ངའི་དམིགས་ཡུལ།(ཨང་དང་པོ།)

བསོད་ནམས་བཟང་པོ། རྡ་སྟེང་བོད་ཁྱིམ།

༄༅།། སྐྱེ་བོ་ཚང་མར་ཕུགས་བསམ་གྱི་གཏད་སོ་རེ་ཡོད་ཅིང་ཕུགས་བསམ་དང་དམིགས་ཡུལ་དེ་དག་ནི་འབྱུང་འགྱུར་གྱི་བྱ་བཞག་ཁོ་ནར་དམིགས་པ་ཞིག་ཡིན།  དེ་ཡང་བཤད་རྒྱུན་དུ་མི་ལ་དམིགས་ཡུལ་མེད་ན་འགྲུལ་པ་ངེས་མེད་ལྟ་བུ་ཞིག་དང་འདྲ་བས་མི་ཆེ་ཆུང་ཚང་མར་དམིགས་ཡུལ་རེ་དགོས་གལ་ཆེ་བ་བཞིན་ཕྲན་ལ་ཡང་རང་གི་མི་ཚེའི་ནང་དམིགས་ཡུལ་ངེས་གཏན་ཞིག་ཡོད།
དམིགས་ཡུལ་ནི་འདས་ཟིན་པ་ཞིག་མ་ཡིན་པར་དེ་ནི་རྨི་ལམ་གྱི་རྒྱབ་ལྗོངས་འདྲ་བ་སྟེ། འབྱུང་འགྱུར་གྱི་བྱ་བཞག་ནང་རང་ངོས་ནས་གང་ཞིག་བྱེད་སྙམ་པའི་དམ་བཅའ་དང་རེ་སྣང་ལྟ་བུ་ཞིག་ཡིན། ངོས་ཀྱི་དམིགས་ཡུལ་ཡང་ངོ་མ་རྨི་ལམ་དང་འདྲ་ཞིང་རྨི་ལམ་འདིའི་མཇུག་འབྲས་ཇི་འདྲ་ཞིག་ཡིན་མ་ཤེས་རུང་ངོས་རང་རྒྱུན་དུ་རྨི་ལམ་འདིའི་ཞིང་ཁམས་ལ་རོལ་གྱིན་མཆིས། ཁོ་བོར་ཆུང་དུས་ནས་སློབ་སྦྱོང་བྱེད་པའི་སྐལ་བཟང་ཐོབ་ཅིང་སློབ་དཔོན་རྣམ་པའི་མཛུབ་སྟོན་འོག་འཇིག་རྟེན་འདིའི་ཤེས་བྱ་ཇི་སྙེད་ཅིག་ལ་ལོངས་སྤྱོད་བྱེད་པའི་བསྐལ་བ་ཐོབ་པས་ཉམས་མྱོང་དང་མཐོང་སྣང་དེ་དག་གི་ཁྲོད་ནས་མཐར་ཁོ་བོས་འབྱུང་འགྱུར་མི་ཚེའི་ནང་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ལས་དོན་ཞིག་བྱེད་བསམ་པའི་ཆོད་སེམས་སྐྱེས་ཏེ་དམ་བཅའ་དེ་རང་གི་སྙིང་ཁོངས་སུ་བཅངས།
ད་ལྟའི་ཆར་བོད་མི་རིགས་ལ་ཕྱི་ནང་གི་རིག་གནས་མང་པོ་ཞིག་དགོས་གལ་ཆེ་ཞིང་ལོ་རྒྱུས་ལ་ཕྱི་མིག་བལྟ་དུས་བོད་མི་རིགས་ཀྱིས་རང་ཉིད་རྒྱལ་ཁབ་གཞན་ལས་ལོགས་སུ་བསྡད་དེ་ཕལ་ཆེར་འབྲེལ་མེད་ལྟ་བུར་བསྡད་པ་ནི་ནོར་འཁྲུལ་ཡིན་པ་ལོ་རྒྱུས་ཀྱི་བདེན་དཔང་གསལ་པོ་བྱེད་ཀྱིན་ཡོད། ཚན་རིག་དང་འཕྲུལ་ཆས་སོགས་ལ་དེ་བས་སྡང་སེམས་བྱེད་ཅིང་དེ་ཚོ་ནི་ཕལ་ཆེར་མིའི་རིགས་ལ་སྡུག་བསྔལ་བསྐྲུན་པའི་གཞི་རྩ་ལྟ་བུ་ཞིག་ལ་ངོས་འཛིན་ཏེ་མི་རབས་མང་པོར་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ་ཁོ་ན་བཟུང་ཏེ་བསྡད་པས་འཛམ་གླིང་ནང་བོད་ཅེས་པ་ནི། ཤམ་བྷ་ལའམ་དབྱིན་ཇི་བ་ཚོས་ྔགྱརྐྱསྒྱགངགྲརྒརྐྱ ཞེས་བརྗོད་པ་ལྟར་འགྲོ་བ་མི་གཞན་དག་ལས་ཆེས་ཐ་དད་པའི་འདུ་ཤེས་འཛིན་པ་རེད། འོན་ཀྱང་དུས་ཚོད་དང་ཁོར་ཡུག་ཡོངས་སུ་འགྱུར་བ་དང་བོད་ཀྱི་རང་དབང་བཙན་འཕྲོག་བྱས་ཏེ་བཙན་བྱོལ་ལ་གྱར་དགོས་པའི་དུས་ཚོད་འདིའི་སྐབས་ང་ཚོར་བསླབ་བྱ་མང་པོ་ཞིག་དང་ཉམས་མྱོང་མང་པོ་ཞིག་རག་པས་ང་ཚོའི་འདས་པའི་ལོ་རྒྱུས་ནང་ལ་འཕྲད་ཟིན་པའི་དཀའ་རྙོག་མང་པོ་ཞིག་ད་ལྟའི་ཆར་སེལ་ནུས་པ་དང༌། སེལ་འོས་པ། སེལ་དགོས་པའི་གནས་དོན་དུ་མ་ཞིག་ལ་སེམས་ཏེ་ྋགོང་ས་མཆོག་ནས་ཀྱང་ག་དུས་ཡིན་རུང་ཕྱི་ནང་རིག་གནས་ཀུན་ལ་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་ཕེབས་ཀྱིན་ཡོད། དེ་ལྟར་ངོས་ནས་ཀྱང་ལས་དོན་དེ་ནི་ཧ་ཅང་གལ་ཆེ་བ་ཞིག་ལ་ངོས་བཟུང་སྟེ་བདག་གི་རེ་སེམས་འགྱུར་མེད་ཐོག་རང་གི་དམིགས་ཡུལ་དེ་ཕྱི་ནང་གཉིས་ཀར་མཁས་པའི་ལོ་ཙཱ་བ་ཞིག་བྱེད་རྒྱུའི་དམ་བཅའ་བཞག་པ་ཡིན།
བོད་ཀྱི་སྤྱི་ཚོགས་ནང་མེད་པའི་ཤེས་བྱ་ཇི་སྙེད་ཅིག་དང་བོད་ཀྱི་རིག་གཞུང་ནང་མེད་པའི་ལེགས་བྱང་མང་པོ་ཞིག་དབྱིན་ཡིག་ཐོག་ཡོད་པས་དེ་དག་ཕབ་སྒྱུར་གྱིས་བོད་ཡིག་གི་ལམ་ནས་བོད་ཀྱི་སྤྱི་ཚོགས་ནང་བཤམས་རྒྱུ་ནི་ལས་དོན་གལ་ཆེན་ཞིག་ཏུ་མཐོང༌། འོན་ཀྱང་ད་ལྟའི་ཆར་བོད་ཀྱི་སྤྱི་ཚོགས་ནང་དེ་ལྟ་བུའི་ལོ་ཙཱ་བ་ཞིག་དཀོན་པས་སློབ་གྲྭ་ཁག་གི་སློབ་དེབ་རྣམས་བོད་ཡིག་ཐོག་ཕབ་སྒྱུར་གྱིས་བོད་ཀྱི་རིག་གཞུང་བདག་གཅེས་བྱ་རྒྱུ་དང་ཕྱོགས་གཞན་ནས་ཕྱི་ཕྱོགས་ཀྱི་རིག་གནས་བསྡུ་ལེན་བྱ་རྒྱུའི་འཆར་གཞི་དེ་ཡང་ད་དུང་ལག་བསྟར་བྱེད་ཐུབ་ཀྱིན་མེད། བོད་སློབ་ཁག་གི་དམའ་རིམ་འཛིན་གྲྭའི་སློབ་དེབ་ཁག་གཅིག་ད་ལྟ་ཚོད་ལྟའི་ཚུལ་དུ་ཕབ་སྒྱུར་གྲུབ་ཡོད་ན་ཡང་གཙོ་ཆེ་འཛིན་རིམ་མཐོ་བའི་ཚན་རིག་སོགས་སློབ་ཚན་ཁག་གཅིག་གི་ཐ་ན་ཐ་སྙད་མ་འདང་བའི་དཀའ་ཁག་ཀྱང་ང་ཚོའི་ངོ་ཐོག་ཏུ་འཕྲད་དུས། དེ་ནི་ངེས་པར་དུ་སེལ་དགོས་པ་དང་འབད་རྩོན་བྱེད་དགོས་ཀྱི་གནད་དོན་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་ཞུས་ན་བོད་ཀྱི་རྩོམ་རིག་འདི་ཧ་ཅང་ཕུན་སུམ་ཚོགས་ཤིང་ཁུངས་བཙན་པ་ཞིག་ཡིན་ཀྱང་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་ནས་ད་བར་སུ་ཞིག་གིས་ཀྱང་འཛམ་གླིང་ནོ་ཝེལ་རྩོམ་རིག་གཟེངས་རྟགས་བཞེས་མ་ཐུབ་པ་ཅི་ཡིན་ནམ། དེ་ནི་བོད་ཀྱི་རྩོམ་རིག་རྣམས་འཛམ་གླིང་མི་མང་ལ་གསལ་སྟོན་བྱེད་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཉག་ཅིག་ཡིན། དེས་ན་རྩོམ་པ་པོ་འགས་བོད་ཀྱི་མཁས་པ་རྣམས་བག་ལེབ་འདྲ་པོ་ཞིག་ཏེ་གང་ནས་བཟས་ཀྱང་བྲོ་བ་གཅིག་པ་རེད་ཅེས་བརྗོད་པ་ལྟར་དུ་འགྱུར་འགྲོ། དེས་ན་ངོས་ཀྱི་དམིགས་ཡུལ་ནི་ཚད་དང་ལྡན་པའི་ལོ་ཙཱ་བ་ཞིག་ཏུ་འགྱུར་ཏེ་བོད་ཀྱི་གནས་ལྔ་རིག་པའི་བང་མཛོད་འཛམ་གླིང་མི་མང་གི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་གྱི་ལོངས་སྤྱོད་ལ་བསྐྲུན་རྒྱུ་འདི་ཡིན། ངོས་ནས་རང་གི་དམིགས་ཡུལ་འདི་འདྲ་ཞིག་ཡིན་ཞེས་བརྗོད་དུས་སྐྱེ་བོ་ལ་ལ་བཞད་གད་འཆོར་སྲིད་ལ། ལ་ལ་སྙིང་རྗེ་ཡང་སྐྱེ་སྲིད། གང་ལྟར་ཀྱང་ལས་འགན་འདི་བདག་གཅིག་པུར་འཁྲི་བ་ཞིག་མ་ཡིན་པར་ལས་འགན་འདི་ནི་བོད་མི་སྤྱི་དང༌། ལྷག་པར་ཤེས་ལྡན་ན་གཞོན་རྣམས་ཀྱི་དཔུང་པར་འཁེལ་བ་ཞིག་ཡིན་དུས་ངས་རང་གི་དམིགས་ཡུུལ་དེ་འགྲུབ་ཐུབ་ན་ཨང་སྙམ་པའི་རེ་སྣང་རྟག་ཏུ་འཆར།
ངས་རང་གི་དམིགས་ཡུལ་འདི་རླབས་ཆེན་པོ་ཞིག་ཡིན་ཞེས་བརྗོད་རྒྱུ་མིན་ཀྱང་ལས་དོན་འདི་བོད་མི་རིགས་ལ་ཁ་ཚ་དགོས་གཏུགས་ཤིག་ཡིན་པས་ང་དང་འདྲ་བ་དམིགས་ཡུལ་འདིའི་ཐོག་བསྐྱོད་མཁན་ཡོད་ཚེ། ང་ཚོས་ལག་པ་ལག་པ་སྦྲེལ་ཏེ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཆོག
སྨྲས་པ།
ལུགས་གཉིས་སྲོལ་ལྡན་བྷོ་ཊའི་ཞིང་ཁམས་ཀྱི། །སྐད་གཉིས་སྨྲ་བའི་ལོ་ཙཱ་བྱེད་འདོད་བདག།།བློ་སེམས་གཅིག་ཏུ་འབད་པས་འབུངས་འགྱུར་ན། །རེ་བའི་རྨི་ལམ་མངོན་འགྱུར་ཡོང་བར་ཤོག།

ཞན་ཆ།   

ཐ་སྙད་མ་གདེང་བའི། ཐ་སྙད་མ་འདང༌།  ཁུངས་བརྟན་པ་ཞིག། ཁུངས་བཙན་པ། ལོངས་སྤྱོད་པ་སྤྲུན་རྒྱུ། ལོངས་སྤྱོད་པ་བསྐྲུན་རྒྱུ། ཆེད་སེམས་སྐྱེས་ཏེ། ཆོད་སེམས་སྐྱེས་ཏེ། ལོ་རྒྱུས་ཀྱི་བདེན་དཔངས། ལོ་རྒྱུས་ཀྱི་བདེན་དཔང༌། ངོས་འཛིན་ཏེ། ངོས་བཟུང་སྟེ། ལོ་ཙྭ་བ། ལོ་ཙཱ་བ།

