ངའི་སེམས་པ་སྐྱོ་ཤོས་ཀྱི་ཉིན་མོ།(ཨང༌དང་པོ། )
བློ་བཟང་ཆོས་གྲགས། སེར་བྱེས་སློབ་གྲྭ
༄༅།། སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས། །ཁྲི་བདུན་བདག་པོ་འོད་དཔག་མེད་པའི་སྤྲུལ། །
གངས་ཅན་བོད་ཀྱི་སྤྱི་བོའི་གཙུག་གི་ནོར། །རྒྱལ་མཆོག་གཉིས་ཀྱིས་བདག་བློའི་མུན་པ་སེལ། །
ང་ཚོ་མཐོ་སྒང་བོད་དུ་འཚོ་ཞིང་ཟས་སུ་རྩམ་པ་དང་ཤ་མར་ཐུད་གསུམ་ལོངས་སྤྱོད་ཀྱིན་ཡོད་པའི་མགོ་ནག་གངས་ཅན་ཚོས་སྔ་མོའི་གཏམ་དཔེར། མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་དང༌། དཔྱིད་ཉི་རིང་པོ་དྲོ་གསུམ་གྲང་གསུམ་ཟེར་བའི་དཔེ་ལྟར་འཇིག་རྟེན་འཁོར་བའི་འདམ་རྫབ་ནང་ལྷུང་བའི་གང་ཟག་ཅིག་ཡིན་ཕྱིན་དཀའ་ངལ་དང༌། སྐྱིད་པོ། སྐྱོ་བོ་དང༌། དགའ་བོ་ཡོང་བ་ནི་ཆོས་ཉིད་དུ་གྲུབ། ང་ཚོ་འབྱུང་འགྱུར་ཉོན་མོངས་ཀྱི་སྒྲིབ་ཡོལ་འདི་མ་ཕུད་བར་དེ་སྲིད་དུ་དཀའ་ངལ་དང་བྲལ་འདོད་ནི་རི་བོང་གི་རྭ་ཅོ་ལས་ཅི། འོན་ཀྱང་གུས་པའི་སེམས་པ་སྐྱོ་ཤོས་ཀྱི་ཉིན་མོ་ནི་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུར་ཧ་ཅང་གི་དཀའ། གང་ལགས་ཤེ་ན། གུས་ཀྱི་འདྲེན་བྱེད་དབང་པོའི་མཐའ་རུ་སྐྱོ་གདུང་གི་ཆུ་འཛིན་འཁྲིགས་ཤིང་སྐྱོ་བའི་མིག་ཆུ་འགྲམ་སྟེང་དུ་རྒྱུགས་ཞོར་སྨྱུ་གུ་འཛིན་པའི་ལག་པ་ཡང་འདར་སིག་སིག་གི་སྟངས་སྟབས་ལ་རོལ། ཡིན་ན་ཡང་བདག་གིས་ཁྱེད་རྣམས་ལ་དུས་ཡུན་ཐུང་ངུ་འདི་བེད་སྤྱད་ནས་མདོ་ཙམ་ཞིག་དཀར་ཤོག་སྟེང་སྨྱུ་གུས་འགྲུལ་བཞུད་བྱས་ན།
དེ་ཡང་ ༡༩༩༨ ལོའི་ཟླ་ ༥ ཚེས་ ༢༥ ཉིན་ནི་ད་ལྟ་ཡང་ང་ཡི་དྲན་ཤེས་ཀྱི་མེ་ལོང་ནང་གསལ་ལྷམ་མེར་མངོན། ཉིན་དེའི་མཚན་མོར་ནམ་མཁའ་ལ་སྤྲིན་པ་ལག་མཐིལ་ཙམ་ཞིག་མི་འདུག་ལ། ནམ་མཁའི་བསིལ་ཟེར་ཅན་གྱི་བཀྲག་མདངས་སྔར་ལས་རྒྱས་ཤིང་ནོར་འཛིན་མའི་སྟེང་དུ་སྦྱིན་ཞོར་ང་ཡི་སྐྱོ་གདུང་ལ་སེམས་གསོ་བྱེད་པ་དང་ཅིའི་མི་མཚུངས། བདག་གི་འདི་ཕྱི་གཉིས་སུ་བཀའ་དྲིན་གསོལ་ཐབས་དཀའ་བའི་ཡུམ་ཆེན་ཨ་མས་ལག་གཉིས་ཀྱིས་ཁ་བཏགས་ང་ཡི་སྐེ་ལ་གཡོགས་པ་དང༌། སྤྱན་ཟུང་ནས་སྤྱན་ཆབ་དབྱར་ཆུ་ལྟར་བརྡོལ་གྱིན་ངུ་མ་ལབ་ཀྱི་དབྱངས་དང་བཅས་འདི་ལྟར་གསུངས་བྱུང༌། བུ༑ ཨ་མའི་སྙིང་གི་ནོར་བུ་ཁྱེད་ད་ལྟ་ལོ་ངོ་ཆུང་ངུ་འདི་འདྲ་བ་རང་གི་ཨ་མ་དང་ནང་མི་བུ་ཕྲུག་སྐྱིད་པའི་རང་ཡུལ་བཅས་དོར་ནས་རང་ཡུལ་དུ་སྡོད་དབང་མེད་པར་གཞན་ཡུལ་དུ་བསྐྱོད་དགོས་པ་འདིར་ཡིད་སྐྱོ་བའི་མནར་དགོས་དོན་མེད། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལས་སླར་ཡང་ཐུག་ཐུབ་པ་དང༌། ད་ལྟ་སྡུག་བསྔལ་གྱི་མུན་ཁུང་དུ་འཚོ་བཞིན་པའི་མགོ་ནག་བོད་མི་ཀུན་ལ་སྐྱིད་པའི་རྟ་བདུན་ྋརྒྱལ་དབང་གི་ཐུགས་རྗེས་མགྱོགས་མྱུར་ཤར་བར་ངེས། གསུངས་ཀྱིན་ཁོང་གི་ལྷད་མེད་ཀྱི་མཆུ་འདབ་ང་ཡི་འགྲམ་སྟེང་དང་དཔྲལ་བར་ཡང་ཡང་སྦྱར། ཀློག་པ་པོ་ལགས། སྐབས་དེ་དུས་ཁྱེད་ཉིད་ངའི་འགྲམ་དུ་ཡོད་བཞིན་ང་ཚོའི་སྐྱོ་བའི་ཟློས་གར་དེ་གཟིགས་ན་ཁྱེད་ཉིད་ཀྱིས་ཀྱང་མིག་ཆུའི་ཞལ་འདེབས་ཁ་ཤས་བསྐྱོན་སྲིད་དོ། ད་དུང་ཨ་མ་ལགས་ཀྱིས་ངའི་སྙིང་གི་བུ་ཁྱོད་མི་ཡུལ་བསྐྱོད་དགོས་དོན་གཙོ་བོ་ནི། ྋགོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་དང༌། མ་འོངས་པར་སློབ་ལ་བརྩོན་ནས་རང་གི་རྒྱལ་ཁབ་དགྲ་ལག་ཏུ་ཤོར་བ་ཡིད་ལ་ངེས་པའི་ཐོག་ཕ་དམ་པའི་དགྲ་ཤ་ཡང་ཁྱེད་ཀྱི་ལེན་དགོས། ཁྱེད་ད་དུང་མི་ཡི་ལུང་པར་སྡིག་གྲོགས་ཚོ་འགྲོགས་མི་ཉན། བོད་ཀྱི་གཏམ་དཔེར། གང་ཞིག་གསེར་གྱི་རི་ལ་སྔས་བྱས་ན།། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར།། གང་ཞིག་དུག་གི་རི་ལ་སྔས་བྱས་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར།། ཟེར་བ་ལྟར་གྲོགས་པོ་རྩིང་པོ་ཚོ་དང་གཏན་ནས་འགྲོགས་མི་རུང༌། ཨ་མའི་བུ། ཞེས་གསུངས་བྱུང་བས་ང་ཡི་སྒྲ་འཛིན་དབང་པོར་ལྷུང་མ་ཐག་ངས་པུས་མོའི་ལྷ་ང་ས་ལ་བཙུགས་ཤིང་ལག་གཉིས་ཀྱིས་ཨ་མའི་ཞབས་ལ་ལེགས་པར་འཐམས་ཏེ་ཡིད་ཚིམ་པ་ཞིག་ངུས། དེ་དུས་ང་ཚོའི་ཁྱིམ་མི་ཡོངས་རྫོགས་གཅིག་ལ་གཅིག་འགྲན་གྱིས་ངུས་པ་གཞན་གྱིས་ཐོས་ན་ཁྱིམ་ཚང་འདིར་ཕལ་ཆེར་མི་ཞིག་ཨ་ཁུ་གཤིན་རྗེས་འཕྲོག་པ་མིན་ནམ་སྙམ་སྲིད། ང་ཡི་སྤུན་མཆེད་རྣམས་ཀྱིས་ང་རང་ལམ་བུར་ལོངས་སྤྱོད་ཆེད་རྩམ་པ་དང་ཤ་སོགས་རས་ཁུག་ནང་བླུག་གིན་མིག་ཆུ་མི་གཏོང་མཁན་གཅིག་ཀྱང་མེད། ང་ཡི་ཨ་མ་ལགས་ཀྱིས་ཕྱག་ཏུ་རྒྱ་སྒོར་ཁ་ཤས་འཁྱེར་ནས་ང་ཡི་ལམ་རོགས་ཚོར་ལམ་བར་ང་ལ་བལྟ་སྐྱོང་ལེགས་པོ་བྱེད་རོགས་ཤེས་སྒོར་མོས་རྩིབས་མ་བཅག་གིན་ཡོད་པ་ང་ཡི་མིག་ལམ་དུ་སྣང་བྱུང་བས། ང་ཨ་མ་ལགས་སུ་སྔར་ལས་ཀྱང་བརྩེ་དུང་ཆེ་རུ་ཕྱིན་སོང༌། ང་ཡི་ལམ་རོགས་རྣམས་ཀྱིས་ད་འགྲོ་རན་འདུག་མགྱོགས་པོ་བྱོས། ཡང་རྒྱ་དམར་གྱི་ཉེན་རྟོག་པས་ཤེས་ན་རང་མེད་མི་མེད་བཟོས་ཡོང་ཞེས་བྲེལ་འཚུབ་ཀྱིས་འགྲོ་བར་མངོན་དུ་ཕྱོགས་སྐབས། དེར་ང་ཚོའི་ཁྱིམ་ཚང་གི་ངུ་སྐད་ནི་ཇེ་མཐོ་ནས་ཇེ་མཐོ་སྙིང་ལ་ཡང་ཟུག་པ་ལྟར་སྣང༌། ངས་ནང་མི་ཡོངས་ལ་རྗེས་སུ་མཇལ་བའི་མཚམས་འདྲི་ཞུས་ཀྱིན་ང་ཡི་གཅུང་པོས་གཅེན་པོ་མ་འགྲོ་དང་ཡང་ན་ང་འཁྲིད་དང་སྐུ་མཁྱེན་མ་གཡུགས་དང༌། ང་ཞེས་སྨྲས་པ་ངས་ཐོས་བྱུང་བས་ང་ཡི་མི་ཚེའི་ནང་གི་མིག་ཆུ་མང་ཤོས་དང་སེམས་སྐྱོ་ཤོས་འདི་ཡིན་ཞེས་སྨྲས་ན་ཤིན་ཏུ་ལེགས། དེ་ནས་ངས་མི་འདོད་བཞིན་དུ་གོམ་པའི་འདེགས་འཇོག་གཞན་ཡུལ་དུ་བསྒྱུར་མགོ་བརྩམས། ཨ་མ་ལགས་དང་ནང་མི་ཡོངས་ཀྱིས་སྐྱོ་བའི་ཕྱག་ནམ་མཁར་གཡུག་གཡུག་གནང་གིན་ང་ཡི་གྲིབ་གཟུགས་མ་ཡལ་བར་འདྲེན་བྱེད་ཀྱིས་སྐྱེལ་མ་མཛད་བྱུང་བ་ད་ལྟ་ཡང་ང་ཡི་ཀུན་རྟོགས་ཀྱི་བློ་ངོར་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་ལྷམ་མེར་འདུག
ཀློག་པ་པོ་ལགས། ཁྱེད་ཉིད་ཏན་ཏན་རྩོམ་ཐུང་འདི་ཀློག་སྐབས་མིག་ཆུའི་ཕྲེང་བ་ཁ་ཤས་ཤིག་དཀར་གཙང་ཤོག་བུའི་སྟེང་ཟག་ངེས་སོ། དེ་རིང་ཡང་བདག་གི་བརྗོད་གཞི་འདི་མཐོང་བ་དང་བདག་གི་བཀའ་དྲིན་ཅན་གྱི་ཕ་མའི་ཞལ་རས་དེ་ཤོག་བུའི་ནང་ནས་མཇལ་བྱུང་བས། སླར་འབྲི་བའི་སྤོབས་པ་དང་བྲལ་སོང་བ་དང་ཆབས་ཅིག་དུས་ཚོད་ནི་ཅང་ཤེས་རྟ་ཕོར་འགྲན་པ་ལྟར་བསྐྱོད་ཀྱིན་འདུག་པས་སྐྱོ་བའི་རྣམ་ཐར་གཞན་མ་ཞིག་ཁྱོད་ཀྱི་སྤྱན་ལམ་དུ་འབུལ་ཐུབ་མ་སོང་བས་དགོངས་པ་མ་ཚོམ་རོགས་ཞེས་ཐ་སྙད་སྐམ་པོ་འདི་མི་ཕུལ་ཐབས་མེད་ཀྱི་གནས་སུ་གྱར་བྱུང་ངོ།།
