ཐག་རིང་གི་ཕ་ཡུལ།

 

བློ་བཟང་ཕུན་ཚོགས། སེ་རྭ་བྱེས་ཀྱི་སློབ་གྲྭ (ཨང་དང་པོ)

 

    ༄༅། །དཀར་ཞིང་གསལ་བའི་ཟླ་འོད། །བསིལ་ཞིང་འཇམ་པའི་མཁའ་རླུང༌། །
སྔོ་ཞིང་སྣུམ་པའི་མཁའ་དབྱིངས། །མཛེས་ཤིང་སྡུག་པའི་ཕ་ཡུལ། །

    རེད་ཡ། འདི་ནི་ཚེས་བཅོ་ལྔའི་ཟླ་བས་ངོམས་བཞིན་པའི་ཁོང་གི་ལང་ཚོ་དང་སྟོན་བཞིན་པའི་ཁོང་གི་མཛེས་སྡུག་དེ་རེད། ང་ཁོང་གི་མཛེས་སྡུག་ལ་ཡིད་སྨོན་དང༌། འཇོན་ཐང་ལ་ཡིད་དབང་ཤོར་ནས་ལུས། འོན་ཀྱང༌། ངའི་སྙིང་དམར་པོར་གནས་པའི་གཟུགས་མེད་ཀྱི་དངོས་པོ་ཞིག་ཡོད་པ་ནི། ངའི་ཐག་རིང་གི་ཕ་ཡུལ་དེ་ལོས་ཡིན། དཀར་གསལ་ཟླ་བའི་མཛེས་སྡུག་དེ་དང༌། ངའི་ཐག་རིང་གི་ཕ་ཡུལ་གྱི་མཛེས་ལྗོངས་གཉིས་དབྱེར་མེད་པར་གཅིག་མཚུངས་རེད། ངས་ཤར་ཕྱོགས་ནས་བྱང་ཕྱོགས་སུ་ཁ་བསྒྱུར་ནས། ངའི་མཛེས་ཤིང་སྡུག་པའི་ཕ་ཡུལ་ལ་མིག་ཞགས་གཅིག་འཕངས་ཀྱང༌། ཕྲ་ཆུང་མིག་ལམ་དུ་སྣང་རྒྱུ་ཡོད་པ་ནི། གནམ་ས་ལྷན་དུ་འདྲེས་པའི་སྣང་ཡུལ་དེ་རེད།
འོན་ཀྱང༌། ངའི་སེམས་སུ་ཕ་ཡུལ་གྱི་མཛེས་སྡུག་དང༌། མཛེས་སྡུག་གི་བདེན་དཔང་ཞིག་འདི་ལྟར། གངས་རིའི་རྭ་བས་བསྐོར་བའི་ཕ་ཡུལ་ནི། ལོ་སྟོང་ཕྲག་མང་པོའི་སྔོན་དུ་རྒྱ་མཚོས་བཀབ་པ་ཞིག་རེད། དེ་ནས་རིམ་བཞིན་རྒྱ་མཚོ་སྐམ་ནས། ཡུལ་མཛེས་པ་ཞིག་ཏུ་གྱུུར། ཡུལ་དེའི་མཐའ་ནས་མཐོ་ཞིང་བརྗིད་པའི་གངས་རི་མང་པོས་བསྐོར་ཡོད། གངས་རི་དེ་རྣམས་ཀྱི་མཐོ་ཚད་མི་ཊར་བརྒྱད་སྟོང་ལྷག་ཙམ་ཡོད་པས་མ་ཚད། དབྱར་དགུན་སྟོན་གསུམ་དུ་འགྱུར་བ་མེད་པའི་གངས་རི་རེད། གངས་རི་དེ་རྣམས་ནས་འབབས་པའི་ཆུ་བོ་ཆེན་པོ་ཡར་ཀླུང་གཙང་པོ། རྨ་ཆུ། འབྲི་ཆུ། སེངྒེ་ཁ་འབབ། རྟ་མཆོག་ཁ་འབབ་སོགས། རྒྱ་གར་དང་རྒྱ་ནག་བརྒྱུད་རྒྱ་མཚོར་འབབ་ཀྱི་ཡོད།     གཞན་ཡང་བསིལ་ཞིང་གཙང་བའི་ཆུ་བོ་དང་ཆུ་ཕྲན་མང་པོ་ངའི་ཕ་ཡུལ་བོད་ནས་འབབ་བཞིན་ཡོད།
གངས་རིས་བསྐོར་བའི་ཞིང་ཁམས་ནང༌། སྟུག་ཅིང་སྣུམ་པའི་ལྗོན་ཤིང་མང་པོས་རི་བོ་ནས་རི་བོ་བརྒྱུད། ལུང་པ་ནས་ལུང་པ་མང་པོ་བཀབ་ཡོད་པས་མ་ཚད། ལྗོན་ཤིང་མང་པོ་ནས་ཟས་འབྲུ་རིགས་དང༌། ཤིང་ཏོག་ཀུ་ཤུ་དང༌། རྒུན་འབྲུམ། སྟར་ཁ། ཁམ་བུ་སོགས་ཤིང་ཏོག་རིགས་རྣམ་པ་སྣ་ཚོགས་ཡོད། ལྗོན་ཤིང་དེ་རྣམས་ནས་གྲགས་ཆེ་བ། སྟག་པ། ཤུག་པ། སྟག་མ། ཙནྡན་ཡང་ཡོད། སུ་རུ། སྤེན་མ། ཡ་མཚན་པའི་ཤིང་ཞིག་ནི། ཀོང་པོ་ནས་རང་བཞིན་གྲུ་གཞིར་སྐྱེས་པའི་ཤིང་ཡང་ཡོད།
གཞན་ཡང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང༌། མཐོ་ཞིང་བརྗིད་ཉམས་ལྡན་པའི་བྲག་རི་དང་རི་བོ། རི་རྒྱུད་མང་པོ་ཡོད། རྩ་ཐང་དང་རི་བོ་རྣམས་ཀྱི་གྱོན་པ་ནི་མེ་ཏོག་གསེར་ཆེན། སེ་རུ་མེ་ཏོག སྤང་རྒྱན་མེ་ཏོག གུ་གུ་མེ་ཏོག་སོགས་མེ་ཏོག་འདྲ་མིན་སྣ་ཚོགས་ཀྱི་ཚོན་མདོག་རྣམ་པར་བཀྲ་ཞིང༌། དྲི་མ་ཞིམ་པ། བལྟས་ན་ཡིད་དབང་འཕྲོག་པའི་མཛེས་སྡུག་གི་རྣམ་པ་ཁེངས་ཡོད།
ཡུལ་དེའི་ནང་གནས་པའི་བྱ་བྱིའུ་རི་དྭགས་རྣམས་འཚེ་བ་མེད་པར་ཞི་ཞིང་བག་ཕེབས་ངང་རང་རང་གི་འཚོ་བ་སྐྱེལ་གྱི་ཡོད་པ་ནི་བྱ་ཡི་རིགས་འཇོལ་མོ། གུག་གུག ཅོང་ཁ། ཕོ་རོག ཀ་ཀ་ཕྲ་ལུ། གོ་བོ། ཁྭ་ཏ། ཁྲ། འུག་པ་སོགས་བྱ་རིགས་དང༌། བྱིའུའི་རིགས། ཁང་བྱིའུ། དམར་སྐེ་མ། བྱིའུ་སྐེ་ཁྲ་སོགས་ཀྱི་བྱིའུའི་རིགས་མི་འདྲ་དྲུག་བརྒྱ་ལྷག་ཡོད། གཞན་རི་དྭགས་གཅན་གཟན་གྱི་རིགས་སྟག་དང༌། དོམ། དྲེད་མོང༌། ཕ་ར། གཟིག སྤྱང་ཀི། ཝ་མོ་སོགས་ཤ་ཟན་གྱི་རིགས་དང༌། ཤ་བ། རྒོ་བ། རྣ་བ། ཁ་ཤ། རི་བོང༌། འབྲོང༌། རྐྱང་བཅས་རྩྭ་ཟན་རིགས་རྣམས་བག་ཕེབས་སུ་གནས་ཡོད།