ངའི་དམིགས་ཡུལ།(ཨང་དང་པོ།)

བྱམས་པ་བཀྲ་ཤིས། ཊལ་ཧོར་གཏན་སློབ།

༄༅། །སློབ་ཕྲུག་ཞིག་ལ་ཆ་མཚོན་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་དམིགས་ཡུལ་བཟང་པོ་ཞིག་ངེས་པར་དུ་དགོས་གལ་ཆེ། དམིགས་ཡུལ་བཟང་པོ་དེ་སྒྲུབ་པར་བྱེད་པ་ལ་ཡང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་དང་སྔོན་བྱོན་མཁས་དབང་རྣམས་ཀྱི་རྗེས་སུ་འཇུག་པ་ནི་དམིགས་ཡུལ་བཟང་པོ་དེ་སྒྲུབ་པར་བྱེད་རྒྱུའི་ཐབས་ལམ་གལ་ཆེ་ཤོས་དེ་ཡིན། དེར་བརྟེན་མ་འོངས་པར་མདུན་ལམ་མམ་དམིགས་ཡུལ་བཟང་པོ་ཞིག་དགོས་པ་ལ་གོང་དུ་ཞུས་པའི་ཆ་རྐྱེན་དེ་དག་མེད་དུ་མི་རུང་བ་ཞིག་ཡིན། ཁོ་བོའི་དམིགས་ཡུལ་ནི་ཆུང་བྱིས་པའི་དུས་ནས་སློབ་སྦྱོང་ལ་སྦྱང་བརྩོན་ལྷོད་མེད་བྱས་ཏེ་བརྩོན་འགྲུས་ཅན་གྱི་རྡོ་ལ་ཨི་ཁུང་འབིགས་ཐུབ་ཞེས་པའི་དཔེ་བཞིན་མ་འོངས་པར་བོད་ལྗོངས་སླར་གསོ་དང༌། འདི་ཕྱི་གཉིས་ཀྱི་སྐྱབས་གནས་ྋགོང་ས་ཡིད་བཞིན་ནོར་བུ་ཆེན་པོ་མཆོག་གི་བཀའ་སློབ་ལ་དད་གུས་ངང་མིག་དཔེ་བལྟ་འོས་པའི་མིང་དོན་མཚུངས་པའི་མི་སྣ་ཞིག་བྱེད་རྒྱུའི་དམིགས་ཡུལ་བཟང་པོ་དེ་ཡིན། སྤྱིར་བཏང་དམིགས་ཡུལ་དེ་ཡིན་ཞེས་བརྗོད་པ་ཙམ་མ་ཡིན་པར། དོན་དངོས་ཐོག་ལག་ལེན་ཡང་དག་པ་ཞིག་འཁྱེར་དགོས་པ་དང་མ་ཟད། བོད་མི་ཞིག་གི་ངོས་ནས་བཤད་ན་བོད་ལྗོངས་སླར་གསོ་བྱེད་རྒྱུའི་དམིགས་ཡུལ་ཞིག་དགོས་པ་ནི་ཤིན་ཏུ་ནས་གལ་གནད་ཆེ་བ་ཞིག་ཡིན། ཁོ་བོར་ཆ་བཞག་ན་རྒྱུན་དུ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞལ་ལ་ཉན་པོ་དང་སློབ་སྦྱོང་བྱེད་པའི་རིང་ལ་ཡང་དམིགས་ཡུལ་དེ་དག་ཡིད་ལ་བཅངས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་ཡོད། གཞན་ཡང་དམིགས་ཡུལ་བཟང་པོ་དེ་དག་བསྒྲུབ་པ་ལ་གྲོགས་བཟང་པོ་དང་མཉམ་དུ་འགྲོ་དགོས་ངེས་ཡིན། དཔེར་ན། བཟང་པོའི་ཞོར་ལ་ཇ་ཆང་དང་ངན་པའི་ཞོར་ལ་རྒྱུགས་བརྡུང་ཟེར་བའི་དཔེ་ལྟར་གྲོགས་བཟང་པོ་དང་ལྷན་དུ་གནས་དགོས་པ་དེ་ཡང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། གནའ་བོའི་བོད་ཀྱི་གཏམ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཞེས་པ་ལྟར་སོ་སོར་ཤེས་འཇོན་ཡང་དག་པ་ཞིག་ཡོད་ཚེ་དགའ་ལྡན་ཁྲི་ལ་བདག་པོ་མེད་པ་བཞིན་རང་ཉིད་ཀྱིས་ཀྱང་སྲིད་འཛིན་དང་སྲིད་བློན་སོགས་བྱེད་ཆོག་པའི་གོ་སྐབས་ཡོད། གལ་ཏེ་སློབ་སྦྱོང་བྱེད་པའི་རིང་དམིགས་ཡུལ་བཟང་པོ་ཞིག་མེད་ཚེ་སློབ་སྦྱོང་སྤུས་དག་པོ་ཞིག་ཤེས་རྒྱུ་ལྟ་ཅི་མི་ཚེ་ཡང་དག་པ་ཞིག་ཡོང་ག་ལ་ཐུབ། དེར་བརྟེན་དམིགས་ཡུལ་ཞིག་དང་ལྷན་གཅིག་སློབ་སྦྱོང་ཡང་དག་པ་ཞིག་བྱེད་དགོས་པ་ནི། ཁོག་པའི་སྙིང་ལྟར་ངེས་པར་དུ་དགོས་པའི་ཆ་རྐྱེན་ཞིག་ཡིན། གཞན་ཡང་སློབ་སྦྱོང་བྱེད་པའི་རིང་ཁྲལ་ཙམ་མ་ཡིན་པར་དོན་དངོས་ཐོག་སློབ་སྦྱོང་ལ་བརྩོན་པ་ལྷོད་མེད་བསྟེན་དགོས་པ་ཡིན། དཔེར་ན་ས་ལེགས་ལས། རིག་པ་ནང་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཡང༌།། སྐྱེ་བ་ཕྱི་མ་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་གསུངས་པ་དེར་སང་ཉིན་འཆི་མཁན་གྱི་མི་ཞིག་ཡིན་ན་ཡང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་བསྟན་པ་བཞིན། གལ་ཏེ་གོང་དུ་བྲིས་པའི་ས་ལེགས་ཀྱི་ཚིགས་བཅད་བཞིན་ལག་ལེན་བསྟར་བ་ཡིན་ན་འགྲན་དུ་མེད་པའི་མི་སྣ་ཞིག་ཆགས་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་ཡིན། མ་ཟད་ཁོ་བོས་བཅངས་པའི་དམིགས་ཡུལ་བོད་ལྗོངས་འཛུགས་སྐྲུན་ནམ་སླར་གསོ་བྱེད་རྒྱུའི་དམིགས་ཡུལ་དེ་ནི་དངོས་གནས་སྐར་ཆ་ནས་སྐར་ཆ། སྐར་མ་ནས་སྐར་མ། ཆུ་ཚོད་ནས་ཆུ་ཚོད། ཉིན་རེ་ནས་ཉིན་རེ། བདུན་ཕྲག་ནས་བདུན་ཕྲག། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བར་དྲན་དགོས་པའི་དམིགས་ཡུལ་ཞིག་ཡིན། གང་ཡིན་ཞེ་ན། ཁོ་བོ་ནི་ཆུང་ངུ་བྱིས་པའི་དུས་ནས་ཕ་མེད་བུ་ཕྲུག་ཞིག་ཡིན་ཞིང༌། ཆུང་དུས་ནས་ྋགོང་ས་མཆོག་དང་རྒྱ་བོད་དབུས་གཞུང་གཉིས་ཀྱི་བཀའ་དྲིན་འོག་བོད་གཞུང་སློབ་གྲྭའི་ནང་སློབ་ཡོན་ཕྲན་བུ་ཞིག་ལས་སྤྲོད་མི་དགོས་པའི་ཐོག་ཞལ་ལག་དང་སློབ་གྲྭའི་སྒྲིག་ཆས་སོགས་ཐ་ན་སྨྱུ་གུ་ཞིག་ཡིན་ན་ཡང་་སློབ་གྲྭའི་ངོས་ནས་གནང་གི་ཡོད་པ་སོགས། མདོར་ན། སློབ་གྲྭ་དེ་ཁོ་བོའི་སྲོག་ལས་གཅེས་པའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཡིན། ད་ལྟ་ཡིན་ན་འང་ཕྱོགས་བཞི་མཚམས་བརྒྱད་གང་ནས་བལྟས་ཀྱང་ཡོད་ཚད་ནི་སློབ་གྲྭ་དེ་ནས་བྱུང་བ་ཤ་སྟག་ཡིན། གལ་ཏེ་བོད་གཞུང་སློབ་གྲྭ་དེ་དག་མེད་ཚེ་ཁོ་བོ་ནི་སྤྲང་འཁྱམས་པ་བཞིན་ཅི་བྱེད་འདི་བྱེད་མེད་པའི་མི་ཞིག་ཆགས་བསྡད་ཡོད་ཤས་ཆེ། མདོ་དོན་གུས་པས་ཕྱིར་མིག་ཞིག་བལྟས་པའི་ཚེ་སློབ་གྲྭ་དེ་དག་ནི་བརྩེ་བའི་ཨ་མ་བཞིན་ཡིད་ལ་ཁྲ་ལྷམ་མེར་འཆར་པ་ཞིག་ཡིན། དེར་བརྟེན་མ་འོངས་པར་རང་གཅེས་འཛིན་གྱི་དམིགས་ཡུལ་ངན་པ་དེ་དག་དོར་ནས་ཆོས་ལྡན་བོད་ལྗོངས་ཀྱི་མི་རིགས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་དོན་དུ་རང་སྲོག་བློས་བཏང་སྟེ་རང་དབང་བསྐྱར་ལེན་དང་མ་ཟད་མ་འོངས་པར་བོད་གཞུང་སློབ་གྲྭ་དེ་དག་གི་ཞབས་འདེགས་ཀྱང་ཡང་དག་པ་ཞིག་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད། གཞན་ཡང་ྋགོང་ས་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་དབུ་མའི་ལམ་གྱི་ཐོག་ནས་གངས་ལྗོངས་ཆོས་ལྡན་རྒྱལ་ཁབ་ཀྱི་རྩ་ཆེར་འཛིན་པའི་ནང་ཆོས་དེ་དག་ལ་ཡང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱས་ཏེ་རྒྱལ་ཁབ་གཞན་དང་འདྲ་མཉམ་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་མི་རིགས་གཞན་གྱི་རྒྱལ་དར་དང་ལྷན་ཅིག་ཏུ་བོད་མི་རིགས་ཀྱི་རྒྱལ་དར་གངས་སེང་གཉིས་མགོ་ཅན་དེ་ཡང་ལྷབ་ལྷུབ་ཏུ་གཡོ་བཞིན་པ་སོགས་ཀྱི་བློ་སེམས་ཤུགས་དྲག་ཅན་གྱི་དམིགས་ཡུལ་བཟང་པོ་ཞིག་བཅངས་ཡོད། དེར་བརྟེན་སྤུན་གྲོགས་ཕོ་གཞོན་མོ་གཞོན་རྣམས་ལ་གོང་དུ་བྲིས་པའི་ཁོ་བོའི་དམིགས་ཡུལ་དེ་བཞིན་ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་ཡིད་ལ་བཅངས་ཏེ་སྤུན་གྲོགས་རྡོག་རྩ་གཅིག་བསྒྲིལ་དང་དགྲ་བོ་རྒྱ་དམར་ལ་ཕར་རྒོལ་བྱས་ཏེ་མི་རིང་བར་སྐྱིད་པའི་ཉི་མ་ཤར་ཐུབ་པའི་འབད་བརྩོན་གནང་དགོས། མཐའ་དོན་ཁོ་བོས་རྩོམ་ཐུང་དེའི་མཇུག་ཏུ་ཁོ་བོའི་དམིགས་ཡུལ་བཟང་པོ་དེ་དངོས་སུ་བསྒྲུབ་ཐུབ་པ་དང༌། གཞན་ཡང་གནམ་བསྐོས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་སྲིད་ཀྱི་མངའ་ཐང་ཡུན་དུ་གནས་པ་དང༌། བོད་མི་རྣམས་གཞིས་བྱེས་མཉམ་འཛོམས་བྱུང་སྟེ་རང་དབང་དགའ་བདེའི་དཔལ་ལ་རོལ་སྟེ་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་ྋགོང་ས་མཆོག་བཞུགས་ཏེ་བོད་མི་རྣམས་ལ་ངོ་མཚར་ཅན་གྱི་བཀའ་སློབ་ལམ་སྟོན་གནང་རྒྱུ་ཡོང་བའི་སྨོན་ལམ་དང་སྦྲགས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་མཛད་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་གི་ཡིན།

བོད་རྒྱལ་ལོ།

ཞན་ཆ། 

དམིགས་ཡུལ་བཟང་པོ་དེ་བསྒྲུབས་པར་བྱེད་ལ། དམིགས་ཡུལ་བཟང་པོ་དེ་སྒྲུབ་པར་བྱེད་པ་ལ༌། ཁོ་བོའི་སྲོགས་ལས་གཅེས་པའི། ཁོ་བོའི་སྲོག་ལས་གཅེས་པའི། ཡན་ན་ཡང༌། ཡིན་ནའང༌།

ངའི་དམིགས་ཡུལ།(ཨང་གཉིས་པ།)

