ནམ་དུས་སྐྱིད་ཤོས།(ཨང་དང་པོ)
ཞི་བདེ་ཟླ་བ། སུ་ཇ་བོད་ཁྱིམ་སློབ་གྲྭ།
དེ་ཡང་སའི་གོ་ལའི་འཁོར་འགྲོས་ལ་བརྟེན་ནས་དུས་བཞིའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་པ་ནི་ཚན་རིག་གི་མེ་ལོང་ལས་འཇལ་མི་དགོས་པར། འཛམ་གླིང་ཁྱིམ་ཚང་འདིའི་ནང་འཚོ་སྡོད་བྱེད་བཞིན་པའི་འགྲོ་བ་མིའི་རྣམ་དཔྱོད་ཀྱིས་མིག་མཐོང་ལག་ཟིན་བྱེད་ཐུབ་པ་ཞིག་རེད། དེར་བརྟེན། དུས་བཞིའི་ཟོ་ཆུན་བར་མཚམས་མེད་པར་འཁོར་བའི་དཔྱིད་ཀ་དང༌། དབྱར་ཁ། སྟོན་ཁ། དགུན་ཁ་འདི་དག་གི་ནང་ནས་ནམ་དུས་སྐྱིད་ཤོས་ནི་དཔྱིད་ཀ་རེད་ཅེས་བརྗོད་ཆོག་ལ། ལྷག་པར་དུ་འཛམ་གླིང་གི་དངོས་པོའི་གཤིས་ལུགས་བརྗོད་པའི་མཚན་ཉིད་སྨྲ་བ་དེ་ཚོས་”ལོ་གཅིག་གི་འཆར་གཞི་ནི་དཔྱིད་ཀར་རག་ལས།” ཞེས་བཤད་པ་ལ་བརྟེན་ནས་དཔྱིད་ཀ་ནི་འཆར་གཞི་འདིང་ས་དང༌། དཔྱིད་ཀ་ནི་ཕུགས་བསམ་གྱི་མྱུ་གུ་སྨིན་ས། དཔྱིད་ཀ་ནི་བྱ་བ་ཀུན་གྱི་འཇུག་སྒོ། དཔྱིད་ཀ་ནི་ཞི་བདེའི་ལམ་ལ་འཁྲིད་པའི་ལམ་འདྲེན། མདོར་ན་དཔྱིད་ཀ་ནི་ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་སྩོལ་བའི་མ་མ་རེད། ད་དུང་ཞིང་པ་ཚོར་མཚོན་ན། དཔྱིད་ཀ་ནི་ཁོ་ཚོའི་རེ་སྒུག་གི་མིག་ཟུང་གཏོད་ཡུལ་དང༌། འབྱུང་འགྱུར་ཆོད་སེམས་ཀྱི་ས་ཞིང་ལ་ལོ་ལེགས་ག་འདྲ་འབྱུང་མིན་ནི་དཔྱིད་ཀ་ཞེས་པའི་ཡིག་འབྲུ་འདི་གཉིས་ལ་རག་ལས།
གཞན་ཡང་འབྲོག་པ་ཚོར་མཚོན་ན། ཁོ་ཚོ་ནི་གདོད་མའི་འཚོ་བར་རོལ་བའི་དབང་གིས། རྩིས་རིག་པ་སྨྲ་བ་དང༌། ལོ་རྒྱུས་སྨྲ་བ་ཚོས་སྲོལ་རྒྱུན་རིག་གནས་ལ་ཉམས་ཞིབ་བྱེད་སྐབས་ཁོ་ཚོའི་ཞིབ་འཇུག་བྱེད་ཡུལ་ནི་འབྲོག་པ་ཆགས་ཡོད་མོད། དེ་བས་འབྲོག་པ་དག་གིས་ཀྱང་རྟ་ནོར་ལུག་གསུམ་གྱི་ཤ་ཤེད་རྒྱས་མིན་དང་བགྲང་བྱ་གཅིག་དང་ཡང་ན་མི་ཚེ་གཅིག་གི་རྩ་ཐང་གི་འཚོ་བ་ག་འདྲ་ཞིག་ལོངས་སུ་སྤྱོད་མིན་ནི་དཔྱིད་ཀའི་ཀུན་སློང་ཁོ་ནའོ། །
