སྐྱིད་པའི་ལོ་གསར།(ཨང་དང་པོ།)
བསོད་ནམས་ཡར་འཕེལ། མན་སྤར་གཞིས་སློབ།
༄༅། །ལོ་གསར་ནི་སྤྱིར་བཏང་མི་རིགས་ཐམས་ཅད་ཀྱི་དགའ་བའི་དུས་སྟོན་གལ་ཆེན་ཞིག་ཡིན། དུས་ཚོད་སྔ་ཕྱི་བརྩི་ཚུལ་མི་འདྲ་བའི་ཁྱད་པར་ཕྲན་བུ་རེ་ཡོད་ནའང༌། རྩ་བའི་ལོ་གཅིག་གི་དུས་ཚོད་རིང་ཐུང་ལ་ཁྱད་པར་མེད། རང་ཅག་བོད་ཀྱི་ལོ་གསར་ནི་ཞིང་པ་ཚོས་སོ་ནམ་དང་སྟབས་བསྟུན་གྱིས་བོད་ཟླ་བཅུ་གཉིས་པའི་ནང་སྔོན་དུ་གཏོང་སྲོལ་ཙམ་ལས་ཡོང་གྲགས་ནི། ཉི་ཟླ་གཟའ་སྐར་རྒྱུ་ཕྱོགས་དང་རྩི་ཤིང་གསར་དུ་ཁ་འབུས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་དཔྱིད་ཟླ་ ༨ པའམ་བོད་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་ངོས་འཛིན་བྱེད་སྲོལ་བྱུང་བ་ཡིན། དེར་བརྟེན་སྔོན་ཚུད་ནས་ལོ་གསར་གྱི་ཆེད་དུ་ཁང་པར་ཚོན་རྩི་གཏོང་བ་དང༌། ནང་མི་རྣམས་ལ་གྱོན་གོས་གསར་པ་དང༌། ཁ་ཟས་བཟོ་བ་སོགས་གོ་སྒྲིག་བྱེད་ཀྱི་ཡོད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་སྔ་དྲོར་གྲིབ་དང་མི་གཙང་བ་ཐམས་ཅད་བྱབས་པའི་མོས་པ་དང་བཅས་ཁྱིམ་གྱི་ཕྱི་ནང་སྟེང་འོག་བར་གསུམ་གད་ཕྱིས་གཙང་ཞིང་ཡིད་དུ་འོང་བ་བྱས། ས་གནས་ཁ་ཤས་སུ་དགུ་གཏོར་དང་དགུ་འཆམ་མཇལ་རྒྱུ་ཡོད། དགོང་དྲོར་དགུ་ཐུག་ཅེས་གྲོ་དང༌། འབྲས། འབྲུ་དང་སྲན་མ། ཤ་དང༌། ཚལ་སོགས་ཟས་སྣ་མང་པོ་འཛོམས་པ། བག་རིལ་ནང་རྡོ་དཀར་དང་སོལ་བ་སོགས་བཟང་ངན་གྱི་རྟགས་སྣ་ཚོགས་སྦས་པའི་བག་ཐུག་བསྐོལ་ནས་ནང་མི་རྣམས་ཐུག་གྲལ་དུ་འཁོར། བཞེས་ཐུག་བཞེས་སྐབས་བག་རིལ་ནང་བཅུག་པའི་རྡོ་དཀར་བྱུང་ན་སེམས་པ་དཀར་པོ་དང༌། སོལ་བ་བྱུང་ན་སེམས་ནག་པོ་མཚོན་པའི་རྟགས་ཡིན་ལུགས་སོགས་རྩེད་མོའི་སྐད་ཆ་དང༌། གད་མོ་ཁ་མཚར་བྱེད། མཇུག་ཏུ་ཐུག་ལྷག་དང་མཉམ་དུ་གད་སྙིགས། གླུད་བཅས་ལམ་གྱི་བཞི་མདོར་བརྫངས་ཤིང༌། ཤེར་སྙིང་ཟློག་སྒྱུར་གྱིས་བཀྲ་མི་ཤིས་པ་རྣམས་ཞི་བའི་ཐབས་བྱེད། བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ལ་གནམ་གང་ཡིན། དེ་ཉིན་མཆོད་ཁང་གི་རྟེན་གྱི་དྲུང་དུ་ཀུན་བཟང་མཆོད་སྤྲིན་དང༌། ཁ་ཟས། ཕྱེ་མར། ཆང་ཕུད། ཇ་ཕུད། ལུག་མགོ། གཞན་ཡང་སྡེར་རྫས་ཇ། མར། འབྲུ་སྣ། ཤིང་ཏོག་མངར་ཆ་སོགས་ཀྱི་ཕུད་རྣམས་སྡེར་ཁ་སྒྲིག དེ་བཞིན་དུ་སྡོད་ཤག་ཏུ་གདན་ལྕོག་དང༌། ཐབ་ཚང་ནང་དུའང་སྡེར་ཁ་སྟབས་བདེ་རེ་བསྒྲིགས། ཐབ་ཚང་གི་རྩིག་ངོས་སུ་ཕྱེ་ཞིབ་ཀྱིས་བཀྲ་ཤིས་རྟགས་བརྒྱད་དང༌། འདོད་ཡོད་སྣ་ལྔ་སོགས་གྱི་རི་མོ་དཀར་ཐིག་བཀོད། བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཞོགས་པ་མི་རྣམས་ཀུན་ལས་སྔ་བ་ལངས་ཏེ་ཞོགས་པའི་བྱ་བ་ཚར་ནས་རྒྱན་གོས་གཟབ་མཆོར་གྱོན། རྟེན་འབྲེལ་གྱི་ཆེད་དུ་ཆུ་ཕུད་བླངས། རྟེན་འབྲེལ་གྱི་འབེལ་གཏམ་སྨྲ་བའི་འབྲས་དཀར་བ་བཟའ་བཏུང་གིས་ཚིམ་པར་བྱེད། ཕ་མས་གཙོས་པའི་ནང་མི་ཡོངས་རྫོགས་བཞུགས་གྲལ་དུ་འཁོད་ཏེ་གྲོ་སོ་ཕྱེ་མར་དང༌། ཆང་ཕུད་སོགས་ཕུད་གཏོར་དང་བཅས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཀོན་མཆོག་ལ་སྨོན་འདེབས་བྱེད། གསོལ་ཇ་སྲུབས་མ་དང་གྲོ་མ་འབྲས་སིལ། ཆང་སྐོལ། གྲོ་ཐུག་གསོལ་ཚིགས་སོགས་རོ་བརྒྱའི་བཅུད་དང་ལྡན་པའི་བཟའ་བཏུང་གི་རིགས་སྣ་ཚོགས་ལ་ལོངས་སུ་སྤྱོད། གྲོང་པ་ཁྱིམ་མཚེས་དང༌། མགྲོན་པོ་སོགས་ལའང་ཕྱེ་མར་དང༌། ཆང་ཕུད་བཏེགས་ཏེ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་སྐུ་ཁམས་བཟང༌། གཏན་དུ་བདེ་བ་ཐོབ་པར་ཤོག དུས་སང་དུས་ཀྱི་ཚོད་ལ་ཞལ་ཁྲ་རུབ་རུབ་ཡོང་བར་ཤོག་ཅེས་བརྗོད་དེ་བཀྲ་ཤིས་རྟེན་འབྲེལ་དང༌། ཇ་ཆང་འདྲེན། རྩེད་མོའི་རིགས་སྣ་ཚོགས་དང༌། རྐང་བྲོ་གླུ་གཞས་སྒྲ་སྙན། པི་ཝང༌། གླིང་བུ་སོགས་བཏང་སྟེ་དགའ་སྐྱིད་བྱ་བ་ལ་འཇུག་ཅིང༌། གཞན་ཡང་མཐུན་པའི་གཉེན་དང༌། དགའ་བའི་གྲོགས་རྣམས་ལ་གསོལ་སྟོན་འབུལ་བ་དང༌། སྐུ་སྐལ་འབུལ་བ་སོགས་མདོར་ན་ཚེས་གཅིག་ནས་གསུམ་མམ་བདུན་གྱི་བར་དུ་སྤྲོ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་པའི་ལོ་གསར་གཏོང་ཚུལ་སྤྱི་བཤད་ཙམ་དང༌། བྱེ་བྲག་དཔལ་འབྱོར་བཟང་ཞན་དང༌། ལུང་ཚན་སོ་སོའི་ལུགས་སྲོལ་ལ་གོམས་གཤིས་འདྲ་མིན་དབང་གིས་ཁྱད་པར་ཕྲན་བུ་རེ་ཡོད།
བོད་ཚེས་གསུམ་ཉིན་སྔ་དྲོར་ཚེ་བསོད་དབང་ཀླུང་ཀུན་ཏུ་དར་བའི་དར་ལྕོག་སྒྲེང་འཛུགས་ཀྱིས་ལྷ་སྲུང་གཞི་བདག་བཀའ་གཉན་རྣམས་ལ་གཏང་རག་མཆོད་གཏོར་སྐང་འཕྲིན་གསེར་སྐྱེམས་དང༌། མཇུག་ཏུ་བསངས་གསོལ་དང་འབྲེལ་བའི་ཀི་སྭ་ལྷ་རྒྱལ་འུར་ཁེངས་པ་བྱེད་སྲོལ་ཡོད། བཀྲ་ཤིས་བདེ་ལེགས།