རྣམ་རྒྱལ་བཀྲ་ཤིས། བྷེལ་ཀོབ་བོད་ཁྱིམ།

༄༅། །ངས་དམིགས་ཡུལ་ཞེས་པ་ནི་རང་ཉིད་ཀྱི་སེམས་ནང་བཅངས་ཟིན་པའི་མ་འོངས་མི་ཚེའི་མདུན་ལམ་ཞིག་ལ་ངོས་འཛིན་གྱི་ཡོད། དེ་འདྲ་བའི་དམིགས་ཡུལ་འཛིན་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན༑ རང་ཉིད་ཀྱིས་དམིགས་ཡུལ་ཞིག་ཟིན་པའི་རྐྱེན་གྱིས་དེ་དང་དཔག་པའི་འབད་བརྩོན་བྱས་པས་མ་འོངས་པར་སྤྱི་ཚོགས་ནང་དུ་ལས་ཀ་བྱེད་དུས་རང་ཉིད་ཀྱིས་ཡང་དག་པའི་ངང་བྱེད་ཐུབ་པ་དང་ལས་ཀ་བྱེད་འདོད་ཀྱི་བློའང་སྐྱེ་ངེས་ཡིན། དམིགས་ཡུལ་ཟེར་བ་དེར་མཐོ་དམན་ཡོད་ལ། བཟང་ངན་ཡང་ཡོད། བྱ་རེ་ལ་གྲོ་རེ། མི་རེ་ལ་བསམ་པ་རེ་ཟེར་བ་ལྟར་མི་ཚང་མའི་དམིགས་ཡུལ་གཅིག་མིན། འགའ་ཞིག་ནི་སྲིད་འཛིན་དང་འགའ་ཞིག་ནི་སྨན་པ། ཡང་འགའ་ཞིག་ནི་དགེ་རྒན་ལ་སོགས་པ་རང་ཉིད་ཀྱི་འདོད་པ་དང་བསྟུན་ཏེ་དམིགས་ཡུལ་འཛིན་གྱི་ཡོད། དེ་ལྟར་ན་ཡང་དམིགས་ཡུལ་ཟིན་པ་ཙམ་མིན་པར་གང་ཟིན་པའི་དམིགས་ཡུལ་དེ་མཐོ་དམན་གང་ཡིན་རུང་བཟང་པོ་ཞིག་དགོས་པ་དང་དེ་དངོས་སུ་འགྲུབ་ཕྱིར་འབད་བརྩོན་ལྷོད་མེད་བྱ་དགོས། སོ་སོའི་མི་ཚེའི་ནང་དམིགས་ཡུལ་ངན་པ་ནམ་ཡང་འཛིན་མི་ཉན། གང་གིས་ན་གལ་ཏེ་མ་འོངས་པ་ན་དམིགས་ཡུལ་དེ་སྒྲུབ་པའི་དབང་དུ་བཏང་ན་དེ་འདྲའི་དམིགས་ཡུལ་བཅངས་པའི་མིས་རང་ཉིད་ཀྱི་དོན་འགྲུབ་ཕྱིར། རང་དོན་འགྲུབ་ན་ཆ་ལུགས་ངན་ཀྱང་ངན།། ཟས་ཞིམ་པོ་བྱུང་ན་བཟས་ནས་ཤི་ཡང་ཤི།། ཟེར་བའི་དཔེ་ལྟར་འཇིག་རྟེན་ཚུལ་ལུགས་དང་མི་མཐུན་པའི་བྱ་བ་བྱས་པས་གཞན་ལ་གནོད་འབའ་ཞིག་སྐྱེལ་བ་དང་སྤྱི་ཚོགས་ལ་མི་ཕན་པའམ་གནོད་སྐྱེལ་བའི་བྱ་བ་ཁོ་ན་བྱེད་སྟབས། དེ་ལ་བརྟེན་ནས་སྤྱི་ཚོགས་དེ་ཚགས་ཚུགས་མི་ཡོང་བ་དང༌། དེ་ན་གནས་པའི་མི་རྣམས་ལ་ཞི་བདེ་དང་བག་ཕེབས་མི་ཡོང༌། དེར་བརྟེན་དམིགས་ཡུལ་བཟང་པོ་འཛིན་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། དམིགས་ཡུལ་བཟང་པོ་བཟུང་པའི་མི་དེའི་དམིགས་ཡུལ་སྒྲུབ་ཚེ་མི་དེས་རྟག་ཏུ་ལས་བཟང་པོ་བྱེད་པ་དང་སྤྱི་ཚོགས་སམ་གཞན་ལ་ཕན་ཐོགས་ཀྱང་རུང་མི་ཐོགས་ཀྱང་རུང་གནོད་ནམ་ཡང་སྐྱེལ་མི་སྲིད། དེ་འདྲའི་དབང་གིས་གཞན་ལྟ་ཅི། རང་ཉིད་ལའང་ཞི་བདེ་དང་བག་ཕེབས་ཡོང་གི་ཡོད། ཁོ་བོར་མཚོན་ན་འཛིན་གྲྭ་ཆུང་དུས་སྐབས་བསམ་བློ་རྒྱ་ཆེན་མི་འཁོར་བར་སྣང་བ་སྐྱིད་པོ་ཁོ་ན་བྱེད་པ་དང་རང་ཉིད་ཀྱི་མི་ཚེའི་མདུན་ལམ་ཐད་བསམ་བློ་བཏང་མ་མྱོང༌། ཡིན་ཡང་འཛིན་གྲྭ་མཐོ་རུ་སླེབས་པ་དང་བསམ་བློའི་ཆུ་ཚད་ཀྱང་ཕྲན་བུ་ཆེ་རུ་བསྐྱོད་པས་གཞི་ནས་དམིགས་ཡུལ་འཛིན་རྒྱུ་ནི་གལ་ཆེན་པོ་ཡིན་པ་ཤེས་སོང༌། ངའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྟག་ཏུ་གསུངས་གསལ་ལ། རང་ཉིད་ཀྱི་མི་ཚེའི་ནང་དམིགས་ཡུལ་བཟང་པོ་ཞིག་འཛིན་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་གང་བཟུང་པའི་དམིགས་ཡུལ་དེ་སྒྲུབ་ཚེ་གཞན་ལ་ཕན་ཐོགས་ལེགས་ཤོས་དང་དེ་མི་ནུས་ན་གཞན་ལ་གནོད་མི་རུང་ཞེས་ཡང་ཡང་གསུངས་གནང་གི་ཡོད། དེར་བརྟེན་ངས་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་སློབ་རྣམས་རང་ཉིད་ཀྱི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་བཞིན་བཅངས་ཏེ་ངའི་དམིགས་ཡུལ་དང་དཔག་པའི་སློབ་ཚན་ཐོག་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། དེ་ཡང་ངོས་ཀྱི་དམིགས་ཡུལ་ནི་མ་འོངས་པར་བོད་ཡིག་དགེ་རྒན་ཞིག་བྱ་འདོད་ཡོད། གང་ལགས་ཞེ་ན། ངས་ཞིབ་མོར་བསམ་གཞིགས་བྱེད་དུས་བོད་ཡིག་སློབ་ཚན་ནི་ངའི་སློབ་ཚན་ལས་སླ་ཤོས་ཡིན་པ་དང་ཤེས་མྱུར་བ་ཞིག་ཀྱང་ཡིན། དེས་མི་ཚད་བོད་ཡིག་སློབ་ཚན་གྱི་སྐབས་སུ་ངའི་སེམས་ནང་རང་བཞིན་གྱིས་དགའ་ཚོར་སྐྱེས་པ་དང་གང་མང་ཤེས་འདོད་ཀྱི་བློའང་སྐྱེ་གི་འདུག ཡིག་ཚད་ཀྱི་དུས་སུའང་སློབ་ཚན་ཚང་མའི་ནང་ནས་བོད་ཡིག་སློབ་ཚན་ལ་བརྒྱ་ཆ་ལེགས་ཤོས་ལེན་ཐུབ་པའོ། །ཡང་བསམ་བློ་རྒྱ་ཆེར་བསྐྱོད་པ་ན་དེང་དུས་རྒྱ་གར་དུ་ཡོད་པའི་བོད་ཕྲུག་ཚོས་སློབ་ཚན་གཞན་ལ་དགའ་སྣང་བྱེད་པ་དང་བོད་ཡིག་ལ་དོ་སྣང་དེ་ཙམ་མེད་པས་གནས་ཚད་ཀྱང་མི་ལོན་པར་བརྟེན་རང་རེའི་རིན་ཐང་བྲལ་བའི་སྐད་ཡིག་ནི་རིམ་པས་ཉམས་འགྲོ་བ་དང་ནམ་ཞིག་མི་རིགས་ཀྱི་ངོ་བོ་ཡང་བརླག་ངེས་སྙམ། དེར་བརྟེན་ངས་དུས་རྟག་ཏུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡང་དགེ་བའི་བཤེས་གཉེན་རྣམས་ཀྱི་གཞལ་དུ་མེད་པའི་བཀའ་དྲིན་རྣམས་བསབ་པའི་ཕྱིར་རང་དོན་གྱི་དྲི་མ་དོར་ཏེ་གཞུང་ལ་ཞབས་འདེགས་ཞུ་བ་དང༌། གཞན་གྱི་དོན་དུ་དུས་ད་ལྟ་ནས་དམིགས་ཡུལ་ལ་དཔག་པའི་སློབ་ཚན་ནམ་བོད་ཡིག་སློབ་ཚན་ཐད་ཟས་བརྗེད་གཉིད་བཅག་གི་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྩོན་པར་བྱ་རྒྱུ་ཡིན།།
ཞན་ཆ།    ཚགས་ཚུབ། ཚགས་ཚུགས། ཡང་འགོས། ཡང་སྒོས། དམིགས་ཡུལ་ཅེས་པ་ནི། དམིགས་ཡུལ་ཞེས་པ་ནི། དམིགས་ཡུལ་ཟིན་གྱི་ནི། དམིགས་ཡུལ་འཛིན་རྒྱུ་ནི། དེ་འདྲའི་དབང་གི། དེ་འདྲའི་དབང་གིས། བློའང་སྐྱེས་ངེས་ཡིན། བློའང་སྐྱེ་ངེས་ཡིན། ཟིན་མི་ངན། འཛིན་མི་ཉན། ཁོ་ན་གྱིས་མོད། ཁོ་ན་བྱེད་སྟབས། དམིགས་ཡུལ་དང་དཔགས་པའི། དམིགས་ཡུལ་ལ་དཔག་པའི། ཟས་བརྗིད་གཉིད་བཅག ཟས་བརྗེད་གཉིད་བཅག

ངའི་དམིགས་ཡུལ།(ཨང་གཉིས་པ།)

