མཁས་དབང་ཟམ་གདོང་རིན་པོ་ཆེ།

༄༅། །བརྗོད་གཞི་རིགས་ལམ་དང་ནང་ཆོས་ཁྲིད་ཐབས་ཟེར་རྒྱུ་དེ་རེད་འདུག །སློབ་ཚན་གོ་སྒྲིག་གནང་མཁན་ཚོས་གཅིག་བྱས་ན་རིགས་ལམ་དང་ནང་ཆོས་ཁྲིད་ཐབས་གསུངས་པ་དེ་ང་ཚོའི་བོད་སྐད་ཀྱི་སློབ་དེབ་ནང་ལ་རིགས་ལམ་ཟེར་བའི་སློབ་ཚན་ཟུར་དུ་ཡོད་པ་དེ་ཁྲིད་ཐབས་དང༌། དེའི་ནང་ལ་ཡོད་པའི་ནང་ཆོས་ཟེར་བའི་སློབ་ཚན་དེ་ཟུར་དུ་ཁྲིད་ཐབས་ཀྱི་དམིགས་བསལ་ཐབས་ལམ་ག་རེ་ག་རེ་ཡོད་རེད། དེའི་སྐོར་ལ་བཀའ་བསྡུར་གནང་རྒྱུའི་དགོངས་པ་བཞེས་ཡོད་ཀྱི་རེད་བསམ་གྱི་འདུག །
ཡིན་ནའང་ཁ་སང་ངས་སྤྱིར་བཏང་གི་རིགས་ལམ་དང༌། སྤྱིར་བཏང་གི་ནང་ཆོས་དེ། ད་ལྟའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་སྟོན་བྱེད་སྟངས་ཀྱི་སྒྲོམ་གཞི་དེའི་ནང་ལ་སློབ་ཁྲིད་བྱེད་ཐབས་གང་འདྲ་ཞིག་ཡོད་མིན་སྤྱིར་བཏང་ཐོག་ནས་ཞུ་རྒྱུ་གཅིག་མ་གཏོགས་སློབ་དེབ་ཀྱི་ནང་ལ་དམིགས་ཀྱིས་བཀར་བའི་རིགས་ལམ་དང་ནང་ཆོས་དེ་ཟུར་དུ་དབྱེ་བ་ཕྱེས་ནས་སློབ་ཁྲིད་བྱེད་སྟངས་གང་འདྲ་ཡོད་པའི་སྐོར་ལ་བཀའ་མོལ་ཞུ་རྒྱུའི་འགོ་འཛུགས་ཞུས་ཡོད་མ་རེད། དེ་འགོ་འཛུགས་མ་ཞུས་པ་ག་རེ་རེད་ཟེར་ན། ངའི་ནམ་རྒྱུན་བལྟ་སྟངས་ལ་སློབ་གྲྭའི་ནང་རིགས་ལམ་དང་ནང་ཆོས་གཉིས་ཀ་སློབ་ཚན་ཡོངས་རྫོགས་དང་མཉམ་དུ་དུས་རྒྱུན་དུ་འགྲོ་དགོས་པ་ཞིག་རེད་མ་གཏོགས་དེ་གཉིས་ཟུར་དུ་བསླབ་བསྡད་པ་དེར་ཕན་འབྲས་མེད་པ་མིན་རུང་ཕན་ཐོགས་རླབས་ཆེན་པོ་ཞིག་འབྱུང་གི་མ་རེད་བསམ་གྱི་འདུག
རིགས་ལམ་ཟེར་བ་དེ་ཁ་སང་ང་ཚོ་འདིར་བཀའ་མོལ་བྱུང་ཟིན་པ་ནང་བཞིན་རེད། ཕྱི་ནང་གི་རིག་པའི་གནས་གང་འདྲ་ཞིག་ལ་སློབ་སྦྱོང་བྱས་པ་ཡིན་ན་ཡང་སློབ་སྦྱོང་བྱེད་ཆེད་ཀྱི་ལག་ཆ་ཡོད་ན་མེད་ན་དེ་རེད། བསམ་བློའི་གཏོང་ཕྱོགས་ཐོག་ལ་རིགས་ལམ་ཡོད་པ་གཅིག་པ་རེད་མ་གཏོགས། བསམ་བློའི་གཏོང་ཕྱོགས་ནང་ལ་རིགས་ལམ་མེད་པ་ཡིན་ན་སློབ་སྦྱོང་ཤེས་ཀྱི་མ་རེད། ཡིག་འབྲུ་ངོ་མ་ཤེས་ན་ཀློག་ཤེས་ཀྱི་མ་རེད། ཡི་གེ་ཀློག་མ་ཤེས་པ་ཡིན་ན། དེབ་ལ་སློབ་སྦྱོང་བྱེད་རྒྱུ་མེད་པ་ནང་བཞིན་དོན་དག་གང་འདྲ་ཞིག་གི་ཐོག་ལ་ཐོས་བསམ་བྱས་པ་ཡིན་ན་ཡང༌། ཐོས་བསམ་བྱེད་པའི་ཆེད་དུ་ལག་ཆ་ཡོད་ན་མེད་ན་དེ། བསམ་བློ་གཏོང་སྟངས་དེ། རིག་པའི་འགྲོས་དང་མཐུན་པ་ཞིག་གི་ཐོག་ནས་བསམ་བློ་གཏོང་ཤེས་པ་ཞིག་མ་བྱུང་ན། དེ་ནས་སློབ་སྦྱོང་བྱེད་རྒྱུའི་ལམ་ཁ་རྦད་དེ་རྫོགས་པ་རེད། དེ་ནས་ཧ་ལམ་སློབ་སྦྱོང་བྱེད་ཐབས་ཡོད་མ་རེད་ཅེས་ལབ་ཀྱང་འགྲིག་རྒྱུ་ཞིག་རེད། ཐོས་པ་ཙམ་ཞིག་བསགས། ལན་ཞིག་འཁྱོལ་བ་ཙམ་ཞིག་ཡོང་མདོག་ཁ་པོ་རེད་མ་གཏོགས། དེ་ལས་ལྷག་པའི་རང་གི་ངོས་ནས་བརྟག་དཔྱད་བྱས་ཏེ་བསམ་བློ་གཏོང་རྒྱུ་དེ་རིགས་ལམ་མེད་ན་གཏོང་ཐུབ་ཀྱི་མ་རེད་ལ། གལ་སྲིད་བཏང་བ་ཡིན་ན་ཡང་དེ་ནོར་འགྲོ་ཡི་རེད་མ་གཏོགས། མཐར་གཏུགས་ཏཻ་ངེས་པ་རྙེད་པ་ཞིག་གི་ཐོག་ལ་སླེབས་ཐུབ་ཀྱི་མ་རེད། རིགས་ལམ་ལོག་པ་གཅིག་གི་ཐོག་ནས་དོན་དག་གང་འདྲ་ཞིག་གི་ཐོག་ལ་བརྟག་དཔྱད་བྱས་པ་ཡིན་ཡང་བརྟག་དཔྱད་བྱས་པའི་གྲུབ་འབྲས་དེར་དཔྱད་དོན་ནོར་བ་རྙེད་འགྲོ་རྒྱུ་ཞིག་རེད།
ཁ་སང་ང་ཚོ་བཀའ་མོལ་བྱུང་བ་ནང་བཞིན་རེད། རིག་པ་ཟེར་བ་དེ་བོད་པའི་སྐད་ལ་ཚིག་གཅོད་སྟངས་མི་འདྲ་བ་ཞིག་གི་ཐོག་ནས་མིང་རྐྱང་ལ་གོ་རྒྱུ་གཅིག་དང༌། བྱ་ཚིག་ལ་གོ་རྒྱུ་བཅས་གཉིས་ཡོད་པ་ནང་བཞིན་རིགས་པ་ཞེས་ལབ་པ་ཡིན་ན་འོས་པ་ཟེར་བ་དེ་དང༌། འཚམས་པ་ཟེར་བ་དེ་རེད། ཚད་མ་ཟེར་བ་དེ་རེད། རིགས་པ་དང་ཚད་མ་གཉིས་པོ་དེ་གཅིག་པ་རེད། བྱས་ཙང་རིག་པ་ཞེས་ལབ་དུས་སྐབས་ལ་ཚད་མས་གྲུབ་པའི་བྱས་རྗེས་དེ་རེད། ལེགས་སྦྱར་གྱི་སྐད་ལ་ནྱཱཡ་ཟེར་བ་དེ་ག་པར་བསྒྱུར་གྱི་ཡོད་རེད་ཟེར་ན། པྲམཱཎ་དང་ནྱཱཡ་གཉིས་ཀ་ཧ་ལམ་དོན་གཅིག་མིང་གི་རྣམ་གྲངས་འདྲ་བོ་བྱས་ཏེ་བསྒྱུར་ཡོད།
ཚད་འཇལ་རྒྱུའི་ཐིག་ཤིང་འདྲ་བོ་དེ་ཏག་ཏག་ཅིག་ཡོད་པ་ཡིན་ན། དེའི་ཐོག་ནས་འཇལ་བའི་གནས་ཚུལ་དེ་འོས་པ་ཞིག་དང༌། རིགས་པ་ཞིག་ཏག་ཏག་ཆགས་འགྲོ་ཡི་ཡོད་རེད། ཚད་འཇལ་བྱེད་ཀྱི་ཐིག་ཤིང་དེ། ཚད་ཤིང་དེ་དང་པོ་ནས་ནོར་ཡོད་ན། དེས་འཇལ་བའི་ཚད་དེ་ཡང་ཚད་མ་ཆགས་ཀྱི་ཡོད་མ་རེད། ཚད་ལྡན་ཆགས་པ་ཡོད་མ་རེད། དེ་འདྲ་ཡིན་པ་ཡིན་ཙང་རིགས་ལམ་དེ་ཕྱི་ནང་གི་གནས་གང་འདྲ་ཞིག་ལའང་དགོས་པ་རེད། ནང་དོན་རིག་པ་རྐྱང་རྐྱང་གི་སྐད་ཆ་མ་རེད། ཕྱི་ནང་གི་གནས་གང་འདྲ་ཞིག་ལ་སློབ་གཉེར་བྱས་པ་ཡིན་ནའང་རིགས་ལམ་གྱི་རྣམ་གཞག་དེ་མེད་ན་མི་ཡོང་བ་ཞིག་རེད།
དེ་འདྲའི་རིགས་ལམ་གྱི་རྣམ་གཞག་དེ་ང་ཚོ་ནང་པའི་ཚད་མ་རིག་པའི་གཞུང་ནས་བཤད་པ་དེ་རྣམས་ཀྱི་འགྲོ་སྟངས་འདྲ་བོ་གཅིག་རེད། རྟགས་ཡང་དག་དང༌། རྟགས་ལྟར་སྣང་གི་དབྱེ་བ་ཕྱེས་ནས་རྟགས་ཡང་དག་གིས་བསྒྲུབ་བྱ་སྒྲུབ་ནུས་པ་དང༌། རྟགས་ལྟར་སྣང་གིས་དེ་རྣམས་སྒྲུབ་མི་ནུས་པ། རྟགས་ལྟར་སྣང་གིས་བསྒྲུབ་བྱ་སྒྲུབ་མི་ནུས་པ་ཡིན་ཡང༌། རྟགས་ལྟར་སྣང་མང་པོ་ཞིག་གིས་ཆ་མཉམ་གྱི་ཐེ་ཚོམ་དང༌། དོན་འགྱུར་གྱི་ཐེ་ཚོམ་བར་དུ་དཔྱད་ཐུབ་པ་དེ་འདྲ་ཡོད་རེད། རྟགས་ལྟར་སྣང་གིས་བསྒྲུབ་བྱ་འཇལ་བྱེད་ཀྱི་ཐབས་ལམ་དེ་བྱེད་ཐུབ་ཀྱི་ཡོད་མ་རེད་མ་གཏོགས་རྟགས་ལྟར་སྣང་ལ་དགོས་པ་རྩ་བ་ནས་མེད་པ་དེ་འདྲ་མ་རེད། བྱས་ཙང་དེའི་རྟགས་ཀྱི་རྣམ་གཞག་བཤད་རྒྱུ་དེ་ང་ཚོ་ནང་པའི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་སྐོར་དེ་ཚུར་གཞུང་ལུགས་གཅིག་ལ་བཟོས་ནས་ལབ་ཡོང་དུས་སྐབས་ལ། དེ་ལབ་སྟངས་ཤིག་རེད།
དེ་བཞིན་ནུབ་ཕྱོགས་པ་ཚོར་ཚད་མ་རིག་པ་དེ་ཡོད་རེད། ཁོང་ཚོའི་སྐད་ལ་ལོ་ཇིག་(Logic)ཟེར་བ་ཞིག་ཡོད། སློབ་ཚན་ག་རེ་ཡིན་ནའང་དེའི་མཉམ་དུ་ལོ་ཇིག་སྦྱར་འགྲོ་ཡི་འདུག །དེ་སྦྱར་དོན་ག་རེ་རེད་ཟེར་ན། སློབ་ཚན་གང་འདྲ་ཞིག་ཡིན་པ་ཡིན་ནའང་ཚད་མ་རིག་པ་དེ་མེད་པ་ཡིན་ན། རིགས་ལམ་དེ་མེད་པ་ཡིན་ན། འགྲོ་ས་མེད་པ་དེ་ནུབ་ཕྱོགས་པའི་བསམ་ཚུལ་ལ་ཡང་གཅིག་པ་རེད། ཊི་བྷི་ཊི་ལོ་ཇིའི། བུདྷ་ལོ་ཇིའི། སི་ནོ་ལཱོ་ལོ་ཇིའི་(Tibetlogy. Buddhalogy. Sinology) ཞེས་སློབ་ཚན་ཚང་མའི་མཉམ་དུ་ལོ་ཇིག་གི་ཚིག་དེ་སྦྱར་ཏེ་སློབ་ཚན་དེའི་མིང་ལབ་ཀྱི་འདུག བྱས་ཙང་ང་ཚོས་རྗེས་འཇུག་ས་མེད་པའི་རིག་པ་དེ་སྦྱར་བ་ནང་བཞིན་ཁོང་ཚོས་ཀྱང་ས་ཡོད་པའི་རིགས་དེ་སློབ་ཚན་མཉམ་དུ་སྦྱར་དུས་སྐབས་ལ་དེ་ཁོ་རང་ཚོར་གོ་རྒྱུ་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན། སློབ་ཚན་གང་འདྲ་ཞིག་ཡིན་ནའང་དེ་རྣམས་རིགས་པ་དང་མཐུན་པ་ཞིག་བྱས་ནས་འགྲོ་བ་མ་གཏོགས་རིགས་པ་དང་མ་མཐུན་པ་(Illogical)བྱས་ནས་འགྲོ་རྒྱུ་མེད་པ་ཡིན་ཙང་དེའི་མཚོན་བྱེད་ལ་ལོ་ཇིག ལོ་ཇིག་ཅེས་ལབ་བསྡད་པ་དེ་རེད།
སྤྱིར་བཏང་ང་ཚོའི་ནང་པའི་གཞུང་ལུགས་ནས་བཤད་པའི་ཚད་མ་རིག་པའི་རྣམ་གཞག་ལས་རྒྱ་གར་གྱི་ནང་པ་མ་ཡིན་པའི་གྲུབ་མཐའ་གཞན་དག་གི་ཚད་མ་རིག་པའི་རྣམ་གཞག་ཡར་རྒྱས་ཆེ་བ་ཕྱིན་ཡོད་རེད། དཔེར་ན་དེ་རིང་སང་ཉིན་ཚད་མ་རིག་པའི་གཞུང་ལུགས་གསར་པ་ལྟ་བུར་མཚོན་ན། ད་ལྟ་ང་ཚོ་ནང་པས་ཤེས་བསྡད་པའི་ཀུན་བཏུས་དང་རྣམ་འགྲེལ་ནས་བཤད་པའི་ཚད་མ་རིག་པ་ལས་ཞེ་དྲགས་ཀྱིས་ཞིབ་ཚགས་པ་དང་རྒྱ་ཆེ་བ་ཞིག་བྱས་ཏེ། ཁོང་ཚོའི་ཚད་མ་རིག་པའི་འགྲོ་སྟངས་མང་པོ་ཞིག་བཤད་རྒྱུ་འདུག །བྱས་ཙང་ཤར་ཕྱོགས་པའི་ཚད་མ་རིག་པའི་འགྲོ་སྟངས་སམ་རིགས་ལམ་གྱི་རྣམ་གཞག་དེ་ཚང་མ་གཅིག་པ་འདྲ་བོ་རེད། ང་ཚོ་ལ་ཞེ་དྲགས་རང་གསལ་པོ་མེད་པ། ནུབ་ཕྱོགས་པ་ནས་ཚུར་ང་ཚོས་ལེགས་ཆ་བླངས་དགོས་པ་ཚད་མ་རིག་པའི་ནང་ལ་ག་རེ་ཡོད་རེད་ཟེར་ན། ཨང་རྩིས་ཀྱི་ཐོག་ནས་ཚད་མ་རིག་པའི་འགྲོ་སྟངས་དེ་གཅིག་ཡོད་རེད། རིག་བྱེད་ནས་བཤད་པའི་ཨང་རྩིས་དང༌། ནུབ་ཕྱོགས་པའི་ཨང་རྩིས་ནས་བཤད་པའི་ཚད་མ་རིག་པ་གཉིས་པོ་དེ་དེ་རིང་སང་ཉིན་རྒྱ་གར་དང་ནུབ་ཕྱོགས་པའི་བར་ལ་སྔོན་རབས་ཀྱི་རིག་གཞུང་དང༌། དེང་རབས་ཀྱི་རིག་གཞུང་གཉིས་ཀྱི་བར་ལ་བརྗེ་ལེན་བྱེད་རྒྱུ་དྲག་ཤོས་གཅིག་ལ་བརྩི་ཡི་ཡོད་རེད། བྱས་ཙང་ང་ཚོའི་ཚད་མ་རིག་པའི་གཞུང་ལུགས་ནང་ལ་རྩིས་ཀྱི་ཐོག་ནས་རིགས་ལམ་གྱི་འགྲོ་སྟངས་དེ་དམིགས་སུ་བཀར་ནས་བཤད་ཡོད་མ་རེད། རྩིས་ཀྱི་རྣམ་གཞག་ང་རང་ཚོར་ཞེ་དྲག་གཏིང་ཟབ་པོ་དང་རྒྱས་པོ་ཡོད་ཀྱང་དེ་དག་ཚུར་རིགས་ལམ་ལ་གང་འདྲ་བྱས་ཏེ་གཞལ་བྱ་ལྐོག་འགྱུར་འཇལ་བའི་ཐབས་ལ། དེ་གང་འདྲ་བྱས་ཏེ་རྟགས་བཀོད་པ་ནང་བཞིན་རྩིས་ཀྱི་ཐོག་ནས་འགྲོ་སྟངས་དེ་ཤར་ཕྱོགས་པའི་གཞུང་ལུགས་ལ་དེ་ག་ཙམ་གྱིས་གྲ་རྒྱས་པོ་དང་གསལ་པོ་ཡོད་མ་རེད། དེ་ནུབ་ཕྱོགས་པའི་དེ་ནས་ཚུར་བླངས་པ་ཡིན་ན། ལྷག་པར་དུ་ནུབ་ཕྱོགས་པས་རི་མོ་དང་རྩིས་མཉམ་དུ་ཕྱིན་ཏེ་ཇོ་མེ་ཊེ་རི་(geometry)དང༌། ཨལ་ཇེབ་ར་(Algebra)ཟེར་བ་དེ་ཚོའི་ངོས་ནས་དབྱིབས་དང་གྲངས་ཀྱི་ཐོག་ནས་ལྐོག་གྱུར་གྱི་གཞལ་བྱ་འཇལ་བའི་ཐབས་ཤེས་སམ་རྣམ་གཞག་མང་པོ་ཞིག་ཡོད་རེད། བྱས་ཙང་དེ་རྣམས་ཚུར་སྦྱར་དགོས་པ་ཞིག་རེད།
དེ་འདྲ་བྱས་དུས་རིགས་ལམ་སློབ་རྒྱུ་དེ་ཨང་རྩིས་སློབ་པའི་སྐབས་ལ་ཨང་རྩིས་བརྒྱུད་ནས་རིགས་ལམ་སློབ་དགོས་པ་དང༌། སྤྱི་ཚོགས་ཀྱི་ཚན་རིག་སློབ་པའི་སྐབས་ལ་སྤྱི་ཚོགས་ཀྱི་ཚན་རིག་བརྒྱུད་དེ་རིགས་ལམ་སློབ་དགོས། སྐད་ཡིག་སློབ་པའི་སྐབས་ལའང༌། ལུང་དུ་སྟོན་པ་སློབ་པའི་སྐབས་ལའང་རིགས་ལམ་དང་སྦྱར་ནས་ལུང་དུ་སྟོན་པ་དེ་སློབ་དགོས། བྱས་ཙང་སློབ་ཚན་ག་རེ་ཡིན་ནའང་སློབ་ཚན་དེ་དང་དེའི་ཆ་ཤས་ལ་རིགས་ལམ་ཡོད་བསྡད་པ་ཞིག་དང༌། རིགས་ལམ་གྱི་ཐོག་ནས་སློབ་ཚན་དེ་དང་དེའི་ནང་ལ་འགྲོ་དགོས་པ་གཉིས་ཀ་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་ཆགས་བསྡད་ཡོད་རེད། རིགས་ལམ་མ་བསླབས་པར་སློབ་ཚན་གང་ཡང་སློབ་ཐུབ་ཐབས་མེད་པ་རེད། སློབ་ཚན་ག་རེ་བསླབས་པ་ཡིན་ནའང་རིགས་ལམ་བརྒྱུད་དེ་སློབ་དགོས་པ་དང༌། རིགས་ལམ་དང་མཐུན་པ་ཞིག་སློབ་དགོས་པ་དེ་མཁྱེན་པ་ཡིན་ན། རིགས་ལམ་སློབ་རྒྱུ་ཟེར་བ་དེ་དཀའ་ལས་ཆེ་མདོག་གཅིག་བྱས་ཏེ་ཟུར་དུ་བཞག་དགོས་པ་འདྲ་བོ་ཞིག་དང༌། རྟགས་རིག་སྦྱངས་མྱོང་མཁན་ཞིག་མིན་ན། རྣམ་འགྲེལ་སྦྱངས་མྱོང་མཁན་ཞིག་མིན་ན། རིགས་ལམ་སློབ་མི་ཤེས་མཁན་ཡིན་པའི་བཟོ་འདྲ་བོའི་བསམ་བློ་གཏོང་དགོས་མ་རེད།
ཤར་ཕྱོགས་པའི་རིགས་ལམ་མམ་ཚད་མ་རིག་པའི་རྣམ་གཞག་དེ་ཡིན་ནའང་འདྲ་འདུག །ནུུབ་ཕྱོགས་པའི་ཚད་མ་རིག་པའི་རྣམ་གཞག་དེ་ཡིན་ནའང་འདྲ་འདུག །ཚད་མ་རིག་པའི་རྣམ་གཞག་ཡོངས་སུ་རྫོགས་པའི་གཞི་རྟེན་དེ་ག་པར་ཐུག་ཡོད་རེད་ཟེར་ན། གཞི་རྟེན་དེ་འབྲེལ་བའི་རྣམ་གཞག་དེ་ལ་ཐུག་བསྡད་ཡོད་རེད། བློ་ཡུལ་ལ་འཇུག་སྟངས་དང༌། ཡུལ་གྱི་འབྲེལ་བའི་རྣམ་གཞག་དེ་ཚད་མ་རིག་པའི་གཞུང་ལུགས་ཡོངས་རྫོགས་ཀྱི་གཅིག་གྱུར་གྱི་གཞི་རྟེན་རེད། ཤར་ནུབ་དང་ཕྱི་ནང་གང་འདྲ་ཞིག་ལ་བལྟས་པ་ཡིན་ནའང་ཚད་མ་རིག་པ་བཤད་དུས་སྐབས་ལ་བཤད་རྒྱུའི་གཞི་རྩ་འདྲ་བོ་དེ་འབྲེལ་བའི་རྣམ་གཞག་དེ་བཤད་དགོས་ཀྱི་ཡོད་རེད།  ང་ཚོ་ནང་པ་ཡིན་ན། བདག་ཉིད་གཅིག་པའི་འབྲེལ་བ་དང༌། དེ་བྱུང་གི་འབྲེལ་བ་ཞེས་འབྲེལ་བ་གཉིས་མ་གཏོགས་ཁས་ལེན་གྱི་ཡོད་མ་རེད། འབྲེལ་བ་གཉིས་མ་གཏོགས་ཁས་མ་ལེན་པ་ཡིན་ཙང༌། འབྲེལ་བ་གཉིས་ཀྱི་ཐོག་ནས་རིགས་པ་ཡོངས་རྫོགས་ཀྱི་འགྲོ་སྟངས་དེ་གང་འདྲ་བྱས་ཏེ་རྟགས་ཡང་དག་ཆགས་ཀྱི་ཡོད་རེད། གང་འདྲ་བྱས་ནས་རྟགས་ལྟར་སྣང་ཆགས་ཀྱི་ཡོད་རེད། དེས་ཁྱབ་པ་དང་ལྡོག་ཁྱབ་དེ་རྣམས་སྒྲུབ་སྟངས་གང་འདྲ་རེད། དེ་རྣམས་ཡོངས་སུ་རྫོགས་པ་ཁྱེད་རང་ཚོ་རྣམ་འགྲེལ་གཟིགས་མྱོང་མཁན་ཡིན་ན་མཁྱེན་གྱི་རེད། ངས་ད་ག་སེ་སྤྱི་ཡོངས་ཀྱི་ཆ་ནས་ཞུ་ཡི་ཡོད། བྱས་ཙང་འབྲེལ་བ་གཉིས་པོ་དེ་གཏན་འཁེལ་བ་དེའི་དབང་གིས། རྟགས་ཀྱི་ཁྱབ་པ་ངེས་ཚུལ་དེ་ཚད་མའི་ཐོག་ནས་ཐག་ཆོད་འགྲོ་རྒྱུ་ཞིག་རེད།