ད་དུང་འགྲོ་བ་མིའི་ཁྱིམ་གཞི་དེ་ཕར་ཞོག ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ། ཁྱབ་འཇུག་སོགས་ལྷ་རྣམས་ཀྱི་འཁོར་ཚོགས། ཉི་ཟླ་སྐར་གསུམ་ལ་འཚོལ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བའི་ཚན་རིག་པ་ཚོ་ལ་མཚོན་ནའང༌། “ནམ་དུས་སྐྱིད་ཤོས་ནི་གང་རེད་” ཅེས་དྲི་རྟགས་དམར་པོ་ཞིག་ཁོ་ཚོར་བཀོད་ཚེ། ཁོ་ཚོས་བློ་ཐག་རྦད་ཆོད་ཀྱིས་”དཔྱིད་ཀ་རེད་” ཅེས་བརྗོད་ཁོ་ཐག་རེད། རྒྱུ་མཚན་ནི་མཁས་པའི་དབང་པོའམ་ཆོས་ཀུན་མ་ལུས་ཐུགས་སུ་ཆུད་པའི་མ་ཧཱ་པནྜིཏ་ཆེན་མོ་དགེ་འདུན་ཆོས་འཕེལ་གྱིས་འདི་ལྟར་གསུངས་མྱོང་སྟེ། “གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་ནག་རིང་བདེ་བའི་ཆེད་དུ་རྒྱུག །མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་ལྷག་བདེ་བའི་ཆེད་དུ་རྒྱུག །” ཅེས་ལེགས་བཤད་འདི་ལ་བརྟེན་ནས་ཁོ་ཚོར་ཞིབ་འཇུག་བྱས་ཚེ་ཁོ་ཚོའི་འཚོལ་སྙེག་དེའང་བདེ་བ་དང་མཛེས་སྡུག་འབའ་ཞིག་ལས་མ་འདས། དེ་ལྟ་བས་ན་བདེ་བའི་འབྱུང་ཁུངས་ནི་དགེ་བ་ཤ་སྟག་ཡིན་པའི་ཕྱིར་འོ་ན་ཁོ་ཚོས་འཚོལ་སྙེག་དང་བདེ་བའི་མགོ་འཛུགས་ས་ནི་དཔྱིད་ཀ་དང༌། ཐོག་མའི་འཆར་གཞི་དེ་ཡིན་པ་སྨོས་མེད་རེད།
ཡང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་བརྗོད་ན་ཐར་པ་དང་དོན་གྱིས་གྲུབ་ཡོད་པའི་ཐམས་ཅད་མཁྱེན་པའི་གོ་འཕང་གཉེར་བའི་ནང་པའི་རྗེས་འཇུག་པ་ཚོར་མཚོན་ནའང༌། དཔྱིད་ཀ་ནི་རྣམ་མཁྱེན་དང་སྟོང་ཉིད་ཀྱི་མི་བསླུ་བའི་ལམ་ལ་འདྲེན་པའི་དེད་དཔོན་ཞིག་ཡིན་པ་ཁོ་ཚོས་དྲན་རྒྱུ་ཡིན་པ་ཨ་ཅང་ཅང༌། དངོས་པོ་དང་རང་བྱུང་གི་ཆོས་ཉིད་ལ་ཁུངས་བཅོལ་ནས་བརྗོད་ཚེ་དགུན་ཁ་འདས་མ་ཐག་ཏུ་དཔྱིད་ཀ་ཡིན། དེ་ཡིས་ཁོ་ཚོའི་བློ་ངོར་ཡང་”ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་” ཡི་ནང་གི་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་གཏན་ཚིགས་དེ་ངང་ངམ་ཤུགས་ཀྱིས་དྲན་འོང་ངེས་རེད། དེའི་རྐྱེན་གྱིས་ནང་པའི་རྗེས་འཇུག་པ་ཚོས་དཔྱིད་ཀ་ནི་སེམས་ལ་བཟོ་བཅོས་བྱེད་པའི་ཅོང་སྒྲ་རུ་ཏན་ཏན་ངོས་འཛིན་བྱེད་ངེས།
