བརྗེད་མི་ཐུབ་པའི་སློབ་གྲོགས།(ཨང་དང་པོ)

 

ཆོས་རྒྱལ་སྐྱབས། སུ་ཇ་བོད་ཁྱིམ་སློབ་གྲྭ།

 

སློབ་མ་ཞིག་གི་སློབ་གྲྭའི་མི་ཚེའི་ནང་དུ་སྐྱིད་དུས་རྩེད་རོགས་དང༌། སྡུག་དུས་རོགས་རམ་བྱེད་མཁན་ནི་སློབ་མ་སོ་སོའི་འབྲེལ་འདྲིས་ཆེ་ཞིང་བློ་སེམས་མཐུན་པའི་སློབ་གྲོགས་ཚོ་ཡིན་པ་ནི་ཆོས་ཉིད་རེད། འོན་ཀྱང་སོ་སོའི་བློ་ཁ་མཐུན་ཕྱོགས་དང་གཤིས་ལུགས་འདྲ་མིན་ལ་བརྟེན་སོ་སོའི་བློ་ངོ་རུ་རྡོ་ལ་རི་མོ་བརྐོས་པ་བཞིན་ཡལ་བ་མེད་པའི་སློབ་གྲོགས། གང་དུ་བསྡད་ན་སྡོད་གྲོགས་དང༌། གང་དུ་སོང་ན་འགྲོ་རོགས་རེ་སློབ་མ་སུ་ཡིན་ཡང་མེད་མི་སྲིད་པས་ཁོང་ཚོ་ནི་མི་ཚེའི་ནང་གི་ཆེས་འབྲེལ་འདྲིས་ཆེ་ཤོས་ཀྱི་མི་ཞིག་ཆགས་ཀྱི་ཡོད།
ཕྲན་ྋགོང་ས་མཆོག་དང་བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གླིང་འདིའི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོ་སྐབས་སྣེ་ལེན་ཁང་ནས་གསར་དུ་ངོ་འཕྲད་པའི་གྲོགས་པོ་བཟང་པོ་ཞིག་ཡོད་ལ། རིམ་གྱིས་འབྲེལ་འདྲིས་ཆེ་རུ་ཕྱིན། དུས་དེ་ནས་བཟུང་ངེད་གཉིས་སློབ་གྲྭ་གཅིག་གི་སློབ་གྲོགས་དང་འཛིན་ཁང་གཅིག་གི་གྲལ་མཚེས་ཀྱང་ཡིན།
སྤྱིར་ཁོའི་མིང་ལ་བློ་བཟང་ཚེ་དབང་ཟེར་ཞིང༌། ནམ་རྒྱུན་གྲོགས་པོ་ཚོས་བློ་ཚེ་ཞེས་འབོད་ཀྱི་ཡོད། ཁོང་གི་རང་གཤིས་ཞི་འཇམ་དང་བག་ཕབ། རྒན་བཀུར་གཞོན་བརྩི་བྱེད་པ། གཏོང་ཕོད་ཆེ་བ་སོགས་དུས་རྒྱུན་དུ་ངོ་གདོང་ན་འཛུམ་ཞིག་ཡལ་མེད་དུ་ཡོད། སྤྱིར་བཏང་ཁོ་ལོ་གསུམ་ཙམ་ལ་བོད་ནང་ནས་སློབ་གྲྭར་འགྲིམས་འདུག་ལ་བོད་ཡིག་སྦྱོར་ཀློག་དང་ཨང་རྩིས་ཀྱི་རྨང་གཞིའི་ཤེས་བྱ་ཁག་ཅིག་སློབ་གྲོགས་གཞན་ལ་སློབ་ཐུབ་ཀྱི་འདུག དེར་བརྟེན་ཁོའི་ང་ལ་སློབ་སྦྱོང་ཐོག་རོགས་རམ་བྱེད་ཀྱི་ཡོད།
གསར་དུ་འབྱོར་བའི་སློབ་མ་ཚོ་ལ་མཚོན་ན་ཐོག་མའི་ཟླ་ཁ་ཤས་ནང་སློབ་སྦྱོང་གི་དཀའ་ངལ་ཙམ་མིན་པར་གནམ་གཤིས་དྲོ་གྲང་དང༌། འཚོ་བའི་འགྲོ་འདུག ཕ་ཡུལ་དང་ཕ་མ་དྲན་པ་སོགས་བྱུང་གི་ཡོད། ཡིན་ནའང་སློབ་གྲོགས་བློ་ཚེས་དཀའ་ངལ་དེ་ཚོ་ལ་གདོང་ལེན་བྱེད་ཕོད་པ་མ་ཟད། ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་སློབ་སྦྱོང་ཁོ་ན་ལ་བློ་སེམས་སྒྲིམ་ཞིང་ཆུ་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླག་མི་གཏོང་བར་ང་ལ་སློབ་གསོ་དང་ལམ་སྟོན་བྱེད་ཀྱི་ཡོད། ལྷག་པར་དུ་ཆུ་ཚོད་སྟོང་པའི་སྐབས་བོད་ཀྱི་”དུས་བབ་” དང་”ཤེས་བྱ་” སོགས་ཀྱི་གསར་ཤོག་འདྲ་མིན་ཀློག་ཅིང༌། བོད་དོན་སྐོར་གྱི་གསར་འགྱུར་ཁག་རེ་ང་ལ་བཤད་ཀྱི་ཡོད། ཡང་མཚམས་རེར་ཁོའི་ཕ་ཡུལ་ནང་གི་གནས་སྟངས་ཀྱང་སྦ་གསང་མེད་པར་བཤད་ལ༌། ཐ་མར་”རྒྱ་མི་བཀའ་དྲིན་ཆེན་པོ་ཞིག་ཏུ་ངོས་འཛིན་པ་ནི་ནོར་འཁྲུལ་ཞིག་རེད་” ཅེས་བསྐྱར་ལྡབ་བྱེད།