བསྟན་འཛིན་འཇམ་དབྱངས།

༄༅། །ཕྱག་ན་པདྨོ་ལ་ན་མོ། སྤྱིར་གང་ཟག་སྤྱི་ལ་དམིགས་ཡུལ་མཆིས་ཞིང༌། དམིགས་ཡུལ་ལའང་གང་ཟག་རང་ཉིད་ལ་ཕན་པའི་དམིགས་ཡུལ་ཞིག་དང༌། སྤྱི་དོན་ལ་འབད་པའམ་གཉེར་བའི་དམིགས་ཡུལ་བཅས་ཡོད། དམིགས་ཡུལ་ཞེས་པ་ནི་སྐྱེ་བོ་སུ་ཡིན་རུང་དེའི་འབྱུང་འགྱུར་གྱི་དམིགས་སའི་ཡུལ་ཞིག་ཡིན་པར་བདག་གིས་ངོས་འཛིན་བྱེད། གལ་སྲིད་རང་གིས་དམིགས་ཡུལ་བརྟན་པོ་ཞིག་མ་བཟུང་ན་མི་ཚེར་དགྲ་གཉེན་མགོན་གསུམ་གྱི་རྣམ་དབྱེ་ངོས་འཛིན་འཕྱུག་པས་རང་གི་མི་ཚེ་ཆུད་ཟོས་སུ་འགྲོ་སྲིད།
ཨ་རི་དང་ཡར་ཐོན་རྒྱལ་ཁབ་ཁག་ལ་རང་ཉིད་ལྟོ་གོས་འཁྱོལ་ཐབས་ཀྱི་ཆེད་དུ་རང་དང་རང་གི་ནང་མི་ཙམ་མ་གཏོགས་གཞན་ཕན་བསམ་པ་ཡུལ་དུ་མེད་པ་ནི་ཤིན་ཏུ་ཐབས་རྡུགས་པོའི་གནས་ཚུལ་ཡིན། མ་ཟད་དེང་སྐབས་སྤྱི་དོན་བསམ་པ་གྲུ་ནང་བཞིན་ནི་ཤིན་ཏུ་དཀོན།
གུས་པ་བདག་ལ་ཆ་བཞག་ན་ངའི་དམིགས་ཡུལ་ནི་ད་ལྟའི་བོད་ཡུལ་མུན་གླིང་འདི་རྒྱ་ནག་དམར་པོའི་འཆིང་རྒྱ་ལས་བཀྲོལ་རྒྱུ་དེ་ཡིན། ད་ལྟ་ངས་གོང་དུ་བརྗོད་པའི་དམིགས་ཡུལ་འདི་ནི་རང་ཅག་བོད་ཀྱི་ཁ་རྒྱུན་དུ་ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ལྟར་ཆགས་ཡོད་ཀྱང་ངའི་བསམ་ཚུལ་ལ་ལག་ལེན་ཞེས་པ་དེ་རྐང་ལག་རྣམས་དཀྲུག་པ་དེ་མིན་རང་སྲོག་བློས་གཏོང་བ་དང་སྐད་འབོད་དྲག་པོས་བོད་རང་བཙན་བརྩོན་པ་ནི་ཉི་མའི་འོད་ཟེར་སྦར་མོས་མི་ཁེབས་པའི་ངང་ཚུལ་ལྟར་ཡིན། འདི་ནི་བོད་པ་རྒྱལ་ཞེན་དང་ལྡན་པ་རྣམས་ཀྱི་རྣ་ལམ་དུ་ཡིད་འོང་ཞིག་མིན་ནའང་འདི་དངོས་ཡོད་གནས་ཚུལ་ཡིན། རྒྱ་མིའི་མངའ་ཐང་འོག་བོད་ཀྱི་རང་བྱུང་རྒྱུ་ནོར་དང་ངོ་མཚར་ཅན་གྱི་རང་བྱུང་བཀོད་པ་ཙམ་མིན་པར། གཞིས་ལུས་བོད་འབངས་རྣམས་ཀྱང་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཐ་ཞན་དུ་གྱུར་ཡོད་པ་ནི་མ་བགྲོས་བསམ་པ་གཅིག་མཐུན་གྱི་ལྟ་བ་རེད།
བོད་པ་ནི་ཕན་ཚུན་དམ་ཚིག་ལ་རྒྱ་འོ་ཆུ་གཅིག་འདྲེས་ལྟར་གནས་ཤིང༌། ཆོས་སེམས་ཆེ་བ། སེམས་པ་བཟང་ལ་ངང་རྒྱུད་རིང་བ་བཅས་ལྡན་པ་འདི་ལ་རྒྱ་མིས་མི་བཟོད་པར་བོད་ཀྱི་ཆོས་དང་རིག་གཞུང་སོགས་བརྩི་མེད་རྡོག་རོལ་ཏུ་བཏང་དང་གཏོང་བཞིན་ཡོད། དེའི་སྟེང་རྒྱ་ནག་གིས་འཛུམ་པའི་བཞིན་དང་དཀར་བའི་སོ་བསྟན་ཏེ་མི་བདེན་བདེན་བརྫུ་དང༌། མི་བཟང་བཟང་ཁུལ་དྲིལ་བསྒྲགས་བྱེད་བཞིན་ཡོད།
ལྔ་བཅུ་ང་དགུའི་ལོ་ནས་བཟུང་རྒྱ་མི་ཀླ་ཀློ་ཡིས་གཞིས་ལུས་བོད་མི་རྣམས་ལ་དམྱལ་བ་མནར་མེད་ལྟར་གདུག་རྩུབ་དང་བརྙས་བཅོས་བྱས་དང་བྱེད་བཞིན་ཡོད། དཔེར་ན། ཆོས་དད་རང་མོས་མེད་པ། ཆབ་སྲིད་ཐོག་རྩོད་མཁན་རྣམས་ལ་ཚབས་ཆེའི་ཉེས་ཆད། སྐྱེད་མར་རང་ལ་ཕྲུ་གུ་སྐྱེ་ཚད་ཚོད་འཛིན། སེར་མོ་བ་རྣམས་ལ་དམིགས་བསལ་གྱི་སྡང་སེམས་སོགས་བྱེད་ཐབས་བྲལ་བའི་གཞིས་ལུས་བོད་འབངས་རྣམས་ཀྱིས་མྱངས་དང་མྱོང་བཞིན་ཡོད།
གོང་གི་རྒྱུ་མཚན་རྣམས་ལ་གཞིགས་ནས་ངས་དམིགས་ཡུལ་འདི་བཟུང་བ་ཡིན། རྒྱ་མིས་ཚུར་དྲག་པོའི་སྒོ་ནས་སྤྱོད་པ་བསྟན་པ་འདི་ལ་རང་ཅག་ཁ་བ་རི་བས་ཀྱང་དྲག་པོའི་སྒོ་ནས་ལན་སློག་པ་ཡིན་ན་ཕ་བྱང་ཆུབ་སེམས་པའི་རིགས་བརྒྱུད་ལས་བྱུང་བའི་བོད་མི་རྣམས་དང༌། ཀླ་ཀློ་རྒྱ་མིའི་བར་ཁྱད་པར་ཅི་ཆགས་སོང༌། དེ་འདྲ་སོང་ཙང་བདག་གི་འཐབ་རྩོད་འདི་དྲག་པོའི་དབང་གིས་མིན་པར་རང་ཉིད་བློ་རྒྱ་ཤེས་རིག་ལ་གཉེར་རྒྱུ་དེ་ཡིན།
ྋགོང་ས་མཆོག་ཐོག་མར་བོད་ནས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་དུ་ཕེབབ་དུས་རྒྱ་གར་གི་སྲིད་བློན་ནེ་ཧེ་རུ་མཆོག་དང་མཇལ་འཕྲད་དང་བཀའ་མོལ་བྱུང་དུས། བྲོས་འབྱོར་བོད་ཕྲུག་གི་ཆེད་སློབ་གྲྭ་འཛུགས་དགོས་པའི་དགོངས་པ་ཐོག་མ་འདི་བཞེས་པ་རེད། སློབ་གྲྭ་དེ་ཡང་གྲི་རྩལ་དང་མཚོན་ཆའི་སློབ་སྦྱོང་དང༌། མི་གསོད་ཁྲག་སྦྱོར་གྱི་སློབ་སྦྱོང་སྤྲོད་པའི་ཆེད་དུ་མིན་པར་བོད་ཕྲུག་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གྱིས་བརྒྱན་པའི་ཆེད་བཙུགས་ཏེ་འབྱུང་འགྱུར་བོད་ཕྲུག་དེ་ཚོ་ཡུལ་མི་དང༌། རྒྱལ་ཁབ་གཞན་གྱི་མི་འབོར་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་གོམ་པ་སྤོ་བའི་དམིགས་ཡུལ་ཞིག་བཟུང་ནས་སློབ་གྲྭ་རྣམས་བསྐྲུན་པ་རེད། ྋགོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཟབ་མོ་འདི་ལ་བརྟེན་ནས་ད་ལྟ་བཙན་བྱོལ་བོད་མིའི་གནས་ཚད་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་གྱི་ཡུལ་མི་རྣམས་ལས་མཆོག་ཏུ་མི་འགྱུར་ནའང་དམན་པ་ནི་རྩ་བ་ཉིད་ནས་མིན། ྋགོང་ས་མཆོག་དང་རྒྱ་གར་གཞུང་གི་རོགས་མགོན་འདི་ལ་བརྟེན་ནས་བོད་མི་ཡིས་མི་འགྲུབ་པའི་ལས་ཀ་ཧ་ལམ་མེད་ཞེས་བརྗོད་ན་མི་འགྲིགས་པ་མེད། ད་ལྟ་ང་ཚོ་བོད་གཞུང་སྐུ་ཚབ་བོད་ལ་ཞབས་སོར་འཁོད་པ་རྣམས་ནས་བོད་དུ་ལྟ་སྐོར་དང་དཔོན་རིགས་ཆེ་ཁག་མཉམ་དུ་བཀའ་མོལ་བཅས་ལས་གྲུབ་འབྲས་འདི་ཡིན་ཞེས་པ་བྱུང་མོད་ཀྱང༌། དྲག་པོའི་ལམ་ལ་འཇུག་པའི་འཐབ་རྩོད་ཀྱི་གྲུབ་འབྲས་ལས་ཆེས་ཆེར་ཕན་བྱུང་ཡོད། དེ་ནི་ངེས་པར་དུ་ངེས་དགོས།
ད་ལྟ་ངས་བོད་རང་བཙན་ཐོག་ལས་འགུལ་གང་ཡང་སྤེལ་ཐུབ་མེད་ཀྱང༌། མ་འོངས་པར་སྤེལ་ཐུབ་པའི་ཆེད་ད་ལྟ་ནས་གཞི་རྩ་ཞིག་བཟོ་དགོས་པ་ནི་ངའི་རང་འཁྲིའི་ལས་འགན་ཡིན་པ་དང་སྦྲགས། དེ་ལག་བསྟར་བྱེད་བཞིན་ཡོད། བློ་དང་རིག་པ་ཡོད་ན་གྲི་དང་མདུང་གིས་ག་ལ་གནོད་སྲིད། དེ་ནི་ས་སྐྱ་ལེགས་བཤད་ལས་ཤིན་ཏུ་རན་པར་བརྗོད་ཡོད།
སྐྱེས་བུ་ཤེས་རབ་ཀྱིས་བསྲུངས་ན།། དགྲ་བོ་མང་ཡང་ག་ལ་ཚུགས། །འཕགས་རྒྱལ་གྱིས་ནི་བྲམ་ཟེའི་བུ།། གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ། གསུངས་པ་ལྟར། གལ་སྲིད་དགྲ་བོ་མཉམ་དུ་འཐབ་འཛིང་བྱུང་ན། མཚོན་བྱ་མི་དགོས་པར་ཤེས་རབ་ཀྱིས་དགྲ་བོ་བཏུལ་ཐུབ་པ་ཞེས་བསླབ་བྱ་འདིར་བརྟེན་ནས་ངའི་འཇུག་པའི་རང་བཙན་འཐབ་རྩོད་དེ་ཡང་དག་པ་ཞིག་རེད་བསམ་གྱི་འདུག བདག་གི་དམིགས་ཡུལ་ནི་འདི་ལྟར་ཡིན། དེ་འདྲ་སོང་ཙང་ཇི་སྲིད་འཚོ་བའི་བར་དུ་དམིགས་ཡུལ་འདི་ལས་འདས་པ་བཟུང་མི་འོས་པ་དང་སྦྲགས། དམིགས་ཡུལ་འདི་བསྒྲུབ་པའི་ཆེད་དུ་བདག་གི་ཚེ་སྲོག་ལ་བར་ཆད་མ་ཡོང་བའི་སྨོན་འདུན་ཡོད།
མཐའ་དོན་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང་བོད་དུ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བ་དང༌། ྋགོང་ས་མཆོག་གིས་མཛད་འཕྲིན་མཐའ་དག་དབྱར་མཚོ་བཞིན་ཕྱོགས་དུས་གང་སར་རྒྱས་འཕེལ་འབྱུང་བའི་སྨོན་འདུན་དང་བཅས།

བོད་རྒྱལ་ལོ།

ཞན་ཆ།

ཡུལ་ཞིག་ཡིན་པ། ཡུལ་ཞིག་ཡིན་པར། དམིགས་ཡུལ་བརྟན་པོ་ཞིག་མི་བཟུང་ན། དམིགས་ཡུལ་བརྟན་པོ་ཞིག་མ་བཟུང་ན། འཁོ་ན༑ ཁོ་ན། གུས་པོ་བདག་ལ་ཆ་མཚོན་ན། གུས་པ་བདག་ལ་ཆ་མཚོན་ན༑ ཐིག་པ༌། ཐིགས་པ། སྐད་འབོལ། སྐད་འབོད། ལར་རྒྱ། ལ་རྒྱ། མི་བཟང་བཟང་རྒུའི༌། མི་བཟང་བཟང་ཁུལ། གདུགས་རྩུབ། གདུག་རྩུབ། ཉེས་ཆས། ཉེས་ཆད། དྲག་པོའི་དབང་གི་མིན་པར། དྲག་པོའི་དབང་གིས་མིན་པར། འབྲོས་བྱོལ། བྲོས་བྱོལ། སློབ་གཏད་པའི་ཚོད་དུ༌། སློབ་སྦྱོང་སྤྲོད་པའི་ཚོད། མི་འཇུག་པའི་ལས་ཀ་ཧ་ལམ་མེད། མི་འགྲུབ་པའི་ལས་ཀ་ཧ་ལམ་མེད། དཔོན་རིག དཔོན་རིགས། མ་འོངས་སུ༌། མ་འོངས་པར། རང་ཁྲི་ལས་འགན། རང་འཁྲིའི་ལས་འགན། གྲི་དང་དུང༌། གྲི་དང་མདུང༌། གནས་ཞིང༌།གནས་ཤིང༌། སྐྱེ་མ་རང་གི་ཕྲུ་གུའི་སྐྱེས་ཆར་ཚད་འཛིན། སྐྱེད་མར་རང་ལ་ཕྲུ་གུ་སྐྱེ་ཚད་ཚོད་འཛིན། སློབ་གྲྭ་བཙུགས་དགོས་པའི། སློབ་གྲྭ་འཛུགས་དགོས་པའི། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་དང་རྒྱན་པའི་ཆེད། གནའ་དེང་ཟུང་འབྲེལ་གྱིས་ཤེས་ཡོན་གྱིས་བརྒྱན་པའི་ཆེད། སྐྱེས་བུ་ཤེས་རབ་ཀྱི་བསྲུངས། སྐྱེས་བུ་ཤེས་རབ་ཀྱིས་བསྲུངས། གཅིག་པུས་དགྲ་བོ་ཡི་ཚོགས་ཀུན་བཅོམ།གཅིག་པུས་དགྲ་བོའི་ཚོགས་ཀུན་བཅོམ།

ངའི་དམིགས་ཡུལ།(ཨང་གསུམ་པ།)

