དབྱར་དུས་ཀྱི་བུང་བའི་གླུ་སྒྲ།(ཨང་དང་པོ)

བཀྲ་ཤིས། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

ཀྱེ་མ་ཕྱིར་དྲན་མེ་ལོང་ངོས་སུ་གསལ་བར་འཆར་བའི་གངས་ལྗོངས་ཀྱི། །
རབ་ཏུ་ཕྱུག་པའི་དབྱར་གྱི་བུང་བས་གླུ་སྒྲ་སྒྲོག་པའི་ངང་ཚུལ་དག །
ཁྲ་ཆུང་མིག་དང་ཡ་ཆུང་སེམས་ཀྱི་ཡོལ་བའི་ངོགས་སུ་ཤར་བའི་དུས། །
དྲན་གདུང་སེམས་ཀྱི་མཆི་མ་དམར་པོས་སྙན་ཚིག་གསོན་པོ་འདི་ལྟར་བྲིས། །

དཔྱིད་ཀྱི་བུ་མོ་ངང་གིས་འདས་ཤིང་དབྱར་གྱི་ལྷ་མོ་དལ་གྱིས་བྱོན། །
མཐོ་བའི་རི་དང་དམའ་བའི་ཐང་ལ་མཛེས་སྡུག་གོས་ཀྱིས་ཡོངས་སུ་བཀླུབས། །
ཡན་ལག་བརྒྱད་ལྡན་ཆུ་དང་གཙང་པོས་དགའ་བསུའི་སྙན་དབྱངས་ལེན་པའི་དུས།།
བུང་བ་གཞོན་ནུས་དབྱར་གྱི་བུ་མོར་དུང་བའི་མཆུ་འདབ་ཡང་ཡང་སྦྱོར། །

བཻཌཱུར་ཞུན་མའི་མདངས་ལ་འཁུ་བའི་ཨ་སྔོན་ནམ་མཁའི་མཐོངས་དབྱིངས་སུ།།
བྱ་རྒྱལ་རྒོད་པོས་རང་དབང་གཤོག་རྩལ་ལེགས་པར་ངོམ་ཞིང་འཕུར་ལ་བྲེལ།།
གསེར་མིག་ཉ་ཡིས་རྐྱལ་རྩལ་ངོམ་པའི་དྭངས་གཙང་ཆུ་བོའི་འགྲམ་ངོགས་སུ།།
དབྱར་གྱི་བུང་བས་གླུ་དབྱངས་ལེན་ལ་སྤྲོ་བ་བརྟས་འདི་ངོ་མཚར་ཆེ། །

རིང་ཞིང་སྟུག་པོའི་ཚང་ཚིང་ལྗོན་པའི་ཡལ་འདབ་རི་བོའི་གཏོས་དང་མཉམ། །
ཡངས་ཤིང་ཆེ་བའི་སྤང་ལྗོངས་སྔོན་མོ་ས་གཞིའི་གོས་སུ་ལེགས་པར་བྱོན། །
མཛེས་ཤིང་སྡུག་པའི་སྣ་བརྒྱ་མེ་ཏོག་ནེའུ་གསིང་སྔོན་མོའི་རྒྱན་དུ་བཀྲ། །
དབྱར་གྱི་བུང་བའི་ཆཌ་པའི་ཟུར་མིག་དབྱར་ལྗོངས་མཛེས་མའི་དཔལ་ལ་ཕྱོགས།།

དྭངས་གཙང་ཆུ་བོས་རྒྱལ་ཁམས་སྐོར་ཞོར་སྐྱེ་འགྲོ་ཀུན་གྱི་སྐོམ་གདུང་སེལ། །
བསིལ་འཇམ་དྲི་བཞོན་ལྡང་སྟབས་གཉོམ་པོས་ལུས་སེམས་ངལ་བ་རྒྱང་དུ་འཁྱེར།།
སྦྲང་ཆར་བསིལ་མ་འབབ་ཐེངས་ཤིག་གིས་རྩྭ་དང་རྩི་ཤིང་རྒྱས་པའི་དུས། །
དབྱར་གྱི་བུང་བས་གླུ་སྒྲ་གྱེར་བཞིན་ཡུལ་ལྗོངས་གང་སར་སྤྲོ་བས་འཕུར། །

སྐྱེ་རྒུའི་ལང་ཚོའི་ཁོ་ལག་རྒྱས་པའི་དབྱར་ཁའི་དུས་ཀྱི་གཞོང་བ་རུ། །
དགའ་སྤྲོ་འབུམ་ཕྲག་སྔས་སུ་བྱས་པའི་ཕ་སའི་སྤུན་དང་ཡུལ་མི་ཚོས། །
ཚ་གྲང་སྙོམས་པའི་དབྱར་ཁའི་ཉིན་མཚན་དགོད་སྒྲའི་ཁྲོད་ནས་བསྐྱལ་བའི་དུས།།
དབྱར་གྱི་བུང་བའི་མགྲིན་པའི་ཤུགས་ནས་སྨོན་འདུན་གླུ་སྒྲ་ཡུན་གྱིས་ཐལ། །

གནམ་གྱི་ཆུ་འཛིན་ས་ལ་བབས་འདྲའི་གཡང་དཀར་ལུག་གི་འབའ་སྒྲ་དང༌། །
མུ་ཏིག་ནག་པོ་ཐང་མར་བརྡལ་འདྲའི་ནོར་གནག་ཕྱུགས་ཀྱི་ངུར་སྒྲའི་དབྱངས།།
སྙན་འཇེབས་ངག་གིས་དབྱངས་རྟར་དྲངས་པའི་རྫི་བོ་གཞོན་ནུའི་གླུ་གཞས་ཀྱིས།།
རི་ལུང་ཐང་གསུམ་མཛེས་པར་གཏོང་དུས་དབྱར་གྱི་བུང་བ་སྤྲོ་དགས་མྱོས། །

རྩི་ཤིང་ལོ་ཏོག་ངང་གིས་རྒྱས་ནས་ཆུང་ཆུང་སྙེ་མའི་མགོ་ལྕོག་ལྡེམ། །
ཡིད་དབང་འཕྲོག་པའི་མེ་ཏོག་ཚོགས་ཀྱི་མཛེས་པའི་བཞིན་ཞལ་དགོད་ལ་འཛུམ།།
ཡུན་རིང་འདྲིས་པའི་གཞོན་ནུ་ཆ་རེས་མཛའ་བརྩེའི་སྙིང་གཏམ་གླེང་བའི་དུས།།
དབྱར་གྱི་བུང་བའི་ཕྲག་དོག་ངག་ན་”དར་དིར་”སྒྲ་དབྱངས་བར་མེད་འདོན།།

ཤ་མར་ཐུད་གསུམ་བྱུར་བུར་གཏམས་འདྲའི་མཐའ་ཡས་རྩྭ་ཐང་ཡངས་པོ་རུ། །
མཉམ་འཛོམས་དུས་ཀྱི་དགའ་བའི་གླུ་བྲོས་དབྱར་གྱི་ཁ་དབུགས་ཡོངས་སུ་དཀྲིས།།
ཆིག་སྒྲིལ་ལག་རྡང་དམ་དུ་སྦྲེལ་ནས་མདུན་བསྐྱོད་གོམ་སྟབས་སྤོ་བ་ཡི། །
གངས་ཅན་པ་ཚོའི་ལ་རྒྱའི་འཆིང་ཐག་དབྱར་གྱི་བུང་བས་གླུ་རུ་གྱེར། །

དེང་རབས་འཕྲུལ་གྱི་ཡོ་ལང་འབར་བའི་གྲོང་དང་གྲོང་བརྡལ་སོ་སོ་དང༌། །
བརྡ་འཕྲིན་རྦ་རླབས་དྲག་ཏུ་འཕྱོ་བའི་ཡུལ་ལྗོངས་སྐྱེད་ཚལ་ཡོད་ཚད་དུ། །
ཡིད་འོང་སྣ་བརྒྱའི་མེ་ཏོག་ཚོགས་ལ་ལྡིང་སྐོར་རྒྱག་པའི་བུང་བ་ཡིས། །
དབྱར་གྱི་མཛེས་སྡུག་གླུ་རུ་ལེན་ཞོར་སྐུལ་ལྕག་བྱེད་འདི་ཨེ་མ་རྨད། །

ཞོགས་པའི་སྐྱ་རེངས་ལྷོད་ཀྱི་གཏོང་དུས་དྲོད་ལྡན་ཉི་གཞོན་བསུ་མཁན་ཁྱེད། །
ཚ་དྲོད་མེ་ལྕེ་ངང་གིས་འབར་དུས་དྲི་བཞོན་བུ་མོ་འབོད་མཁན་ཁྱེད། །
མཚམས་སྤྲིན་དམར་པོ་གནམ་མཐར་ལངས་དུས་ལ་ཁའི་ཉི་མ་སྐྱེལ་མཁན་ཁྱེད།
ས་སྲོད་མུན་པས་ཡུལ་ལྗོངས་གཡོགས་དུས་ཟླ་སྐར་འོག་གི་གླུ་བ་ཁྱེད། །

དྲི་བཞོན་བུ་མོའི་བསིལ་འཇམ་རེག་བྱ་ཉིན་མཚན་ཀུན་ཏུ་གླུ་རུ་ལེན། །
ཤང་ཤང་ཆུ་མོའི་དྭངས་གཙང་ཡོན་ཏན་རྒྱལ་ཁམས་ཀུན་གྱི་རྣ་བར་བླུགས། །
སྣ་བརྒྱའི་མེ་ཏོག་མཛེས་པའི་དཔལ་ཡོན་སྐྱེ་དགུའི་ཡིད་ཀྱི་ཞིང་སར་བཞེངས། །
དབྱར་གྱི་མཛེས་སྡུག་དབྱངས་སུ་གྱེར་བ་བུང་བ་གཞོན་ནུ་ཁྱེད་ཀྱི་རྒྱན། །