ཕྱི་རོལ་པའི་ནང་དུ་འབྲེལ་བའི་རྣམ་གཞག་མང་པོ་བཤད་མཁན་དེ་འདྲ་ཡོད་རེད། ནུབ་ཕྱོགས་པ་ཚོས་འབྲེལ་བའི་རྣམ་གཞག་དེ་ལས་གཞན་པ་གཅིག་བཤད་ཀྱི་ཡོད་རེད། ནུབ་ཕྱོགས་པའི་ལོ་ཇིག་པ་དེ་ཚོས་འབྲེལ་བའི་རྣམ་གཞག་མང་པོ་ཞིག་བཤད་ཀྱི་ཡོད་རེད། ཡིན་ནའང་ཁོ་རང་ཚོའི་འབྲེལ་བའི་རྣམ་གཞག་གི་བཤད་སྟངས་དེ་མདོར་བསྡུས་ན་བདག་ཉིད་གཅིག་པའི་འབྲེལ་བ་དང༌། དེ་བྱུང་གི་འབྲེལ་བའི་ཁོངས་སུ་བསྡུ་ཐུབ་ཀྱི་རེད། གཅིག་ལ་བརྟེན་ནས་གཅིག་བྱུང་བ་ཞིག་དང༌། ཡང་ན་གཅིག་ལ་ལྟོས་ནས་གཅིག་གྲུབ་པ། གཅིག་ལྡོག་སྟོབས་ཀྱིས་ཅིག་ཤོས་ལྡོག་དགོས་པ། འབྲེལ་བའི་དོན་དག་རྡོག་རྡོག་དེ་རེད། གཅིག་མེད་པ་ཆགས་འགྲོ་དུས་གཞན་དག་དེ་ཡང་མེད་པ་ཆགས་འགྲོ་བ་ཞིག །གཅིག་དེ་ཡོད་པ་ཡིན་དུས་དེ་ལ་བརྟེན་ནས་གྲུབ་པའམ་དེ་ལ་ལྟོས་ནས་གྲུབ་པ་གང་རུང་གི་ཅིག་ཤོས་དེའང་གྲུབ་དགོས་པ་ཞིག  །གཅིག་ལྡོག་སྟོབས་ཀྱིས་གཞན་ལྡོག་པ་དེ་ཡར་མགོ་མཇུག་སློག་དུས་མི་ཡོང་རྒྱུ་གཅིག མར་རྩིས་དུས་ཡོང་བ་ཞིག །དཔེར་ན། མེ་ལྡོག་པའི་དབང་གིས་དུ་བ་ལྡོག་པ་རེད་མ་གཏོགས་དུ་བ་ལྡོག་པའི་དབང་གིས་མེ་ལྡོག་པ་རེད་ཅེས་ཡར་འགྲོ་ས་མེད་པ་ཞིག །དེ་འདྲ་ལ་དེ་བྱུུང་གི་འབྲེལ་བ་ཟེར་བ་དང༌། བདག་ཉིད་གཅིག་པ་དེ་ལ་ཕན་ཚུན་གཉིས་ཀ་གཅིག་ལྡོག་སྟོབས་ཀྱིས་གཅིག་ལྡོག་དགོས་པ། དེ་འདྲའྀ་འབྲེལ་བའི་རྣམ་གཞག་གཅིག་གི་ཐོག་ནས་རིག་པའི་རྣམ་གཞག་ཡོངས་སུ་རྫོགས་པ་ཡོང་དགོས་པ་ཞིག་རེད།
དེ་ནས་རིགས་ལམ་གྱི་རྒྱབ་ལྗོངས་ཀྱི་དོན་དག་གཉིས་པ་དེ་སྤྱི་དང་བྱེ་བྲག་གི་རྣམ་གཞག་དེ་རེད།  སྤྱི་དང་བྱེ་བྲག་གི་རྣམ་གཞག་དེ་ཤིན་ཏུ་གལ་ཆེན་པོ་བྱས་ཏེ་ཕྱི་རོལ་པའི་གཞུང་ལུགས་དང༌། ནང་པའི་གཞུང་ལུགས། ཤར་ཕྱོགས་པའི་གཞུང་ལུགས་ཚང་མའི་ནང་ལ་བཤད་ཡོད་པ་དང༌། དེ་རིང་སང་ཉིན་ནུབ་ཕྱོགས་པས་སྤྱི་དང་བྱེ་བྲག་གི་སྐད་ཆ་དེ་མང་པོ་བརྗོད་ཀྱི་ཡོད། ང་ཚོའི་བསྡུས་གྲྭ་བལྟ་མཁན་ཚོ་ལས་ནུབ་ཕྱོགས་པའི་གྲུབ་མཐའ་སྨྲ་བ་དེ་ཚོས་སྤྱི་དང་བྱེ་བྲག་གི་རྣམ་གཞག་མང་བ་ཤེས་ཀྱི་རེད། བྱས་ཙང་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡོང་སྟངས་དེའི་ཐོག་ནས་ཚད་མ་རིག་པའི་རྣམ་གཞག །རིག་པའི་རྣམ་གཞག་ཡོངས་སུ་རྫོགས་པ་དེ་སྤྱི་དང་བྱེ་བྲག་གི་འབྲཻེལ་བ་དེའི་ཐོག་ནས་སླེབས་ཡོང་གི་ཡོད་རེད། བྱས་ཙང་སྤྱི་དང་བྱེ་བྲག་གི་འབྲེལ་བ་དེ་ཡག་པོ་ཞིག་མ་ཤེས་པ་ཡིན་ན། ཚད་མ་རིག་པའི་རྣམ་གཞག་དེ་ཡག་པོ་བྱས་ཏེ་ཤེས་ཐུབ་ཐབས་མེད།
བྱས་ཙང་ཕྱི་རོལ་པས་རྟག་པ་ཡིན་པའི་སྤྱི་དོན་གཞན་ཟེར་བ་ཞིག་འདོད་དགོས་པ་དེ་ག་པར་ཐུག་གི་ཡོད་རེད་ཟེར་ན། ང་ཚོ་ནང་པ་ནང་བཞིན་གྱི་རྟེན་འབྱུང་གི་རྣམ་གཞག །བཏགས་དོན་བཙལ་བའི་སྐབས་སུ་རྙེད་མི་དགོས་པ། ཐ་སྙད་ལ་མ་བརྟགས་མ་དཔྱད་པའི་སྐབས་ལ་ཐ་སྙད་ལ་བཞག་ཆོག་རྒྱུའི་གནས་ཚུལ་དེ་མ་ཤེས་པ་ཡིན་ཙང༌། བཏགས་དོན་བཙལ་ནས་རྙེད་དགོས་པའི་སྤྱི་དང་བྱེ་བྲག་གི་འབྲེལ་བ་དེ་གྲུབ་དགོས་དུས་སྐབས་ལ་སྤྱི་དོན་གཞན་ཟེར་བ་གཅིག་མ་བཞག་ན་ཐབས་མེད་པ་ཞིག་ཆགས་པ་རེད། རྟག་པ་ཡིན་པ། རང་དབང་བ་ཡིན་པ། ག་རེ་ཡིན་ནའང་དེ་འདྲའི་རྗེས་སུ་འགྲོ་མཁན་ཞིག་གི་སྤྱི་དོན་གཞན་ཟེར་བ་དེ་མ་བཞག་ན་ཐབས་མེད་པ་ཞིག་ཆགས་འགྲོ་བའི་རྒྱུ་མཚན་དེའི་དབང་གིས་ཁོང་ཚོའི་རིགས་ལམ་གྱི་རྣམ་གཞག་ཚང་མ་དེའི་ཐོག་ནས་ཁྱད་པར་ཕྱིན་ཡོད་རེད།
ད་ལྟ་ནུབ་ཕྱོགས་པའི་བཤད་སྟངས་ཀྱི་སྤྱི་དང་བྱེ་བྲག་གི་འབྲེལ་བ་དེ་ཡང་དེ་ག་ནང་བཞིན་རེད། དེ་ནས་གོམ་པ་གཅིག་ཕར་བརྒྱབ་ནས་འགྲོ་དུས་སྐབས་ལ་དེ་འདྲའི་སྤྱི་དང་བྱེ་བྲག་གི་འབྲེལ་བའི་རྣམ་གཞག་དེ་བཤད་ཁག་པོ་ཡོང་དགོས་པ་དེ་ག་རེའི་ཐོག་ནས་བྱས་པ་རེད་ཟེར་ན། བློ་ཡུལ་ལ་འཇུག་པའི་སྐབས་ལ་འཇུག་སྟངས་གང་འདྲ་བྱས་ནས་འཇུག་གི་ཡོད་རེད། དེའི་དབང་གིས་ཁྱད་པར་དེ་རྒྱུག་འགྲོ་ཡི་ཡོད་རེད། སྒྲ་དང་རྟོག་པ་དེ་རྣམས་ཡུལ་ལ་འཇུག་པའི་སྐབས་ལ་རང་མ་ཡིན་སེལ་བའི་དབང་གིས། གཞན་སེལ་གྱི་དབང་གིས་འཇུག་སྟངས་དེ་ནང་པའི་ཐུན་མོང་མ་ཡིན་པའི་བཤད་ཚུལ་གཅིག་རེད། དེ་ནུབ་ཕྱོགས་པས་ཀྱང་ཤེས་ཀྱི་ཡོད་མ་རེད་ལ། རྒྱ་གར་གྱི་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་གཞན་པ་ཚོས་ཀྱང་ཤེས་ཀྱི་ཡོད་མ་རེད། བྱས་ཙང་གཞན་སེལ་དང༌། ཤིང་འཛིན་རྟོག་པ་ཟེར་བ་དེ་རྣམས་མར་བང་བསྒྲིགས་ནས་ཡོང་བའི་རྒྱུ་མཚན་དེ་འབྲེལ་བའི་རྣམ་གཞག་དེ་བཤད་ཀྱི་ཡོད་རེད། འབྲེལ་བའི་རྣམ་གཞག་དེའི་དོན་དག་ལ་སྤྱི་བྱེ་བྲག་གི་གནས་ཚུལ་དེ་སླེབས་ཀྱི་ཡོད་རེད། སྤྱི་བྱེ་བྲག་གི་གནས་ཚུལ་དེ་གསལ་པོ་ཡོང་བའི་དོན་དག་ལ་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་གྱི་དོན་དག་དེ་ལ་མར་ཐུག་བསྡད་ཀྱི་ཡོད་རེད།
བྱས་ཙང་ད་བསྡོམས་བརྒྱབ་ནས་བཤད་པ་ཡིན་ན། རིགས་ལམ་རིགས་ལམ་ཟེར་བ་དེ་གང་འདྲ་ཞིག་ལ་ལབ་བསྡད་ཀྱི་ཡོད་རེད་ཟེར་ན། རིགས་ལམ་རིགས་ལམ་ཟེར་བ་དེ་སྒྲ་དང་རྟོག་པ་དེ་རྣམས་རང་གི་ཡུལ་ལ་འཇུག་པའི་སྐབས་ལ་གང་འདྲ་བྱས་ནས་འཇུག་གི་འདུག མངོན་སུམ་གྱི་བློ་དེ་དག་ཡུལ་ལ་འཇུག་པའི་སྐབས་ལ་གང་འདྲ་བྱས་ནས་འཇུག་གི་འདུག རྟོག་པའི་བློ་དེ་རྣམས་ཡུལ་ལ་འཇུག་པའི་སྐབས་ལ་གང་འདྲ་བྱས་ནས་འཇུག་གི་འདུག དེའི་རྗོད་བྱེད་ཀྱི་སྒྲ་དེས་ཡུལ་དེ་ལ་བརྟེན་པའི་སྐབས་ལ་གང་འདྲ་བྱས་ནས་བརྟེན་གྱི་འདུག དྲི་བ་དེ་དག་གཞི་རིམ་གྱི་དྲི་བ་ཞིག་རེད། ད་རིང་སང་ཉིན་སློབ་སྦྱོང་བྱེད་མཁན་གང་འདྲ་ཞིག་ཡིན་པ་ཡིན་ནའང་དེའི་རྣམ་གཞག་དེ་ཧ་གོ་དགོས་པ་ཞིག་རེད། དེ་འདྲའི་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་དེ་ཡག་པོ་བྱས་ནས་ཤེས་པར་བྱེད་པ་ལ། ཡུལ་གྱི་སྟེང་དུ་ཡོད་པའི་སྤྱི་དང་བྱེ་བྲག་གི་འབྲཻལ་བ་དེ་གང་འདྲ་རེད། བ་ཕྱུགས་དཀར་པོ་གཅིག་ལ་འདི་བ་ཕྱུགས་རེད་ཅེས་ཐ་སྙད་སྦྱར་ཚར་བའི་རྗེས་ལ་ཕྲུ་གུ་ཆུང་ཆུང་ཞིག་ཡིན་ནའང་རེད། མི་གང་འདྲ་ཞིག་ཡིན་ནའང་བ་ཕྱུགས་དཀར་པོ་ལ་འདི་བ་ཕྱུགས་རེད་ཅེས་ཐ་སྙད་སྦྱར་སའི་གདགས་གཞི་དེའི་ཐོག་ལ་ཡོད་པའི་ཁྱད་ཆོས་འདྲ་བོ་ཚང་མ་ཚང་བའི་བ་ཕྱུགས་ནག་པོ་ཞིག་མཐོང་བའི་སྐབས་ལ། ཐ་སྙད་གསར་པ་སྦྱར་མི་དགོས་པར་འདི་བ་ཕྱུགས་རེད་འདུག་བསམ་པའི་སྔོན་མའི་བ་ཕྱུགས་དཀར་པོ་ལ་སྦྱར་བའི་བརྡ་དེ་ཡིས་བ་ཕྱུགས་ནག་པོ་མཐོང་བའི་སྐབས་ལ་ཡང་བསྐྱར་འདི་བ་ཕྱུགས་རེད་ཅེས་ལབ་མི་དགོས་པར་ཤེས་པ་དེ་བ་ཕྱུགས་དཀར་པོ་དེ་དང༌། བ་ཕྱུགས་ནག་པོ་དེ་གཉིས་ཀ་ལ་ཁྱབ་པའི་སྤྱི་ཟེར་བ་ཞིག་ཡོད་པས་རེད། དེ་གཉིས་ཀ་ལ་ཁྱབ་པའི་སྤྱིའི་གནས་སྟངས་དེ་རིགས་ལམ་གྱི་རྣམ་གཞག་ནང་བཤད་རྒྱུའི་གླེང་གཞི་ཡོད་ན་མེད་ན་དེ་རེད། བརྗོད་གཞི་ཡོད་ན་མེད་ན་དེ་རེད། གླེང་གཞི་ཟེར་ནའང་མི་འདུག །དེའི་ཐོག་ནས་ཚང་མ་ཡར་བསླང་དགོས་ཀྱི་ཡོད་རེད། སྒྲོམ་གཞི་འདྲ་བོ་ཡར་བསླང་དགོས་ཀྱི་ཡོད་རེད། དེ་འདྲ་ཡི་སྤྱི་དེ་བྱེ་བྲག་དང་མཉམ་དུ་འབྲཻལ་བ་དེ་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་རེད། བདག་ཉིད་གཅིག་པའི་འབྲེལ་བ་ཆགས་ཀྱི་ཡོད་དམ་ཡང་ན་དེ་བྱུང་གི་འབྲེལ་བ་ཆགས་ཀྱི་ཡོད་རེད། དེའི་འབྲེལ་བ་ཆགས་སྟངས་དེ་གནད་དོན་གལ་ཆེ་ཤོས་གཉིས་པ་དེ་རེད། དེའི་འབྲེལ་བ་དེ་ཤེས་སོང་ན། འབྲེལ་བ་དེའི་ཐོག་ནས་ལམ་སེང་ཧ་གོ་ཐུབ་པའྀ་དོན་དག་གཅིག་ལ་བརྟེན་ནས་ལམ་སེང་ཧ་མི་གོ་བའི་དོན་དག་ཅིག་ཚོད་དཔག་བྱེད་ཐུབ་པ། རྗེས་སུ་དཔོག་པར་བྱེད་ཐུབ་པ་བྱེད་པ་དེར་རིགས་ལམ་ཞེས་ལབ་ཀྱི་ཡོད་རེད།
བྱས་ཙང་རིགས་ལམ་ཞེས་ལབ་དུས་སྐབས་ལ་ཡིན་གཅིག་མིན་གཅིག་ཐལ་ཟེར་བ་གཅིག་དང༌། ཕྱིར་ཟེར་བའི་ཚིག་དེ་སྦྱར་དགོས་པ་ཞིག་གང་ཡང་ཡོད་མ་རེད། ཆོས་ཅན་ཟེར་བ་དང༌། ཐལ་ཟེར་བ་དང༌། ཕྱིར་ཟེར་དེ་དག་རྒྱ་གར་གྱི་ཚད་མ་རིག་པ་ཡར་རྒྱས་ཕྱིན་པའི་སྐབས་ལ་སྐད་ཡར་རྒྱས་ཕྱིན་པ་རེད། ཐུན་མོང་མ་ཡིན་པའི་ཚད་མ་རིག་པ་ཁོ་རང་གི་ཕར་ཚུར་བརྡ་སྤྲོད་བྱེད་སྟངས་ཀྱི་སྐད་ཅིག་ཡར་རྒྱས་ཕྱིན་པ་རེད། དེ་ཡང་དྲི་བ་འདྲི་དུས་སྐབས་ལ་གང་འདྲ་བྱས་ནས་ཚིག་སྦྱར་གྱི་ཡིན་པ། ལན་བརྒྱབ་དུས་སྐབས་ལ་གང་འདྲ་གང་འདྲ་བྱས་ནས་ཚིག་སྦྱར་གྱི་ཡིན་པ། ཡིན་ཞེས་ལབ་པར་འདོད་ཅེས་ལབ་དགོས་པ་དང༌། ཁྱེད་རང་གི་རྒྱུ་མཚན་དེ་ཆོས་ཅན་སྒང་ལ་འགྲོ་ཡི་མི་འདུག་ཟེར་བ་ལ་རྟགས་མ་གྲུབ་ཅེས་ལབ་དགོས་པ་དང༌། ཁྱེད་རང་གི་རྒྱུ་མཚན་དེས་བསྒྲུབ་བྱ་དེ་ལ་ཁྱབ་ཀྱི་མི་འདུག་ཅེས་ལབ་པ་དེ་ལ་ཁྱབ་པ་མ་བྱུང་ཞེས་ལབ་དགོས་པ་དང༌། ཁྱེད་རང་གི་རྒྱུ་མཚན་དེ་བསྒྲུབ་བྱ་དེ་ལ་འགལ་ཁྱབ་རེད་ཟེར་བ་དེ་ལ་ཁྱབ་ལོག་བསྒྲགས་ཞེས་ལབ་དགོས་པ། དེ་དག་དེ་ཁོ་སྐད་ཡིག་གི་སྒྲིག་འཛུགས་ཤིག་བཟོས་བཞག་པ་རེད་མ་གཏོགས་རིགས་ལམ་ཤེས་པ་ལ་དེ་དག་ཡིན་གཅིག་མིན་གཅིག་ལབ་ཤེས་དགོས་པའི་ཁྱབ་པ་ཡོད་མ་རེད།
རིགས་ལམ་གྱི་རྣམ་གཞག་དེ་ཇི་ཙམ་གྱི་ཕྲ་ཞིང་ཞིབ་པ་ཤེས་པ་དེ་ཙམ་གྱིས་ཡུལ་གྱི་སྤུ་རིས་འབྱེད་པའི་སྐབས་ལ། བློ་ཡུལ་ལ་འཇུག་ནས་ཡུལ་ལ་བརྟག་དཔྱད་བྱེད་པའི་སྐབས་ལ་དེ་ཙམ་གྱིས་སྟབས་བདེ་བ་དང༌། ཡག་ཏུ་འགྲོ་ཡི་ཡོད་རེད། དེ་རིང་སང་ཉིན་ནུབ་ཕྱོགས་པས་ཉམས་ཞིབ་བྱེད་སྟངས་དེ་ཚོའི་ཐོག་ལ་རིགས་ལམ་གྱིས་མ་ལྡང་པའི་སྐྱོན་མང་པོ་ཞིག་ལྷགས་བསྡད་ཀྱི་ཡོད་རེད། དེ་ང་ཚོས་ནམ་རྒྱུན་རྟག་པར་ཤར་ཕྱོགས་པ་དང་ལྷག་པར་དུ་ང་ཚོ་བོད་པའི་ནང་པ་དེ་ཚོས་ནུབ་ཕྱོགས་པ་ལ་ཚོགས་གཏམ་ཟེར་ནའང་མི་འདུག །ནུབ་ཕྱོགས་པ་ལ་ཟུར་ཟ་བྱེད་རྒྱུ་དྲག་ཤོས་ཤིག་རེད། དེ་གང་འདྲ་རེད་ཟེར་ན། ཁོང་ཚོའི་རིགས་ལམ་དེའི་ནང་ལ་ལྷག་ལྡན་གྱི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་མང་པོ་ཞིག་གཏན་ཚིགས་ཡང་དག་ཡིན་པ་ལ་ཆ་བཞག་ནས། དེའི་ཐོག་ནས་ཐག་གཅོད་བྱས་ནས་འགྲོ་སྟངས་ཤིག་ཡོད་རེད། བྱས་ཙང་དེ་དག་རིགས་ལམ་གྱི་ཐོག་ནས་ནུས་པ་ཡག་པོ་གཅིག་དང༌། གནས་ཚད་འདྲ་བོ་མ་ལྡང་བའི་རྟགས་མཚན་དེ་བསྟན་གྱི་ཡོད་རེད། དེར་ཁྱེད་རང་ཚོས་ཡང་སེ་ཐུགས་སྣང་བྱུང་ཡོད་མདོག་ཁ་པོ་རེད། དེ་རིང་སང་ཉིན་ཉམས་ཞིབ་པ་ཚོས་གང་འདྲ་བྱས་ནས་ཐག་བཅད་ཀྱི་ཡོད་རེད། དཔེ་མཚོན་འདྲ་བོ་ཞུས་པ་ཡིན་ན། དེ་འདྲའི་རིགས་ལམ་དེ་ང་རང་ཚོ་བོད་པས་ཁྱོན་ནས་བེད་སྤྱོད་མ་བཏང་བ་དེ་འདྲ་མ་རེད། ང་ཚོ་བོད་པས་བེད་སྤྱོད་གཏོང་གི་ཡོད་རེད། བོད་པས་བེད་སྤྱོད་གཏོང་སྟངས་དེ་མ་ངེས་པ་དང༌། ལྷག་ལྡན་གྱི་གཏན་ཚིགས་ཐོག་ནས་བེད་སྤྱོད་གཏོང་གི་ཡོད་མ་རེད།
དཔེར་ན་ནུབ་ཕྱོགས་པས་ཉམས་ཞིབ་བྱས་ཏེ་ཐག་བཅད་སྟངས་འདྲ་བོ་དེ་གང་འདྲ་སེ་བཅད་ཀྱི་ཡོད་རེད་ཅེས་ཟེར་ན། པཱ་ལི་དང་ལེགས་སྦྱར་གྱི་སྐད་གཉིས་ཀྱི་སྐད་ཆ་བཤད་དུས་ཁོང་ཚོས་པཱ་ལི་དང༌། ལེགས་སྦྱར་གྱི་སྐད་གཉིས་པོ་དེས་ནང་པའི་རིག་གཞུང་ལ་འབྲེལ་བ་བྱས་ནས་པཱ་ལི་ཡི་སྐད་ཀྱི་ནང་ལ་ནང་པའི་རིག་གཞུང་དེ་རྣམས་སྔོན་ལ་བྱུང་ཡོད་རེད། སཾ་སྐྲྀ་ཏའི་སྐད་ཀྱི་ནང་ལ་ནང་པའི་གཞུང་ལུགས་དེ་དག་པཱ་ལིའྀ་རྗེས་ལ་བྱུང་ཡོད་རེད་ཅེས་བཤད་ནས་ལོ་མང་པོ་ཞིག་གི་བར་དུ་དེ་ལྟར་ཐག་བཅད་ནས་ལབ་བསྡད་པ་རེད། ག་རེ་བྱས་ནས་དེ་ལྟར་ལབ་ཀྱི་ཡོད་རེད་ཟེར་ན། ནུབ་ཕྱོགས་པས་པཱ་ལི་ནང་ལ་སངས་རྒྱས་ཀྱི་གསུང་དེ་དག་སྔོན་ལ་རྙེད་པ་རེད།  ལེགས་སྦྱར་གྱི་སྐད་ལ་ཡོད་པ་དེ་དག་དེའི་གཞུག་ལ་རྙེད་པ་རེད། ཁོ་རང་ཚོས་རྙེད་པའི་གོ་རིམ་ལ་བརྟེན་ནས་ཁ་ཤས་སྔོན་ལ་རྙེད་པ་དང༌། ཁ་ཤས་རྗེས་ལ་རྙེད་པའི་རྒྱུ་མཚན་གྱི་དབང་གིས་གཅིག་པོ་དེ་རྙིང་པ་དང༌། ཅིག་ཤོས་དེ་གསར་པ་རེད་ཅེས་བྱས་ནས་ལབ་བསྡད་ཀྱི་ཡོད་རེད། དུས་རབས་ཉི་ཤུ་པ་འདིའི་ནང་ལ་ཏུན་ཧྭང་དང༌། ཏུན་ཧྭང་གི་ལག་བྲིས་མ་མང་པོ་ཞིག་བྱེ་མའི་འོག་ནས་རྙེད་པའི་སྐབས་ལ་པཱ་ལི་ཡི་སྔོན་ལ་ཡོད་པའི་པ་རཱ་ཀྲྀ་ཏི་སྟེ་ཡུལ་མི་རང་བཞིན་པའི་སྐད་ཀྱི་ནང་ལ་བྲིས་པའི་དཔེ་ཆ་དེ་འདྲ་དང༌། ལེགས་སྦྱར་གྱི་སྐད་ལ་བྲིས་པའི་དཔེ་ཆ་དེ་འདྲ་རྙེད་དུས་གཞི་ནས་སཾ་སྐྲྀ་ཏའི་སྐད་ལའང་པཱ་ལི་དང་མཚུངས་པའི་དཔེ་ཆ་རྙིང་པ་ཡོད་ས་རེད་ཅེས་བཤད་ནས་ཁོང་ཚོའི་སྔོན་མའི་ཐག་གཅོད་དེར་འགྱུར་བཅོས་བཏང་དགོས་བྱུང་བ་རེད།