ཡུལ་དེ་ན་འགྲོ་བ་མིའི་རིགས་ནི་ཐོག་མར་ཡབ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། ཡུུམ་བྲག་སྲིན་མོ་གཉིས་འདུས་ནས། ཕྱི་མོ་མིའུ་གདུང་དྲུག་བྱུང༌། དེ་ནས་རིམ་བཞིན་འཕེལ་ནས་བོད་མི་བྱུང༌། བོད་མི་དེ་རྣམས་ཡུལ་དེ་ན་གནས་པའི་སེམས་ཅན་གཞན་དང་མི་འདྲ་བའི་རིག་པ་རྣོ་པོ་ཡོད་པར་བརྟེན། ཞིང་འབྲོག་གི་འཚོ་བར་ཞུགས། ཡབ་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའི་ཐུགས་རྗེས་བོད་མི་རྣམས་བྱམས་སྙིང་རྗེ་ཆེ་བ་དང༌། གཞན་ཕན་གྱི་བསམ་པ་ཡོད་པ་ནི་སྐབས་དེ་དུས་ནས་ཡོད།
དེ་ནས་སྤྱི་ལོའི་སྔོན་ ༡༢༧ ལོར་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཕེབས། དེ་ནས་བཙན་པོའི་བརྒྱུད་པ་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གཙོས་པའི་མཁས་གྲུབ་ཀྱི་སྐྱེ་ཆེན་དུ་མས་བསྟན་པའི་སྒྲོན་མེ་རབ་ཏུ་སྦར་བར་མཛད།
ནང་པའི་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ་གཉིས་ཡིན་པར་བརྟེན། བོད་མི་རྣམས་ཀྱི་སེམས་སུ་བྱམས་པ་དང༌། སྙིང་རྗེ། གཞན་ཕན་དང༌། ལྷག་བསམ་ཡོད་པས་མ་ཚད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་ཞིང༌། ཡ་རབས་ཀུན་སྤྱོད་ལྡན་པའི་བོད་མི་རྣམས་ཀྱི་འཚོ་བ་ནི། ཞིང་པ་དང༌། འབྲོག་པ། ས་མ་འབྲོག་བཅས་གཙོ་བོ་ཡིན། ཞིང་པ་རྣམས་ཀྱིས། ནས་དང༌། སྲན་མ། འབྲས། གྲོ་སོགས་འབྲུ་རིགས་བཏབ་ནས་ཞིང་ལས་ཀྱི་འཚོ་བར་རོལ་གྱི་ཡོད། འབྲོག་པ་རྣམས་ཀྱིས་གཡག་དང༌། འབྲི། ར། ལུག་སྟོང་ཕྲག་མང་པོ་རི་ཁ་རུ་སྦྲ་གུར་ཕུབ་ནས་འབྲོག་ལས་ཀྱི་འཚོ་བར་རོལ་གྱི་ཡོད། གཞན་ས་མ་འབྲོག་དང༌། ཚོང་པ། གླ་པ་སོགས་སོ་སོའི་འཚོ་བ་མི་འདྲ་བ་མང་ཡང༌།
ྋགོང་ས་མཆོག་གིས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཞེས་པའི་དཔེ་དེབ་ནང༌། རི་མགོར་གནས་པའི་བོད་མི་འབྲོག་པ་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་ལ་དཀའ་ངལ་ཕྲན་བུ་ཡོད་རུང༌། ནང་སེམས་སུ་ཞི་བདེ་དང༌། བག་ཕེབས་པོ་ནི་འཛམ་གླིང་གི་གྲོང་ཁྱེར་ལས་ཀྱང་ཕལ་ཆེར་མང་བ་ཡོད། ཅེས་གསུངས་པ་བཞིན་འདི་ནི་བོད་མི་རྣམས་ཀྱི་བསམ་སྤྱོད་རླབས་ཆེན་པོ་ཞིག་རེད་ཨང༌།
འདི་ནི་ངའི་ཕ་ཡུལ་གྱི་མཛེས་སྡུག་དང༌། རྣམ་པར་བཀྲ་བའི་མེ་ཏོག ཡ་རབས་ཀྱི་བོད་མི་རེད་ཅེས་རང་གིས་རང་ལ་ལབ་ཤོར་སོང༌། འོན་ཀྱང༌། ང་མཛེས་སྡུག་ལ་དགའ་བས། ཡང་བསྐྱར་ངའི་དྲན་ཤེས་ཀྱི་རྟ་ཕོ་དེ་མཛེས་ཤིང་སྡུག་པའི་རྩྭ་ཐང་དུ་ཤོར་སོང༌། ད་མཛེས་ཤིང་བརྗིད་པའི་ཕ་ཡུལ་དེར། ཁྲག་དམར་གཏོར་བའི་སྲིན་ཚོགས་ཤིག་སླེབས་ཚར་འདུག འདི་ནི་ང་མི་དགའ་བའི་སྣང་ཡུལ་དེ་རེད། ང་ལོ་དགུ་ནས་བཟུང༌། རྒྱ་དམར་པོས་བོད་བཙན་གྱིས་བཟུང་ནས། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང༌། ྋགོང་ས་མཆོག་གི་གཙོས་བོད་རིགས་སྤུན་ཟླ་མང་པོ་མཐར་སྐྲོད་བཏང་བས་མ་ཚད། བྱ་བྱིའུ་རི་དྭགས་ཀྱི་སྲོག་དབང་འཕྲོག དཀར་ཞིང་འཇམ་པའི་གངས་རི་རྣམས་རྩུབ་རེག་གི་བྲག་རིར་བསྒྱུར། རི་བོ་ནས་རྩི་ཤིང་རྣམས་བྲེག རྒྱ་ཡུལ་དུ་བསྐྱལ། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར། བོད་སྐད་རྒྱ་སྐད་དུ་བསྒྱུར། ངའི་ཕ་ཡུལ་ཞི་བདེའི་གནས་ཡུལ་དེ་སྲིན་བུའི་བཤས་རར་བསྒྱུར། ཨེ་འཇིགས་སྐྲག་ལ། ངས་འདི་ནས་ཕ་ཡུལ་གྱི་ལོ་རྒྱུས་བསམ་མི་འདོད། ངའི་ཁྲ་ཆུང་མིག་ནས་ཆུ་ཐིགས་རེ་མཉམ་ཐག་རིང་གི་ཕ་ཡུལ་ལ་བལྟས་ཀྱང་མཐོང་བཞིན་པ་ནི་གནམ་དང་ས་གཉིས་རེད།། །།

ཞན་ཆ།
ཟླ་བའི་བས་(ངོམས)བཞིན་པའི། ལོང་མཚོ་(ལང་ཚོ) མཇོན་(འཇོན)ཐང༌། མཐོ་ཞིང་རྗིད་(བརྗིད)པའི། ཡ་ཀླུང་(ཡར་ཀླུང) རྒྱ་ནག་རྒྱུད་(བརྒྱུད) གངས་རི་སྐོར་(རིས་བསྐོར)བའི། ཞིང་ཁམས་དེ་(དེའི)ནང༌། ལྗོན་ཤོང༌(ཤིང) རྒུ་(རྒུན)འབྲུམ། ཏར་(སྟར)ཁ། ཤུ་(ཤུག)པ། ཡམ་(ཡ)མཚན། གྲུབ་(གྲུ)གཞི། སེར་ཅན་གསེར་ཆེན)བྱང་ཆུབ་སེམས་པ་(དཔའ) ལྡོང་(གདུང)དྲུག མེན་(མེས)དབོན་རྣམ་གསུམ། སྐྱེ་བ་(སྤྱོད་པ)ཚེ་(འཚེ)བ་མེད་པ། སྐུ་(ཀུན)སྤྱོད་ལྡན་པ། འཚོ་བ་(བར)རོལ་གྱི་ཡོད། མི་དམངས་ཞེས་པ་(པའི)དཔེ་དེབ་ནང༌། ཕྲག་(ཁྲག)དམར། དམར་གསོད་གཏོང༌(བཏང) ང་(ངའི)ཕ་ཡུལ། གཤེར་(བཤས)ར། ལོ་རྒྱུ་(རྒྱུས) སྔོ་ཞིང་སྣུབ་(སྣུམ)  དམར་(རྨ)ཆུ འབྲུ་(འབྲི)ཆུ། གཏུམ་ཞིང་བསྣུབ(སྟུག་ཅིང་སྣུམ)  རྡ་བ(གླ)པ། ཕྲག(བྲག)རིེར། འཇིག(འཇིགས)སྐྲག ཆུ་ཐིག(ཐིགས)

 

ཐག་རིང་ཕ་ཡུལ།

 

སྐལ་ལྡན་ཚེ་རིང༌། བལ་ཡུལ་སྤོག་ར་བོད་ཁྱིམ། (ཨང་གཉིས་པ)

 

༄༅། །སྤྱིར་འཇིག་རྟེན་ཁམས་འདིར་མིའི་རྣམ་པ་ཆགས་པའི་རྗེས་སུ་རིམ་བཞིན་རྗེ་དང་འབངས་རྒྱལ་ཁབ་བཅས་ཀྱི་ཚུལ་དུ་འགྱུར་ཏེ་གནས། དེ་ཡང་སའི་གོ་ལ་སྒང་ཡུལ་གྲུ་དུ་མ་ཡོད་པ་དང་དེ་རྣམས་གཙོ་བོར་གླིང་ཕྲན་བདུན་དུ་དབྱེ་ཡོད། དེའི་ནང་ནས་ངའི་ཕ་ཡུལ་ནི་ཨེ་ཤ་ཡའི་ནང་ཡོད།
སྤྱིར་བཏང་ཨེ་ཤ་ཡ་ནི་གླིང་ཕྲན་ཆེ་ཤོས་དེ་ཡིན་པ་དང༌། དེའི་ནང་སྡོད་མཁན་མི་རིགས་འདྲ་མིན་སྣ་ཚོགས་དང༌། རྒྱལ་ཁབ་ཀྱང་དུ་མ་ཡོད། འོན་ཀྱང་ངའི་ཕ་ཡུལ་བོད་ཡུལ་ལམ། ཡང་ན་གངས་ལྗོངས་ནི་འཛམ་གླིང་ཡུལ་གྲུ་གཞན་ལས་བརྗིད་ཆགས་ཤིང༌། ཡིད་དུ་འོང་བ་བཞིན་དུ་གནས་ཡོད།

        འཛམ་གླིང་ས་ཡི་ཡང་ཐོག་ཏུ། །གཅེས་པའི་བོད་ཀྱི་ཡུལ་དེ་ཡོད། །
མཐའ་ནི་རི་བོ་སྣ་ཚོགས་དང༌། །ཡིད་འོང་མཛེས་སུ་གནས་ཡོད་དོ། །

