Skip to main content
ཤེས་རིག་ལས་ཁུངས།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་དབྱངས་ཅན། འཛིན་གྲྭ་གསུམ་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་གཞི་རིམ་འོག་མ། ངའི་མིང་ལ་བསྟན་འཛིན་རྣམ་དཀར་ཟེར་གྱི་ཡོད། གུས་མོ་རང་ལོ་བརྒྱད་ཡིན། འཛིན་རིམ་གསུམ་པ་ཡིན། ངའི་སློབ་གྲྭའི་་མིང་ལ་སཾ་བྷོ་ཀེལཱཤ་པུ་ར་ཡིན། ང་འཛིན་རིམ་དང་པོ་ནས་གཞས་དང་ཞབས་བྲོ་ལ་དགའ་པོ་ཡོད། ངའི་མ་འོངས་པའི་དམིགས་ཡུལ་ནི་ཟློས་གར་དགེ་རྒན་བྱ་རྩིས་ཡོད། གང་ཡིན་ཟེར་ན་བོད་པའི་གཞས་དང་ཞབས་བྲོ་ནི་རིག་གཞུང་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་དུས། ང་ཚོས་བོད་ཀྱི་རིག་གཞུང་ལ་བདག་གཉེར་བྱ་རྒྱུ་ནི་གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་རེད། ང་རང་ལ་ཆ་མཚོན་ན་གཞས་དང་ཞབས་བྲོ་ལ་ཧ་ཅང་དགའ་པོ་ཡོད། དམིགས་བསལ་གྱིས་རེས་གཟའ་ལྷག་པ་ནམ་ཡིན་ལ་སློབ་གྲྭར་ཞོགས་པ་བསང་གསོལ་དང་ལྷག་དཀར་སྲུང་བརྩི། དེ་བཞིན་སྒོར་གཞས་འཁྲབ་སྲོལ་ཡོད་ཙང་། ང་རང་རེས་གཟའ་བདུན་གྱི་ནང་ནས་རེས་གཟའ་ལྷག་པ་སྐྱིད་ཤོས་ཡིན་པ་ནི་གཞས་འཁྲབ་རྒྱུ་ཡོད་པ་དེའི་རྐྱེན་གྱིས་རེད། དེ་འདྲ་སོང་ཙང་ང་རང་ཟློས་གར་དགེ་རྒན་བྱེད་འདོད་ཡོད། ང་རང་སེམས་སྐྱིད་པོ་ཡོང་བའི་ཆེད་དུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་ཀྱི་ཡོད། ཟློས་གར་གྱི་དམིགས་བསལ་ཁྱད་ཆོས་ཤིག་ནི་སོ་སོ་སྐྱིད་པོ་ཡོང་བ་མ་ཟད་མི་གཞན་མང་པོ་ཞིག་ཀྱང་སྐྱིད་པོ་བཟོ་ཐུབ་ཀྱི་ཡོད། དེ་ཡང་ཆོས་རེད་དྲན་གྱི་འདུག ང་རང་ཉིད་ཀྱིས་དོ་སྣང་ལ་ཟློས་གར་དགའ་པོ་ཡོད་མཁན་གྱི་མི་དེ་ནི་ནམ་རྒྱུན་ནས་སེམས་སྐྱིད་པ་དང་། རྒས་རྒྱུ་ཞེ་དྲགས་མེད་པ། མི་གཞན་དང་མཐུན་པོ་ཡོད་མཁན་འདྲ་པོ་མཐོང་བྱུང་། དེ་ནི་ངའི་བསམ་ཚུལ་ཡིན། མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་སོ་སོར་མ་འོངས་པར་དམིགས་ཡུལ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། དམིགས་ཡུལ་མེད་པའི་མི་ཞིག་ཡིན་ན་མུན་པའི་ནང་དུ་འཁྱམས་བཞིན་པ་ལྟ་བུ་ཆགས་ཀྱི་རེད། དེ་སོང་ཙང་དམིགས་ཡུལ་རེ་ཟུང་བཟུང་ནས་དེའི་ཐོག་རྒྱུན་དུ་འབད་བརྩོན་བྱ་རྒྱུ་ནི་མིའི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཟློས་གར་དགེ་རྒན་བྱས་ན་ང་ཚོའི་བོད་པའི་སློབ་ཕྲུག་ལ་གཞས་དང་ཞབས་བྲོ། རོལ་ཆ་ཡག་པོ་སློབ་ཀྱི་ཡིན། གཞས་ནི་རིག་གནས་གཞན་དང་གཅིག་མཚུངས་ཀྱིས་གལ་ཆེན་པོ་ཆགས་ཡོད། མི་ཞིག་ལ་སྒྱུ་རྩལ་གང་ཙམ་མང་བ་ཡོད་ན་བཟང་བས། ཟློས་གར་ནི་མིའི་མིི་ཚེའི་བརྒྱུད་ལམ་དུ་ཧ་ཅང་གལ་ཆེ་བའི་སྒྱུ་རྩལ་ཞིག་རེད། ང་ཚོ་སློབ་གྲྭ་སཾ་བྷོ་ཀེལཱཤ་པུ་རའི་ཟློས་གར་རྒན་ལགས་ཀྱིས་གཞས་དང་ཞབས་བྲོ་དཔེ་ཡག་པོ་སློབ་ཀྱི་རེད། ཁོང་ལ་མིག་དཔེ་བལྟས་ནས་ང་མ་འོངས་པ་ཟློས་དགེ་བྱ་འདོད་ཡོད། ངའི་དམིགས་ཡུལ་འདིའི་ཐོག་འབད་བརྩོན་ཡག་པོ་བྱ་རྒྱུ་ཡིན།

ངའི་དམིགས་ཡུལ།

ངའི་དམིགས་ཡུལ།

བསྟན་འཛིན་མི་དབང་། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དམིགས་ཡུལ་ནི་མིའི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་རེད། ལས་ཀ་དང་སློབ་སྦྱོང་གང་འདྲ་ཞིག་བྱས་ཀྱང་དམིགས་ཡུལ་ནི་ངེས་པར་དུ་ཡོད་དགོས་པ་རེད། གལ་སྲིད་དམིགས་ཡུལ་མེད་པར་ལས་ཀ་དང་སློབ་སྦྱོང་གང་འདྲ་ཞིག་བྱས་ཀྱང་འབྲས་བུ་ཡག་པོ་ཞིག་འགྲུབ་མི་སྲིད། ང་ཚོ་སློབ་ཕྲུག་ཚང་མས་དམིགས་ཡུལ་འདྲ་མིན་སྣ་ཚོགས་ཤིག་སོ་སོའི་སེམས་ལ་བཅངས་ཡོད། དཔེར་ན། སློབ་ཕྲུག་ཁ་ཤས་ནི་ཆེན་པོ་ཆགས་རྗེས་དགེ་རྒན་བྱ་རྒྱུའི་དམིགས་ཡུལ་དང་། ཁ་ཤས་ནི་སྨན་པ། ཁ་ཤས་ནི་ཆབ་སྲིད་པ། ཁ་ཤས་ནི་གཞུང་ཞབས་པ། ཁ་ཤས་ནི་ཚན་རིག་པ་སོགས་ཧ་ཅང་མང་པོ་ཡོད། བྱས་ཙང་ངས་ད་ལྟ་ནས་དམིགས་ཡུལ་བརྟན་པོ་ཞིག་བཟུང་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་ཡོད། ངའི་མ་འོངས་པའི་དམིགས་ཡུལ་ནི་ང་མ་འོངས་པར་ཆེན་པོ་ཆགས་དུས་ཨར་ལས་འཆར་འགོད་པ་ཞིག་བྱ་རྒྱུ་ཡིན། དམིགས་ཡུལ་དེེ་སྒྲུབ་ཆེད་ངའི་པ་ལགས་ཀྱིས་འཆར་འགོད་གནང་བའི་ཁང་པའི་རི་མོ་འདྲ་མིན་ཁག་ལ་བལྟས་ནས་ཉམས་མྱོང་གསོག་རྒྱུ་དང་། རྒྱ་གར་ཨར་ལས་འཆར་འགོད་པ་མང་པོས་བརྩམས་པའི་དེབ་ནས་སློབ་སྦྱོང་བྱ་རྒྱུ་ཡིན། ལྷག་པར་དུ་ང་བོད་པའི་དགོན་པ་དང་ལྷ་ཁང་སོགས་ཀྱི་སྐོར་ལ་འཆར་འགོད་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད། ངས་ཨར་ལས་འཆར་འགོད་པ་བྱེད་རྒྱུའི་དམིགས་ཡུལ་དེ་འདེམས་དགོས་པའི་རྒྱུ་ཚན་ནི། དང་པོ་ངའི་པ་ལགས་ཀྱང་ཨར་ལས་འཆར་འགོད་པ་ཞིག་རེད། གཉིས་པ་ནི་ང་ནམ་རྒྱུན་དུ་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད། གསུམ་ནི་ང་ཁང་པའི་རི་མོ་འབྲི་འདོད་ཆེན་པོ་ཡོད། བཞི་པ་ནི་ངའི་པ་ལགས་ཀྱིས་ཀྱང་ང་ལ་དུས་རྟག་ཏུ་ཨར་ལས་འཆར་འགོད་པའི་ལས་ཀ་དེ་ཧ་ཅང་ཡག་པོ་ཡོད་པའི་སྐོར་མང་པོ་གསུངས་གནང་གི་འདུག། དེར་བརྟེན་ངས་ཨར་ལས་འཆར་འགོད་པ་བྱེད་རྒྱུའི་དམིགས་ཡུལ་དེ་བཟུང་པ་ཡིན། ངས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་དམིགས་ཡུལ་དེ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་དཔུང་རྒྱན། འཛིན་གྲྭ་ལྔ་པ། མོན་གྷོ་སཾ་བྷོ་ཊ་གཞི་འོག་ཡན་ལག་དང་པོའི་སློབ་གྲྭ། ངའི་མིང་ལ་བསྟན་འཛིན་དཔུང་རྒྱན་ཟེར། ང་ད་ལྟ་འཛིན་རིམ་ལྔ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོའི་མི་ཚེའི་ནང་ལ་དམིགས་ཡུལ་དགོས་རྒྱུ་གལ་ཆེན་པོ་ཡིན། ངའི་མ་འོངས་པའི་དམིགས་ཡུལ་ནི་གནམ་གྲུའི་ཁ་ལོ་བ་བྱ་རྒྱུ་ཡིན། རྒྱུ་མཚན་ནི་གནམ་གྲུའི་ཁ་ལོ་བ་བྱས་ན་ང་རང་ས་ཆ་གང་སར་འགྲོ་ཡ་རག་པ་མ་ཟད། ལུང་པ་འདྲ་མིན་སྣ་ཚོགས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་སྐོར་ལ་སྦྱོང་བརྡར་རག་པ་མ་ཟད། གནམ་གྲུའི་ཁ་ལོ་བ་རྣམས་ལ་གླ་ཆ་