ལྟེ་ཁྲག་འཕོ་སའི་ཕ་ཡུལ་གངས་ལྗོངས་དང་བྲལ་སོང༌། །ནུ་ཞོ་སྦྱིན་པའི་དྲིན་ཆེན་མ་མ་ཡང་བྲལ་སོང༌། །
ཡོད་ཚད་གཞན་ལ་རེ་བའི་ལས་ངན་གྱི་གཅེས་ཕྲུག།།སྐྱོ་བའི་མཆི་མ་སྙིང་གི་ལྟེ་བ་རུ་ཐིམ་སོང༌། །
ཀླ་ཀློའི་མཆེ་སྡེར་མཐོ་སྒང་ནོར་འཛིན་དུ་བསྐྱངས་མོད། །ྋརྒྱལ་བའི་ཐུགས་རྗེའི་བཀའ་དྲིན་སྔར་ལྷག་ལས་རྒྱས་པ། །
བདེ་སྐྱིད་སྒྲོན་མེས་རང་ཡུལ་མུན་པ་རྣམས་སེལ་དུས། །མ་བུ་ལྷན་འཛོམས་ཡོང་བའི་ཉི་མོ་དེ་ཤར་སྲིད།།
བཅས་གོང་མིང་པས་སོར་བཅུའི་འདབ་མ་སྙིང་ཁར་བཟུང་སྟེ་གུས་པའི་ཕྱག་རྒྱ་དང་བཅས་ཕུལ་ལོ།།
ཞན་ཆ།
རྒྱལ་མཆོག་གཉིས་ཀྱི་བདག་བློའི་མུན་པ་སེལ། རྒྱལ་མཆོག་གཉིས་ཀྱིས་བདག་བློའི་མུན་པ་སེལ། ཆུ་འཛིན་འཁྲིགས་ཅིང༌། ཆུ་འཛིན་འཁྲིགས་ཤིང༌། སྐྱོ་བའི་གནར༌། སྐྱོ་བའི་མནར། སྔ་མོས་གཏམ་དཔེར། སྔ་མོའི་གཏམ་དཔེར། འདབས་ཅག། འདབ་ཆགས། བསྒྱུར་འགོ་རྩམ། བསྒྱུར་མགོ་བརྩམ། མི་ཆུའི་ཕྲེང་བ། མིག་ཆུའི་ཕྲེང་བ། ཤོག་བུས་སྟེང༌། ཤོག་བུའི་སྟེང༌། ཕུལ་ཐབས་མེད། འཕུལ་ཐབས་མེད། ནུ་ཞོ་སྦྱིན་པའི་དྲིན་ཆེན་མ་མོ་ཡང་བྲལ་སོང༌། ནུ་ཞོ་སྦྱིན་པའི་དྲིན་ཆེན་མ་མ་ཡང་བྲལ་སོང༌།དྲོ་གསུམ་གྲངས་གསུམ། དྲོ་གསུམ་གྲང་གསུམ།གང་ཟག་ཞིག་ཡིན་ཕྱིར། གང་ཟག་ཅིག་ཡིན་ཕྱིན། བཀྲག་དངས་སྔར་ལས་རྒྱས་ཅིང༌། བཀྲག་མདངས་སྔར་ལས་རྒྱས་ཤིང༌། གྲོགས་མི་ཉེན། འགྲོགས་མི་ཉན། དཔུས་མོ་ལྷ་ང་ས་ལ་གཙུགས་ཅིང༌། པུས་མོའི་ལྷ་ང་བཙུགས་ཤིང༌། འདེགས་འཇོགས་བསྒྱུར་འགོ་རྩམ། འདེགས་འཇོག་བསྒྱུར་འགོ་བརྩམས། གཏན་གཏན་བརྩམས་ཐུང༌། ཏན་ཏན་རྩོམ་ཐུང༌། གོང་མིང་པས་སེར་བཅུའི་འདབས་མ། གོང་མིང་པས་སོར་བཅུའི་འདབ་མ།
ངའི་སེམས་སྐྱོ་ཤོས་ཀྱི་ཉིན་མོ།(ཨང་གཉིས་པ།)
སངས་རྒྱས་ཆོས་སྒྲོན། ཏི་ཛུ་ཉིན་སློབ།
༄༅།། ངས་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་དེ་སེམས་ལ་དྲན་ཐེངས་རེར་དཔྲལ་བའི་མིག་གཉིས་ལས་མཆི་མའི་རྒྱུན་ནི་དབང་མེད་དུ་བཞུར་འོང་སྟེ། གངས་དཀར་སེམས་ཀྱི་གཏིང་ལ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཞིག་འཁྱིལ་ཞིང༌། བསམ་པའི་བརྩེ་དུངས་ཀྱི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བཟོད་གླགས་མེད་པའི་རླབས་ཕྲེང་གི་ཟེགས་མ་མཁའ་ལ་འཐོར་གྱིན་འདུག།
ངའི་སེམས་པ་སྐྱོ་ཤོས་ཀྱི་ཉིན་མོ་དེ་ནི་ང་རང་གི་མཛའ་བའི་གྲོགས་མོ་ལྷ་མོ་སེམས་ཀྱི་རྒྱུ་བ་ཆད་པའི་ཉིན་མོ་དེ་རེད། ལྷ་མོ་དང་ངེད་གཉིས་ནི་ལྡུམ་ར་གཅིག་གི་ནང་དུ་སྐྱེས་པའི་མེ་ཏོག་གི་གང་བུ་ཆུང་ཆུང་གཉིས་ཡིན་ལ། འཇིག་རྟེན་སྟེང་གི་འཚོ་བ་དང་ཆུང་ངུའི་དུས་ཀྱི་མཛའ་མཐུན་གྱི་སྲད་པུས་ངེད་གཉིས་ཀྱི་སེམས་ཀྱི་རྩ་བ་དམ་པོར་བཅིངས་ཡོད་པ་དང༌། དུང་བའི་འདབ་མ་ལྷན་ཅིག་ཏུ་རྒྱས་པ་དང་མཐུན་པའི་མེ་ཏོག་ཀྱང་ཆབས་ཅིག་བཞད་ཡོད། ངེད་གཉིས་ནི་གཅིག་མེད་ན་གཅིག་ཤོས་འདུག་མི་ཤེས་པ་ལྟ་བུ་རེད། དེར་བརྟེན་སློབ་གྲོགས་གཞན་ཚོ་ང་གཉིས་ལ་གློ་རྒྱུ་མ་འདྲེས་པ་དང༌། རྐང་ལག་འདྲེས་པའི་བུ་མོ་མཚེ་མ་གཉིས་ཞེས་བརྗོད་ཀྱི་ཡོད། ཉིན་ཞིག་མོས་ང་ལ་གཟུགས་གཞི་བདེ་པོ་མི་འདུག ནད་དགོངས་ཤིག་བྲིས་ནས་འཛིན་གྲྭའི་རྒན་ལགས་ལ་འབུལ་རོགས་བྱོས་ཞེས་ལབ་སོང༌། ངས་ཀྱང་དེ་བཞིན་བྱས་པ་ཡིན། དེ་ཉིན་ང་རང་ལྷག་པར་དུ་ཡིད་མི་དགའ་བ་དང་སེམས་སྐྱོ་པོའི་སྣང་བ་ཞིག་ཤར་བྱུང༌། སློབ་གྲྭ་གྲོལ་རྗེས་ངས་མོ་རང་ཐུག་ཏུ་ཕྱིན་པ་ཡིན། མོ་རང་ནད་གཞི་ཐུ་བོ་དེ་ཙམ་མི་འདུག་ན་ཡང་དཔྲལ་བའི་མིག་གཉིས་ཕྲན་བུ་རྡིབ་འདུག་པ་དང༌། ཤ་མདོག་ཀྱང་ཅུང་ཟད་ཉམས་འདུག ངས་མོ་ལ་སྨན་པ་བསྟེན་ཏེ་བརྟག་དཔྱད་ཡག་པོ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བརྒྱབས་པ་ཡིན། ཕྱི་ཉིན་དགོངས་ཞུ་སྤྲད་དེ་ཉེ་འཁོར་གྱི་སྨན་ཁང་ཞིག་ལ་བསྐྱལ་ཞིང་གློག་པར་རྒྱག་རྒྱུའི་བརྟག་དཔྱད་ཆ་ཚང་བྱེད་བཅུག་པ་ཡིན། སྨན་པས་ཉི་མ་གསུམ་གྱི་རྗེས་ལ་ན་ཚ་གང་ཡིན་བརྟག་དཔྱད་ཀྱི་འབྲས་བུ་འཐོན་གྱི་རེད་ཞེས་གསུངས་པ་ལྟར་ཉིན་གསུམ་རྗེས་ལྷ་མོའི་པཱ་ལགས་དང་ངེད་གཉིས་སྨན་པའི་སར་བཅར་བར་སྨན་པ་དེ་ངོ་གདོང་འགྱུར་བའི་རྣམ་པའི་ཐོག་ནས་ངེད་གཉིས་ཀྱི་རྣ་བར་ལྷ་མོའི་ནད་གཞི་སྐྲན་ནད་ཏྲཎརྣཏྲྟརྡརེད་འདུག