སེམས་ལ་བཟོ་བཅོས་དང་ཞུ་དག་གཏོང་བ་ནི་ནང་ཆོས་ཀྱི་ལྟ་གྲུབ་རེད། དཔེར་ན་སྐབས་འདིར་སྤྱོད་འཇུག་ལས། “སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌། །དེ་དག་དོན་མེད་གྱི་ནར་འཁྱམས། །”ཞེས་པའི་འབེལ་གཏམ་འདི་ལ་བརྟེན་ནས་སྲིད་པ་གསུམ་གྱི་སྡུག་བསྔལ་དང་བདེ་བ་གང་ཡིན་ནའང་སེམས་ལས་བྱུང་པ་ནི་ཀུན་གྱིས་མཁྱེན་གསལ་རེད། འོ་ན་དཔྱིད་ཀའི་ནམ་ཟླ་གཙང་མ་འདི་ཡིས་སེམས་ལ་གྲོགས་དང་ཕན་འདོགས་པའི་ཕྱིར། དེ་བས་ནམ་དུས་སྐྱིད་ཤོས་ནི་དཔྱིད་ཀའི་ནམ་ཟླ་ཉག་ཅིག་ཡིན།
འོ་ན། ལྷག་བསམ་དང་རྣམ་དཔྱོད་ཡངས་པའི་གྲོགས་པོ་ཚོ། ཁྱོད་ཚོའི་ནམ་དུས་སྐྱིད་ཤོས་ནི་དཔྱིད་ཁ་ཡིན་ནམ།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ཚིག་གི་སྡེབ་ལེགས་ཤིང་སྙན་ལ། སྒྲིག་གཞི་དང་བྱུང་རིམ་འཚམ་པོ་འདུག་པས། འཛིན་རིམ་དྲུག་པའི་སློབ་མ་ཞིག་ལ་མཚོན་ན་ལེགས་གྲས་སུ་མཐོང༌། འོན་ཀྱང་དུམ་མཚམས་དབྱེ་སྟངས་མི་གསལ་བ་དང༌། ཡིག་ནོར་ཅུང་ཟད་འདུག་པས། རྗེས་སོར་དེའི་ཕྱོགས་སུ་གཟབ་ནན་གྱིས་འབད་རྒྱུ་གལ།
ནམ་དུས་སྐྱིད་ཤོས།(ཨང་གཉིས་པ)
ནོར་བུ་ཚེ་རིང༌། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ།
སྟོན་ཁའི་དུས་ལ་དེ་འདྲའི་སྐྱིད་པ་ལ་ཨང་་་་་་་་༌།
འཇིག་རྟེན་གྱི་འཁོར་ལོ་འདི་མདུན་ནས་མདུན་དུ་འཁོར་བཞིན་པ་ནི་ཆོས་ཉིད་དུ་གྲུབ་པས་ན། ལོ་གཅིག་གི་ནམ་དུས་རེ་རེ་བཞིན་འགྱུར་བ་འགྲོ་བ་དེ་ཡང་ནོར་འཛིན་སྒེག་མོའི་ཆོས་ཉིད་དུ་འཁུམས།
ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དེར་ཆ་མི་སྙོམས་པའི་ཡུལ་གྲུ་མང་པོ་ཞིག་ལ་འཚོ་སྡོད་བྱེད་པའི་སྐྱེ་བོ་འདྲ་མིན་ལ་རང་གི་འདོད་པ་དང་བསྟུན་ནས་རང་རང་གི་དགའ་མོས་དང་ལངས་ཕྱོགས་བཅས་ཡོངས་སུ་ཐ་དད་ཡིན་པ་སྨོས་ཅི་དགོས། ང་ཡང་འགྲོ་བ་མིའི་རིགས་ཤིག་ཡིན་པའི་ཆ་ནས་དགའ་ཕྱོགས་དང་མི་དགའ་བའི་ཕྱོགས་གཉིས་ཡོད་པར་བརྟེན། ངའི་ནམ་དུས་དགའ་ཤོས་ནི་སྟོན་ཁ་ཡིན།