ཡང་ཡག་པོ་ཡོད། ང་ཆུང་དུས་གནམ་གྲུའི་རྩེད་མོ་རྩེད་རྒྱུ་དང་། གནམ་གྲུ་དང་འབྲེལ་བའི་ལྟད་མོ་ལ་ཧ་ཅང་དགའ་པོ་ཡོད། ང་རང་གནམ་གྲུའི་ནང་འགྲོ་རྒྱུར་ཡང་དགའ་པོ་ཡོད། གནམ་གྲུའི་སྒེའུ་ཁུང་ནས་ཕྱིར་ལྟ་དུས་སྤྲིན་པ་དང་ས་ཆ་ཚང་མ་སྙིང་རྗེ་མོ་མང་པོ་མཐོང་རྒྱུ་ཡོད། གནམ་གྲུའི་ཁ་ལོ་བ་བྱེད་པའི་ཆེད་དུ་ད་ལྟ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས། ང་རང་གནམ་གྲུའི་ཁ་ལོ་བ་བྱེད་ཐུབ་ན་མི་གཞན་ལ་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག། གནམ་གྲུའི་ཁ་ལོ་བའི་ཆེད་དུ་འཛིན་རིམ་བཅུ་གཉིས་ཐོན་ནས་མཐོ་རིམ་སློབ་གྲྭར་ལོ་ཁ་ཤས་རིང་སློབ་སྦྱོང་བྱེད་དགོས། ང་གནམ་གྲུ་གཏོང་མཁན་བྱེད་མ་ཐུབ་ན། ངའི་མ་འོངས་པའི་དམིགས་ཡུལ་ནི་ཉེན་རྟོག་པ་བྱ་འདོད་ཡོད། ཉེན་རྟོག་པ་བྱས་ན་སྤྱི་ཚོགས་ནང་ཕན་ཐོགས་པའི་ལས་ཀ་བྱེད་ཐུབ་ཀྱི་རེད། གལ་སྲིད་སྤྱི་ཚོགས་ནང་ལས་ཀ་སྡུག་ཅག་ དཔེར་ན། རྐུ་མ་རྒྱག་པ་དང་མི་གསོད་པ་ལ་སོགས་པ་བཀག་འགོག་ཐུབ་ཀྱི་རེད། ཉེན་རྟོག་པས་སོ་སོའི་རྒྱལ་ཁབ་སྲུང་ཐུབ་ཀྱི་རེད། ང་ཉེན་རྟོག་པ་རྣམས་ལ་སྐད་ཆ་ཤོད་རྒྱུར་དགའ་པོ་ཡོད། ཉེན་རྟོག་པ་བྱེད་པའི་དོན་དུ་སློབ་སྦྱོང་ཙམ་མ་ཡིན་པར་ལུས་སེམས་ཡང་བདེ་པོ་དགོས། ཉེན་རྟོག་པ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་སྲོག་ཡང་སྤྲོད་ཐུབ་ཀྱི་རེད། ཉེན་རྟོག་པ་རྣམས་ས་གནས་གང་སར་གནས་སྤོས་གཏོང་གི་ཡོད། རྒྱལ་ཁབ་ཚང་མར་སོ་སོའི་ཉེན་རྟོག་པ་མང་པོ་ཡོད། རྒྱ་གར་ནང་ལ་ཡང་ཉེན་རྟོག་པ་ཧ་ཅང་མང་པོ་ཡོད། ཉེན་རྟོག་པའི་ལས་དོན་གཙོ་བོ་ནི་མི་མང་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ངས་ཉེན་རྟོག་པ་ལ་ཧ་ཅང་གུས་ཞབས་དང་བརྩེ་བཀུར་བྱེད་ཀྱི་ཡོད། གལ་སྲིད་མ་འོངས་པར་ང་རང་ཉེན་རྟོག་པ་ཆགས་ན་ང་རང་རྒྱལ་ཁབ་ཀྱི་ཆེད་དུ་ཞབས་ཕྱི་ཞུ་ཐུབ་པའི་རེ་བ་ཡོད།