ཞིམ་མངར་ཟེའུ་འབྲུ་ངོམས་པར་རོལ་ལ་ཁོམ་ལོང་བྲལ་བའི་བུང་བ་གཞོན། །
རང་དབང་གཤོག་རྡང་མཁའ་རུ་བརྐྱངས་ནས་དབྱར་གྱི་མཛེས་སྡུག་མ་ལུས་པ།།
ལོངས་སུ་སྤྱོད་པའི་གར་སྟབས་སྒྱུར་བཞིན་ཉམས་དགའི་གླུ་སྒྲ་སྒྲོགས་པའི་ཚུལ།།
མིག་ལ་མཐོང་དུས་ཁེར་རྐྱང་བདག་ཀྱང་བུང་བ་ཁྱེད་རང་ཡིན་ན་སྙམ། །

ཆ་རྒྱུས་མེད་པའི་ས་མཐའི་ཡུལ་འདིར་དབྱར་དུས་ཚ་བ་མེ་ལྟར་འབར། །
མཛེས་པའི་མདངས་ཀྱི་ཁ་དོག་བྲལ་བའི་ཡུལ་ལྗོངས་འདི་ཡི་སྣང་བརྙན་ཁྲོད། །
སྣ་བརྒྱའི་མེ་ཏོག་དྲི་བསུང་དབེན་པས་བུང་བ་གཞོན་ནུ་མཐོང་རེ་སྐན། །
སྙན་དབང་གསོ་བའི་དབྱར་གྱི་བུང་བའི་གླུ་སྒྲ་དགུན་གྱི་ཁུ་བྱུག་འདྲ། །

དབྱར་དགུན་དུས་ཀྱི་དབྱེ་བ་མེད་པའི་ཧི་མ་ལ་ཡའི་ཚུར་རོལ་ནས། །
ཁ་བའི་ལྗོངས་ཀྱི་རབ་ཕྱུག་དུས་ཀྱི་དགེ་མཚན་སྟོང་གི་ཡོན་ཏན་དྲན། །
ཁྱད་པར་དབྱར་གཞུང་མཛེས་སྡུག་ཁྲོད་ན་དགའ་སྐྱིད་གླུ་དབྱངས་ལེན་པ་ཡི། །
དབྱར་གྱི་བུང་བ་སྙན་མོ་ངག་གི་གླུ་གཞས་གསན་ལ་རེ་ཞིང་སྒུག །

ཕ་ས་ཕ་ཡུལ་རྒྱང་དུ་བསྐྱུར་བའི་ཉམ་ཆུང་གངས་ཕྲུག་བདག་གིས་ནི། །
ཕ་ཡུལ་ཕྱུག་མོའི་མཛེས་སྡུག་ཁྲོད་ན་འཕུར་ལྡིང་གར་ལ་རྩེན་པ་ཡི། །
ཕ་ཡུལ་ཁ་བ་གངས་ཅན་ལྗོངས་ཀྱི་དབྱར་དུས་ཁྲོད་ཀྱི་བུང་བ་ཁྱེད། །
དབྱར་ལྗོངས་ཕྱུག་མོའི་མཛེས་རྒྱན་རེད་ཅེས་སྤོབས་པའི་ངག་གིས་བརྗོད་པར་འདོད།།

རྩོམ་ཡིག་དཔྱད་མཆན།

དབྱར་དུས་ཀྱི་བུང་བའི་བྱེད་ལས་དང་འབྲེལ་རང་ཡུལ་ཁ་བའི་ཡུལ་ལྗོངས་ཀྱི་མཛེས་སྡུག་ལ་བསྔགས་བརྗོད་དང་དུང་སེམས་ཟབ་མོ་མཚོན་ཡོད། ཚེག་བར་བཅོ་ལྔ་པའི་ཚིགས་བཅད་རྩོམ་ཡིག་འདིའི་ནང་དོན་གོང་འོག་སྒྲིག་སྟངས་དང་བྱུང་རིམ་འབྲེལ་ཆགས་ཤིང༌། དཔེ་དོན་བཀོད་པ་འཚམས་པས་གཞི་རིམ་གོང་མའི་སློབ་ཕྲུག་གི་སྙན་རྩོམ་ལེགས་གྲས་སུ་བརྩིས་ཆོག། ཡིན་ནའང༌། ཚིག་སྦྱོར་ཁ་ཤས་ཀྱི་བརྗོད་དོན་གནད་དུ་མ་འཁེལ་ཞིང་ཚིག་སོབ་ཏུ་གྱུརའདུག་པ་གང་ཙམ་འདུག་པས། རྗེས་སུ་འདིའི་ཐད་ཡིད་གཟབ་ཀྱིས་ཚིགས་བཅད་མང་ཉུང་ལ་མ་ལྟོས་པར་བརྗོད་སྙིང་ཐོག་གནད་དུ་ཕིག་པའི་མཚོན་ཐབས་བཀོལ་བར་འབད་བརྩོན་གནང་ན་ཡར་རྒྱས་ཡོང་བར་ངེས།

