མོ་ནང་བཞིན་ཤིན་ཏུ་ཐུང་བ་མ་ཟད། དབྱར་གྱི་མཚན་མོར་ལྟ་བཞིན་མིག་ནས་མཆི་མ་ཤོར།
གང་ལྟར། དབྱར་གྱི་མཚན་མོ་ལགས། ཁྱེད་ཀྱིས་ང་ལ་བདེ་སྐྱིད་ཀྱི་འཚོ་བ་སྤྲད་མྱོང་ལ། སྡུག་བསྔལ་གྱིས་མིག་ཆུ་ཡང་ཤོར་བཅུག་མྱོང༌། ཁྱོད་ལ་མཚོན་ན་དེ་ནི་རང་བཞིན་གྱི་འབྱུང་ཁུངས་ཤིག་དང༌། ང་ལ་མཚོན་ན་བསྐལ་པ་ཁྲི་ཕྲག་གི་སྔོན་ནས་བསགས་པའི་བག་ཆགས་ཤིག་མ་རེད་དམ། དེ་འདྲ་དགའ་སྐྱོ་གཉིས་འཛོམས་ཀྱི་མཚན་མོ་དེ་ནི། ངས་དུས་ནམ་ཡང་བརྗེད་མི་སྲིད་ལ། ང་ལ་དབང་བ་ནི་འབྱུང་བ་བཞི་ལས་གྲུབ་པའི་གཟུགས་ཁམས་སྟོང་པ་ཞིག གང་ལྟར། ང་ལས་ཁྱོད་ཤིན་ཏུ་རྩ་ཆཻ་ལ། རིན་ཐང་ནི་དེ་བས་ཀྱང་ཆེ། ངས་ཁྱོད་ལ་བཤད་འདོད་པ་ནི་ཁྱེད་རང་གི་ང་ལ་དགའ་སྐྱོ་གཉིས་ཀྱིས་བསྐྲུན་པའི་འཚོ་བ་དེ་ཡིན་ལ། ངས་འབྲི་འདོད་པ་ནི། དེ་རིང་ཤེས་རིག་གི་མགོ་ཁྲིད་གནང་བའི་རྩོམ་ཡིག་འགྲན་བསྡུར་དེ། ངས་བྱེད་འདོད་པ་ནི། དབྱར་གྱི་མཚན་མོ་ལ་གཞིགས་ནས་འཁོར་བ་འདིར་བདེ་བ་ཅུང་ཟད་ཞིག་ལ་བལྟས་ནས། སྡུག་བསྔལ་ཁྲི་ཕྲག་བརྒལ་དགོས་པ་དེ་ལ་བརྟེན་ནས་ལས་འབྲས་ལ་གོ་བ་རྙེད་པའི་རབ་བྱུང་གྲྭ་བ་ཞིག
མཐའ་མཇུག་དེ་ལ། དེ་རིང་ཤེས་རིག་གི་དབུ་ཁྲིད་གནང་བའི་སློབ་མ་རྣམས་ཀྱི་རྩོམ་ཡིག་འགྲན་བསྡུར་ཞིག གོ་སྐབས་གནང་བ་དེ་ལ། གུས་པའི་ངོས་ནས་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་བ་དང༌། བོད་མི་ཡོངས་ཀྱི་ཁོག་པའི་སྙིང་ལྟ་བུ། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག འཁོར་བ་མ་སྟོང་བར་དུ་བཞུགས་པ་དང༌། ད་ལྟ་ཤི་ལ་ཉེ་བའི་བོད་མི་ཡོངས་ཀྱི་རིག་གཞུང་དང་སྐད་ཡིག རང་དབང་སོགས་དགྲ་བོ་ལག་ནས་བདེན་པའི་མཐའ་གསལ་ཐུབ་པའི་རེ་བ་དང་བཅས་བོད་རྒྱལ་ལོ། །

རྩོམ་ཡིག་དཔྱད་མཆན།

སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་དེ་འདྲ་མིན་ནའང༌། ཚིག་སྦྱོར་དང་དག་ཆ་བཟང་བས། ཚད་ལྡན་གྱི་རྩོམ་ཡིག་གང་མང་བཀླགས་ཏེ་དུམ་ཚན་བགོད་སྟངས་དང་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་ལ་དོ་སྣང་མང་ཙམ་གནོང་དང་སྨྱུག་ཐོགས་པ་ཞིག་ཆགས་ངེས།

དབྱར་དུས་ཀྱི་མཚན་མོ།(ཨང་གཉིས་པ)

གཟུངས་འདུས་སྐྱིད། སུ་ཇ་བོད་ཁྱིམ་སློབ་གྲྭ།

    དེ་ཡང་ཨ་ཕའི་དངངས་སྐྲག་དང་ཨ་མའི་ན་ཟུག་གི་ཁྲོད་དགུན་ཁའི་ས་སྲོད་ཅིག་ལ་ངའི་ཚེ་སྲོག་གི་འདབ་མ་སྦྲ་འདབས་སུ་འཐོར་ཞིང་ནོར་ལུག་གི་སྐར་ཚོགས་ཀྱི་ཁྲོད་དུ་ནར་སོན་པ་ཡིན། དུས་དེ་ནས་བཟུང་ངས་བྱམས་བརྩེ་ཡི་འོད་རླབས་འཕྱུར་པའི་མེ་ཏོག་རྐྱང་རྐྱང་གི་འཇིག་རྟེན་ནས་བདེ་སྡུག་ལ་ངེས་ཤེས་མ་རྙེད།


    འཇིག་རྟེན་མ་རིག་པ་བརྙེས་པའི་འཁོར་བ་ཅིག བདེ་སྡུག་ལ་གོ་རིམ་མེད་པའི་ཚོར་བ་སྐྱུར་མོ་ཞིག་གི་གླེང་སྟེགས་ཁོ་ན། ངས་རྣམ་ཤེས་རྙིང་པ་ཅིག་ལ་ངུ་སྐད་གསར་པ་བརྒྱན་ཉིན་ནས་བདག་གི་བློ་ཡིད་ན་ཆེས་བརྗེད་མི་ཐུབ་པ་ནི་ཤིན་ཏུ་མང་མོད། འོན་ཀྱང་ངའི་གློ་སྙིང་མཆིན་གསུམ་ལ་ཟུག་གཟེར་སྟེར་ཞིང་འཁོར་བ་ལ་ངེས་འབྱུང་སྐྱེས་པའི་དུས་དེ་ཏག་ཏག་དབྱར་དུས་ཀྱི་མཚན་མོ་ཞིག


    ཟླུམ་གཟུགས་དབྱིབས་ཅན་གྱིས་གྲུབ་པའི་”འཇིག་རྟེན་ཁམས་ཅི་འདྲའི་ཆེ་རུང་འབྱུང་བ་བཞིར་གྲུབ་ཕྱིར། རི་ཆུ་སྤང་ལྗོངས། ནགས་ཚལ་ལས་མེད།”  ཅེས་གནམ་ས་ཡོད་ཚད་རང་ཉིད་ལ་དབང་བའི་ལྟ་བ་མཐོ་བོ་ཐོད་ལ་བཏེགས་ཏེ་བྱིས་བློའི་དྲི་མ་མ་དག་པའི་རང་གཤིས་མངོན་ཞོར་རྩེད་ར་ཆུང་ཆུང་སྔས་སུ་བསྟེན་པའི་དུས་སྐབས་སྙིང་ཉེ་བའི་བརྩེ་ལྡན་ཨ་ཕ་དང་ངེད་གཉིས་སྐབས་གསུམ་ས་ལ་འཕོས་འདྲའི་མཛེས་སྡུག་གི་ཁོར་ཡུག་ཅིག་ནས་གཏམ་གླེང་གི་བསམ་གཞིགས་ཁྲོད་ནས་ཨ་ཕས་ཁ་བའི་གཏམ་རྒྱུད་གསུངས་ཤིང༌། རིགས་ཞེན་གྱི་ལ་རྒྱ་བསྩལ། གློ་བུར་དུ་ཨ་ཕའི་ལུས་ཡོངས་ལ་རྔུལ་ཆུས་མཆེད་ཅིང་ཁ་ནས་”ངའི་གཅེས་ཕྲུག་མ། ཨ་མ་གང་ན་ཡོད་”ཅེས་ན་ཟུག་ལྕི་མོ་ཞིག་གིས་ངུ་སྐད་འབོད་དུས་ཏག་ཏག་དབྱར་དུས་ཀྱི་མཚན་མོ་ཞིག