འདི་ལྟར་ངེད་གཉིས་འཚོ་བ་མཉམ་རོལ་ངང་ཟས་ཡོད་ན་མཉམ་ཟ་དང་གོས་ཡོད་ན་མཉམ་གོན་གྱིས་ལོ་གཅིག་ཧྲིལ་པོ་འཁོར་ཞིང༌། སློབ་སྦྱོང་གི་གྲུབ་འབྲས་ཀྱང་ལེགས་སོན་བྱུང་འདུག་པས་དགེ་རྒན་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར། ཁོང་ནི་ངའི་ཆེས་ཡིད་ཆེས་སའི་གྲོགས་པོ་ཞིག་ཡིན་པ་ལས་གཞན་ཅི་ཡང་མིན་པར་སློབ་གྲོགས་མང་ཆེ་བ་ཞིག་གིས་ངེད་གཉིས་སྤུན་མཆེད་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་འདུག
ལོ་དེའི་དགུན་ཁའི་གུང་གསེང་དང་སྟབས་བསྟུན་ཁོང་ལོ་མང་རིང་མི་ངོ་མ་འཕྲདཔའི་སྤུན་མཆེད་ལ་མཇལ་འཕྲད་བྱེད་དུ་ལྷོ་ཕྱོགས་ལ་འགྲོ་དགོས་བྱུང་བས་ང་ཁེར་རྐྱང་དུ་ལུས། གུང་གསེང་ཟླ་བ་གཉིས་ཀྱི་རིང་ངའི་ཁོ་རྟག་ཏུ་སེམས་ལ་དྲན་ཞིང་སྐབས་རེར་རྨི་ལམ་དུའང་རྨིས་ཀྱྀ་འདུག ཉིན་གཅིག་ཁོང་གིས་ང་ལ་སྦྲགས་ཁང་བརྒྱུད་ྋགོང་ས་མཆོག་གི་བརྩམས་པའི་མི་ཚེའི་མདུན་ལམ་ཞེས་པའི་དེབ་ཕྲེང་གཅིག་དང༌། སྒོར་མོ་ཉིས་བརྒྱ་བསྐུར་བ་མ་ཟད། ལོ་གསར་ལ་འཚམས་འདྲིའི་ཤིས་ཚིག་ཅིག་ཀྱང་བསྐུར་འདུག བདག་གིས་སྤྲོ་སྣང་ཚད་མེད་ངང་དེབ་དེ་ཀློག་པ་ཡིན་ལ་ཤེས་བྱ་ཡང་གང་མང་ཞིག་ཐོབ།
ངའི་དུས་རྟག་ཏུ་ཚེས་གྲངས་མཛུབ་མོས་རྩི་བཞིན་བློ་ཚེ་ལགས་ཕྱིར་ལོག་ཡོང་བར་སྒུག་བཞིན་ཡོད་ལ། སློབ་གྲྭ་དབུ་ཚུགས་པའི་ཉིན་མོ། ཞོགས་པ་སྔ་པོ་ནས་སློབ་གྲྭའི་སྒོ་ཆེན་འགྲམ་དུ་ལངས་ཏེ་འཚང་ཁ་ཆེ་བའི་ཁྱིམ་བདག་ཚོ་དང༌། གླ་བྱེད་རླངས་འཁོར་ཚོ་ལ་ཅེར་ནས་གྲོགས་པོའི་གདོང་གི་ཡལ་བ་མེད་པའི་འཛུམ་དེ་ལ་རེ་སྒུག་བྱེད་བཞིན་པའི་སྐབས་དེར། ཁོང་གི་ཡུལ་གྲོགས་གཅིག་པའི་སློབ་མ་ཞིག་གིས་ང་ལ་བློ་ཚེ་ཡིས་བསྐུར་བའི་འཕྲིན་ཞིག་སྤྲད་བྱུང༌། ང་རྟབ་རྟབ་པོར་ཉལ་ཁང་དུ་རྒྱུག་ནས་འཕྲིན་དེ་ཀློག་སྐབས་གསལ་དོན། “གྲོགས་པོ་ལགས། སློབ་སྦྱོང་ལ་ཧུར་ཐག་བྱོས། མི་ཡི་ལས་དབང་མི་འདྲ་བར་བརྟེན་མི་ཚེའི་མདུན་ལམ་ཡང་མི་འདྲ་བའི་ང་ནི་སྤུན་མཆེད་ཀྱི་ནན་བསྐུལ་འོག་འབྲས་སྤུངས་ལ་ཆོས་ཞུགས་བྱས་ནས་ཡོད། རྗེས་སོར་ཕན་ཐོགས་ཅུང་ཙམ་ཡོང་རྒྱུར་ཁས་ལེན་བྱེད་ཆོག་” ཅེས་བྲིས་འདུག
དེ་ནས་བཟུང་ངའི་སྙིང་དང་འདྲ་བའི་སློབ་གྲོགས་བློ་ཚེ་ལ་ཁ་བྲལ་དགོས་བྱུང་ཡང༌། ཁོང་གི་སློབ་གསོ་དང་རོགས་རམ། མི་ཚེའི་མདུན་ལམ་གྱི་དེབ་ཕྲེང་དག་རེ་རེ་ནས་ངའི་ཡིད་ལ་རྡོ་བརྐོས་རི་མོ་ལྟར་འདུག་ལ། མིག་མདུན་དུ་གསེར་གྱི་ཉི་མ་བཞིན་འཆར། མ་གཞི་ནས་ངེད་གཉིས་འགྲོགས་ཡུན་ཐུང་ཡང༌། ཁོང་གིས་ང་ལ་བཙན་བྱོལ་འཚོ་བའི་ནང་གི་མི་ཚེའི་གོམ་པ་དང་པོ་སྤོ་རྒྱུར་སྐུལ་མ་དང་རོགས་རམ་གང་མང་ཞིག་གནང་བས་ཁོང་གི་བཀའ་དྲིན་ནི་ྋགོང་ས་མཆོག་གི་མི་ཚེའི་མདུན་ལམ་ལས་འཕྲོས་པའི་ངའི་མི་ཚེའི་ནང་བརྗེད་ཐབས་མེད་པའི་སློབ་གྲོགས་ཤིག་ཡིན།