དབྱར་གྱི་བུང་བའི་གླུ་སྒྲ།(ཨང་གཉིས་པ)

ཟླ་བ་ཚེ་རིང༌། རྡ་སྟེང་བོད་ཁྱིམ་སློབ་གྲྭ།

བརྗི༷ད་བརྗི༷ད་ལྷུན་པོའི་སྤོ་ལྟར་བརྗིད་པའི་མཚུངས་མེད་འཇིག་རྟེན་མགོན་པོའི་སྐུ། །
སྙ༷ན་སྙ༷ན་དྲུག་ཅུའི་དབྱངས་ལྡན་བཀའ་གསུང་ཞི་བདེའི་དབྱངས་རྟར་དྲངས་པའི་གསུང༌།།
སྐྱོ༷་སྐྱོ༷་ཉམ་ཐག་འགྲོ་བ་རིགས་དྲུག་ཡེ་ཤེས་སྤྱན་གྱིས་སྐྱོང་བའི་ཐུགས། །
གཅི༷ག་གཅི༷ག་ལྷ་གཅིག་ཕྱག་ན་པདྨོའི་ཞབས་ཀྱི་འདབ་མར་སྙིང་ནས་འདུད། །

གཟི༷གས་གཟི༷གས་བྱམས་བརྩེའི་སྤྱན་གྱིས་གཟིགས་པའི་ཉམ་ཆུང་བུང་བ་གཞོན་ནུ་ང༌།།
སྐྱི༷ད་སྐྱི༷ད་ལས་ཀྱི་མཐུ་ལས་མཆེད་དེ་འདི་ལྟར་དིར་དིར་རྒྱུ་བའི་དུས། །
མཛེ༷ས་མཛེ༷ས་དབྱར་གྱི་དཔལ་ཡོན་བསུ་བཞིན་ལང་ཚོའི་རིན་ཐང་འཚོལ་བར་བྲེལ། །
དག༷འ་དག༷འ་སྐྱོ་སྐྱོའི་བྱ་བར་བྲེལ་བཞིན་དབྱར་གྱི་དཔལ་མོར་གླུ་དབྱངས་ལེན།།

མཐོ༷་མཐོ༷་ཤར་ཕྱོགས་རི་བོའི་རྩེ་ནས་འོད་སྟོང་ལྡན་པའི་རྟ་བདུན་ཁྱེད། །
རི༷ལ་རི༷ལ་གོ་ལའི་སྐྱབས་ཀྱི་དམ་པར་དལ་བ་དལ་གྱིས་ཕེབས་པའི་དུས། །
ལྗ༷ང་ལྗ༷ང་ལོ་ཏོག་ལེགས་པར་སྐྱེས་པའི་ཞིང་ཁ་ཡངས་པོའི་བར་མཚམས་ནས།།
སྐྱིད་སྐྱིད་བུང་བ་གཞོན་ནུ་ང་ཡིས་ཁྱེད་དྲིན་དྲན་པའི་བསྟོད་གླུ་ལེན། །

མཐོ༷་མཐོ༷་ནམ་མཁའི་མཐོངས་ལམ་ཡངས་པོར་དལ་གྱིས་སྒྲིབ་པའི་ཆུ་འཛིན་ཁྱོད།།
བདེ༷་བདེ༷་ཞི་བའི་མལ་དུ་གཟིམ་ཏེ་རང་ལུས་དུང་གི་བ་གམ་ནས། །
ཟི༷མ་ཟི༷མ་ཆར་བའི་དངོས་གྲུབ་མ་ལུས་ཕན་བདེའི་རྒྱུ་རུ་བསྔོ་བའི་དུས། །
སྐྱི༷ད་སྐྱི༷ད་བུང་བ་གཞོན་ནུ་ང་ཡིས་ཁྱེད་དྲིན་དྲན་པའི་བསྟོད་གླུ་ལེན། །

མཛེ༷ས་མཛེ༷ས་དབྱར་གྱི་མཛེས་སྡུག་ཐམས་ཅད་རྣམ་པར་བཀྲ་བའི་འཛིན་མ་ཁྱོད།།
མཁྲེགས་མཁྲེགས་རིན་ཆེན་ཕ་ལམ་ལྟར་མཁྲེགས་ཀུན་གྱི་གདན་དུ་བཞུགས་པའི་དུས།།
བདེ༷་བདེ༷་སྐྱིད་ཀྱི་ཀློང་ན་འཚོ་བའི་སེམས་ཅན་ཡོངས་ཀྱི་གྲལ་ཚོགས་ནས། །
སྐྱིད་སྐྱིད་བུང་བ་གཞོན་ནུ་ང་ཡིས་ཁྱེད་དྲིན་དྲན་པའི་བསྟོད་གླུ་ལེན། །