ཞན་ཆ།
གཏན་དུ་བདེ་བ་ཐོབ་པ་ཤོར། གཏན་དུ་བདེ་བ་ཐོབ་པར་ཤོག། ཁྲ་རུག་རུགས། ཁྲ་རུབ་རུབ། རྡོ་དགར་དང༌། རྡོ་དཀར་དང༌། སྤྱོ་སྐྱིད་ཀྱི་འཚོ་བར། སྤྲོ་སྐྱིད་ཀྱི་འཚོ་བར། གཏང་རག་མཆོག་གཏེར། གཏང་རག་མཆོད་གཏེར། གསེར་སྐྱེམ། གསེར་སྐྱེམས། བས་སང་གསོལ། བསངས་གསོལ། འབྲས་བསིལ། འབྲས་སིལ། པི་ལྦང༌། པི་ཝང༌། འཇུག་ཏུ། མཇུག་ཏུ།
སྐྱིད་པའི་ལོ་གསར། (ཨང་གཉིས་པ)
ཟླ་བ་རྒོད་སྐྱེས། གོ་པལ་པུར།
༄༅། །ལོ་གསར་ནི་སྟོང་ཚོ་གསར་པ་བཞད་པའི་དགའ་སྟོན་གྱི་དུས་བཟང་ཞིག་དང༌། མི་རྣམས་ཀྱི་སྡུག་བསྔལ་དང་སེམས་ནད་ཀྱི་རྩ་ཡན་བཀོག་པར་བྱེད་པའི་སྤྲོ་སྐྱིད་དང་སེམས་བདེ་བར་འཇུག་པའི་དུས་ཚིགས་ཀྱི་དུང་བརྡ་ཞིག་ཡིན། ལོ་གསར་ཤར་ལ་ཉེ་བའི་ཉིན་གྲངས་འགའ་ཡི་སྔ་ནུབ་དེར། ལོ་བགྲེས་སྐྲ་དཀར་རྒན་པོ་ནས་བརྩིས་པའི་ལོ་ཆུང་སོ་དཀར་བྱིས་པ་རྣམས་ཀྱི་དམར་ཆུང་གི་སྙིང་ཁམས་ནས་སྤྲོ་བའི་སྣང་བ་སྐྱེད། སྐྱིད་པའི་མཆོག་སྟེར། དགའ་བའི་ཉམས་རྒྱས་བཞིན་དུས་ཚོད་ནི་ཆུ་རྒྱུན་བཞིན་བཀག་འགོག་མེད་པར་བཞུར་ནའང༌། ལོ་གསར་ལ་རེ་སྒུག་བྱེད་པའི་མི་རྣམས་ཀྱི་སྣང་ཚོར་ལ་དུས་ཚོད་ནི་ཆེས་འགོར་འགྱངས་ཅན་ཞིག་ཏུ་གྲུབ། དེ་ལས་དཔོག་པ་ནི་མི་རྣམས་ཀྱི་ལོ་གསར་ལ་བཅངས་པའི་བརྩེ་སེམས་ནི་མཐའ་ཡས་རྒྱ་མཚོ་ལས་གཏིང་ཟབ་ཅིང༌། མཁའ་དབྱིངས་ནམ་མཁའ་ལས་མཐའ་ཡས་པ་ཞིག་ཏུ་མངོན། ཨོ། སང་ཉིན་ནི་ལོ་གསར་ཚེས་གཅིག་རེད། ད་ནངས་སྔ་མོར་ནམ་རབ་རིབ་ཀྱིས་གཟིར་བའི་དུས་ཐབ་ལས་ལ་བྱང་བའི་ནང་གི་ཨ་མ་དང་འགན་འཁྲི་འཁུར་པའི་ནང་གི་ཨ་ཅག་ཆེ་འབྲིང་རྣམས་མ་གྲོས་གཅིག་མཐུན་དང༌། དྲོད་ལྡན་གྱི་མལ་སར་རྨི་ལམ་གྱི་ཞིང་ཁམས་ལ་གཟིགས་མོར་ཕེབས་པའི་ནང་མི་ཕ་རྒན་བུ་ཕྲུག་རྣམས། རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་གདན་འདྲེན་ཞུས་ཏེ། ཆེས་སྔ་བའི་ལོ་གསར་གྱི་ལེགས་སྐྱེས་ཞིམ་ལ་མངར་ཞིང་བསིལ་བའི་ཆང་སྐོལ་འབོད་པའི་ཟ་རིགས་ཤིག་འདེགས་ཕུལ་ཞུ་ཞིང༌། འཐུང་བར་འཇུག་པའི་ནང་མི་རྣམས་ཧུར་ཧུར་ཞེས་བཞིན་རས་ལས་ཞིམ་མངར་གྱི་བྲོ་བས་འཛུམས་མདངས་ཀྱི་ཁེངས་ཞིང༌། ཆང་སྐོལ་འཐུང་བར་ལོངས་སྤྱོད་བཞིན་མཆིས། རིམ་བཞིན་ཚ་ཟེར་གྱི་ཉིན་བྱེད་དབང་པོ་ཡང་ཉམས་ངང་ཤར་རིའི་ལྷུན་པོའི་ཕྲག་པ་ནས་འཆར་ཡོང་བཞིན་རྐང་འཐུང་ལྗོན་ཤིང་དག་ཀྱང་གཡོ་ལེ་མེད་པར་ས་གཞི་ཆེན་པོའི་མཛེས་རྒྱན་དུ་རམ་འདེགས་བྱེད་བཞིན་པའི་དུས་སྐབས་འདིར་སླེབས་སྐབས། དབུལ་ཕྱུག་མི་རྣམས་པའི་དུད་ཁྱིམ་སོ་སོའི་ནང་མི་བུ་ཕྲུག་རྣམས་ཀྱང་རང་རང་ལུས་ལ་ཡུན་རིང་ལོ་གསར་ཆེད་ཉར་ཚགས་བྱས་པའི་གསར་དུ་ཉོ་ཚེམ་བྱས་པའི་གྱོན་པ་རྣམས་དགའ་མགུ་ཡི་རང་ཆེན་པོའི་ངང་གྱོན་ཞིང་འདུག། དེ་ལས་ལྷག་པ་ནི་མཛེས་ལྡན་ཁང་བཟང་གྲུ་བཞིའི་ནང་བསྒྲིགས་པའི་ཞིམ་མངར་འོ་མའི་ཇ་ཁུ་དང༌། བཟའ་བ་ཤ་ཡི་ལྷུ་རྐང༌། བཏུང་བ་ཆང་གི་སྐྱེམས་བཟང༌། བཅུད་ལྡན་ཟས་ཀྱི་སྣ་ཁ་སོགས་གཟུགས་འཛིན་ཡུལ་དུ་འཁོར་དུས། ཟ་འདོད་ཀྱི་འགྲམ་ཆུ་ལྡང༌། འཐུང་འདོད་ཀྱི་མིག་སྤུ་ཡང་གཟེངས་བཞིན་རིམ་པ་རིམ་པས་དེ་དག་ལོངས་སུ་སྤྱོད་ཐུབ་པའི་ཁ་བསོད་ནི་རང་ཅག་བོད་རིགས་ལ་མ་གཏོགས་སུ་ཞིག་ལ་ཡོད་དམ་སྙམ་པའི་དགའ་བ་དང་སྤོབས་པ་ཅིག་ཅར་དུ་རྒྱས་བཞིན་འདུག་གོ ང་འདྲ་བའི་ན་མཉམ་གསར་སྐྱེས་ཚོར་མཚོན་ན། ལོ་གསར་གྱི་དུས་ཚིགས་སྐབས་ང་ཚོའི་ཆེས་སྐྱིད་པའི་བྱ་བ་ནི་བློ་མཐུན་གྱི་གྲོགས་པོ་མཉམ་བསྡུས་ཀྱིས་རང་ཉིད་ཀྱི་ཚང་ནས་བཟའ་བ་དང་འཐུང་བ་སོགས་འདོད་ཚིམ་གྱིས་འཁྱེར་ཏེ་ཉིན་གྲངས་ལྔ་དྲུག་ཙམ་ཁང་བཟང་ཞིག་ནང་མཉམ་བསྡོད་ཀྱིས། ཆེས་རང་དབང་ལྡན་ཞིང་ཆེས་སེམས་རྒྱ་ཡངས་པའི་གྲོགས་ཆང་ཞེས་པའི་སྤྲོ་སྐྱིད་ལ་འཇུག་པ་དེའོ། གཞན་ཡང་ལོ་གསར་གྱི་དུས་བཟང་སྐབས་གྲོང་པ་ཁྱིམ་མཚེས་རྣམས་ཀྱི་རང་སོ་སོའི་ཉེ་ས་རྩ་ལག་གམ། གྲོགས་པོ་བློ་མཐུན་ཁ་ཟླ་ངོ་ཤེས་ཕན་ཚུན་གཅིག་གདན་གཉིས་འདྲེན་གྱིས་ཞིམ་མངར་ཟ་འཐུང་གི་ལོངས་སྤྱོད་དང་བཀྲ་ཤིས་གླུ་དབྱངས་ཀྱི་དཔལ་ལ་རོལ་བཞིན་འདུག་པས་བཀྲ་ཤིས་པའི་གླུ་དབྱངས་དེའང༌། བཀྲིས་པའི་ནམ་མཁའ་དང༌། བཀྲིས་པའི་ས་གཞི། བཀྲིས་པའི་མི་རྣམས་ཀྱི་སེམས་ཁོང་ནང་ཁྱབ་ཅིང༌། ལུང་གསུམ་གྱི་མདོ་ནས་བྲག་ཅ་འཁྲོལ་བཞིན་གདུག་གོ།།