    མཚན་མོ་དེ་ས་གཞི་ཚང་མ་སྨུག་པས་སྒྲིབ་མེད་ཅིང་ངེད་ཚང་གི་གཞིས་ཀ་སྡུག་བསྔལ་གྱི་མུན་པ་འཐིབས་འགོ་བརྩམས། ཨ་ཕས་ན་ཟུག་གི་མ་ལྕོགས་པར་ལག་པས་མགོ་བོར་འཆངས། ཨ་མས་སྙིང་རྗེ་ཡི་མ་བཟོད་པས་སྤྱན་ཆབ་ཡི་ཐིགས་པ་རེ་རེས་བྲང་གཞུང་བརླན། བུ་མོ་ངའི་ཕ་བུའི་བརྩེ་དུང་གི་གཏམ་རྒྱུད་གླེང་ཞོར་ངུ་འབོད་བྱས་ཏེ་མཚན་མོའི་ཁུ་སིམ་གྱི་འཇིག་རྟེན་མེ་རུ་བསྒྲོན་དུས་ཏག་ཏག་དབྱར་དུས་ཀྱི་མཚན་མོ་ཞིག


    ཨ་ཕས་”ངའི་ཚེ་གཅེས་མ་”ཞེས་ཟུངས་ཁྲག་གི་འཁོར་རྒྱུན་བཏང་སྙོམས་མ་ཡིན་པའི་བར་སྲུབས་རེ་ནས་འབོད་ཞོར་ལོ་བརྒྱད་ལ་སོན་པའི་བདག་ལྕོགས་ལ་མི་ལྕོགས་པའི་ངང་བྲང་ལ་སྦྱོར་ཞོར་”ངའི་ཚེ་གཅེས་་་་་་་་ ཁྱེད་ཀྱིས་ནུས་པ་མེད་པའི་ཨ་ཕ་ང་ལ་ལེ་བདའ་དང་འཁང་ར་མ་བྱེད། ངས་ཁྱོད་ལ་འཇིག་རྟེན་གྱི་དྲོད་ཁོལ་ཞིག་དང་ཤེས་རིག་གི་གུར་ཁྱིམ་ཞིག་ནས་ཀ་ཁའི་དབྱངས་རྟ་་་་་་༌། ཁྱོད་ཀྱི་བགྲོད་ལམ་དང་ཚེ་སྲོག་གི་རིན་ཐང་ཡིན་ཡང་ངས་ཁྱེད་ཉིད་སྐྱེལ་མ་བྱེད་མི་ཐུབ། དངོས་ནས་དགོངས་དག་་་་་་་་་་་་་་་ ངའི་ཚེ་གཅེས་་་་་་་་་་་་ ཨ་མའི་ཁ་ལ་ཉོན་་་་་་་་་་ དབྱངས་གསལ་སོ་བཞི་ཁྱེད་ཀྱི་གཏན་གྲོགས་བྱེད་རོགས་” ཞེས་སྐུལ་བཞིན་ངུ་ངག་གི་ཐོག་མཐའ་བསྡེབས་ཏེ། དུར་ཁྲོད་་་་་་་་་་་་ ཕྱིར་མི་ལོག་པའི་འཇིག་རྟེན་དུ་འགྲིམ་ཐལ། དེ་དུས་ཏག་ཏག་དབྱར་དུས་ཀྱི་མཚན་མོ་ཞིག


    མཚན་མོ་དེ་ནས་ཨ་མར་ཡུགས་ས་མ་ཞེས་པའི་མཚན་ངན་ཐོབ་ཅིང༌། ངས་དྭ་ཕྲུག་མ་ཞེས་མིང་རྫོབ་པོ་འདི་འཁུར་ནས་ཚེ་སྲོག་ཆུང་ཆུང་འདིའི་སྟངས་སྟབས་ལ་གོམ་ཁ་བརྒྱུད་དགོས་བྱུང༌། མཚམས་རེར་ཨ་ཕ་དྲན་དུས་འཁོར་བ་ལ་ངེས་འབྱུང་སྐྱེས་ཤིང༌། ལན་རེར་ཨ་ཕ་བསམ་དུས་འཇིག་རྟེན་ན་ཅི་ཞིག་གི་ཆེད་དུ་གསོན་ཡོད་པའང་མི་ཤེས། དེ་བས་ངའི་དོན་ལྔ་སྣོད་དྲུག་ཤ་གཟན་རིགས་ལ་སྦྱིན་པ་བཏང་སྟེ་ཕྱི་མའི་འཕྲང་རིང་ལ་ཨ་ཕའི་རྗེས་སྙེག་འདོད། ཡིན་ཡང་ཡོད་ཚད་ལ་ཕྱིར་མིག་དང་བསམ་གཞིགས་བྱེད་དུས་ཨ་མའི་སྤྱན་ཟུང་ལ་ཆག་གྲུམ་ཤོར་ཡོད་པས། གསོན་སྙིང་ལ་ཕོག་ཐུག་གཏོང་མ་ཕོད། དེ་ལྟར་མྱ་ངན་གྱི་འཇིག་རྟེན་ནས་སྐྱོ་སྡུག་གི་ཤུགས་རིང་འབྱིན་དུས་ཏག་ཏག་དབྱར་དུས་ཀྱི་མཚན་མོ་ཞིག