བརྗི༷ད་བརྗི༷ད་གངས་ཀྱི་རི་བོ་མཐོན་པོ་མཁའ་ལ་ཟུག་པའི་བར་དོ་ནས། །
ལྷུ༷ང་ལྷུ༷ང་དབྱངས་སྙན་སྒྲོག་བཞིན་རྒྱུ་བའི་བསིལ་འཇམ་ན་ཆུང་ཆུ་བོ་ཁྱོད། །
ལྷོ༷ད་ལྷོ༷ད་རྒྱུ་བཞིན་སྲོག་གི་རྒྱུ་བ་གནང་ཞིང་གནང་ཞིང་ཡོང་བའི་དུས། །
སྐྱི༷ད་སྐྱི༷ད་བུང་བ་གཞོན་ནུ་ང་ཡིས་ཁྱེད་དྲིན་དྲན་པའི་བསྟོད་གླུ་ལེན། །

སྔོ༷་སྔོ༷་ནམ་མཁའི་ཁྱིམ་གཞིས་སྙོམས་པོ་གཡུ་ཡི་མནྜལ་བཏིང་དང་འདྲ། །
བསི༷ལ་བསི༷ལ་གནམ་གཤིས་ཚ་གྲང་སྙོམས་པོ་ཀུན་མཁོའི་སྲོག་གི་རྒྱུ་བ་དངོས།།
འཇ༷མ་འཇ༷མ་སྔོ་ལྗང་རྩྭ་ཐང་ཡངས་པོ་མཛེས་མའི་རེག་བྱ་ལས་ཀྱང་འཇམ།།
སྐྱི༷ད་སྐྱི༷ད་བུང་བ་གཞོན་ནུ་ང་ཡིས་དབྱར་གྱི་དཔལ་མོར་བསྟོད་གླུ་ལེན། །

བྲ༷ལ་བྲ༷ལ་སྙིང་རྗེ་ཡོངས་སུ་བྲལ་བའི་ངམ་གནག་རླུང་འཚུབ་དྲག་པོ་ཁྱོད། །
བཀྲ༷་བཀྲ༷་མེ་ཏོག་ཁྲི་འབུམ་བཀྲ་བའི་མཛེས་ལྡན་ལྡུམ་ར་ཡངས་པོའི་ངོར། །
འཚུ༷བ་འཚུ༷བ་གཏོར་བཤིག་ལས་ལ་བསྡོས་ཏེ་ཞེ་སྡང་དྲག་པོས་མཆོངས་པའི་དུས།།
སྐྱོ༷་སྐྱོ༷་ཉམ་ཆུང་བུང་བ་ང་ཡིས་སྐྱོ་གདུང་དྲག་པོ་གླུ་རུ་ལེན། །

སྔོ༷་སྔོ༷་ནམ་མཁའི་མཐོངས་ལམ་ཡངས་པོ་མུན་པར་བསྒྱུར་མཁས་སྤྲིན་ནག་ཁྱོད།།
སྡི༷ག་སྡི༷ག་ཆུ་སྲིན་ལང་ཚོའི་གཤེད་མར་སྤྲུལ་བའི་འཇིག་རྟེན་བཅོམ་པ་པོ། །
ལྡི༷ར་ལྡི༷ར་མཁའ་ནས་སེར་བའི་དྲག་ཆར་ཐོག་དང་སྦྲགས་ཏེ་གཡུག་སྐབས་སུ།།
སྐྱོ༷་སྐྱོ༷་ཉམ་ཆུང་བུང་བ་ང་ཡིས་དབྱར་དཔལ་བརླག་པའི་སྐྱོ་གླུ་ལེན། །

ཆེ༷་ཆེ༷་རྒྱུག་ཤུགས་ཤིན་ཏུ་ཆེ་བའི་སྨྱོན་པའི་གཤིས་ལྡན་གཙང་པོ་ཁྱོད། །
འཕྱོ༷་འཕྱོ༷་རླབས་ཕྲེང་མཁའ་རུ་འཕྱོ་བའི་ཤྭ་འོད་སྟོང་གིས་རྒོལ་བའི་དུས། །
ལྗ༷ང་ལྗ༷ང་ལོ་ཏོག་ཁང་པའི་རྟེན་གཞི་འགྲོ་བའི་འཚོ་རྟེན་ཡོངས་བཅོམ་པས། །
སྐྱོ༷་སྐྱོ༷་ཉམ་ཆུང་བུང་བ་ང་ཡིས་སྐྱོ་གདུང་དྲག་པོ་གླུ་རུ་ལེན། །