སྤྱིར་མི་ཕལ་མོ་ཆེ་ནམ་དུས་བཞི་ལས་དཔྱིད་ཀའི་ནམ་དུས་འདིར་དགའ་མོས་བྱེད་ཅིང་དགུན་ཁའི་ནམ་དུས་འདིར་མི་དགའ་བ་བྱེད་མོད། འོན་ཏང་ང་ནི་དེ་དག་ལས་ལྡོག་ནས་སྟོན་ཁའི་དུས་འདིར་ཧ་ཅང་དགའ་ཞིང་སྐྱིད། གང་ལགས་ཤེ་ན། སྟོན་ཁའི་དུས་དེར་ལོ་གཅིག་གི་ལོ་ལེགས་རྣམས་ལེགས་པར་གྲུབ་ཅིང༌། ཞིང་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་སྙན་ཞིང་འཇེབས་པའི་གླུ་གཞས་ལེན་པ་དང༌། གཡས་གཡོན་དུ་གནས་པའི་བྱ་བྱེའུ་རྣམས་ཀྱང་ཡུུལ་དེ་ནས་ཁ་བྲལ་ལ་ཉེ་ཡང་ད་དུང་ཡང་སྙན་པའི་གླུ་དབྱངས་བླངས་ཏེ་ཕལ་ཆེར་ཞིང་པ་དེ་ཚོས་དཀའ་བ་ཐ་དག་ཁྱད་དུ་བསད་དེ་ལོ་ལེགས་བྱུང་བར་བསུ་བ་བྱེད་པ་དང་ཡང་དག་མཚུངས།
ངེད་ཅག་གི་ཕ་ཡུལ་ལ་ཆ་མཚོན་ན་བོད་མི་ཕལ་མོ་ཆེས་སྟོན་ཁའི་དུས་དེ་མགྱོགས་ཙམ་སླེབས་ན་ཅི་མ་རུང་སྙམ་གྱི་ཡོད། རྒྱུ་མཚན་ནི་བོད་མི་མང་ཆེ་བ་ཞིང་པ་དང་འབྲོག་པ་ཡིན་པས་སོ། །འོན་ཏང་བོད་ལ་གནས་པའི་ཕྲུ་གུ་དག་དབྱར་ཁ་ཡོལ་ཙམ་ལ་ནམ་མཁར་ཤོག་བྱ་གཏོང་བར་དགའ་མོད་ཀྱང༌། རྒན་པ་དག་གིས་དེར་མི་དགའ་བ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོ་ཚོ་རྨོངས་དད་ཀྱིས་བཏུམས་ཆེ་དྲགས་པས་ཡིན་ཀྱང་རུང༌། གང་ལྟར་ཁོ་ཚོར་བཤད་སྲོལ་ཞིག་ཡོད་པ་ནི། “སྟོན་ཀའི་སྐབས་སུ་ཕྲུ་གུ་ཚོས་གནམ་ལ་ཤོག་བྱ་བཏང་སྟེ་ལོ་གཅིག་ལ་ལོ་ལེགས་བྱུང་བ་དེར་འདོད་པ་མི་ཁེངས་པའི་ཚུལ་བསྟན་པས་ནམ་མཁའི་ལྷ་ཚོགས་རྣམས་འཁྲུགས་ཏེ་སྟོན་ཁ་དེ་གློ་བུར་དུ་དགུན་ཁར་བསྒྱུར་བ་རེད་” ཅེས་བཤད། གང་ལྟར་བོད་མི་རྣམས་ནི་རང་བཙན་མེད་པའི་ཁར་ལོ་ལེགས་ཀྱི་ནམ་དུས་ཤིག་ཡོད་པ་དེ་ཡང་འཁྱུག་ཙམ་ཞིག་ལ་རྫོགས་པའི་སྣང་བ་དེ་ལྟ་བུ་ཞིག་འཆར་དུས། ངོ་མ། ང་ཚོ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