མོ་རང་ལ་ཁ་ཟས་དང་ཁ་གང་ཡོད་དང་གང་བྱེད་འདོད་པ་བྱེད་དུ་ཆུགས་ཞེས་བཤད་སོང་བས། ལྷ་མོའི་པཱ་ལགས་ངེད་གཉིས་དྲན་པ་འཐོར་བ་དང་ཅུང་ཧད་དེ་ལུས་སོང༌། མོ་རང་གི་པཱ་ལགས་ནི་དྲན་པ་མ་ཟིན་པ་ལྟ་བུ་ཆགས་འདུག ང་རང་ནི་ཁོག་པའི་ནང་མཆིན་ཚང་མ་ཁ་ནང་འཐོན་གྲབ་བྱེད་པ་དང་མིག་ནས་མཆི་མ་རང་དབང་མེད་པ་ཤོར་གྱི་འདུག ཡིན་ནའང་ཕྲན་གྱིས་ལྷ་མོའི་པཱ་ལགས་ལ་སེམས་གསོ་གང་ཐུབ་བརྒྱབས་པ་ཡིན། ལྷ་མོས་མོ་རང་གི་ན་ཚ་གང་རེད་འདུག་ཅེས་སྐད་ཆ་ཡང་ཡང་འདྲི་གི་འདུག ཕྲན་གྱིས་ནད་གཞི་ཐུ་བོ་གང་ཡང་མི་འདུག་ཅེས་བརྗོད་པ་ཡིན། དེ་ནས་ཉིན་ནས་ཉིན་བསྟུད་དེ་མོ་རང་གི་ནད་གཞི་ཇེ་སྡུག་ཏུ་སོང་ཞིང་མཐར་སྨན་ཁང་གི་ཉལ་ཁྲིའི་སྟེང་ཟླ་བ་གཅིག་ཙམ་ལུས་རྗེས་ཉིན་ཞིག་ཞོགས་པའི་སྐྱ་རེངས་དང་པོ་ཤར་ཙམ་ལ་ང་ཡི་མགུལ་ལ་འཁྱུད་བཞིན་དུ་འཇིག་རྟེན་ཕྱི་མའི་སྔ་ལམ་དུ་ཕྱིན་སོང༌།
ཞན་ཆ།
འཁྱིལ་ཤིང༌། འཁྱིལ་ཞིང༌། འཇིག་རྟེན་རྟེན་གྱི། འཇིག་རྟེན་སྟེང་གི། སློབ་གྲོག། སློབ་གྲོགས། བུ་མོ་མཚེས་མ། བུ་མོ་མཚེ་མ། བྱེད་དུ་བཅུག་ཅེས། བྱེད་དུ་ཆུགས་ཞེས།
ངའི་སེམས་སྐྱོ་ཤོས་ཀྱི་ཉིན་མོ།(ཨང་གསུམ་པ།)
འཛུམ་ཆུང་བཀྲ་ཤིས། སུ་ཇ་སློབ་གྲྭ
༄༅།། རབ་སྨད་རིག་པ་མཆོག་ཏུ་སྩོལ་མཁས་འཇམ་དབྱངས་རྒྱལ་ཀུན་རིག་པའི་སྐྱབས།།
རབ་ལེགས་དྲི་མེད་རིག་སྟོབས་སྦྱིན་མཁན་རྒྱུད་མངས་འཁྲོལ་བའི་དབྱངས་ཅན་མ།།
རབ་ཏུ་སྒོ་གསུམ་སྤྱི་བོར་བཀུར་ནས་མི་ཕྱེད་དད་པས་མཆོད་པ་ན།།
རབ་ཟབ་ལས་ལ་བྱིན་རླབས་འོད་ཟེར་སྟོང་གིས་རམ་འདེགས་བྱེད་པར་འཚལ།།
ནམ་ཡང་སེམས་ཀྱི་ཡོལ་བའི་ངོས་སུ་བརྗེད་མེད་ཉིན་ཞིག་གསལ་པོར་གནས།།
གཏན་དུ་ཡིད་ཀྱི་མེ་ལོང་ནང་དུ་བསུབ་མེད་དོན་ཞིག་ཡལ་མེད་འཆར།།
བརྗེད་ཐབས་བྲལ་བའི་ཉིན་མོ་དེ་ནི་ཅི་འདྲའི་སྐྱོ་གདུང་ལྡན་པ་ལ།།
བསུབ་པར་དཀའ་བའི་འདས་དོན་དེ་ནི་ཅི་འདྲའི་མིག་ཆུ་མོད་པ་ལ།།
རྐང་གཉིས་འགྲོ་བ་སུ་དང་སུ་ལ་སྐྱོ་དགའི་ཉིན་རེ་མཆིས་དང་མཆིས།།
སྨྲ་མེད་དུད་འགྲོ་གང་དང་གང་ལ་སྐྱོ་དགའི་དུས་རེ་ཡོད་དང་ཡོད།།