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་རྒྱལ་སྲས། འཛིན་གྲྭ་ལྔ་པ། སཾ་བྷོ་ཊ་གྷོ་ཊན་གའུ། ངའི་མ་འོངས་པའི་དམིགས་ཡུལ་གཙོ་བོ་ནི་མི་ཡག་པོ་ཞིག་ཆགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མི་ཡག་པོ་ཞིག་ཆགས་ཐུབ་པ་ལ་ཆུང་དུས་ནས་སློབ་གྲྭའི་སྐབས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་མཉམ་དུ་མཐུན་ལམ་ཡག་པོ་བྱེད་དགོས། ད་དུང་མི་གཞན་ལ་རོགས་པ་གང་ཐུབ་བྱེད་དགོས། རྒྱུ་མཚན་ནི་མི་ཡག་པོ་ཞིག་ཆགས་ཐུབ་ན་རང་དང་གཞན་གཉིས་ཀ་སྐྱིད་པོ་ཡོང་གི་རེད། དེ་མ་ཟད་རྒྱལ་ཁབ་ཕན་ཚུན་ཡང་ཞི་བདེ་ཡོང་གི་རེད། མཐའ་ན་སེམས་ཅན་འབུ་སྲིན་ཡན་ཆད་ལ་ཡང་ཞི་བདེ་དང་སྐྱིད་པོ་ཡོང་གི་རེད། ང་ཚོའི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནང་མི་བཟང་པོ་དང་ཡག་པོ་བྱེད་དགོས་པའི་སྐོར་ཡང་ཡང་གནང་གི་ཡོད། དེ་མ་ཟད་ནམ་རྒྱུན་དུ་མི་ལ་རོགས་པ་བྱེད་དགོས་པ་དང་དམིགས་བསལ་གྱིས་མི་སྐྱོ་བོ་རྣམས་ལ་རོགས་པ་གང་ཐུབ་བྱེད་དགོས་པའི་བཀའ་སློབ་ཡང་ཡང་གནང་གི་ཡོད། མ་འོངས་པར་ང་རང་ཁོང་གི་བཀའ་སློབ་རྣམས་སེམས་ལ་བཞག་ནས་ལས་ཀ་བྱེད་ཀྱི་ཡིན། མ་འོངས་པར་ང་རང་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་ད་ལྟ་ནས་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡིན། ནམ་རྒྱུན་དུ་ངའི་ཕ་མ་གཉིས་ནས་ཀྱང་མི་ཡག་པོ་དང་སེམས་པ་བཟང་པོ་བྱ་དགོས་པ་ཉིན་ལྟར་བསླབ་བྱ་གནང་གི་ཡོད། དེ་མ་ཟད་སློབ་ཕྲུག་གཞན་ལ་ཡང་རོགས་པ་བྱ་དགོས་པ་དང་འཁྲུག་པ་མ་རྒྱག་ཅེས་གསུང་གི་འདུག གལ་སྲིད་ང་ཚོའི་འཛམ་གླིང་ནང་གི་མི་ཚང་མ་སེམས་པ་བཟང་པོ་དང་མི་གཅིག་གིས་གཅིག་ལ་ཕན་ཚུན་བསམ་ཤེས་དང་རོགས་རམ་བྱེད་ཐུབ་པ་ཡིན་ན་ང་ཚོའི་སྤྱི་ཚོགས་དེ་ཧ་ཅང་གི་ཞི་བདེ་དང་སྣང་བ་སྐྱིད་པོ་ཞིག་ཡོང་གི་རེད། འཛམ་གླིང་ནང་གི་སྙན་གྲགས་ཅན་གྱི་མི་སྣ་ཚང་མས་སྤྱི་ཚོགས་ལྷིང་འཇགས་