    ཅེས་གསུངས་པ་ལྟར་ངའི་ཕ་ཡུལ་བོད་ལྗོངས་ནི་འཛམ་གླིང་འདིའི་ཡང་ཐོག་ཏུ་གནས་ཡོད་པ་དང༌། མཐའ་རུ་གངས་རི་དཀར་པོ་ཇོ་མོ་གླང་མ་དང༌། གངས་རི་ཏེ་སི། རོང་བཙན་ཁ་བ་དཀར་པོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས། ནགས་རི་དང༌། སྤང་རི། གཡའ་རི། རྫ་རི་བཅས་ཀྱི་མཆོད་རྟེན་ལྟ་བུས་བསྐོར་ཡོད་པ་ནི་ཤིན་ཏུ་ཡིད་འོང་ལྟར་གནས་ཡོད།
སྤྱིར་བཏང་ངའི་ཐག་རིང་ཕ་ཡུལ་བོད་ལྗོངས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནི་ཤར་ཕྱོགས་སུ་རྒྱ་ནག་དང་སོག་པོ། ནུབ་ཏུ་པ་ཀི་སི་ཐན། ཨབ་གྷ་ནི་སི་ཐན། ལྷོ་ཕྱོགས་སུ་རྒྱ་གར་དང་བལ་ཡུལ་འབྲུག་བཅས་དང༌། བྱང་ཕྱོགས་སུ་སོག་པོ་ཡོད།
ངའི་ཐག་རིང་ཕ་ཡུལ་བོད་ལྗོངས་དེའི་སྣོད་བཅུད་ཆགས་ཚུལ་ནི། སྔར་ཡུལ་ལུང་ཕལ་མོ་ཆུས་ཁེངས་ཡོད་པ་ལ་རིམ་བཞིན་ཆུ་རྣམས་བྲི་ནས་རི་ལུང་དང་ནགས་ཚལ་བཅས་ཀྱི་རྣམ་པར་འགྱུར་ཏེ། གཅན་གཟན་དང༌། བྱ་རི་དྭགས་སོགས་ཀྱི་ཁེངས་ཏེ་སྣོད་ཀྱི་ཚུལ་དུ་གྱུར། དེ་ཡང་མིའི་རིགས་བྱུང་ཚུལ་ནི། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་དྲུག་བྱུང་བ་དེ་ལ་བོད་ཀྱི་མིའུ་གདུང་དྲུག་ཟེར། རིམ་བཞིན་སྤྲེའུ་རྣམས་མིའི་རྣམ་པར་འགྱུར་ནས་བཟུང་ཁོ་ཚོ་མཉམ་དུ་འདུས་པ་ལས་མི་རིགས་དུ་མ་བྱུང༌། རིམ་བཞིན་རྗེ་དང་འབངས་བྱུང་བ་དང༌། དེ་དག་གིས་ཡུལ་ལུང་ཆུང་ངུ་རྣམས་ལ་དབང་བསྒྱུར་ཏེ་སྤྱི་ཚོགས་ཀྱི་རྣམ་པ་རུ་འགྱུར། བོད་ཡུལ་ནི་འཛམ་གླིང་ཡུལ་གཞན་ལས་མཐོ་བ་དང་ཚད་པ་མེད་པ། དུག་སྦྲང་དང་དུག་སྦྲུལ་སོགས་ཀྱི་འཚེ་བ་ཉུང་བ། རང་བྱུང་ཁོར་ཡུག་ལེགས་པ། མཐའ་འཁོར་དུ་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུ་དང༌། མཚོ་སྐད་གྲགས་ཅན། དཔེར་ན། མཚོ་སྔོན་པོ་དང༌། མ་ཕམ་གཡུ་མཚོ་སོགས་དང་གཙང་ཆུ། འབྲི་ཆུ། རྫ་ཆུ་དང༌། ཆུ་བོ་ཁ་འབབ་བཞི། རྨ་བྱ། སེངྒེ། རྟ་མཆོག གླང་ཆེན་ཁ་འབབ་བཅས་འཛམ་གླིང་ཡུལ་གྲུ་ཕལ་ཆེ་བའི་ནང་གཙང་ཆུ་དེ་རྣམས་རྒྱུགས་ཏེ་ཞིང་ཆུ་འདྲེན་རྒྱུ་དང་གློག་ཁང༌། འཐུང་ཆུ་བཅས་ལ་ཕན་ཡོན་རྒྱ་ཆེར་བསྐྲུན་ཡོད།
ངའི་ཐག་རིང་ཕ་ཡུལ་ནི་འཛམ་གླིང་གཞན་གྱི་ཡུལ་ལུང་རྣམས་ལས་རང་བྱུང་ཐོན་སྐྱེད། གསེར་དང་དངུལ། ཟངས། ལྕགས། ཞ་ཉེ། རྡོ་སོལ་བཅས་རིན་ཆེན་རིགས་འདྲ་མིན་སྣ་ཚོགས་བཟང་བ་རྒྱལ་ཁབ་གཞན་ལས་ཁྱད་དུ་འཕགས་པ་ཡོད། འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཡ་མཚན་དངོས་བྱུང་བདུན་ཡོད་པའི་ནང་ནས་པོ་ཏཱ་ལ་ཞེས་པ་ནི་བོད་ལ་ཡོད། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པ་དང༌། རྒྱལ་མཆོག་ལྔ་པ་ཆེན་པོས་རྒྱ་བསྐྱེད་མཛད་པ་ཡིན།
ངའི་ཐག་རིང་ཕ་ཡུལ་བོད་ལྗོངས་ནི། ནང་པ་སངས་རྒྱས་ཀྱི་ཆོས་འཛིན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། དགོན་པ་དུ་མ་དང་བཙུན་པ་བཙུན་མ། དགེ་སློང་སོགས་གྲངས་ལས་འདས་པ་ཡོད། བོད་མི་རྣམས་ཆོས་ལ་དགའ་ཞིང་སྡིག་ལ་འཛེམས། གཤིས་རྒྱུད་དྲང་བ་དང་བརྟན་པ། རང་ལས་གཞན་གཅེས་ཀྱི་ལྟ་བ་འཛིན་མཁན་གྱི་མི་རིགས་རླབས་ཆེན་ཞིག་ཡིན་པ་དང་དབུ་ཁྲིད་ནི་ྋསྐྱབས་མགོན་ཏཱ་ལའི་བླ་མ་ཡིན། བོད་ཡུལ་གྱི་གྲོང་ཁྱེར་དང་རྒྱལ་ས་ཆེ་ཤོས་ནི་ལྷ་ས་ཡིན། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང༌། བོད་མི་དུ་མ་བསད་པ། རང་དབང་རྣམས་འཕྲོག་པ་སོགས་བྱ་བ་ངན་པའི་འོག་བོད་མི་རྣམས་མ་བཟོད་པར་རྒྱ་གར་དང་བལ་ཡུལ་དུ་བྲོས་བྱོལ་བསླེབས་ཏེ་གཞིས་ཆགས་ཤིང་ཡོད།
དེང་དུས་རྒྱ་གར་དུ་བོད་གཞུང་བཙུགས་ཡོད་པ་དང་བོད་མི་རྣམས་ལ་རང་དབང་རང་བཙན་བསྐྱར་དུ་ཐོབ་པའི་ཕྱིར་ཤེས་ཡོན་དང༌། རྩེད་རིགས་སོགས་ལམ་དུ་མ་ལ་རོགས་རམ་ཤིན་ཏུ་ལེགས་པ་ཐོབ་སྟེ་གསེར་གྱི་གོ་སྐབས་བཟང་པོ་རག་ཡོད་པ་དེ་ནི་ྋགོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། དེང་དུས་ང་ཚོ་བོད་པའི་གཞོན་རྒན་ཕལ་ཆེ་བ་རྣམས་རང་གི་ཐག་རིང་ཕ་ཡུལ་མཇལ་མི་མྱོང་བ་ཤིན་ཏུ་བློ་ཕམ་ཆེན་པོ་ཡོད། དེ་ཡང་བོད་མི་ཐམས་ཅད་ད་ལྟ་ཡང་སེམས་ཤུགས་མ་ཆག་པར་མྱུར་དུ་རང་བཙན་ཐོབ་པར་བྱ་རྒྱུའི་ཀུན་སློང་འཁྱེར་ཏེ་བརྩོན་བཞིན་ཡོད། དེང་དུས་ཀྱང་བོད་དུ་རྒྱ་ནག་མིས་འགྲོ་བ་མིའི་ཐོབ་ཐང་མི་སྤྲོད་པ་དང༌། ཤེས་ཡོན་གྱི་གོ་སྐབས་མ་སྤྲད་པ། དེར་མ་ཟད་ཆོས་ཀྱི་རང་དབང་ཡང་སྤྲོད་ཀྱི་མེད། རྟག་ཏུ་གདུག་རྩུབ་དང༌། གནོད་སེམས་བྱེད་བཞིན་ཡོད་པ། འོན་ཀྱང་འཛམ་གླིང་རྒྱལ་སྤྱི་ཚོགས་ཆེན་གྱིས་གཟིགས་སྐྱོང་མི་མཛད་པར་བོད་ཀྱི་གནས་སྟངས་སྔར་ཇི་བཞིན་ཡོད་པ་བློ་ཕམ་ཆེན་པོ་ཡོད།
མི་ཡུལ་ག་ཚོད་སྐྱིད་ཀྱང༌། རང་ཡུལ་ནམ་ཡང་མ་བརྗེད། ཅེས་བོད་ཀྱི་གཏམ་དཔེ་ཡོད་པ་བཞིན། དེང་དུས་རྒྱ་བལ་འབྲུག་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་རྣམས་མི་ཡུལ་དུ་ཧ་ཅང་སྣང་བ་སྐྱིད་པོ་བྱེད་བཞིན་གནས་པ་དང་རྒྱུན་དུ་ལེ་ལོ་བྱེད་བཞིན་གནས་པ་རྣམས་ཕྱིའི་དངོས་པོ་ཡར་རྒྱས་འགྲོ་བ་དེ་ལ་མ་འཐོམ་པར། རང་གི་རིག་གཞུང་དང་སྐད་ཡིག ཟས་གོས། ཡ་རབས་བཟང་སྤྱོད་སོགས་ཁྱད་ཆོས་རྣམས་བརླག་ཏུ་མི་འཇུག་པར་གཅེས་བཞིན་འཛིན་དགོས་པ་དང༌། སོ་སོའི་རང་ཡུལ་དང་མི་རིགས་ནམ་ཡང་བརྗེད་རྒྱུ་མེད་པ་གསལ་ལོ། །
ང་ཚོ་སོ་སོའི་ཕ་ཡུལ་ཇི་ཙམ་ཐག་རིང་ཡང་དེ་ལ་ཞེན་ཁོག་དང༌། བརྩེ་སེམས་ཀྱིས་ཉམས་སུ་མི་འཇུག་པར་རྒྱུན་དུ་གཅེས་འཛིན་བྱེད་དགོས་པ་གལ་ཆེ། སྤྱི་བཏང་སྐྱེ་བོ་ཚང་མ་འཁོར་བ་འདིར་སྐྱེས་ཚར་པའི་རྗེས། སོ་སོའི་ངོས་ནས་འབད་བརྩོན་ལྷོད་མེད་བྱས་ཏེ་རང་གི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཡར་རྒྱས་དང་ཕན་ཡོན་ཆེད་བྱ་བ་གཉེར་རྒྱུ་ནི་ཚང་མའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད་པ་ཚང་མས་མཁྱེན་གསལ་ཡིན། མཐའ་དོན་ཕ་ཡུལ་ག་ཚོད་ཐག་རིང་ཡང་བརྗེད་རྒྱུ་མེད་པ་དང༌། ཡུལ་དེའི་ཕན་རླབས་ཆེད་རྒྱུན་དུ་བརྩོན་དགོས་པ་བཞིན་བོད་རང་དབང་རང་བཙན་མྱུར་དུ་ཐོབ་པ་དང་བདེ་སྐྱིད་ཀྱི་ཉི་འོད་ཤར་ཞིང༌། སྐྱེ་འགྲོ་ཡོངས་ཀྱི་སྡུག་བསྔལ་རྣམས་མེད་པ་འགྱུར་བ་དང༌། ྋགོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་བཞིན་ཐུགས་ཀྱི་བཞེད་དོན་ཐམས་ཅད་འགྲུབ་པ་དང་ཆབས་ཅིག་བོད་མི་མཐའ་དག་མྱུར་དུ་ཐག་རིང་ཕ་ཡུལ་ནང་མཉམ་འཛོམས་འབྱུང་བའི་སྨོན་འདུན་གྱིས་ལེགས་པར་བརྒྱན་ཏེ་ཕུལ།། །།