རྩོམ་ཡིག་དཔྱད་མཆན།

    སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་དང་དུམ་མཚམས་དབྱེ་སྟངས་ལེགས་ལ། རྗོད་བྱེད་ཚིག་བབ་ཆགས་ཤིང་གོ་བདེ། ཚིག་དང་ཕྲད་སྦྱོར་སྟངས་གང་ལའང་ནོར་འཁྲུལ་མི་འདུག་མོད། ཡག་ཐོག་ཏུ་ཡག་བརྩེགས་ཏེ་མུ་མཐུད་དེ་འབད་བརྩོན་བྱོས་དང་མདུན་ལམ་ལ་འོད་སྟོང་ལྡན་ངེས།

བརྗེད་མི་ཐུབ་པའི་སློབ་གྲོགས།(ཨང་གཉིས་པ)

 

དོན་གྲུབ་སྒྲོལ་མ། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

    རང་ཉིད་འཛམ་གླིང་གི་དབྱིག་འཛིན་མའི་སྟེང་དུ་སླེབས་པའི་ཉིན་དེ་ནས་བཟུང་ད་ལྟ་བར། སློབ་གྲོགས་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་འདྲེན་བྱེད་ཀྱི་མདུན་དུ་འཆར་སྐབས། དེ་ནི་ངོ་མ་སྤྱིར་བཏང་ཞིག་མིན་པར་རྩ་ཆེན་དང་རླབས་ཆེན་ཞིག་རེད་ཅེས་སྙམ་གྱི་ཡོད། གྲོགས་དེ་གྲོགས་པོ་དང་གྲོགས་མོ་ལ་གོ་བར་བརྟེན་རང་ཉིད་འཇིག་རྟེན་འདིར་སྐྱེས་སྟབས། གང་འདྲ་བྱས་ཀྱང་གཞན་ལ་བརྟེན་དགོས་རྒྱུ་དེ་ཆོས་ཉིད་རེད་མ་གཏོགས་རང་གཅིག་པུ་འཚོ་ཐུབ་རྒྱུ་ཤིན་ཏུ་དཀའ། དེ་ཡང་ནང་པའི་ལྟ་བ་རྟེན་འབྱུང་ལས་འཇིག་རྟེན་གྱི་གང་ཟག་ཙམ་མིན་པར་སྐྱེ་འགྲོ་ཀུན་གཅིག་ལ་གཅིག་རྟེན་ཡིན་པར་གསུངས་པ་དེ་ཡི་རྗེས་སུ་འགྲོ་བ་སྨྲ་མི་དགོས་པ་རེད།
ང་ཡང་ད་བར་དུ་སློབ་གྲོགས་མང་པོ་ཇི་སྙེད་ཅིག་འཕྲད་མྱོང་ལ་གྲོགས་པོ་མི་འདྲ་བ་མང་པོ་ཡོད། ལ་ལ་ནི་ཤིན་ཏུ་སྙིང་ཉེ་བ་དང༌། ཁ་ཤས་གང་འདྲ་བྱས་ཀྱང་ཤིན་ཏུ་འགྲོགས་རྒྱུ་དཀའ་བ་ཡོད། དེ་ལས་ང་རང་ད་བར་ཡིད་དགའ་ཤོས་དང་འཆམ་ཤོས་ནི། ང་བོད་དུ་སྡོད་སྐབས་ཀྱི་ངའི་འཛིན་གྲོགས་གཅིག་པ་སློབ་མ་ལས་འཛོམས་ཡིན། དེ་ནི་ངོ་མ་བརྗོད་དཀའ་ལ་བརྗེད་དཀའ་བ་ཞིག་རེད།
ལོ་ཟླ་དེ་ཆུ་ཡི་རྒྱུན་ལྟར་འདས་ཀྱི་ཡོད་ཀྱང༌། སྔར་འདས་ཀྱི་གནས་ཚུལ་དེ་འདྲའི་བརྗེད་དཀའ་བ་ཞིག་རེད་ཨང༌།
དེ་ཡང་ང་དང་ལས་འཛོམས་གཉིས་ཀྱི་སློབ་ཆུང་སྐབས་སུ་མཉམ་གཤིབ་ཀྱི་འཚོ་བ་དེ་ངོ་མ་བག་ཆགས་ཤིན་ཏུ་ཟབ་ཅིང༌། སྣང་བརྙན་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་ངའི་ཀླད་པའི་ནང་ནས་བརྗེད་དཀའ་ཞིང༌། དེ་དྲན་གསོ་རེ་བྱེད་སྐབས་ལོ་རྒྱུས་ཀྱི་དེབ་ཐེར་ཁ་ཕྱེ་བ་ལྟར་ངོ་མ་གཏིང་ཟབ་ལ་ཡིད་སྐྱོ་བ་ཞིག་འདུག