་དེ་འདྲའི་སྐྱིད་པོར་འདུག་ཁོམ་ག་ལ་ཡོད། དད་སེམས་འགྱུར་མེད་ཀྱི་འདུན་པ་ལྗིད་ཏིག་ཏིག་གིས་རང་བཙན་འཐབ་རྩོད་ཀྱི་ཤེས་བྱ་འོད་ལམ་ལམ་ཞིག་སྤར་ནས། ང་ཚོ་བོད་ཀྱི་ཞིང་ཁམས་འདི་དེང་རབས་རིག་གནས་སམ་ཚན་རིག་གི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་པར་བྱ་རྒྱུ་འདི་ང་ཚོའི་འོས་འགན་ཡིན་ལ། རྨོངས་དད། ཞེ་སྡང༌། གཏི་མུག་ལ་སོགས་པའི་བསམ་བློ་རྣམས་མེར་བསྲེགས་ཏེ་བོད་རྒྱལ་ཁབ་ཆེན་པོ་འདིར་རང་དབང་ཡོངས་སུ་རྫོགས་པའི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུ་འདི་ང་ཚོའི་འོས་འགན་ཉག་གཅིག་ཀྱང་ལགས།
ང་རང་སྟོན་ཀའི་ནམ་དུས་ལ་དགའ་་་་་་་་་་ ལོ་ལེགས་ཀྱི་སྙེ་མས་མགོ་བོ་མ་འཁྱོག་པར་ལྡེམ་ལྡེམ་འགུལ་པའི་ཚུལ་དེར་བལྟས་ཚེ། སྟོན་ཀ་འདི་ཅི་འདྲའི་མཚར་ཞིང་སྡུག་པ་དང༌། སྡོང་ལོ་དེ་རྣམས་འཇམ་ཞིང་མཉེན་པའི་རླུང་གིས་འདེད་དུས་ཆུང་དུས་ཡབ་ཡུམ་གཉིས་ཀྱིས་གསོ་སྐྱོང་གནང་བ་དེ་རྣམས་ཡིད་ཀྱི་མེ་ལོང་ནང་འཁོར། ངའི་མནོ་བསམ་ལ་དྲན་སྐུལ་གྱི་གྲང་བའི་ཆུ་བསིལ་མོ་རེ་སྟོར་དུས་ཤེས་རབ་ཀྱི་རྟ་ཕོ་ལ་བརྩོན་འགྲུས་ཀྱི་རྟ་ལྕག་གིས་གཞུས་ཏེ་སློབ་སྦྱོང་ལ་འབད་པ་བྱེད་དགོས་པའི་བསམ་བློ་ཡང་ཆབས་གཅིག་ཏུ་སྐྱེས་ཀྱི་འདུག ཡང་སྟོན་ཁའི་དུས་སུ་རླུང་འཚུབ་རེ་ལྡང་དུས། ཉོན་དང༌། ལོ་མ་རེ་རེའི་ཤག་སྒྲ་ཡིས་ཁྱེད་རྣམས་ལ་དྲན་སྐུལ་དང་རེ་བ་བྱེད་ཀྱི་ཡོད་པ་ཁྱེད་ཅག་གིས་ཨེ་ཚོར།
ང་རང་སྟོན་ཀའི་དུས་ལ་དགའ་་་་་་་་་ ཁྲུང་ཁྲུང་དཀར་མོ་དེ་རྣམས་ལྷོར་བཞུད་ཀྱི་བྱ་བ་བརྩམས་དུས། ངའི་ཡ་ཆུང་དཔལ་མཚོ་འདིར་མ་ཡུམ་དྲན་པའི་སྡུག་བསྔལ་དང་འགྱོད་སེམས་ཀྱི་ཚང་ཚིང་སྟུག་པོ་ཞིག་ཏུ་གྱུར་སོང༌། འོན་ཏང་ང་ལ་དེ་ལས་དོན་ཟབ་པའི་བསམ་བློ་གསར་པ་ཞིག་འཁོར་ཡོང་བ་ནི་རང་གིས་རང་ལ་སེམས་གསོ་བྱས་ནས་སྔར་ལས་ལྷག་པར་སློབ་ལ་བརྩོན་རྒྱུན་དེའོ།།