ཞན་ཆ།
མཛའ་རི་(རྫ་རི) མཆོད་རྟེན་ལྟ་བུ་(ལྟ་བུས)བསྐོར། པ་ཀི་སི་ཐག(ཐན) ཆུའི་(ཆུས)ཁེངས། ནག་(ནགས)ཚལ། བྱང་ཆུབ་སེམས་པ་(དཔའ) རྒྱལ་ཁབ་ཞིག(ཅིག) གཤི་(གཤིས)རྒྱུད། གྲོང་འཁྱེར་(ཁྱེར) རང་དབང་ཀྱང་(ཡང) རྣ་བ་(སྣང་བ)སྐྱིད་པོ། ང་ཚོའི་(ང་ཚོ)སོ་སོའི། གཞན་འགོག་(ཞེན་ཁོག) ཚང་མའི་(ཚང་མས)མཁྱེན་གསལ་རེད། གྲངས་ལས་མི་དད་(གྲངས་ལས་འདས)པ་ཡོད། རང་དབང་སྤྲད(སྤྲོད)ཀྱི་མེད།  ལྷོད་མེད་བྱེད(བྱས)ཏེ། བྱུང་(འབྱུང)བའི་སྨོན་འདུན།

 

ཐག་རིང་གི་ཕ་ཡུལ།

 

ཚེ་རིང་ཆོས་སྒྲོན། སྤོན་ཊ་གཏན་སློབ། (ཨང་གསུམ་པ)

 