དེ་ལས་ད་དུང་དཔེ་མཚོན་གསལ་བ་གཅིག་ཁོང་ཚོས་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། དཔེར་ན་ཀླུ་སྒྲུབ་དང༌། རྒྱ་གར་གྱི་མཁས་པ་གཞན་པ་གཅིག་སུ་སྔོན་ལ་བྱུང་བ་རེད་ཅེས་བརྟག་དཔྱད་བྱེད་དགོས་བྱུང་ན། ཀླུ་སྒྲུབ་ཀྱི་གཞུང་ལུགས་ནང་ལ་རྒྱ་གར་མཁས་པ་ག་གེ་མོ་ཕྱོགས་སྔ་ལ་བཀོད་ནས་དགག་བྱ་བྱས་འདུག །དེ་ཡིན་ཙང་རྒྱ་གར་མཁས་པ་དེ་སྔོན་ལ་བྱུང་ཡོད་ཀྱི་རེད། ཡང་མིན་ན་ཆེ་གེ་མོ་ཕྱོགས་སྔ་ལ་བཀོད་ནས་དགག་པ་བརྒྱབ་མི་འདུག །དེ་ཡིན་ཙང་དེ་མཇུག་ལ་བྱུང་ཡོད་ཀྱི་རེད་ཟེར་བའི་བཟོ་འདྲ་བོ། གཅིག་གི་ལུང་དེ་གཅིག་གི་ནང་ལ་དྲངས་བཞག །གཅིག་གི་ལུང་དེ་གཅིག་གི་ནང་ལ་དྲངས་མི་འདུག །དེ་འདྲ་ཡིན་ཙང་འདི་སྔོན་ལ་བྱུང་བ་རེད། དེ་རྗེས་ལ་བྱུང་བ་རེད། ཅེས་དེ་འདྲའི་སྒོ་ནས་ཐག་གཅོད་ཀྱི་ཡོད་རེད། ལྷས་སྦྱིན་གྱི་ལུང་དེ་མཆོད་སྦྱིན་གྱིས་དྲངས་ཡོད་ན། ལྷས་སྦྱིན་དེ་མཆོད་སྦྱིན་གྱི་སྔོན་ལ་བྱུང་བའམ་དུས་མཉམ་དུ་བྱུང་བ་དེ་ཏན་ཏན་ཐག་ཆོད་ཀྱི་རེད། དེ་རིག་པ་ཡང་དག་གི་འགྲོ་སྟངས་རེད། ཁོ་རང་གི་སྔོན་ལའམ་དུས་མཉམ་དུ་མ་བྱུང་བ་ཞིག ཁོ་རང་གི་མཇུག་ལ་ཡོང་རྒྱུ་བསྡད་པ་ཞིག་གི་བསྟན་བཅོས་ཤིག་གི་ལུང་དེ་ཁོས་དྲངས་ཤེས་ཀྱི་མ་རེད། ལུང་དྲངས་སའི་བསྟན་བཅོས་དེ་ཁོ་རང་གི་སྔོན་ལ་ཡོང་ཚར་ཡོད་པ་དེས་ཏག་ཏག་རྒྱུ་ཡིས་ཆོས་རྗེས་སུ་དཔོག་པའི་རིག་པ་ཞིག་གི་ཐོག་ནས་ཏག་ཏག་འགྲིག་གི་ཡོད་རེད། མཆོད་སྦྱིན་གྱི་བསྟན་བཅོས་དེ་ལྷས་སྦྱིན་གྱི་སྔོན་ལ་བྱུང་ཟིན་པ་ཡིན་ན་ཡང༌། ལྷས་སྦྱིན་གྱིས་དེ་མཐོང་དགོས་པའི་ཁྱབ་པ་དང༌། མཐོང་རུང་དེ་ལས་ལུང་དྲངས་དགོས་པའི་ཁྱབ་པ་གང་ཡང་ཡོད་མ་རེད། བྱས་ཙང་དེ་འདྲ་ཡིན་དུས་ལུང་མ་དྲངས་པའི་རྒྱུ་མཚན་གྱིས་ཁོའི་སྔོན་ལ་མ་བྱུང་བ་རེད་ཅེས་ཐག་བཅད་བསྡད་པ་དེ་མ་ངེས་པ་རེད། དེར་ངེས་པ་རྩ་བ་ནས་ཡོད་མ་རེད། དེ་འདྲའི་རིག་པའི་འགྲོས་དེ་ཡང་དག་པ་ཆགས་ཀྱི་ཡོད་མ་རེད། ཐེབས་ཆག་ཆགས་ཡོད་རེད། མཆོད་སྦྱིན་གྱི་བསྟན་བཅོས་དེའི་ནང་ལ་ལྷས་སྦྱིན་གྱི་བསྟན་བཅོས་ཀྱི་ལུང་དྲངས་མི་འདུག །གལ་ཏེ་སྔོན་ལ་བྱུང་ཡོད་ན་ཁོས་ངེས་པར་དུ་ལུང་དྲངས་དགོས་མདོག་ཁ་པོ་རེད་ཀྱང༌། ལུང་མ་དྲངས་པ་ཡིན་ཙང༌། དེ་བྱུང་ཡོད་མ་རེད་ཟེར་བ་དེ་གང་འདྲ་བྱས་ནའང་སྒྲུབ་ཐུབ་ཐབས་ཡོད་མ་རེད། འབྲེལ་བའི་རྣམ་གཞག་གང་འདྲ་ཞིག་གི་ཐོག་ནས་ཡིན་ཡང༌། དེ་སྒྲུབ་ཐུབ་ཐབས་ཡོད་མ་རེད། དྷ་རམ་ས་ལར་དཔེ་ཆ་འབྲི་མཁན་ཞིག་གིས་ཚིགས་བཅད་སྙན་པོ་ཞིག་བྲིས་ཡོད་ན། དེ་ནས་ལོ་ཁ་ཤས་གཅིག་གི་རྗེས་ལ། ཝཱ་རཱ་ཎ་སཱིའི་དཔེ་ཆ་འབྲི་མཁན་ཞིག་གིས་གཞན་དག་གཅིག་བྲིས་པ་ཡིན་ན། ཁོ་རང་གི་སྔོན་ལ་བྱུང་བའི་དྷ་རམ་ས་ལའི་དཔེ་ཆ་འབྲི་མཁན་དེ་ཚོས་གང་བྲིས་པ་དེ་དག་དོན་དག་གཅིག་གི་ཐོག་ལ་ཡིན་ནའང༌། དེ་འདིར་ཡིན་གཅིག་མིན་གཅིག་གིས་ལུང་དྲངས་དགོས་པའི་ངེས་པ་ཞིག་རྩ་བ་ནས་ཡོང་རྒྱུ་ཡོད་མ་རེད།  བྱས་ཙང་དེ་འདྲའི་རིགས་ཀྱི་ཚོད་བལྟ་བྱེད་སྟངས་ཟེར་ནའང་འདྲ། རིགས་པའི་ལམ་གྱི་ཐོག་ནས་བརྟག་དཔྱད་བྱེད་སྟངས་དེ་རིགས་ལམ་མ་དག་པ་ཞིག་ཆགས་འགྲོ་ཡི་ཡོད་རེད། བྱས་ཙང་དེ་འདྲ་ཡིན་ཙང་ག་རེའི་ཐོག་ནས་མ་དག་པ་ཆགས་འགྲོ་ཡི་ཡོད་རེད་ཟེར་ན། ཁྱབ་པ་ངེས་སྟངས་ཀྱི་ཐོག་ནས། འདི་འདྲ་ཞིག་ཡིན་ན་འདི་འདྲ་ཞིག་ཡོང་དགོས་ཀྱི་རེད་ཅེས་ཟེར་བའི་ཁྱབ་པ་ངེས་ཚུལ་གྱི་རྣམ་གཞག་དེ་གསལ་པོ་མ་བྱུང་བའི་རྒྱུ་མཚན་གྱིས་རེད།
སྤྱིར་བཏང་ཆོས་ཉིད་ཀྱི་རིགས་པ་ཟེར་བ་དང༌། བྱ་བ་སྒྲུབ་པའི་རིགས་པ་ཟེར་བ་དང༌། ལྟོས་པའི་རིགས་པ་ཟེར་བ་དེ་དག་ཚང་མ་ཞིབ་ཚགས་པོ་བྱས་ནས་བཤད་པ་ཡིན་ན། མཐའ་མ་དེ་མར་བསྡུས་ཡོང་དུས་སྐབས་ལ་འཐད་པ་སྒྲུབ་པའི་རིགས་པའི་ནང་ལ་མར་བསྡུས་ཡོང་གི་རེད། འཐད་པ་སྒྲུབ་པའི་རིགས་པའི་ཡན་ལག་འདྲ་བོ་གཅིག་ཀྱང་ཆགས་ཡོང་གི་རེད། བྱས་ཙང་རིགས་ལམ་གྱི་ནང་ལ་རྣམ་གཞག་བཤད་པ་གཙོ་བོ་དེ་འཐད་པ་སྒྲུབ་པའི་རིགས་པའི་འགྲོས་དེ་ཡག་པོ་ཞིག་བྱུང་བ་ཡིན་ན། དེ་ནས་རིགས་པ་གཞན་དག་གི་ཐོག་ལ་ལས་སླ་པོ་བྱས་ནས་ཕར་ཁྱབ་ནས་འགྲོ་ཐུབ་པ་གཅིག་གི་གནས་ཚུལ་ཞིག་ཡོང་གི་ཡོད་རེད།
བྱས་ཙང་ང་ཚོས་རིགས་ལམ་སློབ་པའི་སྐབས་ལ། རིགས་ལམ་སློབ་པའི་ཐབས་ལམ་ཡག་ཤོས་དེ་ག་རེ་རེད་ཅེས་བྱས་ན། སློབ་ཚན་གང་འདྲ་ཞིག་བསླབས་པ་ཡིན་ཡང་དམ་བཅའ་གཅིག་བརྗོད་ཟིན་པའི་རྗེས་ལ་དེའི་སྒྲུབ་བྱེད་ཅིག་ཡིན་གཅིག་མིན་གཅིག་ལབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། སྒྲ་མི་རྟག་པ་རེད་ད་ཞེས་ལབ་བཞག་པ་དེ་དམ་བཅའ་ཙམ་ཞིག་རེད། གང་ཡིན་ཟེར་ན། ཁོ་རྒྱུ་རྐྱེན་གྱི་འདུ་བྱས་པ་ཡིན་ཙང༌། སྐད་ཅིག་སྐད་ཅིག་གིས་འཇིག་པ་ཡིན་ཙང༌། མི་རྟག་པ་རེད་ད་ཞེས། འདི་འདྲ་བྱས་ནས་ལབ་ཡོད་ན། མི་རྟག་པ་ཡིན་པ་དེ་བཀའ་བཏང་བཞག་པ་འདྲ་པོ་གཅིག་དང༌། ཐག་བཅད་བཞག་པ་འདྲ་པོ་གཅིག་མ་ཡིན་པ། མི་རྟག་པ་ཡིན་པའི་རྒྱུ་མཚན་དེ། མི་རྟག་པ་ཡིན་པའི་རྟགས་དེ། མི་རྟག་པ་ཡིན་པའི་སྒྲུབ་བྱེད་དེ། མི་རྟག་པ་ཡིན་པའི་ཚད་མ་དེ། མི་རྟག་པ་ཡིན་པའི་ཚུལ་དེ་གང་འདྲ་ཞིག་ཡིན་པ་དེ་དང་མཉམ་དུ་ལབ་པ་ཡིན་ཙང་ཁོས་མི་རྟག་པ་ཟེར་བའི་སྐད་ཆ་དེ་གོ་ཡོང་དུས་སྐབས་ལ། སྐད་ཆ་དེར་བསམ་བློ་གཏོང་དུས་སྐབས་ལ། དེ་ག་རང་ཡིན་པ་རེད་བསམ་བསམ་དེར་ཆ་བཞག་པ་མ་ཡིན་པ་གཅིག་གི་ཐོག་ནས། ཨ་ལད་ད། གནས་ལུགས་འདི་འདྲ་ཞིག་གི་ཐོག་ནས། ལྟོས་ཆ་འདི་འདྲ་ཞིག་གི་ཐོག་ནས། རྒྱུ་མཚན་འདི་འདྲ་ཞིག་གི་ཐོག་ནས། འཐད་པ་སྒྲུབ་པའི་ལམ་འདི་འདྲ་ཞིག་གི་ཐོག་ནས་སྒྲ་དེ་མི་རྟག་པ་ཆགས་ཀྱི་ཡོད་རེད་བསམ་པ་དྲན་དུས་སྐབས་ལ། བསམ་བློ་གཏོང་སྟངས་ནང་ལ་ཁྱད་པར་ག་རེ་ཡོང་གི་རེད་ཟེར་ན། གཞན་དག་གཅིག་ལ་སྒྲ་ལ་ཡོད་པའི་རྒྱུ་མཚན་དེ་དག་མཐོང་ཡོང་དུས་སྐབས་ལ་འདི་ཡང་མི་རྟག་པ་ཡིན་ས་རེད། གང་ཡིན་ཟེར་ན། སྒྲ་མི་རྟག་པ་ཡིན་པའི་སྒྲུབ་བྱེད་རྒྱུ་མཚན་དེ་འདིའི་ཐོག་ལའང་ཚང་གི་འདུག་ཅེས་བསམ་པའི་བསམ་བློ་དེ་སློབ་མ་ཁོ་རང་གིས་གཏོང་ཐུབ་པ་གཅིག་གི་བློའི་ནུས་པ་གཅིག་བསྐྲུན་པ་ཡིན་ན། འོ་ད་དེ་རིགས་ལམ་བསླབས་པ་རེད། དེ་ལ་རིགས་ལམ་འཇགས་འགྲོ་ཡི་ཡོད་རེད།
དེ་རེད། རྒན་ལགས་ཀྱིས་གསུངས་ཀྱི་འདུག་ཅེས་བསམ་ནས་ཆ་བཞག་རྒྱུ་གཅིག་དང༌། དེ་མ་རེད། རྒན་ལགས་ཀྱིས་མ་རེད་ཅེས་གསུངས་སོང་ཞེས་དེ་མ་གཏོགས་དེ་ལས་སྤྲོས་ཏེ་དེ་ཡིན་པའི་རྒྱུ་མཚན་འདི་རེད། འདི་མ་ཡིན་པའི་རྒྱུ་མཚན་འདི་རེད་ཅེས་བསམ་རྒྱུའི་བློའི་ནུས་པ་དེ་སློབ་མའི་རྒྱུད་ལ་མ་སླེབས་པ་ཡིན་ན། སློབ་ཕྲུག་གི་རྒྱུད་ལ་མ་སླེབས་པ་ཡིན་ན། དེ་རིགས་ལམ་སློབ་ཀྱི་ཡོད་མ་རེད། ཚང་མ་ཐག་བཅད་ནས་བསླབས་བཞག་པ་ཞིག་རེད། དེ་འདྲ་ཡིན་ཙང་སོ་སོའི་ངོས་ནས་བསམ་བློ་གཏོང་བ་དང༌། རྒྱུ་མཚན་དྲངས་ཏེ་ངེས་པ་རྙེད་པ་བྱེད་རྒྱུའི་གཤིས་ཀ་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་འཇགས་དགོས་པ་ཞིག་རེད། ཕྲུ་གུ་ཆུང་ཆུང་སྐབས་ལ་འཇགས་པ་ཡིན་ན། གཞན་ལས་འཇགས་བདེ་བ་ཞིག་ཡོད་རེད། གང་ཡིན་ཟེར་ན། ཕྲུ་གུ་ཆུང་ཆུང་ཚོའི་བསམ་བློ་དེར་སྐད་ཆ་མང་པོ་འདྲི་རྒྱུའི་གཤིས་ཀ་དེ་ཡོད་རེད། ཟླ་བ་འདྲ་བོ་ཞིག་མཐོང་བ་ཡིན་ན། དེ་ག་རེ་རེད། དེ་ཟླ་བ་རེད་ཅེས་ལབ་ན། ཟླ་བ་ཟེར་ན་ག་རེ་རེད་ཅེས་དྲིས་པའི་སྐབས་ལ་ང་ཚོ་བོད་པའི་ཕ་མ་ཚོ་དང༌། བོད་པའི་དགེ་རྒན་ཚོའི་གཤིས་ཀ་ལ་དེར་ཞིབ་ཚགས་བྱས་ཏེ་ལན་རྒྱག་རྒྱུའི་གཤིས་ཀ་མེད་པ་དང༌། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་ཚོས་སྐད་ཆ་མང་པོ་དྲིས་པའི་སྐབས་ལ་ཕ་མ་སྤུན་མཆེད་དང་དགེ་རྒན་སུ་ཡིན་ནའང་སུན་སྣང་བྱས་ཏེ། ད་ཁ་ཁར་སྡོད་ཅེས་ལབ་པའི་གཤིས་ཀ་ཞིག་ཡོད་རེད། དེ་ནུབ་ཕྱོགས་པས་ཞེ་དྲགས་སྡུག་ཅག་ལ་བརྩི་ཡི་འདུག །ངས་ནུབ་ཕྱོགས་པ་བདེན་པ་རེད་བསམ་གྱི་འདུག  །ཕྲུ་གུའི་བློའི་ནུས་པ། བྱིས་པ་ཆུང་ཆུང་དེ་དག་གི་བློའི་ནུས་པ་རིམ་པས་ཡར་འཕེལ་ཡོང་དུས་སྐབས་ལ་ག་རེ་ཡིན་ནམ། ག་རེ་ཡིན་ནམ་བསམ་པ་ཞིག་དང༌། ག་རེ་བྱས་ནས། ག་རེ་བྱས་ནས་(What and Why)བསམ་པ་ཞིག་ཁོ་རང་ལ་རང་བཞིན་བློའི་ནུས་པ་དེ་འདྲ་ཞིག་ཡོད་རེད། བྱས་ཙང་ང་ཚོ་ལན་རྒྱག་མཁན་དེ་ཚོས་ག་རེ་རེད་ཟེར་བ་དེ་ལ་ལན་ཞིག་བརྒྱབ་པ་ཡིན་ནའང༌། ག་རེ་བྱས་ནས་ཟེར་བ་དེ་ལ་ལན་མ་བརྒྱབ་པ་བྱས་ནས་བཞག་བཞག་པ་ཡིན་ན། རིགས་ལམ་བསླབས་ཀྱི་ཡོད་མ་རེད། ཡར་འཛིན་གྲྭ་གང་འཚམས་ཤིག་ལ་སླེབས་པ་ཞིག་ཡིན་ནའང་ཕྲུ་གུ་ཞིག་གིས་དཀོན་མཆོག་གསུམ་མ་གཏོགས་བཞི་མེད་པ་ག་རེ་ཡིན་ནམ་ཞེས་དྲིས་སོང་ན། དཀོན་མཆོག་གསུམ་ལ་གྲངས་ངེས་པའི་རྒྱུ་མཚན་དེ་བཤད་དགོས་རེད་མ་གཏོགས་ཁྱེད་རང་གི་དྲི་བར་བྱབ་མི་འདུག་ཟེར་བའི་བཟོ་འདྲ་བོ། ཁ་ཁར་བསྡོད་ཟེར་བའི་བཟོ་འདྲ་བོ། དཔེ་ཆའི་ནང་ལ་གསུམ་མ་གཏོགས་བཤད་ཡོད་མ་རེད་ཟེར་བ་འདྲ་བོ། གནའ་སྔ་མོ་ནས་གསུམ་མ་གཏོགས་ཡོད་མ་རེད་ཅེས་ལབ་པ་ཡིན་ན། ཁོས་རིགས་ལམ་ཤེས་རྒྱུའི་ལམ་ཁ་དེ་འགག་འགྲོ་ཡི་ཡོད་རེད། དེ་འདྲའི་དགེ་རྒན་གྱིས་རིགས་ལམ་བསླབ་སྟངས་ཤེས་ཀྱི་ཡོད་མ་རེད་ལ། ནང་ཆོས་བསླབ་སྟངས་ཀྱང་ཤེས་ཀྱི་ཡོད་མ་རེད། ནང་ཆོས་དང་རིགས་ལམ་གཉིས་ཀ་རྒྱུ་མཚན་ཐོག་ནས་བསླབ་རྒྱུ་ཞིག་རེད་མ་གཏོགས་ཡེ་ཤུའི་ཆོས་བསླབས་པ་ནང་བཞིན་དོགས་པ་བྱེད་རྒྱུ་ཡོད་མ་རེད་ད། ཡིད་ཆེས་བྱེད་དགོས་རེད་ད། ཡིད་ཆེས་མ་བྱས་ན་དམྱལ་བར་ཟགས་ཀྱི་རེད་ཟེར་བའི་བཟོ་འདྲ་བོ་བྱས་པ་ཡིན་ན། དེས་ཆོས་དང་རིགས་ལམ་བསླབ་སྟངས་ཀྱི་སྒོ་དེ་འགག་འགྲོ་ཡི་ཡོད་རེད། བྱས་ཙང་སྐད་ཆ་ག་ཚོད་དྲིས་པ་ཡིན་ནའང༌། སྐད་ཆ་འདྲི་བ་པོ་དེས་གོང་ནས་གོང་དུ་ག་ཚོད་དྲིས་པ་ཡིན་ནའང་དྲིས་པ་དེ་ལ་ཡིན་གཅིག་མིན་གཅིག་དེ་དང་མཐུན་པའི་ལན་འདེབས་དགོས། དྲི་བ་བྱབ་ཆུང་ཆུང་ཞིག་ཡིན་ནའང་དྲི་བ་དེ་བྱབ་ཡོད་པའི་བཟོ་ལྟ་བུ་ཞིག་བཟོས་ཏེ། ཁོའི་སྙིང་སྟོབས་འདྲ་བོ་སྤེལ་ནས། དེ་ལ་རྒྱུ་མཚན་མཐའ་བསྐོར་རི་བསྐོར་བྱས་ཏེ། རྒྱུ་མཚན་མང་པོའི་ཐོག་ནས་ལན་བརྒྱབ་རྒྱུ་དང༌། ཕར་དྲིས་པའི་སྐབས་སུའང་རྒྱུ་མཚན་ཤ་སྟག་དྲིས་ཏེ། ཅི་ཅི་ཅིག་ག་རེ་རེད་ཅེས་དྲིས་པ་དེ་ལ་ལན་བརྒྱབ་ཐུབ་སོང་ན། དེ་དེ་འདྲ་ཡིན་དགོས་པ་ག་རེ་རེད་ཅེས་ཡང་བསྐྱར་སྐད་ཆ་འདྲི་བ་བཅས་དེ་འདྲ་བྱས་ཏེ་ཕྱིན་པ་ཡིན་ན། ཕྲུ་གུ་ཁོ་རང་གི་གཤིས་ཀ་དེ་ལ་རིམ་པས་རིམ་པས་དེ་འདྲའི་ཐོག་ནས་བསམ་བློ་གཏོང་སྟངས་ཀྱི་གཤིས་ཀ་འཇགས་འགྲོ་ཡི་རེད། དེ་འགྲོས་འདྲ་བོ་གཅིག་ཆགས་སོང་ན་གཤིས་ཀ་དེར་འཇགས་འགྲོ་ཡི་འདུག་ག
ཇེ། ཀྲྀ་ཤྞི་མུར་ཏིའི་མཉམ་དུ་སྐད་ཆ་བཤད་སྡོད་མཁན་མི་མང་ཆེ་བ་ཚང་མར་ཀྲྀ་ཤྞི་མུར་ཏིའི་རིགས་འགྲོས་འཇགས་བསྡད་ཡོད་རེད། དེ་འདྲ་དེ་འདྲ་ཡིན་ན། འདི་ལྟར་བྱས་ཏེ་བསམ་བློ་གཏོང་དགོས་འདུག་ཅེས་བསམ་པ་འདྲ་བོ་གཅིག་ཆགས་ཡོད་པ་རེད།  རཱཇ་ནི་ཤའི་སློབ་མ་དེ་ཚོ་ཡིན་ན། ཁོ་རང་གི་རིགས་ལམ་གྱི་འགྲོ་སྟངས་དེ་ཁོ་རང་གི་སློབ་མ་ཚང་མ་ལ་འཇགས་བསྡད་ཡོད་རེད། དེ་ག་རེ་བྱས་ཏེ་ཆགས་པ་རེད་ཟེར་ན། ཁོ་རང་གིས་ག་དུས་ཡིན་ནའང་ཁོང་ཚོ་ལ་ནམ་རྒྱུན་སྐད་ཆ་བཤད་དུས་སྐབས་ལ། འགྲོས་འདྲ་བོ་དེ་འདྲ་རྐྱང་རྐྱང་གཙོ་བོ་བཟུང་སྟེ་མཐའ་ལ་བཀར་ནས་བཤད་པ་ཡིན་ཙང་རེད།