ཨ་ཁ། འོན་ཏེ། ༥༩ ལོའི་དུས་ངན་དེར་ཀུན་སྐྱུག་ལོག་པའི་ཕུང་འདྲེའི་སྡེ་ཚོགས་ཤིག་སྔ་གཞུག་ཏུ་མི་འདོད་དུས་མཐའི་རླུང་ལྡང་བ་ལྟར་བྱུང་སྟེ༑ ཐབས་ཟད་འུ་ཐུག་གི་སྐྱབས་བཅོལ་བའི་ལམ་སྣེ་ཞིག་བཟུང་སྟེ་རེ་སྒུག་གི་ལས་ལ་འཇུག་པའི་སྐྱིད་པའི་ལོ་གསར་ཀྱི་དུས་བཟང་དེ་འདྲ་བའི་ལོངས་སྤྱོད་ཐུབ་པ་ནི་ཉི་མོའི་སྐར་མ་དང་རི་བོང་གི་རྭ་བཞིན་དུ་གྲུབ། འོན་ཀྱང་བློ་མི་ཕམ་ཡིད་མི་འཁུམས་པར་རང་དབང་གི་རྩ་ལག་ཡོངས་སུ་རྒྱས་པའི་མི་ཡུལ་གྱི་རྒྱལ་ཁབ་འདིར་མཐའ་མེད་ཤེས་བྱར་རྩེ་གཅིག་ཏུ་འབད་འབུངས་བགྱིས་ཏེ༑ འབྱུང་འགྱུར་དྲང་བདེན་དང་རང་དབང་གི་རྒྱལ་ཁ་ཆེན་པོ་ཞིག་གཞིས་ལུས་བོད་མི་ཚོར་ལེགས་སྐྱེས་སུ་འཁྱེར་ཏེ་རྣམ་དཀར་བརྐྱངས་པ་ལྟ་བུའི་ཡངས་ཤིང་རྒྱ་ཆེ་ལ་ཕུ་ཐག་ཀྱང་རིང་བའི་ལམ་སྣེ་འབྱུང་ནས་རིམ་པ་རིམ་པས་རང་ཁྱིམ་དགའ་བའི་གནས་དེར་ཡུན་རིང་སེམས་སྣེ་ནས་དྲན་པའི་ཕ་མ་གཅེན་གཅུང་རྣམས་ཀྱི་མུར་སྐྱིད་པའི་ལོ་གསར་གཏོང་བར་ཆས་འགྲོའོ།།
ཞན་ཆ། བཀོག་པར་བྱེད་པས་སྤྲོ་སྐྱིད། བཀོག་པར་བྱེད་པའི་སྤྲོ་སྐྱིད། སྙིང་ཁམས་ནས་སྤྲོ་བས་སྣང་བ་སྐྱེད། སྙིང་ཁམས་ནས་སྤྲོ་བའི་སྣང་བ་སྐྱེད། སྐྱིད་པས་མཆོག་སྟེར། སྐྱིད་པའི་མཆོག་སྟེར། ཁད་ཡངས་ནམ་མཁའ་མཁའ་དབྱིངས་ནམ་མཁའ། བདུད་ཁྱིམ། དུད་ཁྱིམ། ལོ་གསར་ཆེད་ཉར་ཚགས་བྱས་པས། ལོ་གསར་ཆེད་ཉར་ཚགས་བྱས་པའི། དགའ་དགུ། དགའ་མགུ། མིད་སྤྲུ་གཟེངས། མིག་སྤུ་གཟེངས། རིམ་པ་རིམ་པར། རིམ་པ་རིམ་པས། འདོད་ཚེམས། འདོད་ཚིམ། ཁང་བཟང་ཅིག ཁང་བཟང་ཞིག། གྲོང་ཁྲིམས། གྲོང་ཁྱིམ། ཡང་ཤིང་རྒྱ་ཆེ་ལ། ཡངས་ཤིང་རྒྱ་ཆེ་ལ། རེ་སྒུགས། རེ་སྒུག། འགོར་རྒྱངས། འགོར་འགྱངས། འཐུང་ལ་འཇུག། འཐུང་བར་འཇུག། འཛུམ་མདངས་གྱིས། འཛུམ་མདངས་གྱིས། དགའ་མགུ་ཡིད་རང༌། དགའ་མགུ་ཡི་རང༌། སེམས་དོགས། སེམས་རྒྱ། སྐུག་ལོག་པའི། སྐྱུག་ལོག་པའི།རྩལ་ལག། རྩ་ལག།
སྐྱིད་པའི་ལོ་གསར།(ཨང་གསུམ་པ།)
ཚེ་དབང་ནོར་བུ། སྤོག་ར་བྱམས་པ་གླིང་གཞིས་སྒར་ལེགས་བཤད་ཚལ་སློབ་གྲྭ།
༄༅།། སྤྱིར་རབ་འབྱམས་ཀྱི་འདོད་ཁམས་འདིར་གནས་ཤིང་འཚོ་བའྀ་རྒྱལ་ཕྲན་ཡོངས་སུ་ལོ་བརྩི་སྲོལ་ལ་ཁྱད་པར་ཡོད། དེ་དང་འདྲ་བའི་ལོ་གསར་གཏོང་སྲོལ་ཡང་མི་འདྲ་བ་ཡོད། ལོ་གསར་གྱི་དབུ་འཛུགས་དེར་རྒྱ་ཆེའི་མི་དམངས་ཡོངས་ཀྱི་སྐྱིད་པའི་ལོ་གསར་ཞེས་ཉིན་མོ་དེ་ནི་མཐོ་རིས་ལྷ་ཡུལ་གྱི་གནས་སུ་འཕོས་པ་འདྲ་ལ། རང་ཅག་ཆོས་ལྡན་རྒྱལ་ཁབ་ཁ་བ་གངས་ཅན་གྱི་ངོ་མཚར་ཆེ་བའི་ཡུལ་གྲུ་དེའི་ནང་སྐྱིད་པའི་ལོ་གསར་གཏོང་སྲོལ་སྐོར་མདོ་ཙམ་འགྲེལ་བརྗོད་བྱེད་ན། རྒྱལ་ཁབ་གཞན་ཀུན་ལ་མེད་པའི་ཁྱད་པར་ཅན་ཞིག་ཡོད། སྙིང་རྗེས་འགྲོ་ལ་སྐྱོང་བའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་རྒྱལ་ཁམས་དེར་སོ་ནམ་ཞིང་པའི་ལོ་གསར་དང༌། རྒྱལ་པོའི་ལོ་གསར་ཞེས་གྲགས་ཆེ་བའི་ཆོས་རྒྱལ་མེས་པོ་དམ་པའི་སྐུ་དུས་ནས་གཏན་འཁེལ་བ་ཞིག་ཡིན། ཡོངས་གྲགས་བོད་ཀྱི་ལོ་གསར་ནི། གཟའ་སྐར་རྒྱུ་ཕྱོགས་དང་རྩི་ཤིང་ནགས་ཚལ་ཁ་འབུས་པ་སོགས་ཀྱི་རྒྱུ་མཚན་གྱིས་བོད་ཟླ་ ༡ ཚེས་ ༡ ཉིན་གཏན་འབེབས་མཛད་ཡོད། འོན་ཀྱང་སོ་ནམ་པ་ཚོས་ཞིང་ལས་དང་སྟབས་བསྟུན་ཏེ་བོད་ཟླ་༡༢ ནང་གོང་དུ་སྐྱིད་པའི་ལོ་གསར་གཏོང་གི་ཡོད་པ་རང་རེའི་བོད་མི་ཚང་མར་གསལ་ངེས་ལགས། ཡོངས་གྲགས་བོད་ཀྱི་ལོ་གསར་དེའི་གོ་སྒྲིག་བྱེད་ཚུལ་སྐོར་ཞུ་ན། ཉི་ཤུ་དགུ་ཉིན་དགོང་དྲོ་ཁྱིམ་གྱི་འགོ་འཛིན་ཕ་མས་གཙོས་པའི་བུ་ཕྲུག་གཉེན་སྤུན་ཚང་མ་ལྷན་དུ་འཛོམས་ཏེ་དགུ་ཐུག་ཅེས་རྟགས་མཚན་སྣ་མང་སྦག་རིལ་ནང་སྦ་ཞིང་འཐུང་སྲོལ་ཡོད། མཚན་གཞི་རེ་གཉིས་ཤིག་ཞུ་ན། སྦག་རིལ་ནང་དུ་སོལ་བ་བྱུང་བས་སེམས་པ་ནག་པོ་མཚོན་པ་དང༌། རྡོ་དཀར་བྱུང་ན་སེམས་པ་དཀར་པོ་ཡིན། གཞན་ཡང་སྲན་མ་བྱུང་ན་མི་བརྟན་པོ་མེད་པའི་རྟགས་མཚན་དུ་མ་ཡོད། ཕྱི་ཉིན་དེར་ཁྱིམ་གྱི་ཉེ་འཁོར་དུ་ཡོད་པའི་མི་གཙང་ཅ་དངོས་ཚང་མ་མེར་བསྲེགས་ཏེ་སྔོན་ཚུད་ནས་ཁང་བར་ཚོན་གཏོང་བ་དང་ཁྱིམ་གྱི་ཕྱི་ནང་གཉིས་སུ་གཙང་ཞིང་ཡིད་དུ་འོང་བ་ཞིག་བསྐྲུན། ཕ་མ་བུ་ཕྲུག་ཐ་དག་ལོ་གསར་ཆེད་གྱོན་གོས་གསར་པ་དང་དགོས་མཁོའི་དངོས་རྫས་ཉོ་བར་ཁྲོམ་དུ་བསྐྱོད། ཕ་མས་བུ་ཕྲུག་ཚོར་གྱོན་གོས་གསར་པ་ཉོས་ཚེ་བུ་ཕྲུག་དེ་དག་ཡིད་རབ་ཏུ་སྤྲོ་བའི་ཕ་མར་དགའ་མགུའི་ཡིད་རང་བར་འགྱུར། དོ་ནུབ་ཁྲོམ་ནས་ཚུར་བསྐྱོད་དེ་གསོལ་ཚིགས་རྒྱས་པ་ཞིག་ཞུས་རྗེས་སུ་མལ་ཁང་ནང་ཉལ་དུ་སོང༌། ཡང་སང་ཉིན་ཞོགས་སྔ་པོ་ནམ་གསལ་ཁྱོན་ཡོངས་ནས་སྲིད་པའི་སྒྲོན་མེ་ཡི་འོད་ཟེར་འཕྲོ་ཚེ། མེ་ཏོག་འབབས་པ་བཞིན་ཡིད་ལ་འཆར་བས་བློ་གསར་གཞོན་ནུ་ཚང་མ་སྐྱིད་པའི་ལོ་གསར་གྱི་ཚེས་གཅིག་ཉིན་དགའ་སྤྲོ་ཤིན་ཏུ་བསྐྱེད་དེ་དྲིན་ཆེ་བའི་ཕ་མ་དང་གཉེན་སྤུན་གྲོགས་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡོད། ལོ་གསར་གྱི་ཚེས་ ༡ ཉིན་ཞོགས་པ་སྔ་བོ་ལངས་ཏེ་སེར་སྐྱ་མི་དམངས་ཆེ་འབྲིང་ཆུང་གསུམ་དབྱེར་མེད་དུ་དགོན་སྡེ་ཁག་དང༌། ས་གནས་ཆུང་སར་ཉེ་འཁོར་གྱིས་དགོན་པ་རུ་བསངས་གསོལ་གཏོང་དུ་འགྲོ་ཡི་ཡོད། བསངས་གསོལ་སླད། རང་རང་སོ་སོའི་གཞིས་ཆགས་ཁག་གི་ཚོམས་ཆེན་ཞིག་ཏུ་འདུ་འཛོམས་ཀྱིས། སེར་སྐྱ་ཕོ་མོ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང༌། ཁ་ཞེ་གཉིས་མེད་ཀྱིས་མགྱོགས་ནས་མྱུར་དུ་གཞིས་བྱེས་མཉམ་འཛོམས་དང་སྐྱིད་པའི་ལོ་གསར་དེ་རྒྱལ་ས་ལྷ་སར་གཏོང་ཐུབ་པའི་གསོལ་བ་བཏབ། སླར་ཡང་ལོ་གསར་འགོ་འཛུགས་དེར་བཀྲ་ཤིས་རྟེན་འབྲེལ་མཚོན་ཕྱིར་ཡུལ་མི་ཀུན་ལ་འབྲས་སིལ་འབུལ། དེའི་རྗེས་རྒན་གཞོན་བར་གསུམ་སོ་སོར་འོས་པའི་རྩེད་སྣ་སྣ་ཚོགས་དང་གྲོགས་ནང་ཁུལ་རྩེད་མོ་བྱེད་པ་རེད། རྩེད་སྣ་འགའ་ཞིག་ཟུར་དུ་བརྗོད་ན། རྒན་པར་དཔེ་མཚོན་ན། པཱ་ལགས་དང་སྤོ་ལགས་ཚོས་ཤོ་སྦག་རྩེ་བ་དང༌། རྨོ་ལགས་ཚོས་རང་ལུགས་གཞས་ཞབས་བྲོ་བསྐྱོན་པ་སོགས་རང་རེའི་སྤྱི་ཚོགས་ནང་མངོན་གསལ་དོད་པོ་ཡིན། གཞོན་པ་རྣམས་ཀྱི་དུས་རབས་དེར་གྲགས་ཁྱབ་ཆེ་བའི་རྐང་རྩེད་པོ་ལོ་རྩེ་བ་དང༌། བློ་གསར་བུད་མེད་ཚོས་ཏ་སི་རྩེ་བ་སོགས་ཡོད། ཡང་དཔལ་འབྱོར་གྱི་ཕྱུག་པའི་ཕོ་གསར་མོ་གསར་ཚོས་ཕྱིར་སྤྲོ་འཆམ་ལ་བསྐྱོད་པའང་ཡོད། དེང་དུས་ཚན་རིག་གི་ཤེས་བྱ་རིག་པ་ཡར་རྒྱས་ཀྱི་རྐྱེན་བློ་གསར་གཞོན་ནུ་ཚོའི་བློ་གྲོས་རྣམ་རིག་སོགས་ལ་གནོད་ཆེན་པོ་རྒྱགས་ཀྱི་ཡོད། གཟུགས་མཐོང་གློག་འཕྲིན་ནང་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་ཁྱབ་ཆེ་བའི་བྱ་སྤྱོད་ལས་མི་འོས་པ་ཁོ་ན་བསྟན་གྱི་འདུག་པས་རང་ཅག་རྩམ་གཟན་བོད་མི་བློ་གསར་རྣམས་ཀྱང་དེའི་རྗེས་སུ་སྙེག་ཅིང་ཡོད་པས་གཟབ་གཟབ་གནང་དགོས་གལ་ཆེ། དེས་ན། སྐྱིད་པའི་ལོ་གསར་གྱི་ཉིན་མོ་དེ་ནི་བཀྲ་ཤིས་རྟེན་འབྲེལ་བཟང་པོ་ཞིག་མཚོན་ཕྱིར་ཚུགས་ཀྱི་ཡོད་པ་མ་གཏོགས། བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་བཅས་ཉམས་ཆག་མི་ཡོང་བ་དང་ཆབས་ཅིག། ནུབ་ཕྱོགས་སྲིན་པོའི་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྐུར་བའི་འཕྲིན་