    མེ་ཏོག་མཛེས་སྡུག་གིས་བརྒྱན་ཞིང་བྱ་དང་བྱེའུ་ཁྱུ་ཚོགས་ཀྱིས་གསུང་སྙན་སྒྲོག་པའི་དབྱར་དུས་ཀྱི་མཚན་མོ། བསིལ་འཇམ་དང་གྲང་རླུང་སྙོམས་པའི་སྐྱིད་དུས་ཀྱི་དུས་ཚིགས་ཡིན་རུང་བདག་གི་སྣང་ངོར་དེ་འདྲ་ཞིག་ཏུ་གཏན་ནས་མ་ཚོར། ཅིའི་ཕྱིར་ཞེ་ན། ཨ་མའི་སེམས་པའི་དྲོད་ཁོལ་ཤོར་ཞིང་བདག་གི་འཚོ་རྟེན་ཆག་པའི་མྱ་ངན་གྱི་མཚན་མོ་ཞིག ཨ་ཕའི་འཁྲེང་ཞེན་དང་ཕྱིར་མིག ཨ་མའི་ངུ་ངག་དང་སྐྱོ་དབྱངས། འོ་་་་་་་་་་་་་་  ད་དུང་བདག་གི་རྨ་ཁ། སྨིན་མ་ཐུབ་པའི་ཕ་བུ་བརྩེ་དུང་གི་གཏམ་རྒྱུད་སྐྱུར་མོ། སྐྱོ་སྡུག་གི་དྲན་ཐོ་བཀོད་པའི་དུས་དེར་ཏག་ཏག་དབྱར་དུས་ཀྱི་མཚན་མོ་ཞིག མཚན་མོ་འདིའི་བརྒྱུད་རིམ་ནག་པོ་ངའི་ཚེ་སྲོག་གི་ཁྲག་རྒྱུན་མ་འཇགས་བར་དུ་མྱ་ངན་གྱི་དྲན་ཐོ་ཁོ་ནའོ། །

རྩོམ་ཡིག་དཔྱད་མཆན།

དོན་བརྗོད་རྩོམ་ཡིག་འདིའི་ཚིག་སྦྱོར་ལེགས་ཤིང༌། བྱ་བའི་བརྒྱུད་རིམ་གཙོ་བསྡུས་རྣམས་དང༌། མི་སྣའི་བྱེད་ལས་དང་རང་གཤིས་འགོད་སྟངས། རྩོམ་ཡིག་གི་བརྗོད་དོན་གཙོ་བོ་དམ་པོར་འཇུ་ཐུབ་ཡོད་པས་བསྔགས་པར་འོས། འོན་ཀྱང་བརྡ་སྤྲད་ཐོག་སྐོང་ཚིག་ཁག་ཅིག་འབྲི་སྟངས་མི་ལེགས་པས་དུས་རྒྱུན་ལྟར་བྲིས་ན་ལེགས་པར་སྙམ།

དབྱར་གྱི་མཚན་མོ་ཞིག(ཨང་གསུམ་པ)