ས་ཡི་བཱ་བཱ་ཡི་སློབ་མ་འདྲ་བོ་ཡིན་ན་བསམ་བློ་གཏོང་སྟངས་ཀྱི་འགྲོས་འདྲ་བོ་གང་ཡང་ཡོད་མ་རེད། ཐལ་རྡུལ་གཅིག་རག་སོང་ངམ། སྐུ་འདྲ་རག་སོང་ངམ། ཚིགས་ཁེབ་གཅིག་རག་སོང་ངམ། དེ་རེད་མ་གཏོགས་བསམ་བློའི་ནང་ལ་ས་ཡི་བཱ་བཱའི་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་ཤེས་བྱའི་གནད་ལ་བལྟས་པའི་སྐབས་ལ་མི་འདྲ་བ་ཞིག་གང་ཡང་ཡོད་མ་རེད། ཁ་ཆེ་ཡིན་ན་ཁ་ཆེའི་བསམ་བློ་གཏོང་སྟངས་རང་དང༌། ཡེ་ཤུ་ཡིན་ན་ཡེ་ཤུའི་བསམ་བློ་གཏོང་སྟངས། ཧིན་དུ་ཡིན་ན་ཧིན་དུའི་བསམ་བློ་གཏོང་སྟངས་དེ་ག་རང་མ་གཏོགས། དཔེར་ན་ཀྲྀ་ཤྞི་མུར་ཏི་ཟེར་བ་འདྲ་བོ་དང༌། ཨན་ཊོ་ལི་ཤཱསྟྲཱི་ཟེར་བའི་བཟོ་འདྲ་བོ་ང་ཚོའི་དུས་རབས་ལ་བྱུང་བའི་རྒྱ་གར་ནང་ལ་མཐོང་རྒྱུ་ཡོད་པའི་སྟོན་པ་དེ་འདྲ་ཡོད་རེད་པ། དེ་དག་རང་རང་སོ་སོ་ལ་རིག་པའི་འགྲོས་ཐུན་མོང་མ་ཡིན་པ། ཁོ་རང་ཚོའི་རིགས་ལམ་དེད་སྟངས་ཀྱི་འགྲོས་ཐུན་མོང་མ་ཡིན་པ་རེ་ཡོད་རེད། དེ་དེད་ནས་འགྲོ་དུས་སྐབས་ལ། མི་ཚང་མ་རྗེས་མ་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་ལམ་སེང་ཡིད་ཆེས་མ་བྱས་པ་བྱས་ནས་རིགས་འཕྲུལ་ལ་དེ་འདྲ་ཞིག་གི་ཐོག་ནས་བསམ་བློ་གཏོང་རྒྱུ་དང༌། རིགས་འཕྲུལ་དེ་འདྲ་ཞིག་གི་ཐོག་ནས་དཔྱད་པ་བྱེད་རྒྱུའི་གོམས་གཤིས་དེ་ཆགས་འགྲོ་དུས་སྐབས་ལ་རྨོངས་དད་ཡོང་རྒྱུའི་ལམ་དེ་མང་པོ་ཞིག་འགག་འགྲོ་བ་ཞིག་རེད། བྱས་ཙང་རིགས་ལམ་བསླབ་སྟངས་ཀྱི་འགྲོས་གཙོ་བོ་དེ་འཛིན་གྲྭའི་ནང་ལ་དྲི་བ་དྲི་ལན་དེ་ཤུགས་ཆེན་པོ་བྱས་ཏེ་བྱེད་དགོས་རྒྱུ་དང༌། ག་རེ་ཡིན་ནའང་ཐག་མ་བཅད་པ་བྱས་ཏེ་བཞག་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད།
གྲྭ་ས་ལ་དགེ་རྒན་ཚོས་རྟགས་གསལ་བཏང་སྟེ་ལབ་ས་མི་རག་པ་ཤ་སྟག་ཅིག་བཟོས་ཏེ་བཞག་པ་མ་གཏོགས་འདི་འདྲ་བྱས་ཏེ་ཟིན་མཚམས་འདི་ལྟར་བྱེད་དགོས་རེད་ཅེས་ཟིན་མཚམས་དེ་བསླབ་ཀྱི་མི་འདུག །དེང་སང་གང་འདྲ་བྱེད་ཀྱི་ཡོད་མ་ཤེས་མ་གཏོགས་སྔོན་མ་ཡིན་ན་དགེ་རྒན་དེས་ཤེས་ཀྱི་ཡོད་ཀྱང་དགེ་ཕྲུག་ཚོ་ལ་བསླབས་ཀྱི་མ་རེད། དེ་མ་བསླབས་པ་དེ་རིགས་ལམ་འཕེལ་རྒྱུ་དང༌། རིག་པའི་དཔྱད་པ་འཕེལ་རྒྱུའི་ཆེད་དུ་རེད་མ་གཏོགས་བསམ་གནག་བྱས་པ་གང་ཡང་མ་རེད། བསྡུས་གྲྭ་བལྟ་རྒྱུ་དེའང་དེ་ག་རང་རེད། ཡིན་པ་ཚང་མ་མིན་པར་སྒྲུབ་ཐུབ་པ་ཆགས་པ་དང༌། མིན་པ་ཚང་མ་ཡིན་པར་སྒྲུབ་ཐུབ་པའི་ཚད་ཅིག་ཆགས་སོང་ན་བསྡུས་གྲྭ་བྱང་བའི་ཚད་རེད་ཅེས་ཟེར་ཡོང༌། བསྡུས་གྲྭ་ཞེས་བསླབ་བསྡད་རྒྱུ་དེ་གཞུང་ཆེན་པོའི་ནང་ལ་ཡོད་པའི་རིགས་ལམ་ལ་མཁོ་བའི་དོན་དག་ཚང་མ་ཚུར་རུབ་རུབ་བཟོས་ཏེ་བསྡུས་བཞག་པ་དེ་ལ། ར་བ་གཅིག་གི་ནང་ལ་བསྡུས་བཞག་པ་དེ་ལ་བསྡུས་རྭའམ་བསྡུས་གྲྭ་ཟེར་གྱི་ཡོད་རེད། བྱས་ཙང་དེ་ཚུར་བསྡུས་ནས་ཁ་ལ་བྱང་པོ་བྱས་དུས་སྐབས་ལ་རང་བཞིན་གྱིས་གནས་ཚུལ་གང་འདྲ་ཞིག་ཡིན་པ་ཡིན་ནའང་རེད་ཅེས་ལབ་དུས་སྐབས་ལ། བློའི་ཟུར་ནས་ཨེ་ཡིན་ན། དེ་ཡིན་པའི་རྒྱུ་མཚན་ག་རེ་ཡོད་རེད། དེ་ཡིན་ན་འདི་འདྲ་ཞིག་ཡིན་དགོས་ཀྱི་རེད། འདི་རེད་འདུག་གམ། ཁྱད་ཆོས་འདི་འདྲ་ཞིག་ཚང་འདུག་གམ། ལམ་སེང་དེའི་ཐོག་ལ་དེ་འདྲའི་བསམ་བློ་མང་པོ་འཁོར་གྱི་རེད། དམར་ལམ་པ་ཞིག་མཐོང་བ་ཡིན་ན། དམར་ལམ་པ་དེ་མེ་རེད་ཅེས་ལབ་པ་ཡིན་ན། རིགས་པའི་འགྲོས་མ་ཆགས་མཁན་གྱི་མི་ཞིག་ལ་ལམ་སེང་དེ་མེ་ཡིན་པ་རེད་བསམ་དྲན་ནས། ལྐུགས་པའི་ཡིད་ཆེས་ཟེར་ནའང་མི་འདུག རྨོངས་དད་ཀྱི་ཡིད་ཆེས་སྐྱེ་རྒྱུའི་ཉེན་ཁ་ཡོད་རེད།  རིགས་ལམ་ཡོད་མཁན་མི་ཞིག་ཡིན་ན། དམར་ལམ་པ་ཞིག་འདུག་ཀྱང༌།  དེ་ཚ་བོ་འདུག་གམ། བསྲེག་པའི་བྱ་བ་བྱེད་ནུས་ཀྱི་འདུག་གམ། ཞེས་ལམ་སེང་དེའི་ཐོག་ལ་དཔྱད་པ་ཞུགས་ཀྱི་རེད། ཚ་བའི་རེག་བྱ་ཡོད་པ་དང༌། བསྲེག་པའི་བྱ་བ་བྱེད་ནུས་པ་ཞིག་ཡིན་ན། གཞི་ནས་དེ་མེ་རེད་བཞག་བསམ་པ་དྲན་པ་དང༌། དེ་འདྲ་མིན་པ་ཞིག་ཡིན་ན་དེ་མེའི་ཁ་མདོག་དང་མཚུངས་པ་ཞིག་ཡིན་ཡང་ཚ་ཞིང་བསྲེག་པའི་ཁྱད་ཆོས་དང་མི་ལྡན་པ་ཡིན་ཙང་དེ་མེ་རེད་མི་འདུག་བསམ་པ་དང༌། དེ་འདྲའི་དཔྱད་པ་ཞུགས་ཏེ་དཔྱད་པའི་ལམ་ནས་མཐའ་རྙེད་རྒྱུ་ཞིག་གི་ཐོག་ལ་འགྲོ་བའི་བློའི་གོམས་པ་འདྲ་བོ་ཞིག བློ་ལ་ལེགས་བྱང་འདྲ་བོ་ཆགས་སོང་བ་ཡིན་ན། དེ་རིགས་ལམ་ནང་ལ་འཚུད་འགྲོ་ཡི་ཡོད་རེད། རིགས་ལམ་བསླབ་སྟངས་དེ་རེད།
བྱས་ཙང་རིགས་ལམ་སློབ་དུས་སྐབས་ལ་ཡིན་གཅིག་མིན་གཅིག་རྟགས་རིགས་ཟུར་དུ་འཕྱུང་བཞག་པ་དེ་རྐྱང་རྐྱང་ཐོག་ནས་བསླབ་རྒྱུར་མཚམས་བཟུང་བ་ཡིན་ན་རྒྱ་ཆུང་ཐག་ཆོད་ཀྱི་རེད། བོད་ཀྱི་ཀ་ཁ་བསླབ་དུས་ནས་བྱས་ཏེ་བོད་ཀྱི་སྐད་ནང་ལ་དབྱངས་བཞི་མ་གཏོགས་མི་དགོས་པ་དེ་ག་རེ་བྱས་པ་རེད། དབྱངས་བཞི་དགོས་རྒྱུ་དེ་དབྱངས་བཞི་ལས་ཉུང་བ་ཡིན་ན་ག་རེ་ཚང་གི་ཡོད་མ་རེད། དབྱངས་བཞི་ལས་མང་བ་ཡིན་ན་གང་འདྲ་བྱས་ཏེ་དགོས་ཀྱི་ཡོད་མ་རེད། གཅིག་བྱས་ན་ཁྱེད་ཚོའི་ནང་དབྱངས་ལྔ་འདོད་མཁན་ཡོད་ཀྱི་རེད། དབྱངས་ལྔ་འདོད་མཁན་ཡིན་ནའང་ཁྱད་པར་མི་འདུག །དབྱངས་ལྔ་འདོད་མཁན་དེ་ཡིས་ག་རེ་བྱས་ནས་དབྱངས་ལྔར་འདོད་ཀྱི་ཡོད་རེད། དབྱངས་ལྔ་ལས་མང་བ་མི་དགོས་པ་དེ་ག་རེ་བྱས་པ་རེད། དབྱངས་ལྔ་ལས་ཉུང་ན་མི་འགྲིག་པ་དེ་ག་རེ་བྱས་པ་རེད། དེའི་རྒྱུ་མཚན་དེ་རྣམས་བསམ་བློ་གཏོང་ཤེས་པ་ཆགས་སོང་ན། གསལ་བྱེད་ཀྱི་ནང་ལ་སུམ་ཅུ་མ་གཏོགས་མི་དགོས་པ་ག་རེ་བྱས་པ་རེད། རྒྱ་གར་གྱི་སྐད་ལ་གསལ་བྱེད་མང་པོ་ཡོད་རེད། རྒྱ་མིའི་སྐད་ལ་དབྱངས་དང་གསལ་བྱེད་དབྱེ་བ་མ་ཕྱེས་པའི་ཡིག་འབྲུ་ཧ་ལས་པ་ཞིག་ཡོད་རེད། དབྱིན་ཇིའི་སྐད་ལ་ང་ཚོ་ལས་ཉུང་བའི་གསལ་བྱེད་ཡོད་རེད། སྐད་ཡིག་གཞན་པ་ཚང་མར་དབྱངས་དང་གསལ་བྱེད་ཀྱི་རྣམ་གཞག་མི་འདྲ་བ་མང་པོ་ཞིག་ཡོད་རེད།
ང་ཚོ་བོད་པའི་སྐད་ཡིག་ཐོག་ལ་གསལ་བྱེད་སུམ་ཅུ་དང༌། དབྱངས་བཞིའམ་ལྔ་ལ་འདོད་པ་དེ་ག་རེ་བྱས་ནས་བྱུང་བ་རེད། ཁྱེད་རང་ཚོའི་ནང་ལ་དབྱངས་ལྔ་འདོད་མཁན་མང་བ་ཡོད་རེད་དམ་དབྱངས་བཞི་འདོད་མཁན་མང་བ་ཡོད། (དགེ་རྒན་གཅིག་གིས་མཚམས་འདིར་བཞིར་འདོད་མཁན་མང་བ་ཡོད་ཅེས་ཞུས་པར། དབྱངས་བཞི་འདོད་མཁན་མང་བ་ཡོད་དམ། ཁྱོད་ཀྱིས་ཚང་མའི་དོན་དག་ཐག་ཆོད་པ་ག་རེ་ཡིན་ནམ། ཞེས་རྩེད་མཚར་གྱིས་གསུངས་པར་ཚང་མ་གད་མོ་ཤོར།) གོང་གི་གནས་ཚུལ་དེ་འདྲས་མཚོན་དོན་དག་ག་རེ་ཡིན་ནའང་དབྱེ་བ་འབྱེད་དགོས་པ་སྟེ། རིགས་ལམ་མ་ཆགས་དང་ཆགས་པ་གཉིས་ཀྱི་ཁྱད་པར་དེ་ག་རེ་ཡོད་རེད་ཟེར་ན། སྐད་ཆ་བཤད་དུས་སྐབས་ལ་སྤུ་རིས་ཕྱེ་ནས། གསལ་པོ་བྱས་ཏེ། དབྱེ་བ་ཕྱེས་ཐུབ་པ་ཞིག །གོང་ནས་གོང་དུ་ག་ཚོད་དྲིས་པ་ཡིན་ནའང་དྲི་བ་དེ་དག་ལ་ཡག་པོ་བྱས་ནས་ལན་བརྒྱབ་ཐུབ་པའི་བསམ་བློའི་འགྲོས་དེ་སླེབས་རྒྱུ་དེ་ལ་རིགས་ལམ་ཟེར་བ་རེད། རིགས་ལམ་གྱི་སློབ་སྟངས་དེ་རེད། དཔེར་ན་ཆ་བཞག་ན་ཀ་ཁ་སློབ་པའིསྐབས་ལ་ཡིན་ཡང་དང་པོ་ཀ་ཁ་ནས་འགོ་བཙུགས་ཏེ་སློབ་དུས་སྐབས་ལའང་རིགས་ལམ་དང་སྦྱར་ནས་བསླབས་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རཻད།  གི་གུ་དང་དབྱངས་ཨི་གཉིས་པོ་དེའི་ཁྱད་པར་དབྱེ་བ་ཕྱེས་ཏེ་རྒན་པ་ཚོས་ཀྱང་ལབ་ཤེས་ཀྱི་མི་འདུག །གི་གུ་ཟེར་ན་དབྱངས་ཨི་ཡི་དོན་དག་ཡིན་པའི་བཟོ་དང་དབྱངས་ཨི་ཞེས་ལབ་པ་ཡིན་ནའང་གི་གུ་ཡིན་པའི་བཟོ་ལྟ་བུ་གཅིག་བྱེད་ཀྱི་འདུག །དེ་རིགས་ལམ་གྱི་ཐོག་ནས་གསལ་པོ་བྱས་ཏེ་དབྱེ་བ་མ་ཕྱེ་བ་ཡིན་ཙང༌། གི་གུ་ཟེར་བ་དེ་དབྱངས་ཨི་དེ་ཡིག་གཟུགས་ལ་བྲིས་པའི་སྐབས་ལ་ཡི་གེའི་འགོ་ལ་སྦྱར་རྒྱུའི་གུག་གུག་གི་བཟོ་ལྟ་ཞིག་ཡོད་རེད། དེའི་མིང་ལ་གི་གུ་ཞེས་ལབ་ཀྱི་ཡོད། དབྱངས་ཨུ་མཚོན་བྱེད་ཀྱི་ཡིག་གཟུགས་ལ། ཡི་གེའི་འོག་ལ་སྦྱར་རྒྱུའི་གུག་གུག་གི་གཟུགས་དེ་ལ་ཞབས་ཀྱུ་ཞེས་ལབ་ཀྱི་ཡོད་རེད་མ་གཏོགས་ཞབས་ཀྱུ་དང་ཨུ་གཉིས་པོ་དེ་གཅིག་པ་མ་རེད། ཞབས་ཀྱུ་དེ་དབྱངས་མ་རེད། ཞབས་ཀྱུ་གཟུགས་ཀྱི་མིང་རེད། དབྱངས་དེ་ཨུ་ཟེར་བའི་ངག་གི་གདངས་དེ་རཻད། ངག་གི་གདངས་དེ་བྱེ་བྲག་པ་ཚུན་ཆད་ལ་གཟུགས་སུ་འབྲི་བའི་སྐབས་ལ་ཨ་ཡི་གཟུགས་གཅིག་བྲིས་ཏེ་དེའི་འོག་ལ་ཞབས་ཀྱུ་འབྲི་ཡི་ཡོད་རེད། ཞབས་ཀྱུ་ཟེར་བ་དེ་གཟུགས་རང་གི་མིང་རེད་མ་གཏོགས་དབྱངས་ཀྱི་མིང་མ་རེད། དེ་འདྲའི་དབྱེ་བ་འབྱེད་རྒྱུ་དེ། དང་པོ་གསལ་པོ་བྱས་ཏེ་འབྱེད་ཤེས་པ་དང༌། དེ་འདྲའི་བསམ་བློ་གཏོང་ཤེས་པ། དེ་འདྲ་བྱས་ནས་ཁ་ནས་ལབ་ཤེས་པ་ཞིག ཁ་ནས་ལབ་སྟངས་དང༌། བསམ་བློ་གཏོང་སྟངས། ཡུལ་འཛིན་སྟངས་དེ་དག་ཚང་མ་སྤུ་རིས་ཕྱེས་ཏེ་ཞིབ་ཚགས་པོ་བྱས་ནས་སྤུ་རིས་ཕྱེས་ནས་འགྲོ་རྒྱུ་དེ་ལ་རིགས་ལམ་ཟེར་གྱི་རེད། དེ་ཆོས་ཙམ་དུ་མ་ཡིན་པར་ཆབ་སྲིད་ཀྱི་ཐོག་ལའང་གལ་ཆེན་པོ་ཞེ་པོ་གཅིག་རེད། དཔེར་ན་ང་རང་ཚོ་བོད་པའི་ནང་ལ་སྐད་ཆའི་དབྱེ་བ་བྱེ་བྲག་པ་དེ་རྣམས་གསལ་པོ་བྱས་ནས་འབྱེད་མི་ཤེས་པ་བྱས་ནས། སྲིད་དོན་གྱི་ཐོག་ལ་སྐད་ཆ་བཤད་པའི་སྐབས་ལ་ཞེ་པོ་གཅིག་འཁྲུག་འགྲོ་ཡི་འདུག །ཚིག་རེ་རེ་ལའང་དོན་གྱི་སྤུ་རིས་མི་འདྲ་བ་འབྱེད་ཐུབ་པའི་ཁྱད་པར་ཞེ་པོ་གཅིག་ཡོད་རེད། བྱས་ཙང་དེ་རྣམས་ཀྱི་ཁྱད་པར་འབྱེད་རྒྱུའི་བློའི་ལེགས་བྱང་ཞིག་མེད་པ་ཡིན་ན། རིགས་ལམ་ཞིག་མེད་པ་ཡིན་ན། ཚད་མ་ཞིག་མེད་པ་ཡིན་ན། དེ་དག་འདྲེས་ནས་བན་ནི་བུན་ནི་ཆགས་འགྲོ་ཡི་རེད།
བྱས་ཙང་རིགས་ལམ་སློབ་སྟངས་དེ་ཡིན་གཅིག་མིན་གཅིག་སློབ་ཚན་གང་འདྲ་ཞིག་བསླབས་པ་ཡིན་ཡང་དེའི་ནང་ལ་རིགས་ལམ་དང་ལྡན་པ། རིགས་ལམ་དང་མཐུན་པ། རིགས་ལམ་དང་འདྲེས་པ་བྱས་ཏེ་བསླབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། རྟགས་རིགས་བློ་རིག་ཟུར་དུ་བསླབ་རྒྱུ་དེ་རིགས་ལམ་གྱི་འགྲོ་སྟངས་ཤིག་རེད། དེ་ཁོ་རང་ཁོ་རང་བསླབ་ཚུལ་ཞིག་ཡོད་རེད། བོད་ལ་ཡིན་ན་རིགས་ལམ་བསླབ་རྒྱུའི་ཐབས་གཙོ་བོ་དེ་བསྡུས་གྲྭ་བསླབས་ནས་རྩོད་པ་རྩོད་འཇུག་རྒྱུ་དེ་རེད། ད་ང་ཚོ་འཛིན་གྲྭའི་ནང་ལ་རྩོད་པ་རྩོད་རྒྱུ་དང༌། རྟགས་གསལ་གཏོང་རྒྱུའི་གོ་སྐབས་མེད་པ་ཡིན་ཙང་དྲི་བ་དྲི་ལན་རང་གི་ཐོག་ནས། རྩོད་པ་རྩོད་པ་ནང་བཞིན་བྱས་ཏེ། དྲི་བ་དྲི་ལན་དེ་མཐའ་མེད་པ་ཞིག་བྱེད་ཐུབ་པ་ཡིན་ན། རིགས་ལམ་སྦྱང་རྒྱུ་དང་རིགས་ལམ་བསླབ་རྒྱུ་གཉིས་ཀ་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག །
དེ་ག་ནང་བཞིན་ནང་ཆོས་སློབ་སྟངས་དེ་ཁ་སང་ངས་ཟུར་དུ་ཞུས་པ་ནང་བཞིན་རེད། ཆོས་དེ་སློབ་ཚན་ཞིག་བྱས་ནས་འཛིན་གྲྭའི་ནང་ལ་བསླབས་ཀྱི་ཡོད་རེད། དེ་ཡིན་དུས་སྐབས་ལ་ཆོས་བཤད་ཀྱི་ཡོད་བསམ་པ་དང༌། ཆོས་ཀྱི་རྒྱུན་སྤེལ་གྱི་ཡོད་བསམ་པ་ལྟ་བུ་དྲན་རྒྱུ་ཡོད་མ་རེད། ང་ཚོ་བོད་ཀྱི་ནང་ལའང་དེའི་ལུགས་སྲོལ་མེད་པ་མ་རེད། བོད་ལ་དེའི་ལུགས་སྲོལ་ཡོད་རེད། ཁྲིད་རྒྱུན་མེད་པའི་གཞུང་དེ་ཚོ་ཡང་བླ་མ་དེ་ཚོས་དེ་ངས་རྩལ་བཤད་ཡིན་ཞེས་བྱས་ནས་ཁྲིད་ཀྱི་རྒྱུན་གང་ཡང་མེད་ཀྱང་དོན་དག་མཁྱེན་གྱི་ཡོད་པ་ཡིན་ཙང༌། གཞུང་ལུགས་དེ་ཚོའི་ཐོག་ལ་རྩལ་བཤད་གནང་སྟེ་ཁྲིད་པའི་ལུགས་སྲོལ་ཡོད་རེད། དེ་ག་ནང་བཞིན་བསླབས་པ་གང་ཞིག་ལ་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་མ་བཞག་པར་བསླབས་བསྡད་པ་དེ་ཡང་བོད་ལ་ལུགས་སྲོལ་ཡོད་པ་ཞིག་རེད། དཔེར་ན་མཁན་པོ་ཚོས་འཛིན་གྲྭའི་ནང་ལ་བརྩི་བཞག་(༡ སྐབས་འདིར་གཞུང་དང་ཡིག་ཆ་རྣམས་བློ་ཐོག་ནས་འཛིན་གྲྭ་སོ་སོར་གནང་བ་ལ་གོ་ཞིང༌། སྐབས་གཞན་དུ་བློ་འཛིན་བྱས་ཏེ་རྒྱུགས་སྤྲོད་པ་དང༌། ཞིབ་བཤེར་ལའང་འཇུག་པ་ཡོད།)གནང་རྒྱུ་དང༌། མཁན་པོས་ཆོས་རྭའི་ནང་ལ་གསུང་ཆོས་གནང་རྒྱུ་དེ་དག་མཁན་པོ་ཡོངས་རྫོགས་ལ་བླ་མའི་འདུ་ཤེས་བཞག་མཁན་གྲྭ་སའི་ནང་ལ་དཀོན་པོ་རེད། བརྩི་བཞག་ཞུས་པ་རེད། ཆོས་གྲྭའི་ནང་དཔྱིད་ཆོས་ཞུས་པ་རེད། དབྱར་ཆོས་ཞུས་པ་རེད་བསམ་བསམ་ཞིག་མ་གཏོགས་ཕྱག་འཚལ་གྱི་ཡོད་རེད། མཎྜལ་ཕུལ་གྱི་ཡོད་པ་བཅས་ཡིན་མདོག་ཁ་པོ་བྱས་ཏེ་ཞུས་ཀྱི་ཡོད་རེད། ཡིན་ནའང་མཁན་པོ་ལ་བླ་མའི་འདུ་ཤེས་མ་བྱེད་མཁན་ཡོད་ཤག་ཤག་རེད། ད་དེས་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། དེ་སྒྲིག་ལམ་རེད། མཁན་པོ་ཡིན་པའི་ཆ་ནས་ཁོ་རང་གིས་བཤད་དགོས་རྒྱུ་དེ་ཁྲལ་རེད། ང་གྲྭ་པ་ཡིན་པའི་ཆ་ནས་ཉན་དགོས་རྒྱུ་དེ་ཁྲལ་རེད་མ་གཏོགས་ངས་བླ་མའི་འདུ་ཤེས་བཞག མཁན་པོས་ང་ལ་སློབ་མའི་འདུ་ཤེས་བཞག་སྟེ་བཤད་ཡོད་མ་རེད། དེ་འདྲ་ཡིན་ཙང་བླ་མ་དང་སློབ་མའི་འབྲེལ་བ་ཆགས་ཀྱི་ཡོད་མ་རེད་ཅེས་མཁན་པོ་ལ་བླ་མར་མི་བརྩི་མཁན་སྔོན་མ་བོད་ལའང་ཡོད་རེད།