འོན་ཀྱང་བདག་གི་སྐྱོ་བའི་ཉིན་མོ་གཞན་དང་བསྡུར་ན་ཁྱད་པར་ནི།།
བདག་ལ་མཚོན་ན་གནམ་ས་ལས་ཀྱང་ཧེ་བག་ཡོད་པ་སྨྲ་བར་སྤོབས།།
དགུན་གྱི་ཁ་བའི་གོས་ལྭ་དཀར་པོས་དབྱིག་འཛིན་སྒེག་མོའི་མཛེས་སྡུག་མནན།།
གང་དུ་བལྟས་ཀྱང་ལུས་སེམས་གཉིས་ནས་ཤབ་ཤུབ་གྲང་འདར་དབང་མེད་ཤོར།།
སྐྱོ་ཞིང་གྲང་བའི་སྣང་བ་གསོན་པོ་བཅོས་མིན་སྟེར་བའི་ཉིན་མོ་དེར།།
གཞལ་དཀའི་ཐུགས་རྗེའི་དྲིན་གྱིས་སྐྱོང་མཁས་བྱམས་ལྡན་མ་ལོའི་གཅེས་པའི་སྲོག
གློ་བུར་གཤེགས་པའི་སྐར་མདའ་ཇི་བཞིན་བདག་གི་མིག་ལས་ཡལ་བ་སྐྱོ།།
ཉིན་དེར་བདག་གིས་དཔེ་ཁུག་ཆུང་ཆུང་འཁུར་ནས་ཁྱིམ་སྒོ་འཛུལ་བ་དང༌།།
གཅེས་ལངས་ཤོར་བའི་སྐད་ངག་ཕྲ་མོས་ཨ་མའི་མཚན་ནས་འབོད་པའི་དུས།།
དྲོ་སྐྱིད་ཁྱྀམ་ལས་ཉམ་ཆུང་ང་ལ་ཐོབ་པ་ངུ་སྒྲའི་བྲག་ཅ་ལས།།
སྙན་ཞིང་འཇེབས་ལ་བརྩེ་བས་ཕྱུག་པའི་ཨ་མའི་གསུང་སྐད་མ་ཐོས་སྐྱོ།།
སྐྱོ་བའི་ངུ་ངག་དབྱངས་སུ་གྱེར་བཞིན་ཨ་མ་ཞེས་པའི་མིང་ཐོ་འདི།།
སྐད་ཤུགས་དྲག་པོས་ལན་བརྒྱར་བོས་པས་གྲོང་ཚོའི་ལྷིང་འཇགས་ཡོངས་སུ་དཀྲོགས།།
དགའ་སྤྲོའི་དགོད་སྒྲས་རབ་ཏུ་གཏམས་པའི་ཁྱིམ་གཞི་དུས་དེར་སྡུག་གིས་ཁྱབ།།
མཉམ་འཛོམས་དུས་ཀྱི་དགྱེས་ཚོར་སེམས་པ་ཉིན་དེར་སྐྱོ་བའི་ན་བུན་འཐིབས།།།
མིག་གི་ལམ་དུ་མཐོང་ཡོང་མ་དྲན་སེམས་པའི་ཡལ་དུ་མ་བསམ་པའི།།
ཆག་གྲུམ་ཤོར་བའི་ལོ་ཟླ་འདི་འདྲ་ཉམ་ཆུང་བདག་གི་མགོར་ཡོང་དུས།།
ཡིད་སེམས་མཚོ་མོའི་གཏིང་རིམ་རེ་ནས་ཤུགས་ཀྱི་འཕྱུར་བའི་ཚོར་འདུ་ཞིག།
མ་བཟོད་སྐྱོ་བའི་མིག་ཆུ་ལྷན་དུ་རང་དབང་མེད་པར་ལངས་པས་སྐྱོ།།
བྱམས་ལྡན་མ་ལོ་གཤེགས་པའི་ཤུལ་ན་ཁེར་རྐྱང་ང་རང་བདག་མེད་ལུས།།
དྲིན་ཅན་ཨ་མ་བཞུད་པའི་རྗེས་ན་ཁྱིམ་གཞི་ཆུང་ཆུང་སྟོང་བར་ལྷག།
ཨ་མ་བྲལ་བའི་ཉིན་མོ་དེ་ནས་དྭ་ཕྲུག་འཚོ་བ་རོལ་འགོ་ཚུགས།།
ཨ་མ་དྲན་པའི་སྐྱོ་བའི་གཞས་ཆུང་རང་སེམས་གསོ་ཆེད་ལེན་བཞིན་མྱུལ།།
ཨ་མ་ཁྱེད་རང་ཅིའི་ཕྱིར་བཞུད་ཅེས་ཨ་ཕར་དྲི་བར་འདོན་པའི་དུས།།
ཨ་ཕའི་མིག་ཟུང་མཆི་མས་བསྣངས་ནས་དྲིས་ལན་མེད་པར་ལུས་ཏེ་འགྲོ།།
བྱིས་བློའི་དྲི་མས་ཡོངས་སུ་ཁེངས་པའི་འདས་སོང་དུས་དེ་དྲན་པའི་དུས།།