༄༅། །སྤྱིར་བཏང་འཛམ་གླིང་འདིའི་སྟེང་དུ་གནས་པའི་མི་ཚང་མ་རང་རང་གི་ཕ་ཡུལ་ནང་དུ་འཚོ་བ་སྐྱེལ་བཞིན་བསྡད་ཡོད་པར་མ་ཟད། སྐྱིད་སྡུག་གང་འདྲ་ཡོད་ནའང་དེ་འདྲའི་ཐོག་མི་ཚེ་བསྐྱལ་བསྡད་ཡོད་པ་དེ་ནི་ང་ཚོ་ཚང་མས་ཤེས་གསལ་རེད། བྱས་ཙང་ཕ་ཡུལ་ཞེས་པའི་དོན་ནི་མི་སོ་སོའི་སྐྱེ་སའམ་ཡང་ན་སོ་སོའི་ཕ་མ་དང་སྤུན་མཆེད་ཚང་མའི་སྡོད་སའི་གནས་དེ་ལ་གོ་དགོས་སྙམ།
དེར་བརྟེན་འཇིག་རྟེན་འདིར་མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཕ་ཡུལ་ལ་བརྩེ་སེམས་དང་ཞེན་ཁོག་ཡོད་པ་དེ་ནི་བརྗོད་མི་དགོས་པ་ཡིན། ཡང་ཐབས་སྐྱོ་བའི་གནས་ཚུལ་ཞིག་ལ་ང་ཚོ་བོད་མི་ཚོའི་ཕ་ཡུལ་བོད་ཅེས་པ་དེ་ནི་རྒྱ་དམར་པཽས་གདུག་རྩུབ་དང་དྲག་པོའི་ཐོག་ནས་དབང་དུ་བསྡུས་པ་མ་ཟད། བོད་མི་རྣམས་མནར་གཅོད་དང་ཉེས་རྡུང་ལ་སོགས་པ་བཏང་བ་དང༌། དགོན་པ་བརྒྱ་ཕྲག་མང་པོ་གཏོར་བཤིག་སོགས་བཏང་ནས་གང་ལྟར་བོད་མི་ཁྲི་དང་འབུམ་སོགས་བསད་ཡོད་ལ། ད་དུང་བོད་ནང་དུ་ཡོད་པའི་གཏེར་དང་རྒྱུ་ནོར་ལོངས་སྤྱོད་རྣམས་འཕྲོག་བཅོམ་བྱས་པའི་ཐོག་ནས་སྡུག་པོ་ཚད་མེད་བཏང་བ་རེད་ལ་ད་དུང་ཡང་གཏོང་བཞིན་ཡོད།
རང་བྱུང་རྒྱུ་ནོར་སོགས་ནི་རྒྱ་ནག་ཏུ་ཉིན་རེ་ནས་ཉིན་རེ་འོར་འདྲེན་བྱེད་བཞིན་ཡོད་པ་ནི་ང་ཚོས་མཐོང་གསལ་རེད་ལ་དེ་ལྟ་བུའི་གནས་ཚུལ་ནི་ཧ་ཅང་གི་ཐབས་སྡུག་པོ་ཞིག་རེད། དཔེར་ན་ཤིང་ཏོག་ཕར་བལྟས་ན་བཟའ་ཉམས་དོད་པའི་ནང་འབུ་ཞིག་འཛུལ་བ་ཡིན་ན། འབུ་དེ་ཡི་ཤིང་ཏོག་གི་བཅུད་མེད་པར་བཟོས་ནས། ང་ཚོར་བཟའ་འདོད་མེད་པར་བཟོས་པ་དང༌། ད་དུང་ཉིན་རེ་ནས་ཉིན་རེ་ཤིང་ཏོག་དེ་ཡི་མདོག་སྡུག་ཏུ་འགྲོ་ཡི་རེད་མ་གཏོགས་མདོག་ཡག་ཏུ་འགྲོ་མི་སྲིད། དེ་ལྟ་བུའི་འབུ་དེ་ནི་རྒྱ་དམར་པོ་ཡིན་པ་དང་ཤིང་ཏོག་དེ་ནི་ང་ཚོའི་ཕ་ཡུལ་དང་མཚུངས་པ་ཡིན། བྱས་ཙང་ད་ཆ་ང་ཚོ་རྒྱ་གར་དུ་སླེབས་ནས་བཟུང་བོད་ནི་ང་ཚོའི་ཐག་རིང་གི་ཕ་ཡུལ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཕ་ཡུལ་ཇི་ལྟར་ཐག་རིང་ཡང་དེའི་སྐོར་དང༌། དེའི་ནང་གནས་ཚུལ་གང་འབྱུང་བཞིན་ཡོད་པ་རྣམས་ང་ཚོས་ཤེས་དགོས་པ་དེ་ནི་ཤིན་ཏུ་གལ་ཆེ།
དེ་སང་ང་ཚོའི་བོད་ཀྱི་ནང་དུ་ཕྱིའི་དངོས་པོའི་ཆ་ནས་བཤད་ན་ཧང་སང་བའི་ཡར་རྒྱས་ཤིག་ཕྱིན་ཡོད། དཔེར་ན་ལྷ་ས་གྲོང་ཁྱེར་ནང་མོ་ཊ་དང་རྐང་འཁོར། དེ་འདྲ་བའི་འཕྲུལ་ཆས་ཀྱི་རིགས་རྣམས་ཇེ་མང་དུ་ཕྱིན་ཡོད་ལ། ཁང་པ་ཐོག་བརྩེགས་མང་པོ་བརྒྱབ་ནས་གང་ལྟར་རྒྱ་མིས་ཕྱོགས་ཚང་མ་ནས་བལྟས་ན་ཡར་རྒྱས་ཞེ་དྲག་བཏང་ཡོད། དེ་འདྲ་ཡར་རྒྱས་གཏོང་དགོས་པའི་རྒྱུ་མཚན་ནི་ང་ཚོ་ཚང་མས་མཁྱེན་གསལ་རེད། གང་ཡིན་ཟེར་ན། འཛམ་གླིང་རྒྱལ་ཁབ་གཞན་རྣམས་ལ་ཁོང་ཚོས་བོད་འདི་རྒྱ་ནག་གི་ཁོངས་ཡིན་པ་སྟོན་པའི་ཆེད་དུ་ཡིན། ཁོང་ཚོས་བོད་ནང་ཡར་རྒྱས་གཏོང་དགོས་པ་ནི་ཁོང་ཚོའི་ཁེ་ཕན་ཆེད་ཡིན་ལ། ད་དུང་འཛམ་གླིང་རྒྱལ་ཁབ་རྣམས་ལ་ཁོང་ཚོས་བོད་མི་རྣམས་ལ་ཐོབ་ཐང་སྤྲད་པ་དང་བོད་མི་མང་དང་བོད་རྒྱལ་ཁབ་ཆེད་དུ་ཐབས་ཤེས་གང་དྲག་དྲག་བྱེད་ཀྱི་ཡོད་ཅེས་བཤད་ཀྱི་ཡོད།  ཡིན་ན་ཡང་དངོས་ཡོད་གནས་ཚུལ་ལ་ཁོང་ཚོས་སྲིད་བྱུས་གསར་པ་མང་པོ་བཏོན་ནས་དམིགས་ཡུལ་དེ་ང་ཚོའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྣམས་རྩ་མེད་དུ་གཏོང་བའི་འཆར་གཞི་ཡིན།
དེར་བརྟེན་བོད་ནང་དུ་གནས་བཞིན་ཡོད་པའི་བོད་མི་རྣམས་ལ་རང་དབང་མེད་པ་དང་བོད་ཕྲུག་རྣམས་སློབ་གྲྭར་བཏང་ནའང་བོད་ཡིག་སློབ་ཀྱི་མེད་ལ་རྒྱ་ཡིག་དང་གཞན་སློབ་ཚན་ཁོ་ན་བསླབས་ཀྱི་ཡོད། དགེ་རྒན་དེ་ནི་བོད་རིགས་ཤིག་ཡིན་ཡང་རྒྱ་མིའི་གཞུང་འོག་ཏུ་ཞབས་ཞུ་གནང་གི་ཡོད་པར་བརྟེན། སོ་སོའི་བོད་རྒྱལ་ཁབ་ལ་ཞེན་ཁོག་མེད་པ་དང་རྒྱ་མི་ལ་དགའ་བ་དེ་འདྲ་ཡང་ཡོད་པ་རེད། བྱས་ཙང་དེ་ལྟ་བུའི་དགེ་རྒན་གྱིས་ང་ཚོའི་བོད་ཀྱི་མ་འོངས་པའི་སྲོག་རྩ་བོད་ཕྲུག་རྣམས་ལ་ལམ་ལོག་པར་བསྟན་ནས། བོད་ཕྲུག་མང་པོ་ཞིག་འཕྲོ་བརླག་གཏོང་བཞིན་ཡོད་པའི་རྐྱེན་གྱིས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་རྣམས་རྒྱ་གར་ཏུ་གཏོང་གི་ཡོད། དཔེར་ན། རྐུན་མའི་རྗེས་སུ་འབྲངས་ནས་རྐུ་ཤེས། ཆོས་པའི་རྗེས་སུ་འགྲོ་ན་ཤེས་ཆོས་ཞེས་པ། ལྟ་བུར་མཚུངས་པ་ཡིན། གལ་སྲིད་སློབ་ཕྲུག་རྣམས་བོད་རང་གི་ནང་དུ་ཡོད་པའི་རྒྱ་མིའི་ཞབས་ཞུ་བྱེད་མཁན་དགེ་རྒན་དེ་ལྟ་བུའི་རྗེས་སུ་འབྲང་བ་ཡིན་ན་རང་ཉིད་ཀྱང་དེ་འདྲ་ཞིག་ཆགས་རྒྱུ་ཡིན་པ་ནི་ཐག་ཆོད། གལ་སྲིད་བོད་ཕྲུག་དེ་རྣམས་རྒྱ་གར་དུ་ཚུར་ཡོང་ནས་སྐྱབས་བཅོལ་གཞུང་འདི་ཡི་འོག་དབུ་འཛུགས་གནང་བའི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པ་ནི་མ་འོངས་པར་བོད་རྒྱལ་ཁབ་ལ་ཕན་ཐོགས་པའི་མི་ཞིག་ཆགས་པའི་རེ་བ་ཡོད་ལ། དེ་མིན་མི་ཐབས་རྡུག་པོ་དེ་འདྲའང་ཆགས་ཀྱི་མ་རེད།