དེ་ག་ནང་བཞིན་དགའ་ལྡན་ཁྲི་པས་རྟག་པར་གསུང་ཆོས་གནང་བསྡད་རྒྱུ་དང༌། དགའ་ལྡན་ཁྲི་པ་ཙམ་མ་ཡིན་པའི་ང་ཚོ་བོད་ལ་བླ་མ་དུང་དཀར་པ་ཏྲ་ཟེར་མཁན་ཁྲི་པ་ནང་བཞིན་གཅིག་ཡོད་རེད།  བླ་མ་དུང་དཀར་པ་ཏྲས་ཀལིངྐ་སྒོ་བཞིེར་ཆོས་བཤད་པ་དེ་ཚོ་ལ་སྤོ་བོ་རྨོ་མོ་ཁ་ཤས་ཉན་མཁན་ཡོད་རེད། ཁོང་ཚོ་སློབ་མ་ཡིན་པའི་རྣམ་གཞག་གང་ཡང་ཡོད་མ་རེད། ཁོ་རང་གིས་བཤད་བསྡད་ཀྱི་ཡོད་རེད། ཉན་མཁན་ཁ་ཤས་ལངས་བསྡད་ཡོད་རེད། ཁ་ཤས་བསྡད་ཡོད་རེད། དེ་ག་སེ་ཁྲོམ་ལ་བླ་མ་མ་ཎི་འདོན་མཁན་ཡིན་པའི་བཟོ་ལྟ་བུ་ཞིག་ཡོད་རེད། དེ་ཚོའི་རིགས་དེ་རྣམས་ཚིག་སྤྱི་ཙམ་ཞིག་རེད། དེ་འདྲ་ཞིག་གི་ཐོག་ནས་ཆོས་ཀྱི་གནས་ལུགས་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་བཞག་མི་དགོས་པར། བླ་མ་སློབ་མའི་འབྲེལ་བ་བཞག་མི་དགོས་པར། ཆོས་འཆད་ཉན་གྱི་རྣམ་གཞག་ལ་བརྩི་མི་དགོས་པ་བྱས་ཏེ་འཛིན་གྲྭའི་ནང་ལ་སློབ་ཚན་གྱི་ངོ་བོ་བྱས་ནས་བསླབ་རྒྱུ་ཡིན་པ་དེ་ཆོས་དགེ་ཚོ་ཡིན་ནའང་རེད། ལྷག་པར་དུ་ནང་ཆོས་ཀྱི་རྣམ་གཞག་སློབ་དེབ་ནང་ལ་ཡོད་པ་སློབ་པའི་སྐབས་ལ་ཡིན་ནའང་རེད། དེ་ཡིན་གཅིག་མིན་གཅིག་མཁྱེན་དགོས་པ་གཅིག་རེད། ཡང་དེའི་ནང་ལ་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་བཞག་ཆོག་གི་མ་རེད་ཅེས་ལབ་ཀྱི་ཡོད་མ་རེད། དགེ་རྒན་དགེ་ཕྲུག་གི་འདུ་ཤེས་བྱས་ཏེ་བསླབས་པ་ཡིན་ན། ཆོས་འཆད་ཉན་རང་ཆགས་འགྲོ་ཡི་རེད། བླ་མ་བརྒྱུད་པའི་མཁན་པོས་འགྲེལ་པ་བཞི་སྦྲགས་གནང་གི་ཡོད་རེད། མཁན་པོ་ལ་རྡོ་རྗེ་སློབ་དཔོན་རང་གི་འདུ་ཤེས་དང་འགྲེལ་པ་བཞི་སྦྲགས་ཞུས་ཏེ་དེ་ག་རང་གི་ཁྲིད་རྒྱུན་གྱི་གོ་ཆོད་པ་བྱེད་མཁན་མང་པོ་ཡོད་རེད། བོད་ཀྱི་བླ་མ་མང་པོས་འགྲེལ་པ་བཞི་སྦྲགས་དེ་བརྒྱུད་པའི་སྒྲིག་འཛུགས་ནང་ནས་ཞུས་པ་དེས་ཁུངས་འཁྱོལ་བ་བྱས་ཏེ་མཁན་པོ་ལ་བླ་མའི་འདུ་ཤེས་བཞག་ནས་ཁུངས་འཁྱོལ་བ་བྱེད་བསྡད་མཁན་ཡོད་རེད། འགྲེལ་པ་བཞི་སྦྲགས་ཞུས་པ་དེ་སྤྱིར་བཏང་གི་ཆ་ལ་ཕྱིན་ནས་མཁན་པོ་ལ་བླ་མར་མི་བརྩི་མཁན་ཡང་ཡོད་རེད། དེ་རྣམས་སེམས་ཀྱི་འདུ་ཤེས་བཞག་སྟངས་ཀྱི་ཁྱད་པར་རེད། སློབ་གྲྭའི་ནང་ལ་ཡིན་ཡང་དགེ་རྒན་ལ་བླ་མའི་འདུ་ཤེས་བཞག་ནས་ང་ལ་ཆོས་གནང་རོགས་གནང་ཞེས་ཞུ་མཁན་ཡོད་པ་ཡིན་ན། འཛིན་གྲྭའི་ནང་ལ་ཡིན་ཡང་རེད། འཛིན་གྲྭའི་ཕྱི་ལོགས་སུ་ཡིན་ནའང་རེད། བླ་མ་རང་དོན་ཏེ་ཆོས་གནང་བ་ཡིན་ན་མི་འོས་པ་དང་མི་འགྲིག་པ་གང་ཡང་ཡོད་མ་རེད། ཡིན་ཡང་སྤྱིར་བཏང་འཛིན་གྲྭའི་ནང་ལ་ཆོས་ཀྱི་སློབ་སྟོན་བྱེད་སྟངས་དེ་ད་ལྟ་ངས་གོང་དུ་ཞུས་པ་ནང་བཞིན་རེད། སློབ་ཚན་གཅིག་གི་ངོ་བོ་ལ་བྱས་ཏེ་བསླབས་དགོས་པ་ཞིག་རེད།
སློབ་ཚན་གཅིག་གི་ངོ་བོར་བྱས་ཏེ་བསླབས་དགོས་དུས་སྐབས་ལ་ཁྱད་པར་དེ་ག་རེ་ཡོང་གི་ཡོད་རེད་ཟེར་ན། ཆོས་གནང་བ་ཡིན་ན་སེམས་རྒྱུད་འདུལ་བའི་རིམ་པ་གཙོ་བོར་བྱས་ཏེ་བཤད་དགོས་པ་ཞིག་རེད། ཆོས་འཆད་ཉན་བྱེད་པའི་སྐབས་ལ་ག་རེ་རེད་ཟེར་ན། སློབ་མ་དེའི་རྒྱུད་ལ་ཆོས་ཀྱི་ཉམས་ལེན་སྦྱར་ཏེ་བཤད་དགོས་པ་རེད། སློབ་ཚན་གྱི་ངོ་བོར་སློབ་སྟངས་དེ་གཞུང་ལུགས་ནང་ལ་ཡོད་པའི་དོན་དག་དེ་རྣམས་གྲངས་ཀ་བརྒྱབ་ནས་ཕར་ལན་བསྐྱལ་རྒྱུ་རེད། སྡུལ་བསྔལ་བདེན་པ་འདི་འདྲ་ཞིག་ལ་ལབ་ཀྱི་ཡོད་རེད། ཀུན་འབྱུང་བདེན་པ་ཞེས་པ་འདི་འདྲ་ཞིག་ལ་ལབ་ཀྱི་ཡོད་རེད། འགོག་བདེན་ཟེར་ན་འདི་འདྲ་ཞིག་ལ་ལབ་ཀྱི་ཡོད་རེད། གཞུང་ལུགས་འདི་འདྲ་ཞིག་ལ་བཤད་ཡོད་རེད། ཚིག་འདི་འདྲ་ཞིག་རེད། ཚིག་དེའི་དོན་དག་འདི་འདྲ་ཞིག་རེད་ཅེས་ལན་བསྐྱལ་རྒྱུ་ཞིག་རེད་མ་གཏོགས་ཆོས་འཆད་ཉན་བྱེད་པ་ལྟར་ཁྱེད་རང་གི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེ་སྡུག་བསྔལ་བདེན་པ་ཡིན་པའི་འདུ་ཤེས་འདི་འདྲ་ཞིག་སྐྱེས་ནས་སྡུག་བསྔལ་དེ་ལ་སྡུག་བསྔལ་དེ་མཐོང་བའི་ངེས་འབྱུང་གི་བློ་ཞིག་སྐྱེ་དགོས་ཀྱི་རེད་ཅེས་ལབ་ཀྱི་ཡོད་མ་རེད། དེ་འདྲ་བྱས་ནས་གོ་བརྡ་སྤྲད་ཀྱི་ཡོད་མ་རེད། སྡུག་བསྔལ་བདེན་པ་ག་རེ་ལ་ལབ་ཀྱི་ཡོད་རེད། གཞུང་ལུགས་ནང་ལ་དཔེ་དེ་ཡག་པོ་ཞིག་སྦྱར་ཡོད་རེད། དེ་འདྲ་བཤད་རྒྱུ་དེ་ག་རེ་རེད་ཟེར་ན། མི་སྐྱོ་བོ་དེ་ཚོས་མི་ཚང་ཕྱུག་པོ་དེ་ཚོའི་ཅ་ལག་གྲངས་ཀ་བརྒྱབ་པ་ནང་བཞིན་རེད། སོ་སོ་ལ་སྐར་མ་ལྔ་མེད་པ་ཡིན་ནའང་བིར་ལ་ལ་སྒོར་མོ་དུང་ཕྱུར་འདི་ག་འདི་ག་ཙམ་ཡོད་རེད། དེའི་བཟོ་གྲྭ་གཅིག་འདིར་ཡོད། གཅིག་དེར་ཡོད་རེད། ཊཱ་ཊཱ་ལ་འདི་འདྲ་འདི་འདྲ་ཡོད་རེད་ཅེས་གྲངས་ཀ་བརྒྱབ་སྟེ་བཤད་བསྡད་པ་ཡིན་ན་གོ་བརྡ་འཕྲོད་རྒྱུ་ཡོད་རེད་པ། བཤད་མཁན་དེས་ཤེས་པ་བྱས་བཤད་ས་དེས་མ་ཤེས་པ་ཡིན་ན། ཨ་ལས་ཊཱ་ཊཱ་ལ་བཟོ་གྲྭ་བརྒྱ་ཡོད་པ་ཡིན་པ་རེད། བི་ལ་ལ་བཟོ་གྲྭ་ཉིས་བརྒྱ་ཡོད་པ་ཡིན་པ་རེད། བཟོ་གྲྭ་དེ་དག་ཀ་ལི་ཀ་ཏ་ལ་འདི་ག་ཙམ་ཞིག་ཡོད་པ་ཡིན་པ་རེད། མུམ་བཻ་ལ་འདི་ག་ཙམ་ཞིག་ཡོད་པ་ཡིན་པ་རེད། ལྡི་ལི་ལ་འདི་ག་ཙམ་ཞིག་ཡོད་པ་ཡིན་པ་རེད། འདིར་ཤོག་བུ་བཟོ་ཡི་ཡོད་པ་རེད། འདིར་གནམ་གྲུ་བཟོ་ཡི་ཡོད་པ་ཡིན་པ་རེད། འདིར་མོ་ཊ་བཟོ་ཡི་ཡོད་པ་ཡིན་པ་རེད་བསམ་པ་བཅས་དེ་རྣམས་ཚང་མ་ལས་ཉིན་མ་རེ་ལ་ཁོང་ཚོར་ཐོན་སྐྱེད་ག་ཚོད་ཡོད་རེད། ཉིན་མ་རེ་ལ་ཁེ་བཟང་ག་ཚོད་ཡོད་རེད། དེ་ཚོ་ཚང་མ་གྲངས་ཀ་བརྒྱབ་ནས་བཤད་རྒྱུ་ཡོད་རེད། དེ་བཤད་བསྡད་པ་དེས་ཁོང་ཚོའི་ཁེ་བཟང་དེ་ནས་སྐར་མ་ལྔ་ང་ཚོར་རག་རྒྱུ་མེད་ཀྱང་གྲངས་ཀ་ཏག་ཏག་མ་ནོར་བ་ལབ་ནས་གོ་བརྡ་སྤྲོད་རྒྱུ་ཡོད་པ་ནང་བཞིན། འཛིན་གྲྭའི་ནང་ལ་ཆོས་དེ་ཆོས་ལུགས་རིས་མེད་ཀྱི་སློབ་ཚན། (Secular Subject)གཅིག་ལ།  བརྩིས་ནས་བསླབས་དུས་སྐབས་ལ་འདི་འདྲ་བྱས་ནས་བསླབས་ཀྱི་ཡོད་རེད། དེ་དང་མཉམ་དུ་ཡིན་གཅིག་མིན་གཅིག་ང་ཚོས་དོ་སྣང་བཞག་དགོས་རྒྱུ་གཅིག་ག་རེ་རེད་ཟེར་ན། ཆོས་ཀྱི་སློབ་ཐུན་སྤྲད་པའི་སྐབས་ལ་གཞུང་ལུགས་དང་མ་འགལ་བ་བྱས་ཏེ། ལུང་དང་མི་འགལ་བ་བྱས་ཏེ་བཤད་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད། བྱུང་ན་ནི་ལུང་དང་རིགས་པ་གཉིས་ཀ་དང་མི་འགལ་བ་བྱས་ཏེ་བཤད་དགོས་པ་ཞིག་རེད། ཁུངས་དང་བཅས་པ་བཤད་དགོས་པ་ཞིག་རེད། དེ་འདྲ་མ་བྱུང་བ་ཡིན་ནའང་ལུང་དང་འགལ་བའི་རྣམ་གཞག་དེ་འདྲ་བཤད་པ་ཡིན་ན། ལན་དེ་ནོར་ནས་བསྐྱལ་འགྲོ་ཡི་ཡོད་རེད།
གནས་ཚུལ་གཞན་པ་ཞིག་གི་ཐོག་ལ་ལན་ནོར་ནས་བསྐྱལ་བ་དང་ཆོས་ཀྱི་སློབ་ཚན་ཐོག་ལ་ལན་ནོར་ནས་བསྐྱལ་བ་གཉིས་པོ་དེ་ལ་ཉེན་ཁ་ཆེ་ཆུང་ཞེ་དྲགས་ཡོད་རེད།  ཆོས་ཀྱི་གནས་ཚུལ་བཤད་པའི་སྐབས་ལ་དེ་ལན་ནོར་ནས་བསྐྱལ་བ་ཡིན་ན། དོན་དག་གཞན་པ་སྲིད་དོན་གྱི་ཚན་རིག་དང༌། སྤྱི་ཚོགས་ཀྱི་ཚན་རིག །ཨང་རྩིས་ཀྱི་བཟོ་འདྲ་བོ་དེ་འདྲའི་ཐོག་ལ་ནོར་ནས་ལབ་པ་དང་ཆོས་ལུགས་ཀྱི་རྣམ་གཞག་བཤད་པའི་སྐབས་ལ་ནོར་ནས་བཤད་པ་གཉིས་པོ་དེ་ཉེན་ཁ་ཆེ་ཆུང་མང་པོ་ཞིག་ཆགས་ཡོད་རེད། དེ་འདྲ་ཡིན་ཙང་དེ་རིགས་པ་དང་མི་འགལ་བ། ལུང་དང་མི་འགལ་བ་གཅིག་གི་ཐོག་ནས་ཁུངས་ལྡན་ཞིག་བཤད་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ཏུ་ང་ཚོའི་བསམ་བློའི་ནང་ལ་བཞག་དགོས་པ་གཅིག་ལ། མི་ལ་ཀླད་པ་སྤྲོད་རྒྱུ་དང༌། ལྟ་གྲུབ་གོམས་སྲོལ་གྱི་ཤུགས་གནོན་སྤྲད་དེ། གང་ཙམ་གང་ཙམ་ཞིག་ལ་མིའི་བསམ་ཚུལ་དེ་དེ་འདྲ་ཞིག་གི་ནང་ལ་བསྒྱུར་རྒྱུའི་ཐབས་ཤེས་བྱས་པ་ཡིན་ན་དེ་ཡང་ཆོས་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་མ་རེད་བསམ་གྱི་འདུག །ཆོས་ཀྱི་སློབ་ཐུན་སྤྲད་པའི་སྐབས་ལ་རང་བཞིན་གྱིས་ཁོ་རང་གི་ཆེ་བ་དང༌། གསལ་བ། མྱུར་བ། ཟབ་པ་བཅས་ཀྱི་ཤེས་རབ་བཞི་པོ་དེ་གང་འདྲ་བྱས་ཏེ་ཡར་སྤེལ་ཐུབ་ཀྱི་འདུག །གང་འདྲ་བྱས་ནས་ཡར་འཕེལ་ཐུབ་ཀྱི་འདུག །རང་དབང་གི་ཐོག་ནས་ཁོ་རང་ཡར་འཕེལ་རྒྱུ་ཞིག་དང༌། འཕེལ་བའི་རྗེས་ལ་ཁོ་རང་ཆོས་ལ་དད་པ་སྐྱེ་ཡི་ཡོད་ན་ཁོ་རང་གི་འདོད་པ་རེད། ཁོ་རང་ཆོས་ལ་དད་པ་སྐྱེ་གི་མེད་ནའང་ཁོ་རང་གི་འདོད་པ་རེད་མ་གཏོགས་ཆོས་སློབ་མཁན་དེ་ཚོས་ཆོས་ལུགས་དེ་དད་པ་སྤེལ་རྒྱུའི་བཟོ་འདྲ་པོ་གཅིག་བྱས་ཏེ་བསླབས་ན་ཡག་པོ་ཡོད་མ་རེད།
ངའི་སྐད་ཆ་དེ་མང་ཆེ་བའི་རྣ་བར་འགྲོ་ཡི་མ་རེད་ཀྱང་ཡིན་གཅིག་མིན་གཅིག་ང་ཚོས་ལབ་དགོས་པ་ཞིག་རེད། གཞན་མང་ཆེ་བས་ཆོས་སྤེལ་ཟེར་དུས་ཡིན་གཅིག་མིན་ཡེ་ཤུ་དང༌། ཁ་ཆེ་དེ་ཚོས་ཆོས་སྤེལ་རྒྱུའི་སྐོར་ཁོ་རང་ཚོའི་གཞུང་ལུགས་ནས་བཤད་པའི་ལམ་ཞིག་ཡོད་རེད། དེ་འདྲ་བོ་བྱས་ཏེ་མིའི་རྣ་ཅོག་ལ་འགྲོ་ནའང་རེད།  མི་འགྲོ་ནའང་རེད་ཚར་བརྒྱ་ཐམ་པ་ལབ་ནས་ག་ལེ་ག་ལེར་ཀླད་པ་དཀྲུག་ཐུབ་ཀྱི་འདུག་གམ་བལྟས་ཏེ། དམར་པོའི་རིང་ལུགས་ཀྱིས་དམར་པོའི་ལྟ་བ་དེ་མང་ཚོགས་ཀྱི་ནང་ལ་ཁྱབ་སྤེལ་བྱེད་པའི་ལམ་སྲོལ་འདྲ་བོ་ཞིག་གི་ཐོག་ནས་ཆོས་བཤད་མཁན་དེའི་བསམ་བློའི་ནང་ལ་གང་ཟག་ཕ་རོལ་པོ་དེའི་བསམ་བློ་དེ་རང་གིས་བཤད་རྒྱུའི་ཆོས་དེའི་ཐོག་ལ་བསྒྱུར་རྒྱུའི་དམིགས་ཡུལ་བཟུང་སྟེ་བྱས་པ་ཡིན་ན། བླ་མ་སློབ་མ་བྱས་ཏེ་བཤད་པ་ཡིན་ན་ནི་དེ་ག་རང་རེད་པ། གང་ཟག་དེའི་རྒྱུད་འདུལ་བ་གཙོ་བོ་བྱས་ཏེ་བཤད་ཀྱི་ཡོད་རེད། ད་ལྟ་ང་ཚོས་སློབ་ཚན་གྱི་ངོ་བོ་བྱས་ཏེ་བཤད་པའི་སྐབས་ལ་དེ་བྱེད་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་དེའི་དབྱེ་བ་འབྱེད་ཤེས་པ་དེ་དགེ་རྒན་ཚོས་ཆོས་ཀྱི་སློབ་ཐུན་སྤྲད་པའི་སྐབས་ལ། ནང་ཆོས་ཀྱི་སློབ་ཐུན་སྤྲོད་པའི་སྐབས་ལ། ལྷག་པར་དུ་ཡང་ཆོས་ལུགས་གཞན་པ་ཡིན་ན་གནས་ཚུལ་ལོགས་ཀར་རེད། ནང་ཆོས་ཀྱི་སློབ་ཐུན་སྤྲད་པའི་སྐབས་ལ་དེ་ཡིན་གཅིག་མིན་གཅིག་བསམ་བློའི་ཕུགས་ལ་བཞག་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག །ད་དྲི་བ་དྲི་ལན་གྱི་དུས་ཚོད་མེད་ན་འགྲིག་གི་ཡོད་ས་མ་རེད། དེ་ཡིན་ཙང་ད་ལྟ་ངས་གང་དྲན་པ་ཞུས་པ་དེ་དག་རེད། སྐར་མ་བཅོ་ལྔ་དེ་དྲི་བ་དྲི་ལན་གྱི་དུས་ཚོད་ལ་བཞག་གི་ཡིན། བཀའ་འདྲི་གནང་རྒྱུ་ཡོད་དམ།

དྲི་བ། གྲྭ་སའི་ནང་སློབ་གཉེར་བྱེད་སྟངས་གང་འདྲ་ཡིན་པ་དང༌། དགག་བཞག་སྤོང་གསུམ་གྱི་ཐོག་ནས་རིགས་ལམ་འཁྲིད་ཀྱི་འདུག་པ་དེར་ཁྱད་ཆོས་ག་རེ་ཡོད་དམ།