སྐྱི༷ད་སྐྱི༷ད་རང་གི་སྦྲང་ཚང་དྲོན་པོ་ཤྭ་འོད་དེ་ཡིས་ཡོངས་སུ་གཏོར། །
ཞི༷མ་ཞི༷མ་ང་ཡི་པདྨའི་ཟེའུ་འབྲུ་ངམ་གནག་སེར་བས་ཡོངས་སུ་བཅོམ། །
དི༷ར་དི༷ར་རང་དབང་དཔལ་གྱིས་རྒྱུ་འདོད་ཅི་ཡང་མེད་པའི་སྦྲང་ཆུང་ང༌། །
གཏོ༷ར་གཏོ༷ར་ཐམས་ཅད་ཡོངས་སུ་གཏོར་བའི་དམྱལ་བའི་ཁམས་ན་སྐྱོ་བས་འཆི།།

དག༷འ་དག༷འ་སྤྲོ་སྤྲོ་འཚོལ་བར་འདོད་པའི་བུང་བ་ང་ཡི་བཞུད་ལམ་ན། །
སྐྱོ༷་སྐྱོ༷་སྡུག་དང་གདུང་བའི་གཞི་མ་ཆར་རྗེས་ཤ་མོ་བཞིན་དུ་མང༌། །
མ༷ང་མ༷ང་སེམས་འགྱུ་ཤིན་ཏུ་མང་བས་འགྱུར་ལྡོག་ཆེ་བའི་དབྱར་དུས་འདིར། །
དག༷འ་དག༷འ་སྐྱོ་སྐྱོ་ཟུང་དུ་སྦྲེལ་བའི་གླུ་གཞས་ཐར་ཐོར་དབྱངས་ལ་དྲངས། །

རྩོམ་ཡིག་དཔྱད་མཆན།

ཟུང་ལྡན་གྱི་སྒྲ་རྒྱན་སྤྱད་པའི་ཚེག་བར་བཅུ་དྲུག་མའི་ཚིགས་བཅད་རྩོམ་ཡིག་འདིའི་ཚིག་སྦྱོར་སྙན་ཞིང་ནང་འབྲེལ་ཆགས་པ། རབ་རྟོག་དང་དཔེ་རྒྱན། གཟུགས་རྒྱན། བསྡུས་བརྗོད་སོགས་རྒྱན་སྣ་ཚོགས་ཀྱི་སྒོ་ནས་དབྱར་དུས་ཀྱི་ཡུལ་ལྗོངས་ཀྱི་རྣམ་པ་བཀོད་འབྲི་བྱས་འདུག རྩོམ་ཡིག་ནང་ཡི་གེའི་དག་ཆ་ནོར་བ་རེ་ཟུང་ལས་མི་འདུག་པས་ལེགས། ཚིག་སྦྱོར་ཁག་ཅིག་གི་ལྷུ་རྐང་བཙན་སྒྲིག་བྱས་པའི་རྣམ་པ་མངོན་པ་དུས་རྒྱུན་སྙན་ཚིག་གཞན་དག་ཏུའང་མཐོང་ཐུབ་ཀྱང༌། དོན་དངོས་ཐོག་སྒྲ་རྒྱན་སྤྱོད་སྐབས་བརྗོད་བདེ་ཞིང་རྣ་བར་སྙན་ཆ་དོད་པོ་ཡོང་རྒྱུ་གལ་ཆེ་བས་ཐུགས་སྣང་གིས་སྦྱོང་བརྡར་མང་དུ་གནང་བར་ཞུ།

དབྱར་གྱི་བུང་བའི་གླུ་སྒྲ།(ཨང་གསུམ་པ)

དོན་གྲུབ་བཀྲ་ཤིས། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

བརྒྱད་གཉིས་ན་ཚོད་སྨིན་ལེགས་ཤིང༌། །སྤྱན་དཀྱུས་ཨུཏྤལ་གཡོ་བའི་གར། །
ཕྱག་ཏུ་པི་ཝང་ཉེར་འཆང་མ། །ཚངས་སྲས་ལྷ་མོས་རམ་འདེགས་མཛོད། །

ཁོ་ར་ཁོར་ཡུག་ཀུན་ཏུ་ནི། །ཁྲ་ཚོམ་མེ་ཏོག་རྣམ་པར་བཞད། །
བདག་གིས་དིར་དིར་ཟེར་བཞིན་དུ། །སྙན་པའི་གླུ་ཞིག་ཁྱེད་ཚོར་ལེན། །

དྲི་བཞོན་རླུང་བུ་བསིལ་ཞིང་འཇམ། །མེ་ཏོག་རྣམས་ནི་མགོ་ལྕོག་ལྡེམ། །
རི་ལུང་ཐམས་ཅད་ལྷིང་འཇགས་གེར། །བདག་ནི་རྒྱལ་ཁམས་ལྟད་མོར་མྱུལ། །