ང་རང་སྟོན་ཀའི་དུས་ལ་དགའ་་་་་་་་ ཉིན་མོའི་འཁོར་ལོ་ཟླ་ལ་བསྒྲིལ་བ་དང༌། ཟླ་བའི་འཁོར་ལོ་ལོ་ལ་བསྒྲིལ་ཏེ་ཡུད་ཙམ་ཞིག་ལ་སྟོན་དུས་འདི་རྫོགས་ལ་ཁད་འདུག་པས་བསམ་བློ་ལ་གཅིག་ནས་སེམས་ལ་གདུང་བ་དྲག་པོ་སྐྱེས་པ་དང༌། ཡང་བསམ་བློ་གཞན་ཞིག་ནས་རང་གི་ལུས་ཀྱི་བྱ་སྤྱོད་དང༌། ཡིད་ཀྱི་འཁྱེར་སོ་བཅས་ལ་འགྱུར་བ་ངེས་ཅན་ཞིག་བཏང་ནས་དམིགས་ཡུལ་ལ་གཏད་དེ། དལ་བརྒྱད་འབྱོར་བ་བཅུ་ཚང་བའི་གངས་ཅན་པ་རྣམས་ཀླ་ཀློའི་གདུག་རྩུབ་ལས་ཡར་འཐེན་ཏེ་ཤེས་བྱའི་མེ་ཏོག་ལྡུམ་རའི་ནང་བཀྲག་མདངས་ཆེ་བའི་མེ་ཏོག་རྣམས་ཀྱི་བྲོ་བ་མྱོང་འཇུག་རྒྱུ་དེའོ། །
མདོར་ན། སྟོན་ཁའི་དུས་དེ་ང་ལ་ཆ་མི་སྙོམས་པའི་ཚོར་བ་ཇི་སྙེད་ཅིག་བྱིན་ཀྱང༌། ངས་དེའི་མཐུ་ལ་བརྟེན་ནས་སྨག་རུམ་གྱི་མུན་པ་གཏོར་ནས་བདེ་ལྡན་ལ་བསྐྱོད་རྒྱུ་དེ་ཁ་བཤད་ཆུ་ཡི་ལྦུ་བ་ཙམ་མིན་པར་དོན་ཐོག་གསེར་གྱི་ཐིགས་པ་ལྟར་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲས་པ་དེ་ལགས་སོ། །
དེ་རྣམས། འདོད་པའི་ཕྱོགས་ནས་བྱུང་བའི་གཏམ་མིན་པར། །ཅི་མཆིས་ཚུལ་བཞིན་བརྗོད་པའི་དོན་ལགས་པས། །
ཁྱེད་རྣམས་མ་ལུས་ཤེས་བྱར་བརྩོན་པ་ཡི། །གངས་ལྗོངས་ཆོས་སྲིད་དར་ཞིང་རྒྱས་གྱུར་ཅིག །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི་བརྗོད་གཞི་དང་སྦྱར་ཏེ་རྩོམ་པ་པོའི་དུང་སེམས་མཚོན་སྟངས་དེ་ཡིན། རྩོམ་ཡིག་གི་སྒྲིག་གཞི་དང་དུམ་མཚམས་བཀོད་སྒྲིག་བྱེད་སྟངས་ཅུང་ལེགས་ཤིང༌། རྗོད་ཚིག་སྙན་ཞིང་གྲིམ་ལ་བརྗོད་དོན་མཚོན་པའི་ནུས་རྩལ་ཅུང་ལྡན། འོན་ཀྱང༌། རང་གི་བརྗོད་འདོད་དཔེ་གཞི་དང་བྱ་དངོས་ལ་སྦྱོར་སྟངས་ལ་བྱང་ཚད་ཀྱིས་མ་འདང་བ་དང༌། ཡིག་ནོར་ཡང་ཅུང་ཟད་འདུག་པར་ཐུགས་སྣང་དགོས་གལ་འདུག
ནམ་དུས་སྐྱིད་ཤོས།(ཨང་གསུམ་པ)
འཇམ་དབྱངས་གྲགས་པ། སེར་བྱེས་འབྲིང་རིམ་སློབ་གྲྭ།