ཉམ་ཆུང་ཨ་ཕར་སེམས་པའི་གཏིང་ནས་སྙིང་རེ་རྗེ་ཞིང་ཡིད་རེ་སྐྱོ།།
མཚམས་རེར་གཞན་གྱིས་ཨ་མ་ཟེར་བཞིན་ཨ་མའི་ལག་པར་འཇུ་བའི་དུས།།
རང་ལ་ཨ་མའི་བྱམས་བརྩེ་དབེན་ལ་མིང་ནས་འབོད་ས་མེད་པས་སྐྱོ།།
དེ་དུས་ཉམ་ཆུང་མ་མེད་དྭ་ཕྲུག་ང་རང་ཁུ་སིམ་གནས་མལ་ནས།།
ཨ་མ་བསམ་པའི་གདུང་བའི་མིག་ཆུ་ཆུ་དང་གཙང་པོར་བསྲེས་བཞིན་འཁྱམས།།
ཨ་མ་འཇིག་རྟེན་འདི་ལས་བྲལ་བའི་སྡུག་གི་མུན་པས་བདག་ཡིད་བཀབ།།
ལས་ཀྱིས་བགོས་པའི་གོད་ཆག་ནག་པོ་གློ་བུར་བྱུང་བར་བློ་རེ་ཕམ།།
ཨ་མ་ཡོད་ན་བསམ་པའི་ཡི་ག་ད་དུང་མེ་ལྕེ་བཞིན་དུ་འབར།།
སྙིང་རྗེ་མེད་པའི་འཆི་བདག་རྒྱལ་པོར་བསམ་པའི་གཏིང་ནས་ཁྲོ་རེ་ལངས།།
འདི་ལྟར་འདས་པའི་ཉིན་མོ་དེ་ནི་ངང་ཚུལ་ཡིད་ངོར་ཤར་པའི་དུས།།
བྲལ་བའི་ཨ་མ་འཁང་ར་སྐྱེས་ལ་ཁག་འདྲི་ཡང་ཡང་བྱེད་ན་འདོད།།
འོན་ཀྱང་ཁྱེད་རང་མཐོང་བའི་ཡུལ་དུ་མེད་པ་སེམས་སུ་དྲན་པའི་དུས།།
རང་ཉིད་གཅིག་པུས་ཨ་མའི་འཛུམས་མདངས་དྲོན་མོ་སེམས་སུ་སྒོམ་ལས་ཅི།།
སྐྱོ་བ་དང་ནི་གདུང་བ་སོགས་ཀྱིས་ཀུན་ནས་རྫོགས་པའི་ཉིན་མོ་དེ།།
ཉམ་ཆུང་ང་རང་གང་དང་གང་དུ་འཚོ་ཡང་བརྗེད་མེད་སྐྱོ་བའི་དོན།།
ཡལ་མེད་ཡིད་ཀྱི་མཁའ་དབྱིངས་ངོས་སུ་ཕངས་སེམས་སྦྲུམ་ནས་གསལ་བར་གདའ།།
བརྗེད་དཀའི་ཚུལ་དུ་སེམས་ཀྱི་གཞོང་བར་མི་འགྱུར་བརྟན་པོར་གནས་ཤིང་བཞུགས།།
གང་ལྟར་མིག་ཆུས་ཡོངས་སུ་ཁེངས་པའི་འདས་སོང་དགུན་ཁའི་ཉིན་མོ་སྟེ།།
ནུས་མེད་བུ་ཆུང་བདག་ལ་མཚོན་ན་ཤིན་ཏུ་སྐྱོ་བའི་དུས་སྐབས་ཤིག
ཇི་སྲིད་བདག་གི་ཤ་ཁྲག་ཕུང་པོ་མ་འཇིག་བར་དུ་སེམས་སྲུབ་ནས།།
ཡལ་བ་དང་ནི་བརྗེད་པ་ལ་སོགས་འབྱུང་བཞིའི་སྐྱོན་གྱིས་བསུབ་ཐབས་བྲལ།།
ཞན་ཆ།
བརྩེ་བའི་ཕྱུགས། བརྩེ་བའི་ཕྱུག། འཛུམས་མདངས། འཛུམ་མདངས། མ་འཇིག་པར་དུ། མ་འཇིག་བར་དུ། རབ་སྨད་ནས་རབ། རབ་སྨད་རིག་པ། བསུས་པར་དཀའ་བའི་འདས་དོན། བསུབ་པར་དཀའ་བའི་འདས་དོན། རབ་ཏུ་བལྟམས་པའི་ཁྱིམ་གཞི། རབ་ཏུ་གཏམས་པའི་ཁྱིམ་གཞི། ཇི་ཕྱིར་བཞུད། ཅིའི་ཕྱིར་བཞུད། ཅི་སྲིད་བདག་གི་ཤ་ཕྲག། ཇི་སྲིད་བདག་གི་ཤ་ཁྲག།