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཆེད་དུ་སྐུ་ལས་མང་པོ་བསྐྱོན་པ་དང་ད་དུང་དུས་རྒྱུན་དུ་ང་ཚོ་ལ་མིག་དཔེ་བཟང་པོ་ཞིག་བསྟན་གནང་གི་ཡོད་པ་རེད། ང་རང་ཡང་གཙོ་བོ་༧གོང་ས་མཆོག་གཙོས་པའི་སྙན་གྲགས་ཅན་གྱི་མི་སྣ་རྣམས་ལ་མིག་དཔེ་བལྟས་ནས་མི་ཡག་པོ་དང་སེམས་པ་བཟང་པོ་ཞིག་ཆགས་རྒྱུའི་ཆེད་དུ་འབད་བརྩོན་ཧུར་ཐག་བྱ་རྒྱུའི་དམིགས་ཡུལ་སེམས་ལ་བཅངས་པ་མ་ཟད། གལ་ཏེ་མི་ཡག་པོ་ཞིག་ཆགས་ཐུབ་པ་ཡིན་ན་དགེ་རྒན་དང་མི་རྒན་པ་རྣམས་ལ་གུས་ཞབས་བྱེད་ཀྱི་ཡིན། ལྷག་པར་དུ་མི་ཡག་པོ་ཆགས་མ་ཆགས་གཙོ་བོ་རང་ཉིད་ཀྱི་གྲོགས་པོ་ལ་ཡང་རག་ལས་ཀྱི་ཡོད་པས། ང་རང་མི་ཚེའི་ནང་ལ་གྲོགས་པོ་བཟང་པོ་ཚོ་དང་མཉམ་དུ་འགྲོ་རྒྱུ་མ་ཟད་མི་ཡག་པོ་ཞིག་ཆགས་ན་ཐ་མག་དང་ཆང་བཏུང་གི་མིན།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་འོད་མཛེས། འཛིན་གྲྭ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། ངའི་དམིགས་ཡུལ་ནི་སེམས་ཅན་་གྱི་སྨན་པ་ཞིག་ཡིན། ཐོག་མ་དེར་ང་རང་སེམས་ཅན་གྱི་སྨན་པ་ཞིག་བྱ་འདོད་ཡོད། རྒྱུ་མཚན་ནི་ང་རང་སེམས་ཅན་ལ་ཧ་ཅང་དགའ་པོ་ཡོད། སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཡོད། ང་རང་རྒྱུན་དུ་སེམས་ཅན་ཁྱི་ལ་སོགས་པ་ཚང་མ་བདེ་བ་འདོད་མཁན་དང་སྔུག་བསྔལ་མི་འདོད་མཁན་གཅིག་མཚུངས་ལ་བརྩི་མཁན་ཞིག་ཡིན། ང་ཚོ་མི་ལྟ་བུ་ནད་ཀྱིས་མནར་བ་ཡིན་ན། རང་གི་ནང་མིས་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱས་ཏེ་ནད་ལས་ཐར་གྱི་ཡོད། བདག་མེད་སེམས་ཅན་ཚོ་གལ་ཏེ་ནད་རིགས་ཀྱིས་མནར་བ་ཡིན་ན། ཁ་ལག་དང་སྨན་བཅོས་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ངས་གནས་སྟངས་དེ་འདྲ་པོ་མང་པོ་མངོན་སུམ་སུམ་དུ་མཐོང་ནས། འོ། ང་རང་ཆེན་པོ་ཆགས་ན་ཏན་ཏན་སེམས་ཅན་གྱི་སྨན་པ་ཞིག་བྱས་ན། ཕན་ཐོགས་དང་དགེ་བ་བྱེད་སའི་གོ་སྐབས་ཡག་པོ་ཞིག་ཡིན་པ་ཤེས་བྱུང་