ལས་འཛོམས་ནི་ཁྱིམ་ཚང་སྐྱོ་བོ་ཞིག་ནང་སྐྱེས་པའི་བུ་མོ་ཉམ་ཆུང་ཞིག་རེད། ཁོ་མོ་ནང་ལ་བུ་ཕྲུག་ཤིན་ཏུ་མང་པོ་ཡོད་པ་དང་མོ་རང་ནི་དེའི་ནང་ནས་ཕྲུ་གུ་རྒན་པ་གཉིས་པ་ཡིན་སྟབས། ནང་ལ་རོགས་རམ་བྱེད་རྒྱུའི་འཁུར་ཆེན་པོ་ཞིག་ཡོད་པ་མ་ཟད། དེ་ལྟ་བུའི་འཁུར་ཆེན་པོ་དེ་ཡི་སྟེང་མོ་རང་ནི་སློབ་སྦྱོང་ལ་ཧ་ལས་པའི་བརྩོན་འགྲུས་ཆེ་བའི་བུ་མོ་ཞིག་རེད། མོ་རང་གི་སྤྱིར་བཏང་ཉིན་གཅིག་གི་ལོ་རྒྱུས་བརྗོད་ན། ཞོགས་པ་སྔ་པོ་ལངས་ཏེ་གཅེན་མོ་ཡིས་ཁ་ལག་བཟོ་རོགས་དང༌། མོ་རང་གིས་སྤུན་ཆུང་བ་རྣམས་ལ་གོས་གཡོགས་པ། ནང་གཙང་མ་བཟོ་ཞིང༌། རྒྱུན་ཏུ་ཁྱིམ་ལས་བྱེད་སྐབས་ལག་ཏུ་དེབ་གཅིག་མཉམ་དུ་ཁྱེར་གྱི་ཡོད། སྤུན་ཆུང་བ་གཉིས་ཀྱི་མཉམ་དུ་སློབ་གྲྭ་འགྲོ་བ་དང་འཛིན་གྲྭ་ཚོགས་སྐབས་ཁོ་མོས་སྐར་ཆ་གཅིག་ཀྱང་འཕྲོ་བརླག་ཏུ་མི་གཏོང་བར་བློ་རྩེ་གཅིག་སྒྲིམ་གྱི་རྒན་ལགས་ཀྱི་སློབ་ཁྲིད་ལ་ཉན་འཇོག་བྱེད། ནང་ལ་ལས་ཀ་ག་ཚོད་མང་ཡང་ནང་ལས་རྣམས་ནི་དུས་ཚོད་ཏག་ཏག་ཏུ་འབྲི་བ་མ་ཟད། ཁོ་མོ་ལ་འཛིན་རིམ་གསུམ་པ་དང་བཞི་པ་གཉིས་བསྟུད་མར་བཟང་པོ་གསུམ་ལྡན་གྱི་སློབ་མའི་གཟེངས་རྟགས་ཐོབ་མྱོང༌། ད་དུང་བར་གསེང་སྐབས་འཛིན་གྲྭའི་ནང་ཁོ་མོ་སྐད་ནི་གོ་རྒྱུ་ཤིན་ཏུ་དཀའ། ཁོ་མོ་ནི་ལག་ཏུ་དེབ་ཅིག་བཟུང་སྟེ་ལྡུམ་རྭའི་ནང་ཡི་གེ་སྦྱོང་བཞིན་པ་མཐོང་ཐུབ་ལ། ཁོ་མོའི་ཁྲ་ཆུང་མིག་གཉིས་ནས་རྟག་ཏུ་དྲང་པོ་དང་འབད་བརྩོན་ཆེན་པོ་དེ་མཚོན་ཐུབ། ཁོ་མོས་སྔར་བཤད་པའི་སྐད་ཆ་དེའི་རྒྱུ་མཚན་དང་སྙིང་དོན་ངས་ད་ཆ་གཞི་ནས་རྟོགས་སོང༌། རིག་པ་བཀྲ་ཡང་བརྩོན་པ་མེད་ན་ཅི་ལ་ཕན་ཅེས་པ་དེ་ངོ་མ་དྲང་པོ་རེད། སྤྱིར་བཏང་དེ་སྐྱེ་བོ་རྒན་པ་ལ་དེ་ཙམ་གྱི་ཧང་སངས་དགོས་པའི་གཏམ་མེད་སྲིད་ཀྱང༌། ལོ་ཆུང་བུ་མོ་ཞིག་གི་ངོས་ནས་ངོ་མ་དོན་སྙིང་ལྡན་པ་ཞིག་རེད་ཅེས་སྙམ་གྱི་འདུག
མོ་རང་ནི་ཤ་སྐམ་ཞིང་རིད་པ། གདོང་ནག་ཀྱང་སེམས་པ་དཀར། ཁྲ་ཆིལ་མིག་ནས་རྟག་ཏུ་གཞན་ལ་སེམས་འགུལ་གྱི་ཚོར་སྣང་ཞིག་དང་ཕན་སེམས་ཚོར། དེ་ཙམ་མ་ཟད་མོའི་བྱ་སྤྱོད་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཚང་མ་ངའི་སྣང་ངོར་བརྟན་པོ་བསྡད་པ་ལས་གཡོ་འགུལ་ཅི་ཡང་ཐེབས་ཀྱི་མིན་པ་དེ་ངས་ཤེས་ཀྱི་འདུག