ལན། དགག་བཞག་སྤོང་གསུམ་ཞེས་ས་བཅད་རིམ་པ་གསུམ་ལ་ཕྱེས་ནས་བཤད་སྟངས་དེ་བོད་པའི་ཐུན་མོང་མ་ཡིན་པའི་འགྲོས་ཤིག་རེད། དེ་ཞེ་དྲགས་ཡག་པོ་རེད། རིགས་ལམ་སྤེལ་བར་དགག་བཞག་སྤོང་གསུམ་ཐོག་ནས་འགྲོ་དུས་སྐབས་ལ་ཞེ་པོ་གཅིག་གི་ཁྱད་པར་ཡོད་རེད། གྲྭ་ས་གདན་ས་ཁག་གི་ནང་ལ་གཞུང་ཆེན་མོ་སློབ་གཉེར་བྱེད་པའི་སྐབས་ལ་སློབ་གཉེར་བྱེད་སྟངས་དེ་ཞེ་དྲགས་ཀྱི་སྲོལ་བཟང་པོ་ཞིག་རེད། གཞུང་ལུགས་ཆེན་མོ་སློབ་གཉེར་བྱེད་སྟངས་ཀྱི་སྲོལ་རྒྱ་གར་ནས་བོད་ལ་དར་བསྡད་པ་དེ་ཡག་པོ་ཞེ་པོ་གཅིག་རེད། དེ་ང་ཚོ་བོད་པས་མི་ཉམས་པ་བྱས་ཏེ་ཉར་བསྡད་ཡོད་རེད། ང་ཚོས་གང་འདྲ་བྱེད་ཀྱི་ཡོད་རེད་ཟེར་ན། གཞུང་ཆེན་པོ་གཅིག་སློབ་གཉེར་བྱེད་པའི་སྐབས་ལ་དེའི་འགྲེལ་པ་མི་འདྲ་བ་གསུམ་ལ་བལྟས་ཏེ་སློབ་གཉེར་བྱེད་ཀྱི་ཡོད་རེད། དེ་རིང་སང་ཉིན་གང་འདྲ་ཡིན་མི་ཤེས་མ་གཏོགས་སྤྱིར་བཏང་གྲྭ་སའི་སློབ་གཉེར་བྱེད་སྲོལ་དེ་འདྲ་རེད། འགྲེལ་པ་མི་འདྲ་བ་གསུམ་གང་འདྲ་བྱས་ཏེ་བལྟ་གི་ཡོད་རེད་དམ་ཟེར་ན། མངོན་རྟོགས་རྒྱན་ལྟ་བུར་ཆ་བཞག་པ་ཡིན་ན། མངོན་རྟོགས་རྒྱན་དེ་རྩ་བ་རེད། སྤྱིར་བཏང་མངོན་རྟོགས་རྒྱན་དེ་འགྲེལ་པ་རེད། རྩ་བ་དེ་ཡུམ་རྒྱས་འབྲིང་བསྡུས་གསུམ་རེད། ཡུམ་རྒྱས་འབྲིང་བསྡུས་གསུམ་དེ་ཕྱི་རབས་ཀྱི་གདུལ་བྱས་རང་སྟོབས་ཀྱིས་ཤེས་མ་ཐུབ་པ་ཆགས་འགྲོ་དུས་སྐབས་ལ་དེ་ལ་འགྲེལ་པ་ཞིག་མེད་ན། དེ་བཞིན་གཤེགས་པས་ལུང་བསྟན་པའི་འགྲེལ་བྱེད་མཁན་པོ་གང་ཡང་རུང་བ་ཞིག་གིས་བརྩམས་པའི་འགྲེལ་པ་ཞིག་མེད་ན། རང་སྟོབས་ཀྱིས་འཇུག་མི་ནུས་པའི་གདུལ་བྱ་དེ་ཚོས་ཡུམ་རྒྱས་འབྲིང་བསྡུས་གསུམ་སློབ་སྦྱོང་བྱེད་པའི་ཆེད་དུ་མངོན་རྟོགས་རྒྱན་ལ་སློབ་སྦྱོང་བྱེད་ཀྱི་ཡོད་རེད། མངོན་རྟོགས་རྒྱན་ལ་སློབ་སྦྱོང་བྱེད་པའི་སྐབས་ལ་མངོན་རྟོགས་རྒྱན་དེ་རྩ་བའི་གཞུང་ལ་བརྩིས་ནས་དེའི་འགྲེལ་པ་དེ་ལ་སྤྱི་དོན་ཟེར་བ་ཞིག་ཡོད་རེད། ཕལ་ཆེར་མིང་འདོགས་སྟངས་ཀྱང་གཅིག་པ་འདྲ་བོ་རེད། གདན་ས་ཁག་ཚང་མའི་ནང་ལ་སྤྱི་དོན་ཞེས་ལབ་ཀྱི་རེད། སྤྱི་དོན་ཟེར་བ་དེའི་ནང་ལ་མངོན་རྟོགས་རྒྱན་གྱི་བརྗོད་བྱ་དངོས་པོ་བརྒྱད་དང་དོན་བདུན་ཅུ་ཡོངས་སུ་རྫོགས་པ་དེ་སྤྱི་ཡོངས་ཀྱི་ཁོག་དེ་ཚུར་བསྡུས་ཏེ། དོན་དག་སྤྱིའི་དོན་དག་དེ་རྡོག་རྡོག་བྱས་ཏེ་མར་སྤྱི་བཤད་བྱས་ཏེ་འགྲོ་བ་དེར་སྤྱི་དོན་ཟེར་གྱི་རེད། དེའི་ནང་ལ་ཚིག་ཇི་མ་ཇི་བཞིན་གྱི། རྣམ་པ་ཐམས་ཅད་མཁྱེན་ཉིན་ལམ། །སྟོན་པས་འདི་ལས་བཤད་པ་གང༌། །ཞེས་པའི་རྣམ་པ་ཟེར་བའི་དོན་དག་འདི་རེད། ཐམས་ཅད་ཟེར་བའི་དོན་དག་འདི་ལྟར་རེད་ཅེས་ཡོད་མ་རེད། སྤྱི་དོན་གྱི་ནང་ལ་ཚིག་རེ་རེ་བཞིན་ནག་པོ་འབྲུ་བཤེར་བྱས་ཏེ་འགྲེལ་པ་རྒྱག་གི་མ་རེད། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ཡོད་རེད། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་དེ་འདི་འདྲ་འདི་འདྲ་རེད། ཆོས་བཅུ་པོ་དེས་རྣམ་མཁྱེན་མཚོན་སྟངས་འདི་འདྲ་རེད་ཅེས་སྤྱི་ཡོངས་ཀྱི་དོན་དག་བཤད་ནས་འགྲོ་བ་དེར་སྤྱི་དོན་ཟེར་གྱི་རེད། སྤྱི་ཡི་དོན་དག་དེ་ཁོག་ཏུ་ཆུད་པ་བྱེད་རྒྱུའི་ཆེད་དུ་དང་པོར་དེར་བལྟ་ཡི་རེད།  དེ་ནས་རྩ་ཊིཀ་ཟེར་བ་ཞིག་ཡོད་རེད། ཊི་ཀ་ཡང་ཟེར་གྱི་རེད། འགྲེལ་པ་ཡང་ཟེར་གྱི་རེད། རྩ་ཊིཀ་ཟེར་བ་དེའི་ནང་ལ་ཚིག་རེ་རེ་བཞིན་ནས། རྣམ་པ་ཐམས་ཅད་སྐྱེ་བ་མེད་པ། ཐུགས་སུ་ཆུད་པ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། ཞེས་པའི་ཚིག་རེ་རེ་བྱས་ནས། རྩ་བའི་ཚིག་གཅིག་ཀྱང་མ་ལུས་པ་བྱས་ཏེ་འགྲེལ་པ་བརྒྱབ་སྟེ་འགྲོ་བ་དེ་ལ་རྩ་ཊིཀ་ཟེར་གྱི་རེད། དེ་བྱས་དུས་སྐབས་ལ་རྩ་བའི་ཚིག་ཡོངས་སུ་རྫོགས་པའི་ཚིག་གི་དོན་དག་དེ། ཚིག་འགྲེལ་དེ། ཚིག་ཇི་མ་ཇི་བཞིན་ཚིག་ཐོག་ཚིག་བཞག་ཐོག་ལ་ཚིག་སྣོན་བརྒྱབ་སྟེ་ཚིག་གི་འགྲེལ་པ་བརྒྱབ་འགྲོ་བ་དེ་ལ་རྩ་ཊིཀ་ཟེར་གྱི་རེད། ད་ངས་མིང་དེ་ཕལ་ཆེར་བློ་གསལ་གླིང་གིས་བཏགས་པ་ནང་བཞིན་ཞུས་པ་རེད། མིང་འདོགས་སྟངས་མི་འདྲ་བའི་ཁྱད་པར་ཞིག་མ་གཏོགས་དོན་དག་འགྲེལ་པ་བརྒྱབ་སྟངས་གཅིག་པ་ལྟ་བུ་རེད། དེའི་མཇུག་ཏུ་མཐའ་དཔྱོད་ཟེར་བ་དེ་བལྟ་དགོས་པ་རེད། མཐའ་དཔྱོད་ནང་ལ་སྤྱིའི་དོན་དག་དེ་ཡང་ཡོད་མ་རེད། ཚིག་གི་འགྲེལ་པ་དེ་ཡང་ཡོད་མ་རེད། དོགས་གཅོད་ཡོད་པ་ཚང་མ་རྡོག་རྡོག་བཏོན་ནས། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་བཤད་པ་ལ་ཞེས་པའམ། ཡང་མིན་ན་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོགས་ཀྱི་སྐབས་སུ་དགག་བཞག་སྤོང་གསུམ་ལས། ཐོག་མར་ཁ་ཅིག་གིས་མཚན་ཉིད་འདི་འདྲ་ཞིག་བཞག་པ་ཡིན་ན། འདི་ལ་སྐྱོན་འདི་ཡོད་རེད། མཚན་ཉིད་འདི་འདྲ་ཞིག་བཞག་པ་ཡིན་ན་འདི་ལ་སྐྱོན་འདི་ཡོད་རེད་ཅེས་ཁ་ཅིག་གི་འདོད་པ་དེ་དག་ཚང་མ་ཕར་གཅིག་བཀག་སྟེ་གཞན་ལུགས་དགག་པའི་རིམ་པ་གཅིག་བྱས་དུས་སྐབས་ལ་མཚན་ཉིད་ལ་བརྟེན་པའི་ལོག་རྟོག་མང་པོ་ཞིག་སེལ་འགྲོ་ཡི་ཡོད་རེད་ལ། དེས་ལོག་རྟོག་སེལ་བ་དང་ཆབས་ཅིག་ཏུ། ཨ་ལད་ད། འདི་ལ་བསམ་བློ་གཏོང་སྟངས་རིག་པའི་འགྲོས་འདི་འདྲ་ལབ་ན་སྐྱོན་འདི་ཡོད་པ་ཡིན་པ་རེད། འདི་ལྟར་ལབ་ན་སྐྱོན་འདི་ཡོད་པ་ཡིན་པ་རེད་ཅེས་རིག་པའི་འགྲོས་ཕྲ་མོ་ཞེ་པོ་ཞིག་གཞན་ལུགས་དགག་པ་དེའི་ནང་ནས་ང་ཚོས་ཤེས་ཐུབ་རྒྱུ་རེད། དེ་ནས་རང་ལུགས་བཞག་པ་ཟེར་དུས་སྐབས་ལ། རང་གི་ལུགས་ལ་བྱས་ན་མཚན་ཉིད་འདི་འདྲ་འཇོག་གི་རེད། དབྱེ་བ་འདི་འདྲ་ཡོད་རེད་ཅེས་ཕར་རྡོག་རྡོག་བྱས་ཏེ། ད་ལྟ་གོང་དུ་བཤད་པའི་སྐྱོན་དེ་དག་ཚང་མ་སེལ་བའི་རྗེས་སུ་སྐྱོན་མེད་པའི་དོན་དག་དེ་འདི་ལྟར་བཞག་དགོས་རེད། འདི་ལ་ཚིག་གི་ཆ་ཤས་ཕྲ་མོ་ཙམ་ཡང་ཡར་སྤར་ས་མེད་པ། མར་ཕབ་ས་མེད་པ། ཏག་ཏག་འགྲོ་བ་ཞིག་འདི་འདྲ་ལབ་དགོས་ཀྱི་རེད་ཅེས་རང་ལུགས་བཞག་པ་དེ་རེད། རང་ལུགས་བཞག་པ་དེ་ལ་གཞན་གྱིས་ཚུར་སྐྱོན་བཙུགས་སོང་ན། དེ་ལ་རྩོད་པ་སྤོང་བ་ཟེར་བ་དེ་མེད་པ་ཡིན་ན། ཁ་ཐུག་ལ་སྐྱོན་འཛུགས་མཁན་དེ་འདྲ་ཞིག་སླེབས་པ་ཡིན་ན། དེ་གང་འདྲ་ཡིན་ནམ་བསམ་པ་ཞིག་སོ་སོར་བློའི་ནུས་པ་མེད་ན་དོགས་པ་ཟ་བ་ཞིག་ཡོང་གི་རེད། དེ་འདྲ་ཡིན་ཙང་འདི་ལའང་རྩོད་པ་འདི་འདྲ་ཡོང་སྲིད་ཀྱི་རེད། དོགས་པ་ཁོང་ན་གནས་པ་དེ་འདྲ་ཡོང་སྲིད་ཀྱི་རེད། ཡིན་ཡང་དེ་རྣམས་ལ་སྐྱོན་ཡོད་མ་རེད་ཅེས་རྩོད་པ་སྤོང་ཚུལ་བརྗོད་པ་རེད། རིགས་ལམ་སློབ་སྟངས་དེ་འདི་ལས་ལྷག་པ་ཞིག་གམ་ཡག་པ་ཞིག་མེད་པའི་བཟོ་རེད། བྱས་ཙང་མཐའ་དཔྱོད་དེ་ལྟར་ཡིན་པ་རེད།
མཐའ་དཔྱོད། སྤྱི་དོན། རྩ་ཊིཀ་དེ་གསུམ་གྱི་ཐོག་ནས་བལྟས་པའི་སྐབས་ལ་གཞུང་གི་སློབ་སྦྱོང་བྱེད་སྟངས་དེ། ཞེ་པོ་གཅིག་གི་ཚད་དང་ལྡན་པ་རེད།  གཅིག་བྱས་ན་ཁྱེད་རང་ཚོ་ལ་ཚིག་དེ་བེད་སྤྱོད་བཏང་ན་འགྲིགས་ཀྱི་མེད་འགྲོ་བསམ་གྱི་འདུག །ཞེ་པོ་གཅིག་གིས་ཚན་རིག་དང་མཐུན་པ། ངས་ནི་ཚན་རིག་དང་མཐུན་པ་ཞེས་ལབ་ཀྱི་མེད། འདི་ལྟར་བརྗོད་པ་དེ་ཁྱེད་རང་ཚོའི་ལབ་སྟངས་ནང་བཞིན་བྱས་པ་ཡིན་ན། ཚན་རིག་དང་མཐུན་པ་(Scientific)ཞེ་པོ་གཅིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག ཚན་རིག་དང་མཐུན་པ་ཞིག གཏིང་ཟབ་པོ་ཞིག་གི་བར་འགྲོ་ཐུབ་ཀྱི་ཡོད་རེད། དེ་ནས་ཡང་བསྐྱར་དོན་དག་གལ་ཆེ་ས་ཞིག་ལ་སླེབས་དུས་སྐབས་ལ་ཟུར་བཀོལ་ཞེས་ཟུར་དུ་བཀོལ་ནས། ཕར་ཕྱིན་ནང་གི་དགེ་འདུན་ཉི་ཤུ་ལྟ་བུ་དེ་ཟུར་བཀོལ་གཅིག་བྱས། དྲང་ངེས་ཀྱི་བཟོ་ལྟ་བུ་དེ་ལ་ཟུར་བཀོལ་གཅིག་བྱས། བསམ་གཟུགས་ཡིན་ན་དེ་ལ་ཡང་ཟུར་བཀོལ་འདྲ་བོ་གཅིག་བྱས། དེ་ལྟར་གནད་འགག་ཆེ་ས་ཆེ་ས་དེ་དག་ལ་ཆེད་དུ་བཀར་ནས། ཟུར་དུ་བཀོལ་ཏེ། རབ་བྱེད་དང་དེ་འདྲའི་ཐོག་ནས་ཟུར་དུ་བྱེད་དུས་སྐབས་ལ་གཞུང་ལ་སློབ་གཉེར་བྱེད་སྟངས་དེ་མཐའ་ཆོད་པོ་ཞེ་པོ་གཅིག ཧ་ལམ་སློབ་གཉེར་བྱེད་སྟངས་ཀྱི་ལམ་སྲོལ་བཟང་པོ་དེ་འདྲ་ཞིག་གཞུང་ལུགས་གཞན་པ་གང་ལའང༌། ནུབ་ཕྱོགས་པ་ཡིས་མཚོན་པས་གཞུང་ལུགས་གཞན་པ་གང་ལའང་སློབ་གཉེར་བྱེད་སྟངས་ཡག་པོ་དེ་འདྲ་ཡོད་མ་རེད་ཅེས་ལབ་ཆོག་པ་ཞིག་རེད། སློབ་གཉེར་བྱེད་རྒྱུའི་རིག་འགྲོས་ཟེར་ནའང་མི་འདུག །ཚན་རིག་ཟེར་ནའང་མི་འདུག དེ་ང་ཚོའི་ཐུན་མོང་མ་ཡིན་པ་རེད། དེ་འདྲ་ཡིན་ཙང་ང་ཚོའི་སློབ་གྲྭའི་ནང་ལ་སློབ་ཕྲུག་ཚོ་ལ་རིགས་ལམ་བསླབས་པའི་སྐབས་ལའང༌། དམིགས་སུ་བཀར་ཏེ་རྟགས་རིགས་ལྟ་བུ་བསླབས་པ་ཡིན་ན། དགག་བཞག་སྤོང་གསུམ་རིམ་པར་བྱས་ཏེ་མར་ཕྱིན་པ་ཡིན་ན། དེ་ཡག་པོ་ཡོད་རེད་བསམ་གྱི་འདུག ངས་དེ་ཡོན་ཏན་ལ་མཐོང་གི་ཡོད། དགག་བཞག་སྤོང་གསུམ་རྒྱ་ཆེན་པོ་ཞེ་པོ་གཅིག་བྱེད་དགོས་པ་གང་ཡང་ཡོད་མ་རེད། གཞན་ལུགས་དགག་རྒྱུའི་དོན་དག་གཅིག་གཉིས་ཤིག་བྱས་པ་ཡིན་ན། ཨ་ལད་ད། འདི་འདྲ་ལབ་པ་ཡིན་ན། དགག་པ་འདི་ལྟར་བརྒྱབ་ཀྱི་ཡོད་རེད་ཅེས་རིགས་ལམ་གྱི་ཐོག་ནས་བསམ་བློ་གཏོང་སྟངས་ལ་ཕན་གྱི་ཡོད་རེད།
ད་ང་རང་ཚོས་འདི་ལྟར་ལབ་ཀྱི་ཡོད་པ་ཡིན་པ་རེད། དེ་ལ་མིས་ཚུར་སྐྱོན་བཏང་སོང་ན་ལན་འདི་བརྒྱབ་དགོས་ཀྱི་ཡོད་པ་རེད་བསམ་པ་བཅས་འདི་ལྟར་མར་རིགས་ལམ་གྱི་རིག་འགྲོས་ཀྱི་བསམ་བློ་གཏོང་སྟངས་ཀྱི་གོམས་གཤིས་དེ་ཆགས་རྒྱུར་དགག་བཞག་སྤོང་གསུམ་བང་བསྒྲིགས་ཏེ་མར་ཕྱིན་པ་ཡིན་ན། ངས་དེ་ཡག་པོ་རེད་བསམ་གྱི་ཡོད། དེ་གསུམ་གྱི་ནང་ནས་གང་ཡང་རུང་བ་གཅིག་ལུས་སོང་བ་ཡིན་ན་ཡན་ལག་གཅིག་མ་ཚང་བ་ཆགས་འགྲོ་ཡི་རེད། བྱས་ཙང་ང་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་གི་ཐོག་ནས་བཟོས་པའི་རིགས་ལམ་སློབ་ཚུལ་གཅིག་ནང་ལ་གནས་ཚུལ་དེ་དག་དགག་བཞག་སྤོང་གསུམ་གྱི་ས་བཅད་ནང་ལ་བསྡུས་ཏེ་མར་འགྲོ་བ་དེ། ངོ་མཚར་ཅན་ཡིན་ཞེས་ངས་འདི་འདྲ་ལབ་བསྡད་ཀྱི་ཡོད། གཞུང་ལ་སློབ་གཉེར་བྱེད་སྟངས་བོད་ཀྱི་ཐུན་མོང་མ་ཡིན་པ་དེ་ངོ་མཚར་ཅན་ཞེ་པོ་གཅིག་ཡིན་ཞེས་དང༌། འགྲེལ་པ་འབྲི་སྟངས་དེ་ཡང་རྒྱ་འགྲེལ་འབྲི་སྟངས་ལས་ལྷག་པ་བོད་པའི་འགྲེལ་པ་འབྲི་སྟངས་དེ་དག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞེ་དྲགས་ཡོད་རེད། སྤྱིར་བཏང་རྣམ་བཤད་རིགས་པའི་ནང་ལ་འགྲེལ་པ་འབྲི་སྟངས་ཀྱི་གཞུང་ལུགས་སམ་རིག་གནས་ཁོ་རང་ལོགས་སུ་ཡོད་རེད། ད་ལྟ་ངས་ཤེས་པ་ལ་ང་ཚོ་བོད་པ་ནང་བཞིན་གཞུང་ལ་འགྲེལ་པ་འབྲི་སྟངས་ཀྱི་རིག་གནས་འཛམ་བུ་གླིང་གང་ལའང་མི་འདུག །རྒྱ་གར་ནང་ལ་མི་འདུག །ནུབ་ཕྱོགས་ལ་ཡོད་མ་རེད། ག་པར་ཡིན་ཡང་ཡོད་མ་རེད། གཞུང་གཅིག་ལ་འགྲེལ་པ་འབྲི་དགོས་བྱུང་ན། འགྲེལ་པ་བརྒྱབ་དགོས་བྱུང་ན། འགྲེལ་པ་འབྲི་སྟངས་ཀྱི་རིག་གནས་ག་རེ་རེད་ཅེས་ཟེར་ན། དེའི་རིག་གནས་ཀྱི་གཞུང་ལུགས་ཆ་ཚང་ཡོད་པ་ཞིག་བོད་པ་བྱས་པས་མ་བྱུང༌། ནང་པ་ལ་མ་གཏོགས་མེད་པ་རེད། དེ་དག་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ཡོད་པ་དེ་འདྲ་རེད། དེར་བརྟེན་དེ་ང་ཚོས་བེད་སྤྱོད་གཏོང་མ་ཤེས་ན། ཞེ་ས་མ་ཞུས་ན་སྡུག་གྱོང་རེད་མ་གཏོགས་བེད་སྤྱོད་གཏོང་ཤེས་ན་དེ་ཞེ་དྲགས་བེད་སྤྱོད་ཆེན་པོ་ཡོད་རེད། །

དྲི་བ། རིན་པོ་ཆེས་གྲྭ་སའི་མཁན་པོ་བླ་མར་མ་བརྩིས་ནའང་འགྲིག་པ་ལྟ་བུ་ཞིག་གསུངས་སོང༌། འདུལ་བའི་ནང་མཁན་པོ་དང༌། སློབ་དཔོན། གནས་ཀྱི་བླ་མ་རྣམས་གལ་ཆེན་པོ་བྱས་ཏེ་གསུངས་འདུག་ལ་མཁན་པོ་བླ་མར་ངེས་པར་བརྩི་དགོས་པ་ལྟ་བུ་ཞིག་འདུག དེའི་སྐོར་གང་འདྲ་ཡིན་ནམ།
ལན། འདུལ་བ་ནས་བཤད་པའི་མཁན་པོ་དང༌། འདུལ་བ་ནས་བཤད་པའི་གནས་ཀྱི་བླ་མ་གཉིས་པོ་དེ་ལོགས་ཀར་རེད། དེ་ད་ལྟ་ང་ཚོའི་སྒྲིག་འཛུགས་ནང་ལ་ཡོད་པ་རེད་དམ་ཟེར་ན་ཡོད་མ་རེད། འདུལ་བ་ནས་བཤད་པའི་མཁན་པོ་དེ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གང་འདྲ་ཞིག་ཡིན་ནའང་སྡོམ་པ་དེ་ཞུ་བའི་སྐབས་ལ་བསྒྲུབ་བྱའི་གང་ཟག་དེས་དགེ་འདུན་ལ་ངོ་ཆེན་ཟེར་ནའང་མི་འདུག མགོ་འདྲེན་བྱས་ཏེ་བར་ཆད་ཀྱི་ཆོས་དང་བྲལ་བའི་བསྒྲུབ་བྱ་འདི་འདྲ་ཞིག་ཡོད། དེ་དག་ལ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་གནང་རོགས་གནང་ཞེས་ཡར་དགེ་འདུན་གྱི་དབུས་ལ་ཞུ་མཁན་དེ་ལ་མཁན་པོ་ཟེར་གྱི་ཡོད་རེད། དེ་ནས་སྡོམ་པ་འབོག་པའི་ཆོ་གའི་གསོལ་བ་དང་བཞིའི་ལས་སྐྱོར་མཁན་དེ་ལ་ལས་ཀྱི་སློབ་དཔོན་ཟེར་གྱི་ཡོད། དེ་རིང་སང་ཉིན་སྟབས་བདེ་པོ་བྱས་དུས་སྐབས་ལ་མཁན་པོ་སློབ་དཔོན། མཁན་སློབ་ཟུང་འབྲེལ་བྱས་ཏེ། གྲྭ་པ་ཉུང་ཉུང་ཡིན་པའི་སྐབས་སུ་མཁན་པོ་དེས་སློབ་དཔོན་ཡང་བྱས་ཏེ་གནང་བསྡད་ཀྱི་ཡོད་རེད། གནས་ཀྱི་བླ་མ་ཟེར་བ་དེ་ང་ཚོ་བོད་ལ་ཁ་བཏགས་སའི་དགེ་རྒན་ཟེར་བ་དེ་རེད། དགེ་འདུན་སྤྱི་ཡི་ནང་ལའང་གནས་ཀྱི་བླ་མ་མང་པོ་ཡོང་སྲིད་ཀྱི་རེད། དེ་བསྙེན་པར་རྫོགས་ནས་ལོ་བཅུའི་བར་དུ་བརྟེན་དགོས་པའི་ཤག་གི་དགེ་རྒན་བཟོ་འདྲ་བོ་ཞིག་རེད། བྱས་ཙང་དེ་འདྲ་ཡིན་ཙང་གྲྭ་སའི་མཁན་པོ་དེ། སོ་སོ་ལ་སྡོམ་པ་གནང་མཁན་གྱི་མཁན་པོ་སློབ་དཔོན་གཉིས་སུ་ཕྱེ་བའི་མཁན་པོ་དེ་མིན་པ་ཡིན་ཙང༌། ད་ལྟ་ང་རང་ཚོས་མིང་ལ་མཁན་པོ་ཞེས་བཏགས་པ་རེད་མ་གཏོགས་དེའི་ནང་ལ་ཡོད་པའི་དགེ་སློང་དེ་ཚོའི་མཁན་པོ་ཆགས་ཀྱི་ཡོད་མ་རེད། མཁན་པོ་ཁོ་རང་གིས་མཁན་པོ་བྱས་ཏེ་བསྙེན་རྫོགས་བསྒྲུབས་བཞག་པ། དགེ་ཚུལ་བསྒྲུབས་བཞག་པ་དེ་འདྲ་ཡོད་ན་ནི་གྲྭ་ཚང་དང་གྲྭ་པ་དེའི་མཁན་པོ་ཆགས་ཀྱི་ཡོད། དེ་མ་གཏོགས་དེ་རིང་སང་ཉིན་སྡོམ་པ་མང་ཆེ་བ་ྋསྐྱབས་མགོན་རིན་པོ་ཆེས་གནང་གི་ཡོད་རེད། ང་ཚོ་བོད་པའི་ད་ལྟའི་གནས་སྐབས་ལ་དགེ་ཚུལ་སློང་མང་ཆེ་བའི་མཁན་པོ་དེ་ྋསྐྱབས་མགོན་རིན་པོ་ཆེ་ཆགས་ཀྱི་ཡོད་རེད། བྱས་ཙང་ྋསྐྱབས་མགོན་རིན་པོ་ཆེ་ལ་མཁན་རིན་པོ་ཆེ་ཞེས་ཞུ་དུས་སྐབས་ལ་ཁ་ཤས་ཀྱིས་ཞེ་ས་མེད་པ་འདྲ་བོར་མཐོང་བསྡད་ཀྱི་འདུག །དེ་འདུལ་བ་མ་ཤེས་པའི་རྟགས་རེད། བྱས་ཙང་ྋརྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་བསྙེན་རྫོགས་དང༌། དགེ་ཚུལ་ལ་སོགས་པའི་སྡོམ་པ་ལེན་མཁན་གྱི་གང་ཟག་དེ་ཚོས་ྋསྐྱབས་མགོན་རིན་པོ་ཆེའི་མཚན་ནས་སྨྲོས་པའི་སྐབས་ལ་བདག་གི་མཁན་རིན་པོ་ཆེ་ཞེས། འདུལ་བའི་ལུགས་སྲོལ་བྱས་ན་དེ་ཡིན་གཅིག་མིན་གཅིག་ཞུ་དགོས་པ་ལྟ་བུ་ཞིག་ཡོད་རེད། གནས་ཀྱི་བླ་མ་བརྟེན་པའི་ལམ་སྲོལ་དེ་ང་ཚོའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་འདུན་གྱི་སྡེ་བོད་ནང་ལ་ཡོད་པ་དེའི་ནང་ལ། གནས་ཀྱི་བླ་མ་བརྟེན་པའི་ལམ་སྲོལ་འདུལ་བའི་ནང་ལ་ཡོད་པ་ནང་བཞིན་ཞིག་སྔོན་མ་གྲྭ་ས་ལའང་མི་འདུག །གྲྭ་ས་ལ་དགེ་རྒན་དེའི་མདུན་ལ་ཤག་གི་དགེ་རྒན་ཞེས་པ་ཞིག་བརྟེན་རྒྱུ་བརྟེན་གྱི་ཡོད་རེད། ཡིན་ན་ཡང་གནས་ཀྱི་བླ་མ་ལ་ཞུ་དགོས་པའི་བྱ་བ་ཡོངས་སུ་རྫོགས་པ་དེ་དེར་ཞུ་གི་ཡོད་མ་རེད། ཡང་མཚམས་རེ་གནས་ཀྱི་བླ་མ་ལ་ཞུ་མི་དགོས་པའི་བྱ་བ་དེ་དག་དགེ་རྒན་ལ་ཞུ་བ་དེ་འདྲ་ཡོད་རེད། གྲྭ་སའི་དགེ་རྒན་ཟེར་རྒྱུ་དེ་བཟའ་རྒྱུ་འཐུང་རྒྱུ་དང་དཔལ་འབྱོར་གྱི་རྒྱབ་རྟེན་ལྟ་བུ་ཞིག་ཆགས་ཡོད་རེད། ཁྲོམ་ལ་ཉོ་ཆ་རྒྱག་པར་འགྲོ་དགོས་བྱུང་ན་དགེ་རྒན་ལ་ཞུ་དགོས་རེད་མ་གཏོགས་དེ་མ་ཡིན་པའི་ཆོས་ལྡན་གྱི་བྱ་བ་མང་པོ་གནས་ཀྱི་བླ་མ་ལ་ཞུ་དགོས་པ་དེ་དག་མ་ཞུས་པར་འགྲོ་བསྡད་ཀྱི་ཡོད་རེད། གནས་ཀྱི་བླ་མ་བརྟེན་རྒྱུའི་ལམ་སྲོལ་ད་ལྟ་ང་ཚོས་ལག་བསྟར་བྱེད་ཐུབ་ཀྱི་ཡོད་མ་རེད། སྤྱིར་བཏང་གདན་སའི་ནང་ལ་ཡོད་པའི་མཁན་པོ་དང༌། གདན་ས་དེའི་ནང་ལ་ཡོད་པའི་དགེ་འདུན་པ་དེ་དག་དབར་བླ་མ་དང་སློབ་མའི་འདུ་ཤེས་ཡོད་ན་ཡག་པོ་ཞེ་དྲགས་རེད། ཡིན་ན་ཡང་བླ་མ་དང་སློབ་མའི་འདུ་ཤེས་བཞག་རྒྱུ་ཁག་པོ་ཞེ་དྲགས་ཡོད་རེད། སྔོན་མ་ང་ཚོ་བོད་ལ་གཏམ་དཔེ་ཞིག་བཤད་རྒྱུ་ཡོད་རེད། མཁན་པོ་ཚོར་གྲྭ་པ་ཚོ་མང་ཆེ་བས་ཁ་བཏང་བསྡད་ཀྱི་རེད། བྱས་ཙང་ཉིན་གཅིག་ཁོ་རང་གི་དགེ་ཕྲུག་ཡིན་མཁན་གཅིག་གིས་ཀྱང་ཁ་བཏང་བསྡད་པ་ཡིན་པ་རེད། མི་གཅིག་གིས་དེ་ཁྱེད་རང་གི་དགེ་རྒན་མ་རེད་དམ། ག་རེ་བྱས་ནས་ཁ་གཏོང་གི་ཡོད་ཅེས་ལབ་པ་རེད། དགེ་ཕྲུག་དེས། ཡིན་རྒྱུ་ངའི་དགེ་རྒན་རེད། རྒན་ཁོ་རང་ཁ་བཏང་ས་དེ་ལ་སླེབས་སོང༌། ཞེས་བརྗོད་པ་རེད། དགེ་རྒན་རེད་ཀྱང༌། མཁན་པོ་ཆགས་དུས་སྐབས་ལ། དགེ་རྒན་ཁོ་རང་ཁ་བཏང་ས་དེ་ལ་ཕེབས་པ་ཡིན་ཙང་ངས་ཁ་བཏང་དགོས་པ་ཆགས་སོང་ཞེས་ཟེར་གྱི་ཡོད་པ་རེད། ཡང་གྲྭ་སའི་རྒྱུན་དེ་ལ་ནམ་རྒྱུན་མཁན་པོ་མ་བྱས་གོང་ལ་དགེ་ཕྲུག་མང་པོ་ཡོད་མཁན་དགེ་བཤེས་ཡག་པོ་དེ་འདྲ་ཡིན་ཡང༌། མཁན་པོའི་གོ་གནས་རག་ཚར་དུས་ཆོས་རྭའི་ནང་ལ་འཆར་ཅན་གྱི་གསུང་ཆོས་གནང་གི་ཡོད་རེད་མ་གཏོགས། དགེ་ཕྲུག་ཚོ་ལ་དཔེ་ཆ་འཁྲིད་རྒྱུ་དང༌། སྔོན་མ་ནང་བཞིན་དགེ་ཕྲུག་བསྐྱངས་ཐུབ་རྒྱུ་མེད་པ་ཆགས་འགྲོ་ཡི་རེད།  དེ་བྱས་དུས་ལམ་སྲོལ་ཞིག་ལ་གནའ་སྔ་མོ་དང་པོ་གདན་སའི་སློབ་དཔོན་དེ་ཚོས་ཚང་མ་སོ་སོའི་སློབ་མ་རང་བྱས་ཏེ་འགྲོ་བའི་ལམ་སྲོལ་དེ་ཡོད་ས་རེད་ཀྱང༌། བར་ལམ་སྲོལ་དེ་ཉམས་པ་ཡིན་པ་རེད། ཡིན་ན་ཡང་དེ་ད་ལྟ་རིགས་ལམ་ནང་ཆོས་སློབ་སྦྱོང་བྱེད་སྟངས་ཀྱི་སློབ་ཚན་དེ་དང་ཐད་ཀར་འབྲེལ་བ་ཡོད་པའི་དྲི་བ་ཞིག་ཆགས་ཀྱི་མི་འདུག །སྤྱིར་བཏང་སྤྱི་ཚོགས་དང་འབྲེལ་བའི་དྲི་བ་ཞིག་རེད།།

དྲི་བ། སློབ་ཕྲུག་ཚོར་ནང་ཆོས་རིགས་ལམ་སློབ་དུས་དྲི་བ་ཁྱད་མཚར་པོ་དང༌། དཀའ་ལས་ཁག་པོ་དེ་འདྲ་དྲིས་ཡོང་གི་འདུག །དཔེར་ན། དམྱལ་བའི་སྐོར་བཤད་དུས་དམྱལ་བའི་ནང་དུག་ལོག་གྱོན་རྒྱུ་ཡོད་མེད་དང༌། གསང་སྤྱོད་ཡོད་མེད། དམྱལ་བ་གང་དུ་ཡོད་རེད། ལྷ་ཡུལ་གང་དུ་ཡོད་རེད་ཟེར་བ་སོགས་ལན་མ་བཏབ་ནའང་མ་འགྲིག ལན་འདེབས་པར་ངེས་གཏན་འདྲ་བོ་བརྗོད་མི་ཐུབ་པ་དེ་འདྲ་དྲིས་ཡོང་གི་འདུག ངས་སྐབས་རེ་ལྷ་ཡུལ་ཡ་གིར་ཡོད་རེད་ཅེས་མཛུབ་མོ་གནམ་ལ་བཙུགས་པ་ཡིན། ཡིན་ནའང་ངེས་པ་རྙེད་པ་ཞིག་འབྱུང་ཁག་པོ་འདུག དེ་ཚོར་ག་རེ་ལབ་ན་དགའ་བ་ཡོད་དམ།
ལན། དེ་འདྲའི་དྲི་བ་དཀའ་ལས་ཁག་པོ་ལན་བསྐྱོན་རྒྱུ་མེད་པ་དེ་འདྲ་དྲིས་ཡོང་གི་འདུག་ན་མཛོད་ནང་ལ། གཡོ་སྒྱུ་ཚངས་པས་བསྟེན་ཕྱིར་རོ། །ཞེས་པ་ཞིག་ཡོད་རེད། དེ་དྲངས་རྒྱུ་རེད། ང་དགེ་རྒན་ཞེ་དྲགས་ཆེན་པོ་རེད། དེ་འདྲ་དྲིས་ཆོག་གི་མ་རེད་ཅེས་བརྗོད། ང་ནི་ཚངས་པའོ། །ཚངས་པ་ནི་ཆེན་པོའོ། །ཞེས་དེ་ལྟ་བུའི་དྲི་བ་ང་ལ་བྱེད་རུང་གི་མ་རེད་ཟེར་རྒྱུ་ཞིག་ཡོད་རེད་པ། དེ་འདྲ་བྱེད་དགོས། ཞལ་ཤོབ་ཞུས་པ་ཡིན།
དྲི་བ་དེ་འདྲའི་རིགས་ལ་ཡིན་གཅིག་མིན་གཅིག་ལན་གསལ་པོ་བྱས་ཏེ་བསྐྱོན་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དམྱལ་བ་དང་ལྷ་ཡུལ་བཤད་པའི་སྐབས་ཀྱི་དམྱལ་བ་དང་ལྷ་ཡུལ་གྱི་འཇིག་རྟེན་ལ་ལྟ་ཚུལ་དེ་དང༌། ད་ལྟའི་ང་ཚོ་མི་རང་ག་བས་འཇིག་རྟེན་ལ་ལྟ་ཚུལ་དེ་གཉིས་པོ་དེར་ཁྱད་པར་ཞེ་པོ་གཅིག་རྒྱུགས་བསྡད་ཡོད་པ་རེད། དེ་ཡིན་དུས་སྐབས་ལ་འཇིག་རྟེན་ལ་ལྟ་ཚུལ་གྱི་རྣམ་གཞག་ཁྱད་པར་ཡོད་པ་དེ་སློབ་གཉེར་བ་ཚོས་ཡིན་གཅིག་མིན་གཅིག་ཤེས་དགོས་པ་ཞིག་རེད་མ་གཏོགས་ཞྭ་དཔེ་ལྷམ་ལ་བཀབ་ན་འགྲིག་གི་ཡོད་མ་རེད། སློབ་གྲྭའི་ནང་ལ་གསང་སྤྱོད་དང་ཁྲུས་ཁང་མེད་དུས་དཀའ་ལས་ཞེ་པོ་གཅིག་ཡོད་པར་བརྩིས་པ་ནང་བཞིན་དམྱལ་བའི་ནང་ལའང་གསང་སྤྱོད་དང་ཁྲུས་ཁང་མེད་ན་དཀའ་ལས་ཞེ་པོ་གཅིག་ཡོད་པར་བརྩི་ཡི་ཡོད་ན། དམྱལ་བའི་ནང་ལ་གསང་སྤྱོད་ཁྲུས་ཁང་ཡོད་མ་རེད་གསུངས་ནའང་མི་འགྲིག་པ་གང་ཡང་མི་འདུག དམྱལ་བའི་ནང་ལ་ཉིན་མཚན་མེད་པར་དཔེར་ན་ཚ་དམྱལ་ལྟ་བུ་ཡིན་ན། ཁྲོ་ཆུ་འཁོལ་མའི་ནང་ལ་བཙོས་བཞག་གི་ཡོད་རེད། ཁྲོ་ཆུ་འཁོལ་མའི་ནང་ཉིན་མཚན་མེད་པར་བཙོས་པའི་སྡུག་བསྔལ་མྱོང་བའི་སྐབས་ལ་གཅིན་པ་བཙོག་པ་ཚང་མ་ཁྲོ་ཆུ་འཁོལ་མ་དེ་ག་རང་གི་ནང་ལ་བཏང་རྒྱུ་རེད་མ་གཏོགས་དེའི་ཟུར་ལ་ཕར་དོན་ནས་གཏོང་བར་འགྲོ་ས་ཞིག་ཡོད་མ་རེད་པ། བྱས་ཙང་ང་ཡིན་ན་གསང་སྤྱོད་ཁྲུས་ཁང་ཡོད་མ་རེད། ཁང་པ་ཡོད་མ་རེད། ཁྲོ་ཆེན་པོ་ཞིག་མ་གཏོགས་ཡོད་མ་རེད། དེའི་ནང་ལ་ཚང་མ་བཙོས་བཞག་ཡོད་རེད། ཡང་མིན་ན་ཐིག་ནག་འདྲ་པོ་ཡིན་ན། ལྕགས་སྲེག་གི་ས་གཞིའི་སྒང་ལ་ག་དུས་ཡིན་ཡང་དྲས་བཏུབ་རང་གི་ཐོག་ལ་འགྲོ་བསྡད་ཀྱི་ཡོད་རེད་ཟེར་ནས། ད་ལྟ་མིའི་སྤྱི་ཚོགས་ནང་བཞིན་གྱི་བསམ་བློ་གཏོང་རྒྱུ་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རང་རེད་པ།
ལར་ནས་དམྱལ་བ་དང་ལྷ་ཡུལ་ཟེར་བ་དེ་དག་ཚང་མ་ལས་སྣང་གིས་གྲུབ་པ་ཤ་སྟག་ཅིག་ཡིན་དུས་དེ་ག་པར་ཡོད་རེད། གང་འདྲ་ཞིག་ཡོད་རེད་ཅེས་བྱས་ནས་ས་ཆ་མིག་བསྟན་དགོས་པ་གང་ཡང་ཡོད་མ་རེད། དེའི་རྒྱུ་མཚན་གྱིས་ཆེད་དུ་བྱ་བའི་གདུལ་བྱ་སོ་སོས་ལས་ཀྱི་སྣང་ཚུལ་ལ་བལྟས་ནས། སྤྱིར་བཏང་འཇིག་རྟེན་གྱི་ཆགས་སྟངས་དེ་ཡང་མི་འདྲ་བ་མི་འདྲ་བ་རེད། མངོན་པ་ནས་བཤད་པའི་རི་རབ་དང༌། དུས་འཁོར་ནས་བཤད་པའི་རི་རབ་དེ་ཚོ་གཅིག་གྲུ་བཞི་རེད། གཅིག་ཟླུམ་པོ་རེད། ཆེ་ཆུང་ལའང་ཁྱད་པར་ཡོད་རེད། གླིང་བཞིའི་གནས་སྟངས་ལའང་ཁྱད་པར་ཡོད་རེད། རྒྱ་མཚོའི་གནས་སྟངས་ལའང་ཁྱད་པར་ཡོད་རེད། དེ་རིང་སང་ཉིན་ང་ཚོས་མཐོང་བསྡད་པའི་སའི་གོང་བུ་འདི་ཡང་མངོན་སུམ་གྱི་སྤྱོད་ཡུལ་རེད། དེ་མ་རེད་ཅེས་ལབ་རྒྱུ་གང་ཡང་ཡོད་མ་རེད། མངོན་པ་ནས་བཤད་པའི་གླིང་བཞི་རི་རབ་བཅས་པ་ཆ་ཚང་དེ་བདེན་པ་ཡིན་པ་དང༌། དུས་འཁོར་ནས་བཤད་པ་དེ་བདེན་པ་མ་ཡིན་པ། ཡང་མིན་ན་དུས་འཁོར་ལས་བཤད་པ་དེ་བདེན་པ་ཡིན་པ་དང༌། མངོན་པ་ལས་བཤད་པ་དེ་བདེན་པ་མ་ཡིན་པ། ཡང་མིན་ན་དེ་གཉིས་ཀ་ནས་བཤད་པ་དེ་བདེན་པ་མ་ཡིན་པ། དེ་རིང་སང་ཉིན་ང་ཚོས་མཐོང་བསྡད་པ་དེ་བདེན་པ་ཡིན་པ། ཡང་མིན་ན་དེ་རིང་སང་ཉིན་ང་ཚོས་མཐོང་བསྡད་པ་དེ་བདེན་པ་མ་ཡིན་པ། མངོན་པ་ནས་བཤད་པ་དང༌། དུས་འཁོར་ནས་བཤད་པ་དེ་བདེན་པ་ཡིན་པ་གང་ལའང་ཁ་ཚོན་གཅོད་རྒྱུ་མེད། མཁས་གྲུབ་རྗེའི་གསུང་ཐོར་བུའི་ནང་ལ་གསལ་པོ་བྱས་ཏེ་གསུངས་ཡོད་རེད། འཇིག་རྟེན་གྱི་ཚད་ཡོད་མ་རེད་ཅེས་ལབ་དགོས་རེད་གསུངས་ཡོད་རེད། མངོན་པ་ནས་བཤད་པ་དེ་མངོན་པའི་ཆེད་དུ་བྱ་བའི་གདུལ་བྱས་ཇི་ལྟར་མཐོང་བ་ནང་བཞིན་གསུངས་པ་གཅིག་གི་འཇིག་རྟེན་གྱི་ཚད་ཅིག་རེད། དུས་འཁོར་ནས་བཤད་པ་དེ་དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱས་ལས་སྣང་གིས་གང་མཐོང་བའི་འཇིག་རྟེན་གྱི་ཚད་དེ་རེད་མ་གཏོགས་དེ་གཉིས་ཀ་སྤྱིར་བཏང་འཇིག་རྟེན་གྱི་ཚད་མ་རེད་ཅེས་གསུངས་ཡོད་རེད། དེ་བཞིན་དེ་རིང་སང་ཉིན་ང་ཚོས་མཐོང་བསྡད་པ་དེ་ང་ཚོའི་ལས་སྣང་གིས་གྲུབ་པ་དེ་རེད། དེ་གཞུང་གི་ནང་ལ་ཞེ་དྲགས་གསལ་པོ་རེད། དཔེ་ཆ་བལྟ་མྱོང་མཁན་ཡིན་ན་གསལ་པོ་ཞེ་དྲགས་མཁྱེན་གྱི་རེད་བསམ་གྱི་འདུག །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌། ཞེས་བརླན་ཞིང་གཤེར་བ་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟས་པ་དེའི་ཚེ་ན། བརླན་ཞིང་གཤེར་བ་ཕོར་བ་གང་པོ་དེའི་ཆ་ཤས་ལ་ཆུ་ཕོར་བ་གང་དང༌། རྣག་ཁྲག་ཕོར་བ་གང་དང༌། བདུད་རྩི་ཕོར་བ་གང་ཡོད་ཟེར་གྱི་ཡོད་རེད། བྱས་ཙང་གཟུགས་ཅན་གཅིག་གི་གོ་ས་ན་གཟུགས་ཅན་གཞན་གྱིས་གོ་འགོག་གི་རེད་དམ་མ་རེད་ཅེས་དེའི་སྒང་ལ་གསར་པ་ཚོས་འཕག་ཚག་བརྒྱབ་བསྡད་ཡོང༌། གཟུགས་ཅན་གཅིག་གི་གོ་ས་ན། གཟུགས་ཅན་གཞན་གྱིས་གོ་འགོག་གི་རེད་དམ་མ་རེད་ཟེར་བ་དེར་བསམ་བློ་གཏོང་དུས་སྐབས་ལ། ལས་སྣང་གིས་གྲུབ་ཚུལ་དེ་ཏག་ཏག་མ་ཤེས་པས་འཕག་ཚག་བརྒྱབ་བསྡད་པ་རེད་མ་གཏོགས་ལས་སྣང་གི་གྲུབ་ཚུལ་དེ་གསལ་པོ་བྱས་ཏེ་ཤེས་པ་ཡིན་ན་དེར་འཕག་ཚག་བརྒྱབ་རྒྱུ་ཞེ་དྲགས་ཡོད་མ་རེད། ཕོར་པ་གསུམ་ཡོད་ཅེས་ལབ་ན་འགྲིགས་ཀྱི་རེད། ཕོར་བ་གསུམ་དེ་གང་འདྲ་སེ་ཡོད་རེད་ཟེར་ན། ཕོར་པ་གསུམ་ཀ་དེ་ཕོར་པ་གཅིག་གི་ནང་ལ་ཡོད་མ་རེད། ཡི་དྭགས་ཀྱིས་ལོངས་སྤྱོད་པའི་སྐབས་ལ་ཡི་དྭགས་ཀྱི་ལས་སྣང་ལས་གྲུབ་པའི་རྣག་ཁྲག་ཕོར་པ་གང་པོ་དེ་དང༌། ལྷ་ཡིས་ལོངས་སྤྱོད་པའི་སྐབས་ལ་ལྷ་ཡི་ལོངས་སྤྱད་བྱར་འགྱུར་བའི་བདུད་རྩི་ཕོར་བ་གང་པོ་དེ་ལས་སྣང་གིས་གྲུབ་དགོས་རེད།
དེ་ནང་བཞིན་དམྱལ་བར་ཆ་བཞག་པ་ཡིན་ན་ཡང༌། མངོན་པ་ནས་བཤད་པའི་དམྱལ་བའི་རྣམ་གཞག་དང༌། ས་སྡེ་ལྔ་ནས་བཤད་པའི་དམྱལ་བའི་རྣམ་གཞག་དེ་ཚོ་དང༌། དྲན་པ་ཉེར་བཞག་གི་མདོའི་ནང་ལ་བཤད་པའི་དམྱལ་བའི་རྣམ་གཞག་དེ་དག་ཆེ་ཆུང་ཞེ་དྲགས་ཤོར་བསྡད་ཡོད་རེད། དམྱལ་བའི་བརྩི་ཚད་ལའང་འདྲ་མི་འདྲ་སྣ་ཚོགས་ཡོད་རེད། ས་གཞི་དེའང་རྡོ་རྗེ་གདན་གྱི་འོག་ཏུ་བརྩི་བའི་བཟོ་དང༌། ས་ཆ་གཞན་པའི་འོག་ནས་མར་བརྩི་བའི་བཟོ་འདྲ་བོ་ཡོད་པས། ཚ་དམྱལ་ག་པར་ཡོད་རེད། གྲང་དམྱལ་ག་པར་ཡོད་རེད་ཟེར་བ་དེ་དག་སྤྱིར་བཏང་གཞུང་ལུགས་ཀྱི་ནང་ལ་ས་ཆ་འདིར་ཡོད་རེད་ཅེས་གསུངས་ཡོད་རེད།  དེ་དང་ཕྱོགས་མཚུངས་པའི་འདོད་པའི་ལྷའི་ཞིང་ཁམས་འདྲ་བོ་ཞིག་ལ་ཆ་མཚོན་པ་ཡིན་ན། སུམ་ཅུ་རྩ་གསུམ་ནས་ཡར་བྱས་ཏེ་འདོད་ལྷ་རིགས་དྲུག་གི་གནས་དེ་དག་ང་ཚོ་རི་རབ་ཀྱི་གནས་ཚུལ་བཤད་པའི་སྐབས་ལ་བང་བསྒྲིགས་ནས་བཤད་རྒྱུ་ཡོད་རེད། ད་ལྟའི་སའི་གོང་བུ་འདིའི་སྒང་ལ་རི་རབ་མཐོང་རྒྱུ་མེད་པ་ཡིན་ཙང༌། ད་གིན་རིན་པོ་ཆེས་གནམ་ལ་མཛུབ་མོ་བཙུགས་པ་ཡིན་ཟེར་བ་དེ་ཕལ་ཆེར་མ་འགྲིག་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག །མཛུབ་མོ་ག་པར་བཙུགས་ནའང་འགྲིག་གི་རེད། ལྷ་ཡུལ་ཤར་ལྷོ་ནུབ་བྱང་དང༌། ཡར་མར། ཕར་ཚུར་ག་པར་ཡིན་ནའང་ཡོད་རེད་ཟེར་ན་འགྲིག་གི་རེད། འདི་ད་ལྟ་ཕྱོགས་ཀྱི་བསམ་ཚུལ་དེ། བྱེ་བྲག་པ་གཅིག་ལ་ལྟོས་ནས་ཕྱོགས་ཀྱི་བསམ་ཚུལ་དེ་ཡོང་བ་ཞིག་རེད་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་བྱས་ན་ཕྱོགས་ཀྱི་ཐ་སྙད་དེ་ཡོང་ས་ཡོད་མ་རེད།