ལྗོན་ཤིང་ཡལ་ག་མཉེན་ཞིང་ལྡེམ། །མེ་ཏོག་རྣམས་ནི་བཞད་ལ་ཁད། །
ཉིན་མཚན་ཁོར་མོ་ཡུག་ཏུ་ནི། །ང་ནི་འཕུར་ལྡིང་གར་ལ་རོལ། །

བཅུ་ཕྲག་རིག་པའི་ལྡིང་ཁང་ན། །ཐོས་བསམ་སློབ་ལ་གཞོལ་བ་ཡི། །
བརྩོན་ལྡན་སློབ་བུའི་ཚོགས་རྣམས་ཀྱི། །ང་ཡི་གླུ་ལ་ཅུང་ཟད་ཉོན། །

རྒྱ་ནག་དམར་པོས་བོད་ཡུལ་འཕྲོག །བོད་མི་རྣམས་ནི་མགོན་དང་བྲལ། །
བོད་མིའི་རང་དབང་སླར་གསོའི་ཆེད། །དིར་དིར་ཟེར་བཞིན་གླུ་ཞིག་ལེན། །

རང་གི་ཕ་ས་གཞན་ལ་ཤོར། །གཞན་གྱི་རིགས་རྣམས་རང་སར་འཛུལ། །
རང་གི་སྡེ་རྣམས་སྐྱོབ་པའི་སླད། །དིར་དིར་ཟེར་བཞིན་གླུ་ཞིག་ལེན། །

ཐུན་མིན་བོད་ཀྱི་ལེགས་བྱང་རྣམས། །ཉམས་དང་རྒུད་པའི་གནས་ལ་ལྷུང༌། །
བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད། །དིར་དིར་ཟེར་བཞིན་གླུ་ཞིག་ལེན། །

མི་སེར་སྤེལ་བའི་སྲིད་ཇུས་ཀྱིས། །ང་ཚོའི་མི་རིགས་རྩ་མེད་བཏང༌། །
རང་གི་རིགས་རྣམས་རྒྱུད་འཛིན་སླད། །དིར་དིར་ཟེར་བཞིན་གླུ་ཞིག་ལེན། །

སྣ་མང་རིན་ཆེན་གཏེར་ཁ་རྣམས། །གཞན་གྱི་ཡུལ་དུ་དབོར་འདྲེན་བྱས། །
ཁ་བའི་ལྗོངས་འདི་གཅེས་སྲུང་ཆེད། །དིར་དིར་ཟེར་བཞིན་གླུ་ཞིག་ལེན། །

མཛེས་ལྡན་ཁ་བའི་ལྗོངས་སུ་ནི། །རོ་དང་རུས་པའི་རི་བོ་བརྩིགས། །
ཁྲག་དང་མཆི་མས་རྒྱ་མཚོ་བསྐྱིལ། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

འཚོ་བའི་སྲོག་རྟེན་ཆད་ལ་ཉེ། །བུ་ཕྲུག་རྣམས་ནི་བདག་མེད་ཆགས། །
ཡུགས་ས་ཡུགས་མོ་མང་དུ་འཕེལ། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

དཔའ་བོ་རྣམས་ནི་བཙོན་ལ་བཅུག །མཁས་པ་དག་ནི་མུན་ལ་བརྫངས། །
རིག་པའི་མེ་དཔུང་གཟིམ་ལ་ཉེ། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

དགོན་པ་ཕལ་ཆེར་གཏོར་ཅིང་བཤིག །རབ་བྱུང་སྡེ་རྣམས་ཆོས་མིན་སྤྱོད། །
སངས་རྒྱས་བསྟན་པ་ནུབ་རིར་ཡལ། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

གཞན་གྱི་བཙན་གནོན་སློབ་གསོ་ཡིས། །བོད་ཀྱི་སྐད་ཡིག་སྙིགས་མར་བརྩིས། །
བོད་ཕྲུག་རྣམས་ཀྱི་མདུན་ལམ་བརླག །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

རི་ལུང་ཐམས་ཅད་ཕྱི་ནང་བསློགས། །ཤིང་ནགས་ཐམས་ཅད་རྩ་ནས་བྲེགས། །
བོད་ཡུལ་མྱ་ངམ་ཐང་ལ་བསྒྱུར། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

རི་སྐྱེས་སྲོག་ཆགས་ཕལ་ཆེར་བརླག །ཅུང་ཙམ་ལྷག་རྣམས་འཛིན་བཟུང་བྱས། །
ཐ་ན་བོད་ཀྱི་ཡོད་ཚད་འཕྲོག །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

རིན་ཆེན་གཏེར་དངོས་ཐམས་ཅད་དབོར། །རྒྱ་ཡི་རིགས་རྣམས་བོད་དུ་སྤོས། །
བོད་ཡུལ་རྒྱ་ཡི་ཡུལ་དུ་བསྒྱུར། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་ཞེས། །ཕྱོགས་དང་མཚམས་སུ་ཁ་གཡང་བསྒྲགས། །
ཧམ་སེམས་སྡེར་མོ་བོད་ལ་བརྐྱངས། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