ཀློག་པ་པོ་ལགས། སྐབས་དེར་ཁོ་མོར་ཡིད་སྐྱོ་བའི་གནས་ཚུལ་ཞིག་བྱུང༌། ཁོ་མོའི་པ་ལགས་ནི་ནམ་རྒྱུན་ནས་ནད་པ་ཡིན་སྟབས་ཉིན་ཞིག་ནད་སྡུག་ཏུ་སོང་སྟེ་སྨན་ཁང་དུ་ལུས། སྨན་བཅོས་འགྲོ་སོང་ཤིན་ཏུ་ཆེ་བར་བརྟེན། མོའི་ནང་མིས་དངུལ་གྲོན་ཆུང་ཆེད་ལས་འཛོམས་སློབ་གྲྭ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཐག་བཅད། དེ་ནས་ལས་དབང་གིས་ཁོ་མོ་དེ་འདྲ་བྱས་ཏེ་སློབ་གྲྭ་འགྲིམ་རྒྱུ་འཚམསབཞག སློབ་ཕྲུག་མང་དག་ཅིག་གི་དེའི་རྒྱུ་མཚན་རྟོགས་པར་འདོད་ནས་མཐར་རྒྱུ་རྐྱེན་དེ་རྣམས་སློབ་ཕྲུག་ཚོའི་སྒྲ་འཛིན་དབང་པོས་ཐོས་སྐབས། ལ་ལ་ནི་ཡིད་སྐྱོ་སྟེ་ངུ་ཞིང༌། འགའ་ཞིག་གིས་གདོང་གི་རྣམ་འགྱུར་འགྱུར་ཏེ་མོ་ལ་སྙིང་རྗེ་སྐྱེས། ཁོ་མོ་འཛིན་གྲྭ་ནང་ཡོད་སྐབས་རྒྱུན་གཏན་ནས་འཛིན་གྲྭའི་དགེ་རྒན་དང་སློབ་ཕྲུག་སུ་འདྲ་ཞིག་ཡིན་རུང་ཚང་མ་ལ་འཆམ་མཐུན་ཆེ་བས། སློབ་གྲོགས་ཀུན་གྱིས་བསྔགས་བརྗོད་བྱེད་སའམ་མིག་དཔེ་ལྟ་ས་ཞིག་ཆགས། ད་ལྟའི་ཆར་གནས་ཚུལ་དེ་མོ་རང་སློབ་གྲྭ་ནས་ཕྱིར་འབུད་བྱེད་པའི་ཉིན་དེ་སྐབས་གཞན་གྱི་འགྲམ་ནས་ཐོས་བྱུང༌། དེ་ནི་ལས་འཛོམསཀྱི་པ་ལགས་ནད་པ་ཡིན་སྟབས་ནང་ལ་འཚོ་བའི་ཐོག་ལས་ཀ་གཙོ་བོ་བྱེད་མཁན་དེ་ཁོ་མོ་དང་ཨ་མ། གཅེན་མོ་གསུམ་ཡིན་སྟབས། རེས་གཟའ་ཉི་མ་ནམ་ཡིན་ལ་ཁོ་མོ་ཨ་མ་མཉམ་དུ་མི་ནང་ལ་གོས་འཁྲུ་རོགས་དང་ལས་ཀ་བྱས་ནས་དངུལ་རག་ཐབས་བྱེད་པ་དང༌། དགོང་མོ་རང་སྦྱོང་བྱེད་སྐབས་གློག་མེད་པ་ནི་སྨྲོས་ཅི་དགོས། དེར་བརྟེན་ཁོ་མོ་ནང་གི་ཉེ་འགྲམ་གྱི་རྒྱ་ལམ་དུ་སོང་ཏེ་ལམ་ཟུར་གྱི་གློག་སྒྲོན་འོག་དཔེ་དེབ་ཀློག་གི་ཡོད་པ་རེད། གནས་ཚུལ་དེ་འདྲ་ང་ཚོས་ཐོས་སྐབས་ངོ་མ་སེམས་པ་ཧ་ཅང་སྐྱོ་དགོས་པ་ཞིག་རེད། དེ་ལྟ་བུའི་མོའི་སྣང་བརྙན་དེ་ངའི་མིག་ལམ་དུ་ཡང་ཡང་དུ་འཆར་གྱི་འདུག དེ་དངོས་འབྲེལ་བརྗེད་དཀའ་ཤོས་ཀྱི་ངའི་སློབ་གྲོགས་ཡིན། དུས་ཚོད་དང་བསྟུན་ནས་མོའི་ལོ་རྒྱུས་འབྲི་འཚམས་འདི་ནས་འཇོག་དགོས་བྱུང༌། བོད་རྒྱལ་ལོ།