ཚེ་རིང་ལྷ་འཛོམས། ལ་དྭགས་བོད་ཁྱིམ།

༄༅།། དམིགས་ཡུལ་ཟེར་བ་དེ་ནི། རང་ཉིད་ཆུང་དུས་ནས་ལས་རིགས་གང་ཞིག་ཐོག་དཀའ་ལས་བརྒྱབ་ནས་མ་འོངས་པར་ལས་རིགས་དེའི་ཐོག་མཁས་པ་ཚད་ལྡན་ཞིག་ཆགས་པ་བྱ་རྒྱུ་དེ་ལ་དམིགས་ཡུལ་ཟེར།
དམིགས་ཡུལ་ཟེར་བ་དེ་འཁྱེར་བ་ཡིན་ན་མ་འོངས་པར་སོ་སོའི་རྒྱལ་ཁབ་དང༌། གཞུང༌། མི་རིགས་ལ་ཕན་རླབས་དང་དགོས་པ་རྒྱུ་མཚན་གང་ཡོད་ཞུས་ན། དཔེར་ན། ད་ལྟ་སློབ་སྦྱོང་བྱེད་བཞིན་པ་བོད་པའི་སོན་རྩ་རྣམས་ལ་ཆ་བཞག་པ་ཡིན་ན། ཉིན་རྟག་པར་དགེ་རྒན་དང་ལས་བྱེད་རྣམས་ཀྱིས་ཆུང་དུས་ནས་རང་ཉིད་ཤེས་ཡོན་ཐོག་ལ་སྦྱང་བརྩོན་ལྷོད་མེད་དང་མཉམ་དུ་སོ་སོའི་དམིགས་ཡུལ་བརྟན་པོ་བཟུང་དགོས་ཞེས་ཡང་ཡང་གསུང་གིན་ཡོད། སློབ་ཕྲུག་ཚོའི་རང་ཉིད་ཀྱི་བླ་མའམ་ཡང་ན་དགེ་རྒན་རྣམས་ཀྱི་གང་གསུངས་པ་རྣམས་ལ་ཁ་གཡེང་མིག་གཡེང་མ་བྱེད་པར་ཡིད་ཆེས་དང་དམ་བཅའ་བཞག་ནས་ལག་བསྟར་བྱས་པ་ཡིན་ན། མ་འོངས་པར་སོ་སོའི་མི་ཚེའི་ཐོག་ལ་དཀའ་ངལ་དེ་ཙམ་མེད་པར་བདེ་བོ་དང་སྐྱིད་པོ་ཡོད་པ་མ་ཟད། སོ་སོའི་གཅེས་པའི་རྒྱལ་ཁབ་དང༌། མི་རིགས་ལའང་ཕན་རླབས་ཡོད་རེད། གོང་དུ་བྲིས་པ་རྣམས་དམིགས་ཡུལ་ཟེར་བ་གང་ཡིན་པ་དང༌། དེའི་དགོས་པ་རྒྱུ་མཚན་སྐོར་མདོར་ཙམ་ཡིན། ངའི་དམིགས་ཡུལ་སྐོར་ལ་མདོར་བསྡུས་ཤིག་བྲིས་པ་ཡིན་ན། དང་པོ་ང་རང་ཆུང་དུས་ཕ་མ་མཉམ་དུ་ཡོད་སྐབས་སློབ་གྲྭ་ལ་གཏོང་རྩིས་མེད། ཡིན་ཡང་རྗེས་སུ་པཱ་ལགས་འདས་གྲོངས་སུ་ཕྱིན་རྗེས་ཨ་མས་ང་སློབ་གྲྭར་བཏང་བྱུང༌། དེ་ནས་ང་སློབ་སྦྱོང་བྱས་ནས་འཛིན་གྲྭ་བཞི་པར་སླེབས་དུས་དགེ་རྒན་སྒྲོན་མ་ལགས་ཀྱིས་དམིགས་ཡུལ་འཁྱེར་ཕྱོགས་ཐོག་ལ་བཀའ་སློབ་བཟང་པོ་གནང་བྱུང༌། དེ་ནས་ངས་དམིགས་ཡུལ་ཟེར་བ་དེ་ག་རེ་ཡིན་པ་ཧ་གོ་བྱུང༌། འཛིན་གྲྭ་བཞི་པ་ལ་སླེབས་སྐབས་ངས་དམིགས་ཡུལ་ཞིག་འཛིན་རྒྱུ་འགོ་བཙུགས་པ་ཡིན། དམིགས་ཡུལ་དེ་ག་རེ་ཡིན་ཞུས་པ་ཡིན་ན། མ་འོངས་པར་ང་རང་གི་མི་ཚེ་གཅིག་པུ་ལ་བསམ་བློ་མ་བཏང་པར་ངས་རྒྱལ་ཁབ་བོད་ཟེར་བ་འདི་དང་ཆོལ་གསུམ་མི་རིགས་གཅིག་པའི་སྤུན་ཟླ་རྣམས་ཀྱི་ཆེད་དུ་སློབ་སྦྱོང་ཞིག་མུ་མཐུད་ནས་བྱེད་འདོད་པ་བྱུང༌། བུ་མོ་ང་རང་སློབ་སྦྱོང་འདི་དང་མཉམ་དུ་མ་འོངས་པར་བོད་རང་བཙན་ཆེད་དུ་ག་རེ་བྱེད་དགོས་ཡོད་ན་ངས་སེམས་ཤུགས་དང༌། ལྷག་བསམ་གྱི་ཐོག་ནས་བྱེད་འདོད་ཡོད། སྔོན་མ་ཆུང་དུས་ནས་ད་བར་གྱི་དམིགས་ཡུལ་དེ་ནི་བོད་རྒྱལ་ཁབ་འདིའི་ནང་བུད་མེད་སྐད་གྲགས་ཡོད་པ་ཞིག་བཟོ་ཐུབ་རྒྱུའི་དམ་བཅའ་ཡིན། ངས་དམིགས་ཡུལ་དེ་རིགས་གཅིག་གི་ཐོག་ལ་སྦྱངས་བརྩོན་བྱས་ནས་མཐར་ཕྱིན་པ་བྱེད་རྒྱུ་མིན་པར་གང་ཅིའི་ཐད་ནས་ཡང་ན་མ་ཐུབ་མེད་པར་ཚད་ལྡན་ཞིག་ཆགས་རེ་ཡོད། མ་འོངས་པར་བོད་ཟེར་བའི་གངས་ལྗོངས་ཀྱི་ཡུལ་ནང་ལས་ཀ་གང་འདྲ་ཞིག་བྱེད་དགོས་ཡོད་ན་བུ་མོ་ང་རང་ལག་པ་རྒྱོང་ནས་འགྲོ་ཐུབ་པའི་དམིགས་ཡུལ་ཡོད། དམིགས་ཡུལ་འདི་ང་རང་རང་ལོ་ ༡༤ སྐབས་ནས་བཟུང་བ་ཡིན་ལ་མ་འོངས་པར་འཇིག་རྟེན་འདི་ནས་མ་བྲལ་བར་དུ་དམིགས་ཡུལ་ལ་འགྱུར་བ་མེད། རྩ་བའི་ང་ཆུང་དུས་ནས་ད་བར་གྱི་སློབ་ཚན་ཡག་ཤོས་དང་ང་རང་དགའ་ཤོས་བྱེད་སའི་སློབ་ཚན་དེ་ང་ཚོ་བོད་པའི་སྐད་ཡིག་བོད་ཡིག་ཟེར་བ་འདི་ཡིན། བུ་མོ་ང་རང་བོད་ཡིག་གི་རྩོམ་ཡིག་འབྲི་དེབ་ཞིག་ཡོད་ལ། ཉིན་རེ་ལ་དེབ་འདིའི་ནང་ལ་རྩོམ་ཡང་ཚིགས་བཅད་སོགས་རེ་རེ་ཉི་མ་རྟག་པར་འབྲི་གིན་ཡོད།     ངའི་བསམ་པའི་ནང་གང་བསམ་པ་དེ་མར་ཡིག་ཐོག་ལ་བྲིས་པ་ཡིན་ན་ཧ་ཅང་སྐྱིད་པོ་དང་བདེ་པོ་འདུག ངས་དམིགས་ཡུལ་དེ་ཡང་བོད་མི་རིགས་དང་གངས་ལྗོངས་ཀྱི་ཆེད་དུ་ཡིན་ལ་ངས་སློབ་ཚན་ཡག་ཤོས་དེ་ཡང་བོད་ཡིག་ཡིན། མཚམས་མཚམས་ལ་ངའི་རྣ་བའི་ནང་དུ་བོད་ཀྱི་བཙོན་པའི་སྐོར་དང་དཔེར་ན། སྙིང་ཁྲག་འཁོལ་བའི་རྦ་རླབས། བོད་རྒྱ་ཐ་དད་ཀྱི་བདེན་ཚིག་སོགས་ཀྱི་དེབ་ནང་གི་ལོ་རྒྱུས་ཤིག་ཀློག་སྐབས་ཧ་ཅང་སེམས་སྐྱོ་ནས་ཁྲ་ཆུང་མིག་གི་ནང་ལ་མཆི་མའི་སྐོར་བ་བརྒྱབ་ཀྱི་འདུག་ལ་ཧ་ཅང་སེམས་ཤུགས་དང་ངར་སླེབས་ནས་སློབ་སྦྱོང་ལ་ཡང་ཕན་ཐོགས་ཀྱིན་འདུག ངས་དམིགས་ཡུལ་འདི་ཁྱེར་ནས་མ་འོངས་པར་ང་ཤི་བ་ཡིན་ནའང་ངའི་མིང་ཡག་པོ་ཞིག་བོད་རྒྱལ་ཁབ་ནང་ལྷག་ཐུབ་པའི་ལས་ཀ་ཞིག་བྱེད་དགོས་བསམ་གྱིན་འདུག བོད་པའི་སྐྱེ་བའམ་ཡང་ན་མི་རིགས་ཤིག་ཏུ་སྐྱེས་དུས་མི་ཚེ་གང་འཁྱོལ་བྱེད་པ་དེ་ཏན་ཏན་ནོར་འཁྲུལ་ཆེན་པོ་རེད། གང་ལགས་ཞེ་ན། བོད་པ་ཟེར་བ་དེ་ལ་སོ་སོའི་གཅེས་པའི་ཕ་ཡུལ་མཛེས་སྡུག་ལྡན་པ་དེ་མེད་དུས་ལས་འགན་ཧ་ཅང་ཆེན་པོ་ཞིག་ཡོད་རེད། བོད་པ་དང་རྒྱལ་ཁབ་གཞན་པའི་མི་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད། བོད་པ་རྣམས་ཕྱིའི་རྒྱལ་ཁབ་ཁག་དང་དེང་དུས་ཁྲ་ཁྲ་ཟིང་ཟིང་ལ་མགོ་མ་འཐོམ་པར་སོ་སོའི་རྒྱལ་ཁབ་ལ་བསམ་བློ་བཏང་ནས་ལས་ཀ་ཞིག་བྱས་ན་མི་ལེགས་སམ། ཐུགས་བསམ་ཡག་པོ་ཞིག་བཞེས་དང༌། སོ་སོའི་རྒྱལ་ཁབ་དང༌། མི་རིགས། གཞུང་སོགས་ལ་བསམ་བློ་མ་བཏང་པར་ཕྱིའི་རྒྱལ་ཁབ་ནང་ལས་ཀ་ཞིག་རག་ན་བསམ་ནས་བསྡད་མཁན་ཚང་མའི་དམིགས་ཡུལ་དེ་ནོར་བ་རེད་བསམ་གྱི་འདུག སོ་སོའི་རྒྱབ་ཀྱི་གནས་སྟངས་ཧ་མ་གོ་བར་གཞན་པའི་རྒྱལ་ཁབ་ཀྱི་རྐུབ་ལ་རྒྱུགས་མཁན་ཚང་མ་རང་དོན་ཤ་སྟག་མ་གཏོགས་བསམ་གྱི་ཡོད་པ་མ་རེད། རྩ་བའི་ངས་དམིགས་ཡུལ་འདི་ཡག་པོ་དང༌། གཟི་བརྗིད།  ཟབ་པོ་དེ་འདྲ་མིན་ཡང་མི་ཕལ་པ་ཞིག་གི་དམིགས་ཡུལ་དང་མཐུན་པའོ། ལས་རིགས་ཚང་མའི་ཐོག་ལ་མཁས་པ་དང་ཤེས་ཐུབ་མཁན་ཞིག་ཆགས་རྒྱུ་ངའི་དམ་བཅའ་ཡིན། ལས་རིགས་གཅིག་ཀྱི་ཐོག་ལ་མཁས་པ་ཚད་ལྡན་ཞིག་ཆགས་པ་ཡིན་ན། ཁོའི་སྦྱངས་པའི་ལས་རིགས་མིན་པ་ཞིག་ལ་ལས་ཀ་བྱེད་ཟེར་བ་ཡིན་ན་ཧ་ཅང་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་ངའི་བསམ་པ་ལ་ཚང་མའི་ཐོག་ལ་ཁ་ཆག་སྣ་རལ་མེད་པར་མཁས་པ་ཞིག་ཆགས་ན་གཟི་བརྗིད་རེད་བསམ་གྱི་འདུག དེ་རྣམས་ངའི་གང་བསམ་པ་རྣམས་བྲིས་པ་ཡིན་ལ་དམིགས་ཡུལ་ཡང་དེ་འདྲའི་ཐོག་ནས་ལས་ཀ་བྱེད་པ་ཞིག་ཡིན། སློབ་སྦྱོང་དེ་མུ་མཐུད་ནས་ག་ཚོད་བྱེད་ཐུབ་ཐུབ་བར་དུ་བྱེད་རྒྱུ་ཡིན།
ད་ལྟ་བར་དུ་དམིགས་ཡུལ་བརྟན་པོ་འཁྱེར་ནས་ལས་ཀ་བྱས་དང་བྱེད་བཞིན་པ་རྣམས་ཧ་ཅང་ལེགས་པོ། གཟི་བརྗིད་ཕན་ཐོགས་ཆེན་པོ་ཤ་སྟག་རེད། དཔེར་ན། དགེ་རྒན་དང༌། ལས་བྱེད་རྣམས་ལ་ཆ་བཞག་ན་ཁོང་ཚོའི་སློབ་ཕྲུག་ཚོ་ལ་བཀའ་སློབ་ཡང་ཡང་གནང༌། འཇམ་རྩུབ་གཉིས་ཀའི་ཐོག་ནས་སློབ་སྦྱོང་བསླབས། མཐའ་མ་སློབ་ཕྲུག་དོན་དང་ལྡན་པའི་མི་ཚད་ལྡན་ཞིག་བཟོས། དེ་རྣམས་ང་ཚོའི་དགེ་རྒན་དང་བླ་མ། ཕ་མ་གཉིས་བཅས་ཀྱི་བཀའ་དྲིན་ཡིན། ཁོང་ཚོའི་བཀའ་དྲིན་དེ་ནམ་ཡང་འཁོར་ཐབས་མེད། ད་ལྟ་སློབ་ཕྲུག་མང་པོ་ཞིག་དམིགས་ཡུལ་མཐོ་པོ་དང་ཡག་པོ་འཁྱེར་ནས་སློབ་སྦྱོང་བྱེད་བཞིན་པ་རྣམས་དགེ་རྒན་གྱི་བཀའ་དྲིན་ཡིན། ཁོང་ཚོས་ལམ་སྟོན་བཟང་པོ་དེ་མ་གནང་བ་ཡིན་ན། ད་ལྟ་སློབ་ཕྲུག་ཡག་པོ་ཁ་ཤས་ཧ་ཅང་སྡུག་པོ། རྐུན་མ་དང༌། ཇག་པ་སོགས་ཆགས་ཡོད་སྲིད། སློབ་ཕྲུག་ཚོ་སློབ་གྲྭའི་ནང་ལ་ཉི་མ་གང་འཁྱོལ་དང་གཟུགས་པོ་འཚར་ལོངས་བྱེད་པ་ཙམ་མ་བྱས་པར་སློབ་སྦྱོང་ཧུར་ཐག་དང༌། སྤྱོད་པ་ཡག་པོ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ། སོ་སོའི་ཆུང་དུས་ནས་དམིགས་ཡུལ་ཡག་པོ་ཞིག་དང༌། སྤུས་དག་ཅིག་འཁྱེར་དགོས༌། ད་ལྟ་ནས་དམིགས་ཡུལ་ཆེ་ཙམ་འཁྱེར་བ་ཡིན་ན། དམིགས་ཡུལ་ཆེན་པོ་དེ་མ་བསྒྲུབ་པ་ཡིན་ནའང་དེ་ལས་ཏོག་ཙམ་ཞན་པ་ཞིག་བསྒྲུབ་ངེས་ཡིན་དེ་འདྲ་ཡིན་དུས་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན། དེང་སང་འཛམ་གླིང་ནང་ལ་ཤེས་ཡོན་གྱི་འགྲན་བསྡུར་ཤ་སྟག་ཆགས་ཡོད། དེ་འདྲ་ཡིན་དུས་བོད་ཕྲུག་རྣམས་རྗེས་ལུས་མ་ཐེབས་པ་བྱེད་དགོས། དེ་རྣམས་ངས་བསླབ་བྱའམ་ཡང་ན་ངའི་རེ་བ་ཉག་ཅིག་ཀྱང་ཡིན།