ཡིན་ཡང་ད་ལྟ་རྒྱ་གར་ནང་དུ་གནས་པའི་སྐྱབས་བཅོལ་བ་བོད་མི་རྣམས་རང་ཉིད་སྡུག་བསྔལ་མྱངས་མ་མྱོང་བའི་རྐྱེན་གྱིས་སོ་སོའི་རིག་གཞུང་དང་སྐད་ཡིག ཀུན་སྤྱོད་དང་གོམས་གཤིས་གང་ཅིའི་ཐད་ལ་ཉམས་ཆག་མར་ངོའི་ཟླ་བ་ལྟར་གྱུར་ཡོད། ཡིན་ཡང་བོད་ནང་གི་བོད་མི་རྣམས་ཀྱིས་ཀུན་སྤྱོད་དང༌། གོམས་གཤིས་བཟང་པོ། ཆོས་དང་སྐད་ཡིག་རྣམས་ད་དུང་གཅེས་འཛིན་ལེགས་པོ་གནང་ཡོད། རྒྱ་མིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྣམས་རྩ་མེད་གཏོང་བའི་ཐབས་ཤེས་གང་མང་བྱས་ཀྱང་བོད་མི་རྣམས་ཀྱི་སེམས་ཤུགས་དང་ཆོས་ལ་དད་པ་ཆེན་པོ་ཡོད་པའི་རྐྱེན་གྱིས་ད་དུང་ཡང་ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་ལེགས་པོ་གཅེས་འཛིན་བྱས་བསྡད་ཡོད། བོད་ནང་དུ་ཡོད་པའི་བོད་མི་རྣམས་རང་ཉིད་ཀྱི་ཕ་ཡུལ་ཡིན་ནའང་རྒྱ་མིས་ད་ཆ་འཕྲོག་བཅོམ་དང་གདུབ་རྩུབ་ཀྱི་ངང་ནས་བོད་མི་རྣམས་ལ་མནར་གཅོད་གཏོང་བཞིན་ཡོད། བྱས་ཙང་རྒྱ་གར་ནང་དུ་གནས་པའི་བོད་མི་རྣམས་རྒྱུན་དུ་རང་དོན་ཁོ་ན་ཙམ་མ་ཡིན་པར་གཞན་དོན་སྒྲུབ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་དང་མཉམ་དུ་སོ་སོས་བོད་རྒྱལ་ཁབ་ཀྱི་དོན་ཏུ་ཕྱག་ལས་གང་མང་གནང་དགོས། རང་བཙན་གྱི་དོན་ཏུ་རྩོད་ལེན་བྱ་དགོས་པ་གལ་ཆེ། ྋགོང་ས་མཆོག་ཁོང་གཅིག་པུས་ང་ཚོའི་བོད་རྒྱལ་ཁབ་ཀྱི་རང་བཙན་ལེན་མི་ཐུབ་ལ་རང་བཙན་ལེན་པར་ང་ཚོ་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་བསྒྲིལ་གྱི་ངང་ནས་ལེན་པར་བྱེད་དགོས། དེ་མིན་མི་གཅིག་གི་རང་བཙན་ལེན་ཐུབ་པ་ནི་དཀའོ།། དཔེར་ན། ཤིང་སྡོང་སྟེང་གི་ལོ་མ་གཅིག་གིས་ཤིང་སྡོང་མདོག་ལྗང་ཁུར་མཐོང་མི་ཐུབ། གལ་སྲིད་དེའི་སྟེང་ལོ་མ་མང་པོ་སྐྱེས་ཡོད་ན་གཞི་ནས་ཤིང་སྡོང་སྟེང་གི་ལོ་མ་རྣམས་ལྗང་ཁུ་མངོན་གསལ་དུ་མཐོང་བ་ལྟ་བུར་མཚུངས་པ་ཡིན།
བོད་ནང་དུ་ཡོད་པའི་བོད་རྣམས་ཀྱི་གནས་སྟངས་སྐོར་ང་རང་གི་ཉམས་མྱོང་ཐོག་ནས་བཤད་པ་ཡིན། ང་རང་སྔོན་མ་རང་ལོ་བརྒྱད་ལ་སླེབས་པའི་སྐབས་བོད་ལ་འགྲོ་དུས་བོད་ཀྱི་རྒྱལ་ས་ལྷ་སར་ཟླ་བ་བདུན་ཙམ་བསྡད་པ་ཡིན། དེའི་སྐབས་ལྷ་སའི་ནང་ཕྱྀ་དངོས་པོའི་ཡར་རྒྱས་ཆེན་པོ་ཞེ་དྲག་ཕྱིན་འདུག ཡིན་ན་ཡང་ངའི་བསམ་ཚུལ་ལ་ཡར་རྒྱས་བཏང་བའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་རྒྱལ་ཁབ་འདི་ཡོངས་རྫོགས་རྒྱ་མིའི་འོག་ཏུ་བསྡུ་ཐབས་རེད་འདུག གང་ཡིན་བརྗོད་ན། ཚོང་ཁང་མང་པོ་བཙུགས་འདུག་པ་དེ་རྣམས་ཀྱི་བདག་པོ་ནི་ཚང་མ་རྒྱ་རིགས་ཁོ་ན་མ་གཏོགས་བོད་རིགས་གཅིག་ཀྱང་རེད་མི་འདུག ཡིན་ཡང་བོད་པའི་ཚོང་ཁང་རྣམས་གཙུག་ལག་ཁང་གི་མཐའ་ཁོར་ལ་བཙུགས་འདུག དེར་བརྟེན་བོད་རིགས་དང་རྒྱ་རིགས་ཀྱི་གྲངས་འབོར་བསྡུར་བ་ཡིན་ན་ཧ་ལམ་གཅིག་མཚུངས་འདྲ་བ་ཞིག་ངས་མཐོང་བྱུང༌། ད་དུང་རྒྱ་མིའི་སྐོར་སྲུང་བ་རྣམས་མཚན་མོ་ཡོང་ནས་གློག་རིན་ཆེན་པོ་ཞེ་དྲག་བསྡུ་གིན་འདུག གང་ལྟར་ཕྱོགས་གང་ནས་བལྟས་ཀྱང་རྒྱ་རིགས་མང་བ་འདྲ་བ་ཞིག་ངས་མཐོང་བྱུང་ལ་ང་རང་སེམས་པ་སྐྱོ་བྱུང༌། ཉིན་ལྟར་གཙུག་ལག་ཁང་གི་འགྲམ་དུ་བོད་རིགས་དབར་འཁྲུག་རྩོད་རྒྱབ་ནས་གྲི་ལ་སོགས་པ་འཁྱེར་ནས་འཛིངས་པ་དེ་ངས་མིག་མདུན་དུ་མཐོང་བྱུང༌། དེ་དུས་ང་རང་ཞེད་སྣང་ཚད་མེད་སྐྱེས་པ་མ་ཟད་བོད་རིགས་འཛིངས་མཁན་གཉིས་པོ་དེ་ལ་ཡང་སྙིང་རྗེ་སྐྱེས་བྱུང༌། གང་ཡིན་ཟེར་ན། གལ་སྲིད་ང་ཚོ་བོད་རིགས་ནང་ཚགས་ཀྱི་དབར་འཁྲུག་འཛིངས་ལ་སོགས་པ་བྱས་པ་ཡིན་ན། རྒྱ་མིར་འཛིངས་རྒྱུ་ཕར་བཞག་རང་བཙན་ཡང་དུས་ནམ་ཡང་ལེན་མི་ཐུབ་བོ།།
མཐའ་མར་ད་ལྟ་ཐག་རིང་ཕ་ཡུལ་ནང་དུ་རྒྱ་ནག་གིས་མི་གསོད་འཕྲོག་བཅོམ་དང་གཏོར་བཤིག་བཏང་བ་དེ་རྣམས་ཀྱི་ལན་དེ། ང་ཚོ་བོད་མི་རྣམས་ཀྱིས་སློབ་སྦྱོང་གི་ཐོག་ནས་སྤྲོད་དགོས་པ་དེ་ཆགས་ཡོད་ལ་ང་ཚོའི་བོད་པའི་སློབ་ཕྲུག་རྣམས་ཀྱིས་རྒྱུན་དུ་ཀུན་སྤྱོད་དང་གོམས་གཤིས་བཟང་པོ་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེ། གང་ཡིན་ཟེར་ན། རང་བཙན་ལེན་པར་ཐོག་མ་རང་ཉིད་ཀྱི་རྒྱལ་ཁབ་དེ་ཡི་རིག་གཞུང་དང་སྐད་ཡིག་རྣམས་གཅེས་འཛིན་ལེགས་པོ་མ་བྱས་ན་རྗེས་སུ་བོད་མི་རིགས་ཞེས་པ་དེ་བརླག་པའི་ཉེན་ཁ་ཡང་ཡོད། བྱས་ཙང་རིག་གཞུང་དང་སྐད་ཡིག་ནི་དམག་མི་རྣམས་ཀྱི་ལག་ཆ་དང་མཚུངས་པ་ཡིན། གལ་སྲིད་དམག་མི་ལག་ཆ་མེད་པར་དམག་རྒྱག་ཏུ་ཕྱིན་ན་རང་ཉིད་ཤི་རྒྱུ་རེད་མ་གཏོགས་ཐོབ་པའི་བསམ་པ་མེད་དོ།།
ང་ཚོའི་ཕ་ཡུལ་བོད་འདི་ཐག་རིང་གི་ཕ་ཡུལ་ཞིག་ཏུ་འཛིན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་བདག་པོ་ནི་བོད་མི་ཡིན་པ་དང་བོད་མི་རྣམས་རྒྱ་གར་དུ་གནས་སྐབས་རིང་སྐྱབས་བཅོལ་ནས་བསྡད་ཡོད་པ་ཡིན་ཡང་མ་འོངས་པ་ང་ཚོ་བོད་དུ་ཕར་འགྲོ་དགོས་སོ།།