རྩོམ་ཡིག་དཔྱད་མཆན།
 རྩོམ་ཡིག་འདི་རྒྱན་སྤྲས་དང་བསྡུས་བརྗོད་ཀྱིས་མ་ལྷད་པར་ཆེས་སྤྱིར་བཏང་གི་ཚིག་སྦྱོར་གྱིས་བྲིས་པའི་གོ་རིམ་ལྡོག་སྟེ་བྲིས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་རེད། རྩོམ་ཡིག་གི་ནང་དོན་རྣམས་འབྲེལ་ཆགས་ཤིང་ཡིད་སེམས་འགུགས་ནུས་པ། རྩོམ་འབྲི་རྒྱུ་ཆ་མཁོ་འདེམས་བྱེད་སྟངས་དང༌། སྒྲིག་རིམ་ཅུང་ལེགས། འོན་ཀྱང༌། ཞན་ཆ་ཆེ་ཤོས་ཤིག་ནི་རྩོམ་ཡིག་གི་མཇུག་བསྡུ་སྟངས་དེ་རེད། དེ་ལ་བརྟེན་ནས་རྩོམ་ཡིག་ཧྲིལ་པོའི་བརྗོད་དོན་སྙིང་པོ་གཏིང་ཟབ་ཀྱི་སྒོ་ནས་མཚོན་ཐུབ་མི་འདུག་པས། མ་འོངས་པར་དེའི་ཕྱོགས་ལ་དོ་སྣང་དང་ཡིད་གཟབ་གནོངས་དང་རྩོམ་འབྲི་ལ་མདུན་ལམ་ཡོད་ངེས།