སླར་སྨྲས་པ།

ས་འཛམ་གླིང་ཆེན་པོའི་མཐོང་སྒང་དུ། །གཞིས་ཆགས་པའི་རྒྱལ་ཁབ་སྣ་ཚོགས་ཡོད། །
དེ་རྒྱལ་ཁབ་སྣ་ཚོགས་ཚང་མའི་ནང༌། །གནས་བསྡད་པའི་མི་རིགས་སྣ་ཚོགས་ཡོད། །
གནས་འཁོར་བ་འདིའི་ནང་བསྡད་པའི་རྗེས། །མི་རྒན་གཞོན་བར་གསུམ་ཚང་མ་ལ། །
རང་སོ་སོའི་བྱ་བ་དང་བསྟུན་ནས། །སེམས་དམིགས་སའི་ཡུལ་རེ་ངེས་པར་དགོས། །
དེང་སློབ་ཕྲུག་རྣམས་ལ་ཆ་བཞག་ན། །དུས་ད་ལྟ་སློབ་སྦྱོང་བྱེད་པ་འདི། །
དུས་མ་འོངས་སོ་སོའི་རྒྱལ་ཁབ་དང༌། །རང་མི་རིགས་རིག་གཞུང་ཀུན་ལ་ཕན། །
དེང་ང་ཚོའི་བོད་ཕྲུག་རྣམས་ལ་ནི། །བོད་སོན་རྩ་ཟེར་བའི་རྒྱུ་མཚན་ཡང༌། །
གཞོན་ང་ཚོའི་དམིགས་ཡུལ་གཙོ་བོ་ནི། །བོད་རང་བཙན་བླངས་ཏེ་སྐྱོང་སླད་ཡིན། །
ལྷོ་ཕྱོགས་སུ་གནས་པའི་བོད་རིགས་རྣམས། །ཡར་རང་ལ་དགོས་པའི་ཤེས་ཡོན་དེ། །
ཡིད་ལྷོད་ཤོར་མེད་པར་མུ་མཐུད་ནས། །སེམས་སྟོབས་ཤུགས་ལྷག་བསམ་མཉམ་དུ་བྱེད། །
ཀྱེ་ང་ཚོའི་བཙན་བྱོལ་བོད་མི་རྣམས། །ས་ཕྱི་ཡི་རྒྱལ་ཁབ་སྣ་ཚོགས་ནང༌། །
དངོས་ཁྲ་ཁྲ་ཟིང་ཟིང་མགོ་འཁོར་ནས། །མ་སྡོད་པར་རྒྱལ་ཁབ་དོན་ལ་སོམས། །

ཞན་ཆ། 

དེའི་ཐོགས། དེའི་ཐོག། སྦྱངས་བརྩོན། སྦྱང་བརྩོན། ཡིད་ཆེ་དང༌། ཡིད་ཆེས་དང༌། བླ་མ་ཡང་ན། བླ་མའམ་ཡང་ན། ལག་བསྟར་བྱེད་པ་ཡིན་ན། ལག་བསྟར་བྱས་པ་ཡིན། དམ་ཆ། དམ་བཅའ། མི་ཚེ་ཐོགས་ལ། མི་ཚེའི་ཐོག་ལ། དགོས་པ་རྒྱུ་མཚན་བསྐོར་མདོར་ཙམ་ཡིན། དགོས་པ་རྒྱུ་མཚན་སྐོར་མདོ་ཙམ་ཡིན། ངས་དམིགས་ཡུལ་བསྐོར་མདོར་བསྡུས་ཤིག་བྲིས་པ་ཡིན་ན། ངའི་དམིགས་ཡུལ་སྐོར་མདོར་བསྡུས་ཤིག་བྲིས་པ་ཡིན་ན། ཡིན་ན་རྗེས་སུ། ཡིན་ན་ཡང་རྗེས་སུ༑ སློབ་གྲྭ་གཏང་བྱུང༌། སློབ་གྲྭར་བཏང་བྱུང༌། དགེ་སྒྲོལ་མ་ལགས་ཀྱི་འཁྱེར་ཕྱོགས་ཐོག་ལ་བཀའ་སློབ་བཟང་པོ་གནང་བྱུང༌། དགེ་རྒན་སྒྲོལ་མ་ལགས་ཀྱིས། ཛིན་གྲྭ། འཛིན་གྲྭ། མགོ་འཛུགས། འགོ་འཛུགས། མི་ཚེ་གཅིག་པོ་ལ། མི་ཚེ་གཅིག་པུ་ལ། བུ་མོ་ང་རེ། བུ་མོ་ང་རང་གི༑ ད་བར་ཀྱི། ད་བར་གྱི། རྒྱལ་ཁབ་འདི་ནང་ལ་བུད་མེད་སྐད་གྲགས་ཡོད་པ་ཞིག་བཟོས་ཐུབ་ན་དམ་ཆ་ཡིན། རྒྱལ་ཁབ་འདིའི་ནང་ལ་སྐད་གྲགས་ཡོད་པ་ཞིག་བཟོ་ཐུབ་རྒྱུའི་དམ་བཅའ་ཡིན། གང་ཅི་ཐད་ནས། གང་ཅིའི་ཐད་ནས། འཇིག་རྟེན་འདི་ནས་མ་འགྲོ་བར་དུ། འཇིག་རྟེན་འདི་ནས་མ་བྲལ་བར་དུ། བུ་མོ་ང་རང་བོད་ཡིག་ཀྱི་རྩོམ་གྱི་དེབ་ཞིག་ཡོད་ལ༑ བུ་མོ་ང་རང་བོད་ཀྱི་རྩོམ་ཡིག་འབྲི་དེབ་ཞིག་ཡོད་ལ། ཉིན་མ་རྟགས་པར་བྲིས་གྱི་ཡོད། ཉི་མ་རྟག་པར་འབྲི་གིན་ཡོད། མཚམས་མཚམས་ངས་རྣ་བའི་ནང་དུ། མཚམས་མཚམས་ངའི་རྣ་བའི་ནང་དུ། དེབ་ནང་གྱི་ལོས་རྒྱུ་ཞིག དེབ་ནང་གི་ལོ་རྒྱུས་ཞིག། ཁྲ་ཆུང་མིག་གྱི། ཁྲ་ཆུང་མིག་གི། བོད་པའི་སྐྱེ་བ་ཡང་ན། བོད་པའི་སྐྱེ་བའམ། ཡང་ན། མི་ཚེ་གང་འཁྱོག་བྱེད་ཡ་དེ་གཏན་གཏན་ནོར་འཁྲུལ་ཆེན་པོ་རེད། མི་ཚེ་གང་འཁྱོལ་བྱེད་པ་དེ་ཏན་ཏན་ནོར་འཁྲུལ་རེད།གང་ལ་ཞུས་ན། གང་ལགས་ཞེ་ན། གཅེས་པའི་ཕ་ཡུལ་མཛེས་སྡུག་ལྡན་པ་དེ་མེད་དུ་ལས་འགན་ཧ་ཅང་ཆེན་པོ་ཞིག་ཡོད་རེད། གཅེས་པའི་ཕ་ཡུལ་མཛེས་སྡུག་ལྡན་པ་དེ་མེད་དུས་ལས་འགན་ཧ་ཅང་ཆེན་པོ་ཞིག་ཡོད། ཁྲ་ཁྲ་ཟིངས་ཟིངས། ཁྲ་ཁྲ་ཟིང་ཟིང༌། བསམ་བློ་གཏང་ནས་ལས་ཀ་ཞིག་བྱེད་ན། བསམ་བློ་བཏང་ནས་ལས་ཀ་ཞིག་བྱས་ན། ལས་ཀ་ཞིག་རགས་ན་བསམ་ནས། ལས་ཀ་ཞིག་རག་ན་བསམ་ནས། ལས་རིགས་ཚང་མས་ཐོགས་ལ། ལས་རིགས་ཚང་མའི་ཐོག་ལ། ཁ་ཞག་སྣ་རད། ཁ་ཆག་སྣ་རལ། བཟི་བརྗིད། གཟི་བརྗིད། ཕ་མ་གཉིས་རྣམས་ཀྱི་བཀའ་དྲིན་ཡིན། ཕ་མ་གནིས་བཅས་ཀྱི་བཀའ་དྲིན་ཡིན། བཀའ་དྲིན་དེ་གནམ་ཡང༌། བཀའ་དྲིན་དེ་ནམ་ཡང༌། ཁོང་ཚོའི་ལམ་སྟོན་བཟང་པོ་དེ་གནང་བ་ཡིན་ན། ཁོང་ཚོས་ལམ་སྟོན་བཟང་པོ་དེ་གནང་བ་ཡིན་ན། རྐུན་པ་དང་འཇགས་པ་སོགས། རྐུན་མ་དང་ཇག་པ་སོགས། གཟུགས་པོ་ཚར་ལོངས། གཟུགས་པོ་མཚར་ལོང༌། ཧུར་བདག་དང༌། ཧུར་ཐག་དང༌། པུ་དག་ཞིག སྤུས་དག་ཅིག། དམིགས་ཡུུལ་ཆེན་པོ་དེ་མ་བསྒྲུབ་པ་ཡིན་ཡང༌། དམིགས་ཡུལ་ཆེན་པོ་དེ་མ་འགྲུབ་པ་ཡིན་ཡང༌། དེ་ལས་ཏོག་ཙམ་གཞན་པ་ཞིག་བསྒྲུབ་ངེས་ཡིན། དེ་ལས་ཏོག་ཙམ་ཞན་པ་ཞིག་འགྲུབ་ངེས་ཡིན། ཤེས་ཡོན་གྱི་འདྲེན་བསྡུར། ཤེས་ཡོན་གྱི་འགྲན་བསྡུར། དེ་རྣམས་ངས་བསླབ་བྱ་ཡང་ན་བསམ་པའི་ནང་གང་འཆར་བ་ཡིན། དེ་རྣམས་ངའི་བསླབ་བྱའམ་རེ་བ་ཉག་ཅིག་ཀྱང་ཡིན། གཞི་ཆགས་པའི། གཞིས་ཆགས་པའི། རང་སོ་སོའི་བྱ་བ་གི་བསྟུན་ནས། རང་སོ་སོའི་བྱ་བ་དང་བསྟུན་ནས། དཔེ་སློབ་ཕྲུག་རྣམས་ལ་ཆ་བཞག་ན། དེང་སློབ་ཕྲུག་རྣམས་ལ་ཆ་བཞག་ན། རིགས་གཞུང༌། རིག་གཞུང༌། བོད་གསོན་རྩ། བོད་སོན་རྩ། མ་ཞུགས་རྒྱལ་ཁབ་དོན་ལ་བསོམ། མ་སྡོད་པར་རྒྱལ་ཁབ་དོན་ལ་སོམས ལག་པ་སྐྱོང༌།ལག་པ་རྐྱོང༌། ལོ་རྒྱུས་ཞིག།ལོ་རྒྱུས་ཤིག། ཕྱི་རྒྱལ་ཁབ་ཁག། ཕྱིའི་རྒྱལ་ཁབ་ཁག། ལས་རིགས་ཚང་མའི་ཐོགས།ལས་རིགས་ཚང་མའི་ཐོག། དམིགས་ཡུལ་གཏན་པོ།དམིགས་ཡུལ་བརྟན་པོ། དམིགས་ཡུལ་རེ་རེ་ངེས་པར་དགོས།། སེམས་དམིགས་སའི་ཡུལ་རེ་ངེས་པར་དགོས།། ང་ཚོའི་དམིགས་ཡུལ་གཙོ་བོ་ནི།། གཞོན་ང་ཚོའི་དམིགས་ཡུལ་གཙོ་བོ་ནི།།