ངོ་མཚར་ཅན་གྱི་ཕ་ཡུལ་གངས་རིའི་ཁྲོད། །བར་ཆད་དུ་མས་གཏོར་བཤིག་ཅི་བྱས་ཀྱང༌། །
ཉི་འོད་འཕྲོས་ནས་མུན་པ་བཅོམ་པ་བཞིན། །མྱུར་དུ་རང་བཙན་ཐོབ་པའི་སྨོན་འདུན་བཅས། །

གུས་མོས་སྨོན་ཚིག་གི་བརྒྱན་ཏེ་ཐག་རིང་གི་ཕ་ཡུལ་སྐོར་རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟར་མདོར་བསྡུས་ཤིག་བཀོད་དེ། མཐར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བར་བརྟན་པའི་བཀྲ་ཤིས་སྨོན་ལམ་དང༌། བོད་རང་བཙན་མགྱོགས་མྱུར་ཐོབ་པའི་སྨོན་ལམ་དང་བཅས་བོད་རྒྱལ་ལོ།། །།

ཞན་ཆ།
མི་སོ་སོའི་བསྐྱེས་(སྐྱེ)སའམ། གཞན་(ཞེན)ཁོག  གང་བལྟར་(ལྟར)བཟའ་མངམ་(ཟ་རྔམས། བཟའ་ཉམས།) ཕྱི་དངོས་པོ་(པོའི)ཆ་ནས་བཤད་ན།  ང་ཚོའི་ཚང་མའི་(ང་ཚོ་ཚང་མས) མཁས་(ཁེ)ཕན།  རྒྱ་མི་(མིའི)གཞུང་འོག་ཏུ། རྐུ་མས་(རྐུན་མའི)རྗེས་སུ།  ད་བལྟ་(ལྟ)  མར་མངོན་ཟླ་བ་ལྟར་(མར་ངོའི་ཟླ་བ་ལྟར)  ཁོ་ནར་(ན)ཙམ། རྒྱལ་ཁབ་ཀྱི་ཐོག་(དོན)ཏུ། གནས་གཏང་(སྟངས) མ་རེད་འདུག་(རེད་མི་འདུག)  ཞེ་(ཞེད)སྣང་ཚད་མེད་བསྐྱེས་(སྐྱེས) རྒྱ་མི་(མིར)ཕར་འཛིན་(འཛིངས)རྒྱུ་བཞག་ནས། བོད་མི་(མིའི་ཆོས)ཆབ་སྲིད་གཉིས་ཀྱི། བསྡོད(སྡོད) གདུབ་(གདུག)རྩུབ། བུམ་(འབུམ)སོགས། ང་ཚོའི་(ཚོས)མཐོང་གསལ། དེ་(དེང་། དིང།)སང༌། ཆོས་ཤེས་ཤེས(ཞེས)མར་མངོན་(ངོའི)ཟླ། མི་བསོད(གསོད)