 

བརྗེད་མི་ནུས་པའི་སློབ་གྲོགས།(ཨང་གསུམ་པ)

 

བསྟན་འཛིན་སྟོབས་འབྱོར། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ།

 

དུས་ཚིགས་ལ་ཁ་ལོ་བསྒྱུར་བས་མིའི་སྤྱི་ཚོགས་ནང་དུ་བདེ་སྐྱིད་མེད་པའི་བྱ་བཞག་འཕར་མ་མང་པོ་ལྡན་པའི་ཟང་ཟིང་གི་ཡུལ་གྲུ་ཞིག་དང༌། དམག་འཁྲུག་གི་དུས་རབས་ཤིག་གི་དཀྱོག་མཚམས་ན། ངའི་མི་ཚེའི་མཁའ་དབུགས་ཐོག་མར་དེ་གཏོང་འགོ་བརྩམས་ཤིང༌། དུས་དེ་ནས་བཟུང་ད་བར་དུ་ཟང་ཟིང་གི་སྤྱི་ཚོགས་ཤིག་གི་ནང་ང་རྒྱལ་དང་ཁེངས་དྲེགས། ཕྲག་དོག འགྲན་རྩོད་ཁོ་ན་བྱས་ཏེ་ལྷིང་འཇགས་མེད་པའི་འཇིག་རྟེན་པའི་བྱ་བར་དེ་ལྟར་ཞུགས།
འོན་ཀྱང༌། ལས་དབང་ཞིག་དང་བག་ཆགས་ཤིག་གིས་འབྲས་བུར། ངའི་མི་ཚེའི་མདུན་སྤོས་ཀྱི་གོམ་སྟབས་མགྱོགས་འགྲོས་གཉོམ་པས། ཚེ་འདི་དང་ཕྱི་མའི་འབྲས་བུ་སྔོན་བསུས་ཀྱི་རྟེན་འབྲེལ་དུ་ཕུན་སུམ་ཚོགས་པའི་སློབ་གྲྭ་ཞིག་ཏུ་ཡ་རབས་ཀུན་སྤྱོད་བཟང་བའི་སློབ་གྲོགས་ཁྱུ་ཚོགས་ཤིག་དང་ལྷན་དུ་འཛོམས་པའི་དུས་བཟང་ཞིག་བྱུང༌།
རེད་ཡ། ཁྱེད་ཚོ་ནི་ང་ཙམ་དུ་མ་ཟད་བོད་མི་རིགས་ཀྱི་ངོམ་ཆོག་པའི་
དེང་རབས་ཀྱི་ནོར་བུ་རིན་ཐང་ཆེ་ཤོས་དེ་རེད། སློབ་གྲོགས་ལགས། ཁྱེད་ཀྱི་བྱམས་བརྩེ་དང་སྙིང་རྗེའི་འོད་ཟེར། ཞུམ་མེད་ཀྱི་དཔའ་ངར། ཉམས་མེད་ཀྱི་བློ་ཁོག དཔག་མེད་ཀྱི་རིགས་ཞེན། འཇིག་མེད་ཀྱི་ལ་རྒྱ་སོགས་རང་གི་ལུས་ངག་ཡིད་གསུམ་གྱི་ཁོང་ན་གང་ཡོད་པ་ཐམས་ཅད་བོད་མི་རིགས་ཙམ་མ་ཡིན་པར་སྐྱེ་འགྲོ་སྤྱི་ལ་དབང་བས་ཁྱེད་ཀྱི་ང་ཚོར་བསྩལ་བའི་ལེགས་སྐྱེས་བླ་ན་མེད་པ་དེ་ཡིན།
སློབ་གྲོགས་ལགས། ཁྱེད་ཐོག་མར་ངའི་མི་ཚེའི་འགྱུར་ཁུག་ཅིག་ནས་ཐུག་པ་ནས་བཟུང་སྟེ། ངའི་འཚོ་བ་ལ་ལྷིང་འཇགས་ཀྱི་བདུད་རྩི་སྦྱིན་ཞིང༌། མི་ཚེའི་དགའ་སྣང་ལ་རྩེན་པའི་འཁྲབ་སྟོན་གྱི་ལེའུ་དེ་ནང་མངར་ཁ་ལྡན་པའི་སྤྲོ་སྣང་གི་གཟི་འོད་ཅིག་རང་བཞིན་གྱིས་སྨིན་ཞིང༌། ངའི་ངོ་གདོང་ན་སྐྱོ་བ་སྤང་བའི་དགོད་འཛུམ་གྱིས་བསུས་ཏེ། དེ་ལྟར་རྒྱུན་དུ་མི་ཚེའི་དུམ་བུ་ཞིག་ཁྱེད་དང་མཉམ་དུ་བསྐྱལ་དུས། ངའི་སེམས་ཁོང་གི་ཀློང་ན་དགའ་སྐྱིད་ཁོ་ནས་ཁེངས། སྔོན་འདས་ཀྱི་མི་ཚེའི་བྱ་བཞག་ཐབས་རྡུགས་དང་གནོངས་ཅན་དེ་ཚོར། ངས་ནམ་ཡང་མིག་གི་འཕེན་པ་ཕྱི་ལ་བྱེད་མི་དགོས་པ་འདུག་ལ། ང་འདྲ་བའི་ཉམས་མྱོང་དཀོན་ཞིང་རྨོངས་ཞེན་ཆེ་ལ། རིག་གནས་ཀྱི་ཆུ་ཚད་དབེན་པའི་སློབ་ཕྲུག་ཅིག་ལ། ཁྱེད་འདྲ་བའི་སློབ་ཕྲུག་ཕྱི་ནང་གང་ནས་བལྟས་ཀྱང་སྐྱོན་བརྗོད་ཀྱི་ཚིག་རྩུབ་སྤྱོད་དུ་མི་རུང་པ་ཞིག་དང༌། ཀུན་སྤྱོད་ལྡན་ཞིང་ཤེས་ཡོན་ཡོད་ལ། ཆེ་གུས་ཆུང་སྐྱོང་གི་གཞན་དོན་སྒྲུབ་ཅིང༌། སློབ་ཕྲུག་གཞན་ལ་བྱམས་སྐྱོང་དང་བརྩི་བཀུར།  