ངའི་དམིགས་ཡུལ།(ཨང་གསུམ་པ།)

སྤེན་པ་སྒྲོལ་མ། དོན་འགྲུབ་གླིང༌།

༄༅། །སྤྱིར་བཏང་གིས་བཤད་པ་ཡིན་ན་འཇིག་རྟེན་འདིར་གནས་སྡོད་སྐྱེ་བོ་ཚང་མར་བསམ་བློ་གཏོང་སྟངས་རྒྱ་ཆེ་ཆུང་འདྲ་མིན་ཡོད། དེ་ལ་བརྟེན་པའི་དམིགས་ཡུལ་ཡང་འདྲ་མིན་ཡོད། དམིགས་ཡུལ་ཟེར་བ་དེ་སྐྱེ་བོ་ཚང་མར་ཡོད་པའི་ཚང་མས་དེ་ཐོབ་པའི་ཆེད་ཆུང་དུས་ནས་འབད་བརྩོན་དང་དཀའ་ལས་མང་པོ་རྒྱག་གི་ཡོད༌། ཡིན་ནའང་དམིགས་ཡུལ་ཟེར་བ་དེ་ཐོབ་རྒྱུ་ལས་སླ་བོ་མེད། ཡིན་ཙང་མི་མང་པོའི་ནང་ནས་ཁ་ཤས་ལ་མ་གཏོགས་རང་གི་དམིགས་ཡུལ་དེ་འགྲུབ་ཀྱི་མེད། དམིགས་ཡུལ་དེ་ཅི་ཙམ་རྒྱ་ཆེ་བ་དང་མཐོ་བ་ཡོད་ན་དེ་ལ་དཀའ་ལས་དང་འབད་བརྩོན་དེ་ཙམ་ཆེ་བ་ཡོད། དེ་ཡིན་ཙང་ང་ཚོས་དམིགས་ཡུལ་སྒྲུབ་བྱེད་ལ་ཧ་ཅང་གི་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས། ངའི་བསམ་ཚུལ་ལ་དམིགས་ཡུལ་ཟེར་བ་དེ་ཞིང་པ་ཞིག་གི་རང་གི་ཞིང་ཁའི་ནང་སྟོན་ཐོག་བཏབ་པ་གཅིག་ཡིན། གང་ཡིན་ཞེ་ན་ཞིང་ཁའི་ནང་སྟོན་ཐོག་དེ་སོན་བཏབ་པ་དང་ཐོབ་ཀྱི་མེད། དེ་ལའང་དཀའ་ལས་མང་པོ་རྒྱག་དགོས། དང་པོ་ཞིང་ཁའི་ས་དེ་སོབ་སོབ་བཟོས་པ་དང་དེ་རྗེས་སོན་འདེབས་དགོས། དེ་ལ་ཆུ། དྲོད། ལུད་སོགས་རྟག་ཏུ་བརྒྱབས་རྗེས་ཟླ་བ་ཁ་ཤས་རྗེས་སྟོན་ཐོག་ཡག་པོ་ཞིག་ཐོབ་ཀྱི་ཡོད་པའི་དམིགས་ཡུལ་བཟུང་གི་ཡོད་པ་དེ་བཞིན་ཡིན།
དེ་ལྟར་བདག་ཀྱང་སྐྱེ་འགྲོ་ཞིག་ཡིན་པའི་ཆ་ནས་ང་ལའང་དམིགས་ཡུལ་ཞིག་ཡོད། དེ་ནི་དགེ་རྒན་ཡིན། བདག་ནི་ཆུང་དུས་ནས་སློབ་སྦྱོང་ལ་དགའ་པོ་ཡོད། ལྷག་པར་བོད་ཡིག་དེབ་དང་སྒྲུང་དེབ་སོགས་ཀློག་རྒྱུ་དགའ་པོ་ཡོད། དེར་བརྟེན་ང་ནི་བོད་ཡིག་དགེ་རྒན་ཞིག་ཆགས་པའི་དམིགས་ཡུལ་ཡོད། དགེ་རྒན་ཟེར་བའི་ཚིག་དེ་སྤྱིར་ཚིག་གཉིས་ལས་མེད་པ་ཡིན་ནའང་དེའི་དོན་དང་ལས་འགན་ནི་ཧ་ཅང་གི་ཆེན་པོ་དང༌། སློབ་ཕྲུག་གི་མི་ཚེ་ཡག་པོ་ཞིག་བཟོ་ཐུབ་པའི་ནུས་ཤུགས་དང་ལྡན་ཡོད། བདག་ནི་བོད་ཡིག་དགེ་རྒན་ཆགས་པའི་དོན་གཙོ་བོ་ནི་བོད་པའི་རིག་གཞུང་དང་སྐད་ཡིག ལུགས་སྲོལ་སོགས་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན། ད་ལྟའི་དུས་འདིའི་བོད་ཕྲུག་གམ་བོད་ཀྱི་སོན་རྩ་མང་ཆེ་བས་རང་གི་རིག་གཞུང་དང༌། ལུགས་སྲོལ་མ་ཟད་སྐད་ཡིག་སོགས་ཀྱང་བརྗེད་ཀྱི་ཡོད་པ་དང་ཆབས་ཅིག་ཕྱི་རྒྱལ་གྱི་སྐད་ཡིག་དང་གྱོན་ཆས་སོགས་ལག་ལེན་གཏོང་བཞིན་ཡོད་པས། དེ་རྣམས་ལ་བོད་པའི་སྐད་ཡིག་དེ་ཅི་ཙམ་གལ་ཆེན་པོ་ཡིན་པ་ཁོང་ཚོར་བསླབ་འདོད་ཤིན་ཏུ་ཆེ།
དགེ་རྒན་ཆགས་རྒྱུ་ལ་དཀའ་ལས་མང་པོ་རྒྱག་དགོས། དེ་ཡང་དགེ་རྒན་མིང་ཙམ་མིན་པར་མིང་འདི་དང་མཐུན་པའི་དགེ་རྒན་བཟང་པོ་ཞིག་ཡོང་རྒྱུ་ལ་ཤིན་ཏུ་དཀའ་ལས་མང་པོ་དང་སློབ་སྦྱོང་ལ་འབད་བརྩོན། ལྷག་པར་བོད་ཡིག་སློབ་ཚན་ལ་འབད་བརྩོན་ཤིན་ཏུ་བྱེད་དགོས། འབད་བརྩོན་དེ་མཐོ་རིམ་སློབ་གྲྭར་སླེབས་པ་དང་བྱེད་རྒྱུ་མེད་དེ་ནི་ཆུང་དུས་ནས་བྱས་སྟེ་མཐོ་རིམ་སླེབས་དུས་རང་བཞིན་གྱིས་ཤེས་ཀྱི་རེད། དེ་ཡིན་ཙང་ང་ནི་བོད་ཡིག་དགེ་རྒན་ཆགས་རྒྱུ་ལ་ཆུང་དུས་ནས་བོད་ཡིག་ལ་དམིགས་བསལ་གྱི་དོ་སྣང་མང་བ་སྤྲད་པ་དང་ཆབས་ཅིག་ཤེས་ཡོན་དང་བོད་ཡིག་ཡར་རྒྱས་གཏོང་གི་ཡོད། དེ་རྗེས་འཛིན་རིམ་བཅུ་གཉིས་ཐོན་རྗེས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་ད་ལྟ་ལས་ལྷག་སྦྱོང་བའི་ཆེད་དུ་ང་མཐོ་རིམ་སློབ་གྲྭར་འཛུལ་འདོད་ཡོད།
གལ་སྲིད་མ་འོངས་པར་ང་བོད་ཡིག་དགེ་རྒན་ཞིག་ཆགས་ན་ངའི་ཐོག་མར་དམིགས་ཡུལ་ནི་བོད་གཞུང་ལ་ཞབས་ཕྱི་ཞུ་རྒྱུ་དེ་ཡིན། དེ་ནི་ངས་བོད་ཡིག་དགེ་རྒན་ཞིག་གི་ཐོག་ནས་བོད་གཞུང་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བོད་ཡིག་བསླབ་ནས་ཞབས་ཞུ་བྱེད་ཀྱི་ཡིན།
ད་ལྟ་ང་ཚོ་བཙན་བྱོལ་པ་ཞིག་ཡིན་པའི་ཆ་ནས་རྒྱ་གར་ནང་སྡོད་དུས་ང་ཚོའི་སྐད་ཡིག་དེ་དམིགས་བསལ་རྒྱ་སྐད་དང་དབྱིན་སྐད་མཉམ་དུ་འདྲེས་ནས་བོད་སྐད་ལ་བསྲེས་ལྷད་དང༌། འཕྲོ་བརླག་ཞིག་ཆགས་དུས་རིམ་བཞིན་བོད་སྐད་གཙང་མ་སྨྲོས་རྒྱུ་བརྗེད་པ་དང་ཡལ་འགྲོ་གི་འདུག དེ་ལ་བཀག་འགོག་ཆེད་ང་བོད་ཡིག་དགེ་རྒན་ཞིག་ཆགས་ནས་སློབ་ཕྲུག་རྣམས་ལ་བོད་ཡིག་འབྲི་སྟངས་དང་བོད་སྐད་གཙང་མ་སྨྲོས་སྟངས་བསླབ་འདོད་འདུག དོན་དེ་དག་ལ་བརྟེན་ནས་ངའི་དམིགས་ཡུལ་དེ་བདམས་པ་དང༌། བོད་ཕྲུག་ཚང་མས་རང་གི་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་མང་བ་བྱས་ནས་དེ་བདག་སྐྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བསླབ་བྱ་བྱེད་འདོད་འདུག་གོ།།

ཞན་ཆ།

ཞིང་ཁ་ནང༌། ཞིང་ཁའི་ནང༌། སྐྱེ་འགྲོ་ཞིག་ཡིན་པ་ཆ་ནས། སྐྱེ་འགྲོ་ཞིག་ཡིན་པའི་ཆ་ནས། མི་ཞིག་ཡག་པོ། མི་ཚེ་ཡག་པོ་ཞིག། འཛིམ་རིམ། འཛིན་རིམ། ད་ལྟའི་ང་ཚོ་བཙན་བྱོལ། ད་ལྟ་ང་ཚོ་བཙན་བྱོལ། ཡིན་པས་ཆ་ནས། ཡིན་པའི་ཆ་ནས། ང་ཚོ་སྐད་ཡིག་དེ༑ ང་ཚོའི་སྐད་ཡིག་དེ། སྨོས་རྒྱུ། སྨྲོས་རྒྱུ། བོད་སྐད་གཙང་མ་སྨོས་སྟངས་བསླབ་རྒྱུ་འདོད་ཀྱི་འདུག བོད་སྐད་གཙང་མ་སྨྲོས་སྟངས་བསླབ་འདོད་འདུག། བོད་ཕྲུག་ཚང་མར་རང་གི་རིགས་གཞུང་དང་སྐད་ཡིག་ལ་དོ་སྣང་མང་བ་བྱེ་ནས། བོད་ཕྲུག་ཚང་མས་རང་རིགས་གཞུང་དང་སྐད་ཡིག་ལ་དོ་སྣང་མང་བ་བྱས་ནས། དཀར་ལས་མང་པོ།དཀའ་ལས་མང་པོ༑ སླ་པོ་མེད།སླ་བོ་མེད། ཇི་ཙམ། ཅི་ཙམ། དམིགས་ཡུལ་དེ་གདམས་པ་དང༌། དམིགས་ཡུལ་དེ་བདམས་པ་དང༌།

ངའི་དམིགས་ཡུལ། (ཨང་གསུམ་པ།)

བསྟན་འཛིན་ནོར་བུ གོ་པལ་པུར་བོད་ཁྱིམ།

༄༅། །སྒྲ་དབྱངས་ཀུན་གྱི་དབང་ཕྱུག་མཆོག།།འཇིག་རྟེན་ཁམས་ཀྱི་མགོན་པོ་ཉིད། །
འགྲོ་བ་ཀུན་ལ་བདེ་སྦྱིན་མཆོག།།བདག་ལ་ཤེས་པའི་དངོས་གྲུབ་སྩོལ། །