བདེ་ཆེན།(ལྷ་ས) ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ།

    ནམ་མཁའ་སྔོ་ཞིང་མཐའ་སྐོར་གྱི་རྩི་ཤིང་དང་མེ་ཏོག ཁམ་སྡོང་ལ་སོགས་མཛེས། བྱ་བྱེའུ་ཐམས་ཅད་རྩི་ཤིང་དེ་ཚོའི་སྟེང་དུ་དགའ་བའི་གླུ་གཞས་གཏོང་བཞིན་ཡོད་པའི་ནམ་དུས་དབྱར་ཁའི་མཚན་མོ་ཞིག་ལ་གུས་མོས་རང་ཉིད་ཀྱི་མལ་ཁྲིའི་སྟེང་མལ་ཆས་སྲབ་པོ་ཞིག་གྱོན་ནས་གཉིད་ལ་ཤོར། སྐབས་ཤིག་གློ་བུར་དུ་རང་ཉིད་ཀྱི་ཉལ་ཁང་གི་སྒེའུ་ཁུང་ནས་དགུན་དུས་ཀྱི་འཁྱགས་པ་ལྟར་གྲང་བསིལ་བསིལ་གྱི་རླུང་བུ་ཞིག ངའི་ཕྱོགས་སུ་ལྡང་པས་རང་ཉིད་ཀྱི་མལ་ཆས་སྲབ་མོ་ཞིག་ལས་གྱོན་མེད་སྟབས་ངའི་སྐྱིད་པའི་རྨི་ལམ་དེ་ཡང་དཀྲོགས་ཤིང་གཉིད་སད། གཉིད་སད་ནས་གུས་མོས་རང་ཉིད་ཀྱི་སྒེའུ་ཁུང་ནས་ཕྱི་ལ་ལྟ་ཙམ་བྱེད་སྐབས་ང་ཚོའི་འགྲམ་དུ་ཡོད་པའི་ཉལ་ཁང་དེའི་གློག་སྤར་འདུག་པས་ཁོ་ཚོའི་གློག་འོད་དེས་ངས་ལྟ་བཞིན་པའི་སྒེའུ་ཁུང་ཕྱི་ཡི་ཡུལ་ལྗོངས་ཡོངས་སུ་གསལ། སྐབས་དེ་དུས་ངས་ཡང་བསྐྱར་ཕྱི་ལ་ལྟ་ཙམ་བྱེད་སྐབས་གློག་འོད་དེའི་འོག་བཀྲེས་སྐོམ་གྱིས་མནར་བའི་ཕྲུ་གུ་ཞིག་ངུ་བཞིན་འདུག
ཕྲུ་གུ་དེ་ནི་གཟུགས་ཆུང་ཞིང་གྲུང་ཤ་དོད་ལ་བལྟས་པ་ཙམ་གྱི་ཕལ་ཆེར་ལོ་བཅུ་བཅུ་གཅིག་ཅིག་ཡིན་པ་འདྲ། དེ་མ་ཐག་ངས་ཕྲུ་གུ་ཆུང་ཆུང་དེའི་ངུ་སྐད་དང་ངོ་གདོང་དེ་མཐོང་མ་ཐག་ལམ་སང་ང་རང་ཉིད་ཀྱི་མལ་ཁྲིའི་སྟེང་ནས་མར་བབས་ཏེ། མགྱོགས་མྱུར་ངང་རང་ཉིད་ཀྱི་གྲོགས་མོ་གཉིད་ལས་བསླངས་ཏཻ་ཕྲུ་གུ་དེའི་ཕྱོགས་སུ་ལྟ་བར་ཕྱིན་པ་ཡིན། ཕྲུ་གུ་དེ་ཡིས་ང་ཚོ་མཐོང་བ་དང་དགའ་ཐག་ཆོད་ནས་རྒྱུགས་ཡོང་གི་འདུག་ལ། “ང་ཞེད་ཀྱི་འདུག་”ཅེས་ཟེར། ཕྲུ་གུ་ཆུང་ཆུང་དེས་ང་ལ་འཐམས་ནས། “ཨ་ཅག ང་ཨ་མའི་སར་སྐྱོལ་དང༌། ཨ་མའི་སར་སྐྱོལ་དང་”ཞེས་ཨུ་ཚུགས་ཀྱིས་ངའི་རྐང་པར་འཇུས་ཏེ་བསྡད། ངས་ཕྲུ་གུ་ཆུང་ཆུང་དེའི་བྱེད་སྟངས་དེ་མཐོང་དུས་སེམས་ནང་བརྗོད་ཀྱིས་མི་ལང་བའི་སྙིང་རྗེ་ཚད་མེད་ཅིག་སྐྱེས་ཤིང༌། ཕྲུ་གུ་དེ་པང་དུ་བླངས་ནས་ངའི་ཉལ་ཁང་གི་ཕྱོགས་སུ་འཁྲིད་པ་ཡིན། ཉལ་ཁང་དུ་སླེབས་རྗེས་ངས་རང་ཉིད་ཀྱི་དྲིན་ཅན་ཕ་མས་བསྐུར་བའི་རྔན་པ་ཏོག་ཙམ་དེ་ལྕགས་སྒམ་ནས་བཏོན་ཏེ། ཕྲུ་གུ་ཆུང་ཆུང་དེའི་མདུན་དུ་བཞག་མ་ཐག ལམ་སང་ཕྲུ་གུ་དེས་ངའི་ཕྱོགས་སུ་ལྟ་བཞིན། མེ་ཏོག་ལ་སྦྲང་བུ་འཁོར་བ་བཞིན་ལག་གཉིས་ཀས་བླངས་ཏེ་བཟས་སོང༌། རྔན་པ་དེ་དག་བཟས་ཚར་མ་ཐག ཡང་བསྐྱར་ཕྲུ་གུ་དེས་ང་ལ་སྔོན་ལྟར་རེ་སྐུལ་ཞུ་བཞིན་འདུག
དེ་ནི་དྲིན་ཆེན་ཨ་མ་ནི་ཕྲུ་གུའི་ཟས་བཅུད་ཡག་ཤོས་སམ་བཀའ་དྲིན་ཆེ་ཤོས་དང་བྱམས་སྐྱོང་གནང་མཁན་ཞིག་ཡིན་པས་རེད།