རོགས་རམ་དང་ཕན་པར་བྱེད་པ། དགེ་རྒན་ལ་ནམ་ཡང་མགོ་གཉིས་མི་འཁྲབ་པར་རྒྱུན་གཏན་དུ་བརྩི་བཀུར་དང༌། ཆེ་མཐོང༌། དད་པ་དང་ཡིད་ཆེས་སོགས་སེམས་ཁོང་རུས་པའི་གཏིང་ནས་བྱས་ཏེ། རང་གི་སེམས་ཁོང་ན་ཡོད་པའི་དམིགས་ཡུལ་དང༌། རྒྱབ་ལྗོངས། དེ་བཞིན་དུ་ྋགོང་ས་མཆོག་དང་བོད་མི་རིགས་ཀྱི་སྙིང་དུ་བརྣག་པའི་འདོད་དོན་སྒྲུབ་པའི་དོན་དུ། རང་གི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང༌། རྩ་ཆེའི་རིག་གནས་དང་སྒྱུ་རྩལ། མ་ཟད་ཆོས་དང་བོད་ཡིག་ལ་དོ་སྣང་བྱེད་པའི་སློབ་གྲོགས། རྒྱལ་ཞེན་ལྷག་བསམ་ལྡན་པ་དེ་ལྟ་བུ་ཞིག་འཕྲད་པའི་དགའ་སྤོབས་ཆེན་པོ་ཡོད།
ང་ཁྱེད་དང་མཉམ་དུ་ཉི་མའི་འོད་ཟེར་གྱི་སྣང་བའི་འོག་ཏུ་སྣ་མང་མེ་ཏོག་བཞད་ཅིང་ཕུན་སུམ་ཚོགས་པའི་སློབ་གླིང་གི་ལྡུམ་རའི་ནང་སློབ་སྦྱོང་བྱེད་པ་དང༌། རྩེད་མོར་རོལ་བར་མཉམ་དུ་འགྲོགས་པའི་ཚེ། ཁྱེད་ཀྱིས་ང་ལ་སློབ་འཁྲིད་བྱེད་ཅིང༌། ངའི་བྱ་བཞག་དག་ལ་དཔྱད་ཞིབ་ཀྱི་འགྲིག་ནོར་དབྱེ་འབྱེད་བྱས་ཏེ། སྤང་བླང་གི་གདམས་ངག་བསྟན་པའི་ངག་གི་ཚད་མས་འབྲུག་སྒྲ་སྒྲོག་ནས། ང་བྱ་དགའ་ཞིག་དང་འདྲ་བར་འགྲུལ་ལམ་ཞིག་ངའི་མིག་ཟུང་གི་སྣེ་མོར་བསྟན། ཀྱག་ཀྱོག་མེད་པའི་ལམ་བུ་ཞིག་ན་ཁྱེད་ངའི་ལག་ཏུ་འཁྱེར་བའི་སྒྲོན་མེ་ཞིག་དང་གཉིས་སུ་མེད་པར་ངས་ཅི་བྱེད་འདི་བྱེད་ཀྱི་ཐད་ལ་འདེམས་ཀ་སྤྲད་དེ་སྡུག་བསྔལ་གྱི་མུན་པ་རིམ་གྱིས་སེལ་ནས། ང་ཡང་དག་པའི་མི་ཚེའི་བརྒྱུད་རིམ་དང༌། མི་ཚེ་འདིའི་ཡང་དག་པའི་བྱ་བཞག་ཅིག་གི་ནང་ལ་བཀོད་སྒྲིག་བྱས་པ་དེ་དག་ཐམས་ཅད་ཁྱེད་ཀྱི་ཐུགས་རྗེའི་གཟི་བརྗིད་ཀྱི་འོད་ཟེར་ལས་བྱུང་བ་ནི་སྨོས་ཅི་དགོས།
དེ་ལྟར་ང་ཚོ་མཉམ་དུ་འཛོམས་པ་ལས་དབང་ཞིག་གིས་རེད་ཟེར་བ་བདེན་ཡང༌། ང་མི་སྲ་བརྟན་མེད་པ་ཞིག་གིས་ཁྱེད་ཀྱི་བཀའ་དྲིན་ནི་ཚེ་འདི་ལ་བསབ་ཐུབ་པ་དཀའ་ལ། ཚེ་ཕྱི་མར་ཡང་བག་ཆགས་དང་དམ་ཚིག་གི་མདུད་པ་དམ་པོ་ཞིག་མེད་ན་ཧ་ཅང་དཀའ་བར་སེམས། ཁྱེད་ཀྱི་བཀའ་དྲིན་ནི་རི་བོ་ལྟར་བརྗིད་ཅིང་མཐོ་ལ། རྒྱ་མཚོ་ལྟར་ཟབ་ཅིང་ཆེ། འོན་ཀྱང༌། ངའི་བློ་ཁམས་དང་ནུས་པར་བརྟེན་ནས་ངས་ཁྱེད་ཀྱི་བཀའ་དྲིན་གྱི་ཆེད་དུ། ཁྱེད་ལ་ནམ་ཡང་གུས་ཞབས་དང༌། བརྩི་བཀུར་བྱེད། ངས་ཁྱེད་ཀྱིས་བསྟན་པའི་ཕྱོགས་གང་དེར་མདུན་མཆོངས་དང་གོམ་སྟབས་སྤོས་ཏེ། ཁྱེད་ཀྱི་རྗེས་སུ་ཞུགས་ནས་ཁྱེད་ལྟ་བུ་རྒྱལ་ཞེན་དང༌། ལྷག་བསམ་ལྡན་པའི་མི་ཞིག་བྱས་ནས་མི་ཚེའི་བྱ་བཞག་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་པར་བྱས་ཏེ་ཁྱེད་ལ་དྲིན་ལན་འཇལ་བའི་བསམ་པ་ནི། ངའི་འདས་ཟིན་པའི་མྱོང་བ་ཞིག་བསྐྱར་དྲན་དང༌། བརྗེད་ཐབས་མེད་པའི་སློབ་གྲོགས་ཁྱེད་ཀྱི་དྲན་ཐོ་ཞིག་ཡིན། སློབ་གྲོགས་ལགས།

རྩོམ་ཡིག་དཔྱད་མཆན།
 ཚིག་སྦྱོར་སྙན་ཞིང་མི་སྣའི་ཁྱད་ཆོས་བརྗོད་པ་མང་ལ། ཡིག་ནོར་ཉུང་བ་དང་བརྗོད་པ་མི་བདེ་བ་དེ་འདྲ་མི་འདུག་ཀྱང༌། བརྗོད་གཞི་ལ་སྤྱི་དང་བྱེ་བྲག་གི་དབྱེ་བ་གསལ་བོ་མེད་པ་དང༌། དུམ་མཚམས་དབྱེ་བ་ཡང་འོས་འཚམ་མི་འདུག་སྟབས་དེའི་སྟེང་གཟབ་པར་གནོངས་དང་རྩོམ་རིགས་ལ་མདུན་ལམ་ལྡན་ངེས།