མངོན་པ་ནས་བཤད་པའི་འཇིག་རྟེན་གྱི་ཆགས་སྟངས་གཅིག་ལ་ཆ་བཞག་ནས་བཤད་པ་ཡིན་ན། ལྷ་ཡུལ་ག་པར་ཡོད་པ་དེ་དག་རི་མོ་བྲིས་ཏེ། ས་ཁྲ་བྲིས་ཏེ་བཤད་རྒྱུ་ཡོད་རེད། ད་ལྟའི་སའི་གོང་བུ་སྒོར་སྒོར་གཅིག་ཡིན་པ་འདི་རང་གི་ནང་ལ་ཆ་བཞག་ནས་བཤད་པ་ཡིན་ན། ལྷ་ཡུལ་ག་པར་ཡོད་རེད་ཅེས་ལབ་པ་ཡིན་ན། ཕར་ཡོད་ཟེར་ནས་ལབ་ནའང་འགྲིག་གི་རེད། མར་ཡོད་ཟེར་ནས་ལབ་ནའང་འགྲིག་གི་རེད། ག་རེ་ལབ་ལབ་རེད། དེ་ག་པར་གཅིག་ལ་ཡིན་ནའང་ཡོད་ནི་ཡོད་རེད་པ། བྱས་ཙང་སྙིང་པོ་ལབ་དགོས་པ་དེ་ག་རེ་རེད་དམ་ཟེར་ན། དེ་དག་ཚང་མ་ལས་སྣང་གིས་གྲུབ་པ་རེད་མ་གཏོགས་རང་བཞིན་ཚུགས་ཐུབ་ཀྱིས་གྲུབ་པ་ཞིག་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད་མ་རེད། ལྷ་ཡུལ་ལ་སྐྱེས་པའི་གང་ཟག་དེའི་ལོངས་སྤྱད་བྱར་གྱུར་པའི་གནས་ལོངས་སྤྱོད་ཡོངས་སུ་རྫོགས་པ་ཞིག་ཡོད་པ་རེད་དམ་ཟེར་ན། ཏན་ཏན་ཡོད་རེད། དེ་འདྲས་ཀྱིས་ལོངས་སྤྱད་བྱར་གྱུར་པའི་ལྷ་ཡུལ་དེ་ང་ཚོའི་ངོས་ནས་ཕར་མཛུབ་མོ་འཛུགས་དགོས་བྱུང་ན། དེ་འཛུགས་ཁག་པོ་ཡོད་རེད། འཛུགས་དགོས་གལ་གང་ཡང་ཡོད་མ་རེད། དེ་ག་ནང་བཞིན་ལྷ་ཡུལ་ལ་ཡོད་པའི་ལྷ་དེ་དག་གིས་ང་ཚོའི་ལོངས་སྤྱད་བྱར་གྱུར་པའི་དྷ་རམ་ས་ལ་ཤོད་ཀྱི་འཛིན་ཁང་དེ་ག་པར་ཡོད་རེད། བུ་གསོ་ཁང་གི་སློབ་གྲྭ་དེ་ག་པར་ཡོད་རེད། དྷ་ས་སྟེང་གི་སློབ་གྲྭ་དེ་ག་པར་ཡོད་རེད་ཟེར་ན་ལྷ་ཡུལ་ནས་ཚུར་མཛུབ་མོ་འཛུགས་རྒྱུ་ཡང་ཁག་པོ་རེད། ག་པར་ཡིན་ཡང་གཅིག་ལ་མཛུབ་མོ་འཛུགས་རྒྱུ་རེད་མ་གཏོགས། དྷ་རམ་ས་ལ་ག་པར་ཡོད་རེད་ཅེས་སུམ་ཅུ་རྩ་གསུམ་པའམ། ཡང་མིན་ན་བསམ་གཏན་དང་པོའི་ལྷ་གཅིག་ལ་དྲིས་པ་ཡིན་ན། ག་པར་མཛུབ་མོ་འཛུགས་དགོས་བྱེད་ཀྱི་རེད། ཡོད་མ་རེད་ཅེས་ལབ་ཐུབ་ཀྱི་མ་རེད་པ། བྱས་ཙང་དེ་དག་འཇིག་རྟེན་གྱི་ལྟ་ཚུལ་དང༌། འཇིག་རྟེན་གྱི་གྲུབ་ཚུལ་ཐོག་ནས་རག་ལས་བསྡད་པ་ཞིག་རེད།

དྲི་བ། ད་ལྟའི་དུས་ཚོད་འདི་ལ་རི་རབ་མཐོང་མཁན་སུ་ཡང་མེད་པར་གསུངས་སོང༌། དེ་གང་འདྲ་ཡིན་ནམ། ཚན་རིག་པ་དེ་ཚོ་མངོན་པའི་ཆེད་དུ་བྱ་བའི་གདུལ་བྱ་ལྟ་བུར་བརྩི་འོས་སམ།
ལན། སུས་ད་ལྟའི་དུས་ཚོད་ལ་རི་རབ་མཐོང་མཁན་ཡོད་མ་རེད་ཅེས་ཟེར་གྱི་འདུག ། ཁྱེད་རང་གིས་མ་མཐོང་ན་མེད་པར་བརྩི་དགོས་སམ། ཚན་རིག་པ་ཚོ་མངོན་པ་ཕར་བཞག་ནས་ཆོས་ཕལ་བ་ཙམ་ཞིག་གི་སྣོད་དུ་རུང་བ་ཞིག་ཨ་ཡིན་ན་བསམ་གྱི་འདུག ཁོང་ཚོ་ཞེ་དྲག་གིས་དབང་པོ་རྟུལ་པོ་རེད་པ།བཞད་མོ་དང་བཅས་ཏེཆོས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་བྱེད་པར་ཚན་རིག་པ་ནང་བཞིན་གྱི་དབང་པོ་རྟུལ་པོ་གཅིག་གིས། ཆོས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་བྱེད་ཐུབ་ཀྱི་མ་རེད།།

དྲི་བ། མཛུབ་མོ་ག་པར་བཙུགས་བཙུགས་དང༌། ཡང་ང་ཚོའི་ལས་སྣང་གི་ཐོག་ནས་མཛུབ་མོ་འཛུགས་ས་ཁག་པོ་ཆགས་ཀྱི་རེད་གསུངས་པ་དེར་ཡང་བསྐྱར་གསལ་བཤད་ཅིག་དགོས་འདུག
མཛུབ་མོ་འཛུགས་ས་ཁག་པོ་ཆགས་ཀྱི་རེད་ཟེར་དུས་སྐབས་ལ། ཁོས་འདི་ལྟར་ཡར་མཛུབ་མོ་འཛུགས་དགོས་རེད། མར་མཛུབ་མོ་འཛུགས་དགོས་རེད། ཕར་མཛུབ་མོ་འཛུགས་དགོས་རེད། ཁོས་ཡོད་མ་རེད་ཟེར་ལབ་ཀྱི་རེད་ཟེར་གྱི་ཡོད་མ་རེད། ཁོས་མཛུབ་མོ་བཙུགས་ཟེར་དུས་སྐབས་ལ་ཕྱོགས་ཀྱི་སྐད་ཆ་ཞིག་རེད། ཕྱོགས་དང་དུས་ཟེར་རྒྱུ་དེ་བསམ་བློས་བསྐྲུན་པ་ཞིག་རེད།  (Time and space) ཟེར་དུས་ནུབ་ཕྱོགས་པ་ཚོས་དེ་ཞེ་དྲགས་བཤད་ཀྱི་རེད།  (Time and space) ཟེར་བ་དེ་ག་ནས་ག་པར་རྩིས་པ་ཡིན་ན་ཡང་ཞེ་པོ་གཅིག་གིས་ངེས་ཏན་མེད་པ། ངས་བྱས་ན་ཁྱེད་རང་ལྷོ་ཕྱོགས་ལ་བསྡད་བཞག་ལབ་ཀྱི་རེད། ཕ་གིའི་རྒྱབ་ལོགས་སུ་སྡོད་མཁན་གཅིག་གིས་ཁྱེད་རང་བྱང་ཕྱོགས་ལ་བསྡད་བཞག་ཟེར་གྱི་རེད། དེ་ལྟར་བྱས་དུས་ཁྱོད་ལྷོ་ཕྱོགས་ལ་བསྡད་ཡོད་པ་རེད་དམ། བྱང་ཕྱོགས་ལ་བསྡད་ཡོད་པ་རེད། (ཅེས་དྲིས་པར་ཚང་མ་གད་མོ་ཤོར།) བྱས་ཙང་དེ་མཛུབ་མོ་འཛུགས་ཁག་པོ་ཞེ་དྲགས་འདུག བྱས་ཙང་རིན་པོ་ཆེས་ད་གིན་ལྷ་ཡུལ་ག་པར་ཡོད་རེད། མཛུབ་མོ་ག་པར་འཛུགས་དགོས་རེད་ཅེས་དྲི་དུས་སྐབས་ལ་ང་ཚོས་འདི་ནས་ལྷ་ཡུལ་ག་པར་ཡོད་རེད་ཅེས་མཛུབ་མོ་འཛུགས་དགོས་བྱུང་ན། ག་པར་བཙུགས་ནའང་འགྲིག་གི་རེད་ཅེས་ངས་ཞུས་པ་དེ་རེད། འདིར་ཡོད་རེད་ཅེས་ལབ་ནའང་འགྲིག་གི་རེད། དེར་ཡོད་རེད་ཅེས་ལབ་ནའང་འགྲིག་གི་རེད། གང་ཡིན་ཟེར་ན་དངོས་སུ་ཡོད་པའི་ལྷ་ཡུལ་དེའི་ནང་གི་བརྩི་སྟངས་དང༌། ད་ལྟ་ང་ཚོས་ས་གཞི་འདིའི་ཐོག་ནས་ཕྱོགས་ཀྱི་བརྩི་སྟངས་གཉིས་པོ་དེ་ལ་འབྲེལ་བ་གང་ཡང་ཡོད་མ་རེད། ཕར་ཚུར་མཉམ་བསྲེས་བྱེད་རྒྱུ་དང༌། འབྲེལ་བ་བཟོ་རྒྱུ་དེ་འདྲ་གང་ཡང་ཡོད་མ་རེད། བྱས་ཙང་དེ་ཡིན་དུས་སྐབས་ལ་བསམ་གཏན་བཞི་པའི་ལྷ་ཞིག་ལ་དྷ་རམ་ས་ལའི་བོད་ཁྱིམ་ག་པར་ཡོད་རེད་ཅེས་ལབ་པ་ཡིན་ན། ཁོས་མཛུབ་མོ་ག་པར་བསྟན་བསྟན་རེད་མ་གཏོགས་ཡིན་གཅིག་མིན་ཡར་དང་མར་བསྟན་དགོས་རྒྱུ་གང་ཡང་ཆགས་ཀྱི་ཡོད་མ་རེད་ཅེས་ངས་འདི་ཞུ་ཡི་ཡོད།

དྲི་བ། རྒྱ་གར་གྱི་མཧཱ་བྷ་རཏ་དང༌། རཱམཱ་ཡ་ཎ་སོགས་ཀྱི་ནང་དུ་ལྷ་དེ་ཚོ་མཐོང་རྒྱུ་ཡོད་པ་དང༌། མི་ལ་དཀའ་ངལ་འཕྲད་དུས་གསོལ་བ་བཏབ་ན། དཀའ་ངལ་འཕྲད་ས་དེར་ལྷ་དེ་ཚོ་ཕེབས་ནས་དཀའ་ངལ་སེལ་བ་སོགས་གཟུགས་མཐོང་རླུང་འཕྲིན་ནང་འཁྲབ་ནས་བསྟན་གྱི་འདུག དེ་ག་རེ་ཡིན་ནམ།
ལན། དེ་བསྟན་ཆོག་གི་རེད་པ། མཧཱ་བྷ་རཏ་དང༌། རཱམཱ་ཡ་ཎ་དེ་འགྲན་ཟླ་བྲལ་བའི་རྩོམ་རིག་རེད། རྩོམ་རིག་ནང་ལ་ག་རེ་བཟོས་བཟོས་རེད། མཧཱ་བྷ་རཏ་རྐྱང་རྐྱང་བཤད་དགོས་པ་གང་ཡང་མི་འདུག་ག ང་ཚོའི་གེ་སར་གྱི་སྒྲུང་ནང་ལའང་མ་ནེ་ནེ་གནམ་གནམ་དཀར་མོ་དེ་ཡང་ག་ས་གར་སླེབས་འགྲོ་ཡི་འདུག་ག དགྲ་ལྷ་ཝེར་མ་ཡང་ག་ས་ག་ལ་སླེབས་འགྲོ་ཡི་འདུག་ག བྱས་ཙང་དེ་ལྷ་སྒྲུང་དེ་ཚོ་ཚང་མའི་ནང་ལ་ཡོད་རེད། །

དྲི་བ། སྤྱིར་བཏང་སངས་རྒྱས་ཀྱི་རྣམ་ཐར་གྱི་ནང་དུ་རྫུ་འཕྲུལ་བསྟན་པའི་སྐོར་མང་པོ་ཞིག་གསལ་ཡོད་པ་རེད། དེ་བཞིན་བོད་ཀྱི་བླ་མ་ཚོའི་རྣམ་ཐར་གྱི་ནང་ལའང་རྫུ་འཕྲུལ་དང་གྲུབ་རྟགས་བསྟན་པའི་སྐོར་མང་པོ་ཞིག་གསུངས་ཡོད་པ་རེད། ཕྲུ་གུར་དེ་ཚོ་ཤོད་པའི་སྐབས་ལ་ཁོང་ཚོས། ད་ལྟ་ཡོད་པའི་བླ་མ་དང་སྤྲུལ་སྐུ་དེ་ཚོས་གྲུབ་རྟགས་དང་རྫུ་འཕྲུལ་བསྟན་པ་མཐོང་རྒྱུ་མེད་པ་ག་རེ་རེད་ཅེས་སོགས་དྲིས་ཡོང་གི་འདུག དེར་ང་ཚོས་ག་རེ་ལབ་ན་ལེགས་པ་ཡོད་དམ།
ལན། སྤྱིར་བཏང་ང་ཚོ་བོད་ཀྱི་རྣམ་ཐར་དང༌། ཆོས་འབྱུང༌། ལོ་རྒྱུས་དེ་ཚོའི་ནང་ལ་རྩོམ་རིག་གི་ཆ་ནས་སྒྲོ་བཏགས་ཀྱི་འུད་ཆེན་པོ་བྱས་ཏེ་བཤད་པའི་རིགས་མང་པོ་ཡོད་པ་ཡིན་ཙང༌། དེ་ཚོའི་ནང་ལ་ཡོད་པའི་མངོན་ཤེས་དང༌། རྫུ་འཕྲུལ་གྱི་རྣམ་གྲངས་མང་པོ་ཞེ་པོ་གཅིག་ཡོད་པ་དེ་དག་ལ་ང་མཚམས་རེ་ཡིད་ཆེས་ཀྱི་མེད། དེ་འདྲ་དངོས་གནས་རང་བྱུང་ཨེ་ཡོད་ན་བསམ་བསམ་ཡོང་གི་འདུག བྱས་ཙང་དེ་རིང་སང་ཉིན་ཕྲུ་གུ་ཡིད་མ་ཆེས་པ་ལ་ཁག་ཡོད་མ་རེད་བསམ་གྱི་འདུག བོད་པའི་འབྲི་སྟངས་ལ་ཆར་པ་བབས་ཚད་མེ་ཏོག་གི་ཆར་པ་དང༌། འཇའ་ཤར་ཚད་གྲུབ་རྟགས་ཀྱི་འཇའ་ཤ་སྟག་ལ་གྲངས་ཀ་བརྒྱབ་སྟེ་བཤད་སྟངས་དེ་རྩོམ་རིག་གི་འུད་བཤད་སྟངས་ཤིག་རེད། དེ་འདྲའི་རིགས་ཆ་ཚང་ཡོང་གི་ཡོད་དང་མེད་ཤེས་ཀྱི་མི་འདུག དཔེ་ཆའི་ནང་ལ་ཡོད་པ་ཆ་ཚང་སྒྲ་ཇི་བཞིན་པ། ཚིག་ཇི་མ་ཇི་བཞིན་བྱས་ཏེ་ཁས་ལེན་དགོས་པ་དེ་འདྲ་ཡིན་དང་མིན། ཧ་གོ་རྒྱུ་ཁག་པོ་རེད།
སངས་རྒྱས་ཀྱི་རྣམ་ཐར་བཤད་པའི་སྐབས་ལའང་མཉན་ཡོད་ལ་བསྟན་པའི་ཆོ་འཕྲུལ་ཆེན་པོ་དེ་དག་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་གྲངས་ལ་བགྲངས་པ་མ་གཏོགས། དཔེར་ན་བདུད་བཅོམ་པའི་མཛད་པ་དང༌། ཆོ་འཕྲུལ་བསྟན་པའི་མཛད་པ་དེ་དག་དེ་རིང་སང་ཉིན་བཤད་པའི་སྐབས་ལ་རྟོགས་བརྗོད་ཀྱི་གྲངས་ལ་བརྩིས་པ་མ་གཏོགས་ལོ་རྒྱུས་ཀྱི་ནང་ལ་བརྩི་ཡི་ཡོད་མ་རེད། བྱས་ཙང་རྟོགས་བརྗོད་དང་ལོ་རྒྱུས་གཉིས་པོ་དེ་ལོགས་སུ་འབྱེད་དགོས་པ་ཞིག་རེད། སངས་རྒྱས་ཀྱི་ལོ་རྒྱུས་བཤད་པའི་སྐབས་ལ་སངས་རྒྱས་གཞོན་ནུ་དོན་གྲུབ། གང་ཟག་ཕལ་པ། རྒྱལ་པོ་ཞིག་གི་སྲས་སུ་བྱུང་བ་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། ལོ་དྲུག་དཀའ་བ་སྤྱད། ལོ་དྲུག་དཀའ་བ་སྤྱད་པའི་རྗེས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྙེད་པ་དེ་དག་ལོ་རྒྱུས་ཀྱི་གནས་ཚུལ་རང་རེད། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། ལོ་བཞི་བཅུའི་རིང་ལ་རྒྱ་གར་ནང་ལ་ཕར་ཚུར་ཕེབས་ཏེ་ཆོས་མང་པོ་གསུངས་པ་དེ་དག་ལོ་རྒྱུས་ཀྱི་གྲས་ཤིག་རེད། དེའི་ནང་ལ་བདུད་བཅོམ་པའི་མཛད་པ་དང༌། ཆོ་འཕྲུལ་བསྟན་པའི་མཛད་པ། དེ་དང་ཕྱོགས་མཚུངས་པའི་ལྷ་ལས་བབས་པ་དང༌། སྐུ་གདུང་ཆ་བརྒྱད་ལ་བགོས་པ་ལ་སོགས་པའི་དེ་འདྲའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་མང་པོ་ཡོད་པ་དེ་དག་ལོ་རྒྱུས་ཀྱི་ནང་ལ་བཞག་དགོས་བྱུང་ན་ཁག་པོ་ཞེ་དྲགས་རེད། དད་པ་ཅན་གྱི་གང་ཟག་གིས་བལྟས་པ་ཡིན་ན། མངོན་སུམ་རང་ཚད་འཇལ་ཐུབ་པའི་གནས་ཚུལ་ཞིག་རེད་མ་གཏོགས། དད་པ་མེད་པའི་གང་ཟག་གཅིག་གིས་བལྟས་པ་ཡིན་ན་མཐོང་རྒྱུ་མེད། ལྷས་བྱིན་དང་ལེགས་པའི་ཀརྨ་གཉིས་ལ་ཆ་མཚོན་ན། ལྷས་བྱིན་ནི་སངས་རྒྱས་ཀྱི་སྐུ་མཆེད་གྲས་རེད། ལེགས་པའི་ཀརྨ་ནི་ཡུན་རིང་པོ། ལོ་བཅུ་གཉིས་ཙམ་གྱི་བར་དུ་དེ་བཞིན་གཤེགས་པའི་དྲུང་ལ་ཉེ་གནས་བྱས་ཏེ་སྡོད་མཁན་གྱི་དགེ་སློང་རེད། དེ་ཚོས་དེ་བཞིན་གཤེགས་པའི་ཡོན་ཏན་གཅིག་ཀྱང་མ་མཐོང་བ་རེད། བྱས་ཙང་ཁོང་ཚོས་དེ་བཞིན་གཤེགས་པའི་ཡོན་ཏན་གཅིག་ཀྱང་མ་མཐོང་བ་ཡིན་ན། དེ་རིང་སང་ཉིན་སློབ་གྲྭ་བ་ཚོས་སངས་རྒྱས་ཀྱིས་རྫུ་འཕྲུལ་བསྟན་པ་དང༌། ཆོ་འཕྲུལ་བསྟན་པ་དེ་དག་ལ་ཡིད་མི་ཆེས་པ་དེ་ལ་ཁག་ཡོད་མ་རེད་བསམ་གྱི་འདུག ཁོང་ཚོས་ཡིད་མ་ཆེས་པའི་སྐབས་ལ་ཡིད་ཆེས་པའི་ཆེད་ང་ཚོས་འགྲེལ་བཤད་གསལ་པོ་བརྒྱབ་རྒྱུ་མང་པོ་ཞིག་ཡོད་རེད་བསམ་པ་ངས་དྲན་གྱི་མེད། ངས་ནམ་རྒྱུན་ག་རེ་ཟེར་གྱི་ཡོད་རེད་ཟེར་ན། གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བཤད་པའི་སྐབས་ལ་དེ་འདྲ་དེ་འདྲ་ཡོད་རེད། ཡིན་ན་ཡང་གདུལ་བྱ་ཐུན་མོང་བའི་སྣང་ཚུལ་ལ། སྤྱིར་བཏང་ལོ་རྒྱུས་ནས་བཤད་པ་ཡིན་ན། སངས་རྒྱས་ལ་སྙུན་གཞི་བཞེས་རྒྱུ་ཡོད་རེད། ཞབས་བརྡབ་རྒྱུ་ཡོད་རེད། སྐུ་བགྲེས་སོང་ཆགས་རྒྱུ་ཡོད་རེད། གསོལ་གྲོད་བཅོམ་རྒྱུའང་ཡོད་རེད། སྐུ་བསིལ་རྒྱུ་ཡོད་པ་བཅས་མི་ནང་བཞིན་གྱི་ལོ་རྒྱུས་བཤད་བསྡད་རྒྱུ་ཡོད་རེད། བྱས་ཙང་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་དང༌། གདུལ་བྱ་ཐུན་མོང་བའི་སྣང་ཚུལ་གཉིས་པོ་དེ་ལོགས་སུ་ཕྱེ་ནས་འགྲོ་དགོས་པ་ཞིག་རེད། དེ་རིང་སང་ཉིན་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མཐོང་ཐུབ་མཁན་ཞིག་ཡིན་ན། མངོན་ཤེས་དང་རྫུ་འཕྲུལ་དཔེ་ཆའི་ནང་ལ་ཡོད་པ་དེ་འདྲའང་མཐོང་ཐུབ་སྲིད་པ་རེད།། །།

ཟུར་མཆན།

འདི་ནི་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་མཐོ་རིམ་བོད་དགེ་དང་ཆོས་དགེའི་ཟབ་སྦྱོང་གོ་སྒྲིག་གནང་སྐབས་ཕྱི་ལོ་  ༡༩༩༨ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་ཚོགས་ཐེངས་དང་པོར་ཝཱ་ཎཱར་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་སྐབས་དེའི་ངེས་སྟོན་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གནང་བའི་བཀའ་སློབ་རེད།