ཞེས་དང་ཐོག་སློབ་དམན་ངས་སྒྲ་དབྱངས་དབང་ཕྱུག་མཆོག་ལ་སོར་བཅུའི་པད་མའི་འདབ་མ་སྙིང་ཁར་བཅངས་ནས་སྨོན་ལམ་འབུལ་བཞིན་མཆིས། དེ་ཡང་སྤྱི་ལོ་ ༡༩༨༤ ཟླ་བ ༡༠ ཚེས་ ༡༨ ཉིན་གྱི་ཁ་བ་ལྷབ་ལྷུབ་ཏུ་བབས་པའི་མཚན་མོ་ཞིག་ལ་རང་ཉིད་འཇིག་རྟེན་མུན་པའི་རྒྱལ་སྒོ་ནས་ཐོན། སྐབས་དེ་དུས་རང་ཉིད་ཀྱི་བསམ་བློའི་གནས་བབ་དང་ལུས་ཀྱི་མཚར་ལོང་སོགས་གང་ཅིའི་ཐོག་ནས་ཞན་པ་ཞིག་ཡིན། རིམ་བཞིན་སློབ་ཆུང་ལ་ལོ་གསུམ་ཙམ་བསྐྱོད་རྗེས་རྒན་ལགས་ཀྱི་གསུངས་དང་ཡང་སྒོས་ཨ་མ་ལགས་ཀྱི་བསླབ་བྱ་མི་ཉུང་བ་ཞིག་ཐོས་པ་ལས་ད་ལྟ་ནས་རང་ཉིད་ཀྱི་མ་འོངས་པའི་དམིགས་ཡུལ་འཛིན་རྒྱུ་དེ་གལ་ཆེན་པོ་ཞིག་ཡིན་པ་ཤེས་བྱུང༌། འོན་ཀྱང་རང་ཉིད་རྒྱ་གར་དུ་མ་སླེབས་བར་དམིགས་ཡུལ་གཏན་ནས་མེད་པར་མཚར་ལོང་བྱུང་བ་ཞིག་ཡིན།
ད་ཆ་རྒྱ་གར་དུ་འབྱོར་ནས་ལོ་ངོ་དགུ་ཙམ་སོང་བས་ད་བཟོད་བོད་རྒྱལ་ཁབ་ཆེན་པོའི་གནས་བབ་དང༌། འདས་པའི་ལོ་རྒྱུས་ཁག་ཤེས་རྟོགས་བྱུང་བས་དངོས་གནས་མིག་ཆུ་ཤོར་བའི་གནད་དོན་ཞིག་རེད་འདུག ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམས་འཆར་རིམ་བཞིན་རྟག་ཏུ་རང་གི་མ་འོངས་པར་ལས་གནས་ཆེ་ཆུང་གང་འདྲ་ཞིག་ཏུ་སླེབས་ཀྱང༌། རང་རྒྱལ་ཁབ་ཀྱི་རྩ་དོན་ཐོག་རང་སྲོག་བློས་གཏོང་དགོས་བྱུང་ཡང་ཐེ་ཚོམ་སྤུ་ཙམ་མེད་པ་དང༌། མ་འོངས་བོད་འཛུགས་སྐྲུན་གྱི་ཞིང་ས་ཆེན་པོའི་སྟེང་ས་ཁེམ་གང་ལས་ཀྱང་མ་བྱུང་ཡང་བརྒྱབ་རྒྱུའི་འདུན་པ་དང་དམིགས་ཡུལ་ཆེན་པོ་ཞིག་སྐྱེས་བྱུང༌། རང་ཉིད་ཀྱི་དམིགས་ཡུལ་གཙོ་བོར་རང་ཉིད་མ་འོངས་པར་བོད་དགེ་ཞིག་བྱེད་རྒྱུའི་འདུན་པ་ཧ་ཅང་ཆེ། དེ་ཡང་རྒྱུ་མཚན་ཁ་ཤས་ཤིག་ཞུས་ན། སྤྱིར་གུས་པ་ནི་བོད་ཡིག་སྦྱོང་བྲིས་སོགས་བྱ་རྒྱུར་དགའ་པོ་ཡོད་པ་མ་ཟད་བོད་ཀྱི་སྐད་ཡིག་དེ་ཚོ་སྔོན་བག་ཆགས་བཟང་པོས་ཤེས་བདེ་བ་སོགས་ཡོད་ཚོད་འདུག ཕྱོགས་གཞན་ཞིག་ནས་བཤད་ན་ད་ཆ་རང་མི་རིགས་དེ་རྒྱ་དམར་གྱི་ལག་འོག་ཏུ་གནས་ཡོད་པས་ང་ཚོས་རང་དབང་འཐབ་རྩོད་བྱེད་པར་ལག་ཆ་སོགས་ཁྱེར་ཚེ་དེ་ནི་ཧ་ཅང་གི་དཀའ་བ་ཞིག་ཡིན་པས་ང་ཚོར་དཔང་རྟགས་གཙོ་བོ་ནི་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་རྣམས་ཡིན་པས། ང་ཚོས་ཉམས་ཆག་འགྲོ་བཞིན་པ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་དགོས་པས་དེ་རྗེས་ཀྱི་མི་རབས་སམ་མ་འོངས་པའི་བོད་ཀྱི་སོན་རྩ་རྣམས་ལ་སྤྲོད་དགོས་དུས་བོད་དགེ་ཞིག་བྱས་ན་འཚམ་ཤོས་དང་ལེགས་ཤོས་ཤིག་མཐོང་བྱུང༌། རང་ཉིད་ཀྱི་དམིགས་ཡུལ་དེ་སྒྲུབ་ཐབས་སུ་ངས་སློབ་ཆུང་ནས་ད་ལྟ་འཛིན་གྲྭ་བཅུ་པ་བར་སློབ་ཚན་སྤྱི་ལས་བྱེ་བྲག་བོད་ཡིག་ལ་དོ་སྣང་ཆེ་བ་བྱས་པ་ཡིན་ལ་དེ་རྗེས་འཛིན་གྲྭ་བཅུ་པ་ཐོན་རྗེས། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་མཐོ་སློབ་ཏུ་འཛུལ་ཏེ་སློབ་དཔོན་གྱི་གནས་ཚད་བླངས་ནས་བོད་སློབ་ཞིག་ཏུ་དགེ་རྒན་ཞིག་བྱས་ནས་བསྡད་འདོད་ཡོད། གུས་པ་དེ་ལྟར་དམིགས་ཡུལ་དེ་བཟུང་ནས་མ་འོངས་པར་ཕན་ཐོགས་གང་འདྲ་ཞིག་ཡོད་དམ་ཞེ་ན། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་དང་རང་དབང་གི་བདེན་དཔང་ཞིག་ཡིན་དུས་བོད་ཀྱི་རྩ་དོན་དུ་ཕན་ཐོགས་རང་ཆེ་བ་ཞིག་ཡོངས་རྒྱུ་གོར་མ་ཆག དེ་བཞིན་སྐད་ཡིག་ཡར་རྒྱས་དང་སླར་གསོ་བྱེད་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། དེ་སང་བཙན་བྱོལ་གྱི་སྤྱི་ཚོགས་ནང་མཚོན་ན་བོད་རིགས་ན་གཞོན་མང་པོ་ཞིག་གིས་ཐ་ན་རང་ཉིད་ཀྱི་སྤུན་གཉེན་ཉེ་ཁག་ལ་གཏོང་ཡིག་ཞིག་བོད་ཡིག་ཐོག་འབྲི་རྒྱུ་ཁག་པོ་བྱེད་ཀྱི་ཡོད་ལ། རྣམ་ཀུན་ཕན་ཚུན་གོ་བརྡ་སྤྲོད་སྐབས་བོད་སྐད་ནང་དབྱིན་ཇིའི་ཚིག་དང་ཧིན་རྡིའི་ཚིག་སོགས་བསྲེ་ལྷད་བྱེད་བཞིན་ཡོད། དེས་ན་ང་ཚོའི་རྩ་ཆེའི་སྐད་ཡིག་དེའི་ནང་མིང་ཚིག་ཐ་སྙད་སོགས་ཀྱི་མི་འདང་བ་རྩ་བ་ནས་མིན། ང་ཚོའི་བོད་ཀྱི་སྐད་ཡིག་འཛམ་གླིང་སྤྱི་ལས་ཁྱད་དུ་འཕགས་པ་དང་མིང་ཚིག་གང་ཐད་ནས་ཧ་ཅང་ཕྱུག་པ་ཞིག་ཡིན། དེ་ལྟར་ཉིན་རེ་ནས་ཉིན་རེ་བཞིན་ང་ཚོའི་སྐད་ཡིག་དེ་ལྟར་ཉམས་ཚེ་ངའི་བསམ་པར་ཉིན་གཅིག་ང་ཚོའི་སྐད་ཡིག་དེ་མི་རིགས་གཅིག་གིས་ཀྱང་གོ་བ་ལེན་མི་ཐུབ་པའི་ལོག་སྐད་གསར་པ་ཞིག་ཆགས་རྒྱུར་ཐེ་ཚོམ་མེད་པས། རང་ཉིད་བོད་དགེ་དཀྱུས་མ་ཞིག་གི་ལས་སྣེར་ཞུགས་ཚེ་ཕན་ཐོགས་ཏོག་ཙམ་ཡོང་གི་རེད་བསམ་ཀྱི་འདུག
ཕྱོགས་གཞན་ཞིག་ནས་ཞུས་ན་དེང་འཛམ་གླིང་ནང་ཡོ་རོབ་རྒྱལ་ཁབ་ཁག་གི་མི་རིགས་ཚོས་ང་ཚོའི་ཆོས་ཐོག་ཧ་ཅང་དོ་སྣང་དང་ནང་ཆོས་ཐོག་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་དེ་ལས་ལྷག་པ་ཞིག་འཇིག་རྟེན་དེའི་ཐོག་རྙེད་དཀའ་བ་ཞིག་ཡིན། འོན་ཀྱང་བོད་མི་གཞོན་སྐྱེས་ཚོར་ཆ་བཞག་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐ་དག་བོད་ཡིག་ཐོག་ཡོད་ནའང་དོ་སྣང་མི་བྱེད་པ་སོགས་ཀྱི་གནས་སྟངས་དེས་ལོ་ངོ་བཅུ་ཕྲག་གཅིག་ཙམ་རྗེས་ང་ཚོ་རང་ཉིད་ཀྱི་ཆོས་སོགས་ཕྱི་རྒྱལ་མི་རིགས་མགོ་སེར་ཚོར་བསླབས་དང་ཞེས་བརྗོད་དགོས་པའི་དུས་ཤིག་ཤར་ཚེ་ཧ་ཅང་ངོ་གནོང་དགོས་པ་ཞིག་ཡིན་དུས་སྔོན་ཚུད་ནས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་བས་མ་འོངས་སོན་རྩ་ཚོར་ཚིག་གཅིག་ཀྱང་བསླབ་ཐུབ་པའི་རེ་བ་ཞིག་སྙིང་འཆང་གིས་བོད་དགེ་ཞིག་བྱེད་འདོད་སྐྱེས། མཐའ་མར་གུས་པའི་རེ་བར་སློབ་ཕྲུག་ཡོངས་ནས་རང་ཉིད་ཀྱི་དམིགས་ཡུལ་བཟང་པོ་ཞིག་དང་བྱུང་ན་རང་མི་རིགས་ལ་ཕན་ཐོགས་དང་རྩ་དོན་ཐོག་ཞབས་འདེགས་བྱེད་རྒྱུ་ནི་ང་ཚོའི་ཕ་མ་རྣམས་ཀྱི་རྟག་ཏུ་བསམ་པའི་རེ་བ་ཆེན་པོ་ཞིག་ཡིན་པ་དང་ཡང་སྒོས་ལྷ་གཅིག་ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཐུགས་རེ་ཞིག་ཡིན་དུས་རྟག་ཏུ་སྙིང་དབུས་སུ་ཁོད་ཅིག་ཨང༌། དགེ་ལེགས་འཕེལ།

ཞན་ཆ།  

འདམ་པ་པདྨའི། པདྨའི་འདབ་མ། ལྷུང་ལྷུང་དུ་བབས། ལྷབ་ལྷུབ་ཏུ་བབས། འོན་ཀྱང་རང་ཉིད་རྒྱ་གར་དུ་མི་སླེབས་སྔོན། འོན་ཀྱང་རང་ཉིད་རྒྱ་གར་དུ་མ་སླེབས་སྔོན། གནས་དོན། གནད་དོན། བོད་ཡིག་སྦྱངས་བྲིས། བོད་ཡིག་སྦྱོང་བྲིས། སྤངས་དག་གཙོ་བོ། དཔང་རྟགས་གཙོ་བོ། ལེགས་ཤོས་ཞིག ལེགས་ཤོས་ཤིག། ཆེས་ཐོའི་མཐོ་སློབ། ཆེས་མཐོའི་མཐོ་སློབ། ཕན་ཐོག ཕན་ཐོགས། ན་གཞོན་མང་པོ་ཞིག་གི་ཐ་ན་རང་ཉིད་ཀྱི། ན་གཞོན་མང་པོ་ཞིག་གིས་ཐ་ན་རང་ཉིད། སྤུན་ཉེ་གཉེན་ཁག༌། སྤུན་གཉེན་ཉེ་ཁག། ཚིགས་སོགས་སྲེད་ལྷད། ཚིགས་སོགས་བསྲེ་ལྷད། མི་གདང་བ་ཡིན་ནམ། མི་འདང་བ་ཡིན་ནམ། ཏོག་ཙམ་ཡོངས་ཀྱི་རེད། ཏོག་ཙམ་ཡོང་གི་རེད། གཞོན་སྐྱེས་ཚོར་ཆ་ཞག་ན། གཞོན་སྐྱེས་ཚོར་ཆ་བཞག་ན། རེ་བ་ཞིག་སྙིང་འཆང་ཀྱི་བོད་དགེ་ཞིག་བྱེད་འདོད་ཡོད། རེ་བ་ཞིག་སྙིང་བཅངས་ཀྱི་བོད་དགེ་ཞིག་བྱེད་འདོད་ཡོད། དངོས་སྒྲུབ་རྩོལ། དངོས་གྲུབ་སྩོལ། འཚར་ལོངས། མཚར་ལོངས། ཡངས་སྒོས།ཡང་སྒོས། ས་འཁྱེམ་གང༌། ས་ཁེམ་གང༌། རང་དབང་ཐབས་རྩོད། རང་དབང་འཐབ་རྩོད།