དེར་བརྟེན། ཕྲུ་གུའི་སེམས་ནང་ག་དུས་ཡིན་ནའང་ཨ་མ་ནི་བརྗེད་ཐབས་མེད་པ་ཞིག་རེད་བསམ་པ་དྲན་བྱུང༌། དེའི་རྗེས་ངས་ཕྲུ་གུ་དེའི་ཕ་མ་དང་ཕ་མའི་མིང་དང་སྡོད་གནས་གང་དུ་ཡིན་མིན་སྐད་ཆ་འདྲི་སྐབས། ཕྲུ་གུ་དེའི་ཨ་མའི་མིང་ལ་སྒྲོལ་མ་དང་ཕ་ཡི་མིང་བཀྲ་ཤིས་ཟེར་ཞིང་སྡོད་གཞིས་ནི། ང་ཚོའི་སློབ་གྲྭའི་འགྲམ་དུ་ཡོད་པའི་སྦིར་གཞིས་ཆགས་ནས་རེད་འདུག་ལ། ཕ་མ་དང་བུ་ཕྲུག་ཁོ་ཚོ་གསུམ་དེའི་ཉིན་མོ་ཅོན་ཏ་རའི་གཞིས་ཆགས་སུ་ཁྲོམ་འདུས་ཤིག་ཡོད་པ་དེར་ཉོ་ཆ་རྒྱག་ཏུ་ཡོང་བའི་སྐབས་ཁྲོམ་འདུས་དེ་ནི་མི་ཚོགས་མང་ཞིང་འཚང་ཁ་ཤིག་ཤིག་ཅིག་ཡོད་པས་མི་ཚོགས་མང་པོ་དེའི་དཀྱིལ་དུ་ཕ་མ་དང་བུ་ཕྲུག་ཁ་བྲལ་བ་ཞིག་རེད་འདུག ཡིན་ཡང་དེ་ནི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཙམ་ཟིན་ཚར་འདུག་པས་ངས་ཕྲུ་གུ་དེ་ངའི་འགྲམ་དུ་ཉལ་ཆས་ཤིག་གཡོགས་ནས་ཉལ་བཅུག་པ་ཡིན། ཡིན་ནའང༌། ཕྲུ་གུ་དེའི་སེམས་ནང་རང་ཉིད་ཀྱི་ཕ་མ་དང་མཇལ་འདོད་ཆེན་པོ་ཡོད་སྟབས་མཚན་ལ་ངུ་བཞིན། “ཨ་མ་་་་་་་་་་་་་ ཨ་མ་་་་་་་་་” ཞེས་ཟེར་གྱིན་འདུག
དབྱར་ཁའི་མཚན་མོ་ཐུང་ཡང་ཞེ་དྲག་རིང་བ་དང་ཞོགས་པའི་རྟ་བདུན་དབང་པོ་དེ་ལམ་སང་ཤར་དཀའ་བས་ཚོར་སྣང་ཞིག་བྱུང༌། སྐབས་དེར་རང་ཉིད་ཕྲུ་གུ་ཆུང་ཆུང་དེ་དང་མཉམ་དུ་བསྡད་ནས་ཁོ་ལ་ང་ཆུང་དུས་རྨོ་མོ་ལགས་ཀྱིས་བཤད་པའི་སྒྲུང་གཏམ་གང་མང་ཞིག་བཤད་ནས་བསྡད་པ་ཡིན། གང་འཚམ་ནས་གྲུང་ཤ་དོད་ཅིང་ཉམ་ཆུང་གི་ཕྲུ་གུ་དེ་གཉིད་ལ་ཤོར་འདུག་པས། རང་ཉིད་ཀྱང་གཉིད་ཁུག་པ་ཡིན། གློ་བུར་དུ་ཕྱི་ནས་བྱ་སྐད་ཅིག་བརྒྱབ་སོང་བས་ང་གཉིད་ལས་སད་པ་དང༌། ངའི་འགྲམ་དུ་ཡོད་པའི་ཉམ་ཆུང་གི་ཕྲུ་གུ་དེ་ཡང་གཉིད་ལས་སད་ཅིང༌། ལམ་སང༌། “ཨ་ཅག ང་མགྱོགས་པོ་ཨ་མའི་སར་སྐྱོལ་དང་” ཟེར་གྱིས་འདུག དེར་བརྟེན། ངས་ཕྲུ་གུ་དེའི་འདོད་མོས་ལྟར་རང་ཉིད་སློབ་གྲྭའི་ཕྱི་རོལ་ཏུ་འགྲོ་མི་ཆོག་པས་ངས་ཕྲུ་གུ་དེ་འཁྲིད་ནས་སློབ་གྲྭའི་སློབ་སྤྱི་མཆོག་ལ་ཕྲུ་གུ་དེ་རྙེད་ལུགས་རྣམས་བཤད་པས་ཁོང་གི་ལམ་སང་རྒན་ལགས་ཤིག་བསྐྱལ་བར་བཏང་སོང༌། ཁོང་ངའི་བྱ་སྤྱོད་དེ་ཡིས་ཡིད་དབང་འཕྲོག་ཅིང་ཞོགས་པའི་འདུ་འཛོམས་སྟེང་དུ་བསྔགས་བརྗོད་ཞེ་དྲག་གནང་བྱུང་ལ། ལོ་དེའི་བཟང་པོ་གསུམ་ལྡན་གྱི་སློབ་ཕྲུག་ཅིག་ལ་ངོས་འཛིན་དང་བྱ་དགའ་གསོལ་རས་གནང་བྱུང་བས། སྐབས་དེའི་ངའི་བྱ་སྤྱོད་དང་མཛེས་ཤིང་ལྟ་ན་སྡུག་པའི་དབྱར་ཁའི་མཚན་མོ་དེ་ངས་དུས་ནམ་ཡང་བརྗེད་པར་ཧ་ཅང་དཀའོ། །