དཔྱིད་ཀྱི་དཔལ་མོར་སྐབས་ཤིག་གི་གྱེས་མཇལ་ཞུས་རྗེས་ངའི་ནམ་དུས་སྐྱིད་ཤོས་ཏཻ། དབྱར་གྱི་མཛེས་སྡུག་ཡངས་པའི་ས་གཞིར་ཁྱབ། དེ་དུས་ས་གཞི་ཆེན་པོར་རྩྭ་ལྗང་གིས་ལྭ་བ་བཀླུབས་པས་ལྗང་ཐིང་ངེར་སྣང་ལ། ཁ་དོག་མི་གཅིག་པའི་མེ་ཏོག་གི་ཚོགས་རྣམས་སོ་སོའི་མཛེས་སྡུག་ངོམ་བཞིན་ཁྲ་ལམ་མེར་མངོན། མ་ཟད་ཁུ་བྱུག་གི་དྲུག་འགྱུར་གླུ་དབྱངས་མི་རྣམས་ཀྱི་རྣ་བར་ཐོས་དུས་བདེ་དགའི་སྣང་བ་སྦྱིན་པར་བྱེད།
གཞོན་སྐྱེས་ཚོས་བཞུར་བཞིན་པའི་གཙང་པོའི་མཐའ་ཟུར་ན་རྐྱལ་རྩེད་ལ་རོལ་བཞིན་ཡོད་ལ། ནོར་གནག་གི་རྨིག་རྗེས་འཚོལ་བའི་རྫི་བོ་རྣམས་ཀྱིས་ནོར་གནག་གི་ཤ་ཤེད་དང་རྩྭ་ཐང་གི་དགེ་མཚན་གླེང་བཞིན་དབྱར་ཉིན་རིང་མོ་ཇ་ཡུན་གཅིག་ལྟར་སྐྱེལ་བར་བྱེད། ད་དུང་བང་རྩལ་ཅན་གྱི་ཅང་ཤེས་རྟ་ཕོ་སོགས་བདག་བཟུང་སེམས་ཅན་རྣམས་དང༌། ཤྭ་བ་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་ཚང་མ་ཤ་ཤེད་རྒྱས་ཤིང་ཡངས་པའི་རྩྭ་ཐང་དུ་ཅི་དགར་རོལ་བ་ནི་དབྱར་གྱི་མཛེས་སྡུག་ལ་ཕེབས་བསུའི་འཚམས་འདྲི་ཞུ་བ་དང་ཀུན་ནས་མཚུངས།
དེ་ལས་ཀྱང་དགའ་སྤྲོ་སྐྱེས་འོས་པ་ཞིག་ལ་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་རྣམ་པ་སྣ་ཚོགས་པའི་མེ་ཏོག་རྣམས་མགོ་ལྕོག་ལྡེམ་ལྡེམ་བྱེད་ཅིང་དགེ་སློབ་ཀུན་གྱི་བཞིན་ལས་འཛུམ་མདངས་མངོན། ཤེས་བྱའི་གནས་ལ་འབད་བཞིན་པའི་སློབ་ཕྲུག་རྣམས་ཀྱི་མེ་ཏོག་དང་ཤིང་སྡོང་འདེབས་ལས་ཀྱི་བྱ་བ་གྲུབ་རྗེས་སོ་སོས་བཙུགས་པའི་མེ་ཏོག་དང་ཤིང་སྡོང་རྣམས་ལ་རྟག་ཏུ་བསིལ་ཆུ་དྲངས་པས་རང་ཉིད་ཀྱི་ཤེས་ཚད་ལྟར་མེ་ཏོག་རྣམས་ཀྱང་སྐྱེད་སྲིང་བྱེད་པར་སྤྲོ་བ་རབ་ཏུ་འཕེལ།
རྟག་ཏུ་བྲེལ་འཚུབ་ངང་གནས་པའི་ཞིང་པ་ཚོ་ཐལ་རྡུལ་རླུང་འཚུབ་མེད་པའི་དུས་ཚིགས་ལ་བསྔགས་ཤིང་ཞི་བདེ་བག་ཕབ་ངང་འགན་དུ་འཁྲི་བའི་སོ་སོའི་བྱེད་སྒོར་ཞུགས། ད་དུང་དབྱར་གྱི་མེ་ཏོག་བཞིན་གདོང་ལ་འཛུམ་མདངས་འཁྱིལ་བའི་བྱིས་པ་ཚོ་སྤང་ཐང་དུ་རྩྭ་རྨི་རྨི་སོགས་མེ་ཏོག་གི་ཆུན་པོ་ལག་པར་འཆང་ནས་རང་གི་ཨ་མ་ཞིང་ཁ་ནས་ལོག་པར་ངང་སྒུག་བྱེད་བཞིན