ཡིག་ནང་དུ། ཤོ་སྦག་ལག་ཏུ་བླངས་ན་དབང་ཐང་ཉམས། ཞེས་གསལ་ཡོད་པས། སྐྱིད་པའི་ལོ་གསར་གྱི་ཉིན་མོ་རྩེད་སྣ་དེའི་རིགས་སུ་དོ་སྣང་མ་བྱེད་ཅིག། རྩ་བའི་མདོར་བསྡུས་ཤིག་ཞུ་ན། སྐྱིད་པའི་ལོ་གསར་གྱི་ཉིན་མོ་དེ་ནི་སྐྱོན་མི་སྡུག་པ་ཐ་དག་ཕྱུང་རྗེས་མཐོ་རིས་ཞིང་དུ་ཚེ་འཕོས་པ་དང་སྐྱིད་པའི་ཉི་མ་ཤར་བ་ལྟར་གང་ཟག་སུ་འདྲ་ཞིག་ཡིན་རུང་ཡིད་ལ་འཆར་གྱི་ཡོད་པ་ནི་གདོན་མི་ཟ། དུས་བཟང་དེར་ཐག་རིང་ཕྱིར་བསྐྱོད་བྱེད་པའི་གཉེན་སྤུན་ཡང་ཚུར་ལྡོག་ཏེ་ཕ་མ་དང་ལྷན་དུ་འདུག་པས་དགའ་བ་ཚད་མེད་བསྐྱེད། འུ་ཅག་སློབ་ཕྲུག་ཚོར་ཆ་མཚོན་ན། སྐྱིད་པའི་ལོ་གསར་གྱི་ཉིན་སློབ་ཁང་ནང་གུང་གསེང་བཏང་བ་དང༌། ཐད་ཀར་ནང་དུ་བསྐྱོད་འགྲིམས་བྱེད། ནང་དུ་འབྱོར་མ་ཐག་དགའ་སྤོབས་ངང་ཕ་མར་གུས་ཤིང་བཀུར་བསྟི་བྱེད་པའི་གོ་སྐབས་བཟང་ཤོས་ཡིན། འོན་ཀྱང་ལོ་རེར་ཐེངས་རེ་ལས་མེད། སྐྱིད་པའི་ལོ་གསར་གྱི་ཉིན་མོ་དེར། ཕ་མས་སློབ་སྦྱོང་སྐོར་བསླབ་བྱ་འབད་བརྩོན་བྱ་བར་གདམས། རྒྱུ་ནོར་གྱ་ནོམ་པ་ལྡན་ཡང་ཅི་ཕན། མཐར་ཐུག་ཤི་བའི་ཉིན་མོ་དེར་བྲལ་དགོས། རྐུ་ཇག་འཕྲོག་གསུམ་མི་ཐུབ་པའི་རིན་ཆེན་ཤེས་ཡོན་སློབ་སྦྱོང་དེར་བརྩོན་འགྲུས་བྱ་ཞེས་གསོལ་ལོ། ཕྱི་ཟླ་ ༩ ཚེས་ ༤ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འཁེལ་གནང་བ་ལྟར། དུས་ཐོག་དེར་སྐྱིད་པའི་ལོ་གསར་གྱི་དུས་སྐབས་དེར་དྲིན་ཆེན་ཕ་མས་བསྩལ་བའི་གསུང་ཚིག་འདི་དག་ཁོ་མོའི་སེམས་ནང་ལྷང་ལྷང་དྲན་ཏེ། དགའ་སྤོབས་རབ་ཏུ་རྒྱས་ཤིང་གོང་གསལ་བརྗོད་བྱ་དེ་དག་བཀོད་ཐུབ་པ་ཡིན་ནོ། མཐའ་དོན་དེར། སྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ཁྲི་ཕྲག་བརྟན་པ་དང༌། གཞིས་བྱེས་གཉིས་ཀྱི་བོད་རིགས་སྤུན་ཟླ་རྣམས་མཉམ་འཛོམས་ཡོང་བའི་བཀྲ་ཤིས་སྨོན་འདུན་བཅས་བླུན་པོའི་རྩོམ་དེ་མཚམས་འཇོག་ཞུ།
ཞན་ཆ། མདོར་ཅམ་ མདོར་ཙམ། འགོ་འཛིན་ཕ་མ་གཙོས་པའི། འགོ་འཛིན་ཕ་མས་གཙོས་པའི། གཙང་ཞིང་ཡིད་འོང་ཞིག་བསྐྲུན། གཙང་ཞིང་ཡིད་དུ་འོང་བ་ཞིག་བསྐྲུན། ལོ་གསར་གཏང་དུ་འགྲོ་ཡི་ཡོད། ལོ་གསར་གཏོང་དུ་འགྲོ་ཡི་ཡོད། འདུས་འཛོམས་ཀྱིས། འདུ་འཛོམས་ཀྱིས། རྐང་རྩེ་པོ་ལོ། རྐང་རྩེད་པོ་ལོ། ཐ་དོན། མཐའ་དོན།