རྩོམ་ཡིག་དཔྱད་མཆན།

རྩོམ་ཡིག་འདིའི་ནང་དབྱར་གྱི་མཚན་མོ་ཞིག་ལ་བྱུང་བའི་དོན་རྐྱེན་ཞིག་བྲིས་ཡོད། འབྲི་སྟངས་ཐད་བཀོད་འབྲི་དང་འགྲེལ་བརྗོད། བར་འཇུག་བཅས་ཀྱི་ཐབས་རྩལ་སྤྱོད་སྟངས་དང༌། ཁྱད་པར་བྱ་བའི་བརྒྱུད་རིམ་དང་སྦྱར་ནས་སེམས་ཚོར་འབྲི་བའི་ཐབས་རྩལ་སྤྱོད་སྟངས་ལེགས། འོན་ཀྱང༌། རྩོམ་མཇུག་བསྡུ་སྟངས་གནད་དུ་སོང་མི་འདུག་ལ། བརྗོད་དོན་གཙོ་བོ་འབུར་དུ་འདོན་ཐུབ་མི་འདུག དེ་བཞིན་ཡི་གེའི་དག་ཆ་དང་ཕྲད་རྒྱག་སྟངས་ནོར་བ་ཅུང་འདུག་པ་བཅས་ཀྱི་ཕྱོགས་སུ་ཐུགས་སྣང་གིས་འབད་བརྩོན་གནང་ན་ཡར་རྒྱས་ཡོང་ངེས་སྙམ།