བོད་ཀྱི་རང་དབང་སླར་གསོའི་ཆེད། །བོད་ཀྱི་རིག་གཞུང་སྲུང་སྐྱོབ་སླད། །
བོད་ཀྱི་མི་རིགས་རྒྱུད་འཛིན་དོན། །ང་ཚོ་སྐྱོབས་ཞེས་གླུ་ཞིག་ལེན། །

བོད་ཀྱི་རིགས་སུ་སྐྱེས་པའི་ན་གཞོན་སློབ་ཕྲུག་ཚོ། །ད་ལྟ་ན་ཡང་ང་ཚོའི་རང་བཙན་གཞན་ལ་ཤོར། །
འུ་ཅག་ཕལ་ཆེར་ས་མཐའི་ཡུལ་དུ་གྱར་ཞིང་གནས། །རྐང་དྲུག་བདག་གིས་ཁྱེད་ཚོར་སེམས་པའི་གཏམ་ཞིག་བཤད། །

འཛམ་གླིང་ས་ཡི་གོ་ལར་ང་ཚོ་གནས་འདོད་ན། །རང་གི་སྐད་ཡིག་རང་གི་སྲོག་བཞིན་གཅེས། །
རང་དོན་ཆུང་བཞག་གཞན་དོན་ཁུར་དུ་བླངས། །རྐང་དྲུག་ང་ཡི་གླུ་སྒྲ་ཡིན་ནོ་སེམས་ལ་ཟུངས། །

བོད་ཀྱི་གནས་སྟངས་ཆགས་དང་འཇིག་པའི་མཚམས་ལ་སླེབས། །གླིང་ན་འགྲན་ཟླ་བྲལ་བའི་རང་གི་རིག་གཞུང་ཕྱུག་པོ་འདི། །
བེད་སྤྱོད་དང་ནི་རྒྱུད་འཛིན་དར་སྤེལ་མང་ཙམ་གྱིས། །རྐང་དྲུག་ང་ཡི་གླུ་སྒྲ་ཡིན་ནོ་སེམས་ལ་ཟུངས། །

འཛམ་གླིང་ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཡིས། །ཐུགས་བྱུང་དབུ་མའི་ལམ་གྱི་དགོངས་དོན་རླབས་པོ་ཆེ། །
ཁུར་དུ་ལོངས་ལ་བོད་དོན་བདེན་མཐའ་སེལ་བར་གཞོལ། །རྐང་དྲུག་ང་ཡི་གླུ་སྒྲ་ཡིན་ནོ་སེམས་ལ་ཟུངས། །

ྋགོང་ས་མཆོག་གི་དགུང་གྲངས་ལྗོན་པ་མཐོ་རུ་འཕགས། །བོད་རྒྱའི་དཀའ་ངལ་ཁུར་བོ་ད་དུང་མུན་དུ་ལྷག །
འགན་འཁྲིའི་ཁུར་བོ་ཕྲག་ཏུ་ལོངས་ལ་སེམས་ཤུགས་བསྐྱེད། །རྐང་དྲུག་ང་ཡི་གླུ་སྒྲ་ཡིན་ནོ་སེམས་ལ་ཟུངས། །

དཔྱིད་ཀྱི་རྒྱལ་མོ་ལྟ་བུའི་གསུང་སྐད་ང་ལ་དབེན། །བྱེའུ་ཆུང་འཇོལ་མོ་ལྟ་བུའི་སྐད་ངག་ང་ལ་མེད། །
འོན་ཀྱང་ང་ཡི་སེམས་དང་བསམ་པའི་གླུ་ཆུང་རྣམས། །ལེན་བཞིན་ལེན་བཞིན་གངས་ལྗོངས་ཕྱོགས་སུ་འཕུར་ནས་འགྲོ། །

རྩོམ་ཡིག་དཔྱད་མཆན

རྐང་དྲུག་བུང་བའི་མགྲིན་གླུ་དང་སྦྱར་ནས་རང་ཡུལ་བོད་དང་དེའི་རིག་གཞུང་དང་བདག་དབང་སྲུང་སྐྱོབ་ལ་གཞེན་སྐུལ་བྱེད་པའི་ཚིགས་བཅད་རྩོམ་ཡིག་འདི་ཀློག་བདེ་དང་སྙན་ཆ་ལྡན་པ། ནང་དོན་ཟབ་ཅིང་རྒྱ་ཆེ་བ། ཀློག་པ་པོར་བློ་བསྐྱེད་དང་སློབ་གསོའི་ནུས་པ་སྟེར།  འོན་ཀྱང་བརྗོད་གཞིའི་ བྱབྱདབྱར་བྱབྱདང་འབྲེལ་བ་དེ་ཙམ་མེད་པར་སྣང་བས་གཟབ་པར་བྱའོ།།