་དབྱར་གྱི་དཔལ་ཡོན་ལོངས་སུ་སྤྱོད། མཁའ་དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་ཁུ་བྱུག་གི་དྲུག་འགྱུར་གླུ་དབྱངས་དང་འཇོལ་མོའི་དབྱངས་སྙན་མི་རྣམས་ཀྱི་རྣ་བར་གོ་བས་དགའ་སྤྲོའི་རྣམ་པས་ཁེངས། འདབ་ཆགས་ཀྱི་ཚོགས་ཐམས་ཅད་གྲང་ངར་དང་འཇིགས་སྐྲག་གི་གནས་ལས་གྲོལ་བས་དགའ་བ་དང་སྤྲོ་བས་གཤོག་འགྱུར་ངོམ་པར་བྱེད་པ་ནི་ཞི་བདེའི་སྣང་བ་སྟེར་བའི་མིག་གི་སྟོན་མོར་མངོན།
དབྱར་གྱི་མཛེས་སྡུག་ཡངས་པའི་ས་གཞིར་འཕོས་པས་སྐྱེས་འགྲོ་ཡོངས་ལ་གྲང་ངར་དང་འཇིགས་སྐྲག དཀའ་ངལ་སོགས་མི་སྡུག་པ་ཐམས་ཅད་འཇིག་པར་བྱེད་ཅིང༌། ཞི་བདེ་དང་དྲོད་ཁོལ། བདེ་སྐྱིད་བཅས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། ས་ཆེན་པོར་ཁ་དོག་སྣ་ཚོགས་པའི་མེ་ཏོག་་དག་གིས་མཛེས་སྡུག་ལྡན་པའི་ཞིང་ཁམས་ཤིག་བསྐྲུན་བཞིན་ཡོད། དེས་ན་དབྱར་ཁ་ཞེས་པའི་ནམ་དུས་དེ་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་དང༌། ཆེས་མཛེས་སྡུག་ལྡན་པའི་ནམ་དུས་ཤིག་ཡིན།
ཐམས་ཅད་ལ་ཁ་དོག་དང་དྲོད་ཁོལ་སྦྱིན་པར་བྱེད་པའི་ནམ་དུས་ཏེ། དཔལ་ཡོན་གྱི་གཟི་བརྗིད་འབར་བའི་དབྱར་ཁ། སླར་ཡང་ང་ཚོའི་མཉམ་དུ་བཞུགས་རོགས། བདེ་སྐྱིད་དང་དྲོད་ཁོལ་སྦྱིན་ཕྱིར། སྐྱེ་འགྲོ་དང་ས་གཞིར་ལེགས་སྐྱེས་སྩོལ་ཅིག ཁྱེད་མེད་ན་ང་ཚོའི་ཡོད་ཚད་བརླག་པར་འགྱུར་བ་དང་མཚུངས་པས། ཁྱེད་གཏན་དུ་བཞུགས་རོགས་མཛོད།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་དབྱར་དུས་ཀྱི་རྣམ་པ་བཀོད་འབྲི་བྱེད་ཚུལ་དང་དུམ་མཚམས་དབྱེ་སྟངས་ལེགས་ཤིང༌། ཚིག་སྦྱོར་སྙན་ལ་དོན་བརྗོད་ཀྱི་ནུས་རྩལ་ལྡན་པས་ལེགས་མོད། བཀོད་འབྲི་དང་ལྷན་དུ་རྩོམ་པ་པོའི་བརྗོད་འདོད་ཀྱི་བསྟན་བྱ་སྙིང་པོ་དེ་ཙམ་གཏིང་ཟབ་ངང་མཚོན་ཐུབ་མི་འདུག་ལ། ཕྲད་རྒྱག་སྟངས་དང་ཚིག་ཁ་ཤས་ཀྱི་སྡེབ་སྦྱོར་ལྷུ་མ་འགྲིག་པའང་འདུག་པས་དེའི་ཕྱོགས་ལ་གཟབ་ཙམ་དགོས་གལ།