། དེ་འདྲ་སོང་ཙང་། ངས་ང་རང་ཆེན་པོ་ཆགས་ན། སེམས་ཅན་གྱི་སྨན་པ་ཞིག་བྱ་རྒྱུའི་དམ་བཅའ་བཞག་པ་ཡིན། ངའི་མཐོང་སྣང་ལ་གཞིས་ཆགས་ཁག་ལ་སེམས་ཅན་གྱི་སྨན་པ་ཧ་ཅང་ཉུང་ཉུང་འདུག། དེ་འདྲ་སོང་ཙང་། སེམས་ཅན་མང་པོ་ཞིག་ན་ཚ་ཕྲན་བུས་སྲོག་ཤོར་གྱི་ཡོད་པའི་གནས་སྟངས་མཐོང་སོང་། ངས་གནས་སྟངས་དེ་ཚོ་མཐོང་སྐབས། རང་ཉིད་ལ་ཐབས་ཤེས་གང་ཡང་མེད་པའི་ཉམས་མྱོང་བྱུང་མྱོང་ཡོད། སེམས་པའང་སྐྱོ་བོ་བྱུང་། ང་ཚོའི་སྤྱི་ཚོགས་ནང་སེམས་ཅན་ལ་ཁ་ཡོད་ལག་ཡོད་ཀྱིས་བདག་སྐྱོང་བྱེད་མཁན་ཧ་ཅང་ཉུང་ཉུང་མཐོང་སོང་། དེ་འདྲ་སོང་ཙང་། ང་རང་སེམས་ཅན་ཁྱི་ལ་སོགས་པ་དེ་ཚོར་ཁ་ཡོད་ལག་ཡོད་ཕན་ཐོགས་བྱེད་པར་སེམས་ཅན་གྱི་སྨན་པ་བྱེད་ཡ་དེ་ཕན་ཐོགས་ཆེན་པོ་ཞིག་ཡིན་པ་ཚོར་བྱུང་། ང་རང་ཆུང་དུས་ནས་སེམས་ཅན་དང་བློ་ཉེ་པོ་ཡོད། ང་རང་གི་ཁྱིམ་དུ་ཁྱི་མང་པོ་གསོ་སྐྱོང་བྱེད་ཀྱི་ཡོད། ཨ་མ་ལགས་ཀྱིས་ཁྱི་ཚོ་ལ་ཉིན་ལྟར་ཁ་ལག་གནང་གི་ཡོད། ང་ཚོ་ལ་བརྩེ་བ་གནང་བ་བཞིན་ཁྱི་ཚོ་ལ་བྱམས་སྐྱོང་གནང་གི་ཡོད། དེ་འདྲ་སོང་ཙང་། ང་རང་སེམས་ཅན་ཚོ་དང་བློ་ཉེ་བོ་ཡོད། གལ་སྲིད་ང་རང་སེམས་ཅན་གྱི་སྨན་པ་ཞིག་ཆགས་ན། བདག་མེད་ཁྱི་སོགས་ལ་སྨན་བཅོས་རིན་མེད་དང་། རང་གི་གནས་བབས་གཞི་གཞག་བདག་མེད་སེམས་ཅན་ཚོ་ལ་རོ་བཅུད་ལྡན་པའི་ཁ་ལག་སོགས་སྦྱིན་རྒྱུ་ཡིན། ང་ཚོ་ནང་པ་དང་བོད་པ་ཞིག་ཡིན་པ་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་ཙང་། རང་དང་ཁྱད་མེད་ཀྱིས་གཞན་སེམས་ཅན་ལ་ཡང་བདེ་བ་སྤྲོད་རྒྱུ་དེ་ང་ཚོའི་ལས་འགན་རེད། ང་རང་ད་ལྟ་རང་བྱུང་ཚན་རིག་གི་སློབ་ཚན་བརྙན་འཕྲིན་བརྒྱུད་ནས་སྦྱོང་བའི་སྐབས་སེམས་ཅན་གྱི་སྐོར། དཔེར་ན། སེམས་ཅན་གྱི་རིགས། སེམས་ཅན་གྱི་འཚོ་གནས་སྐོར། སེམས་ཀྱི་ཚེ་ལ་སོགས་པའི་སྐོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གུང་གསེང་ནམ་ཡིན་ལ་ཕ་མ་གཉིས་ཀྱིས་ང་རང་གཅན་གཟན་ཁང་དུ་ཁྲིད་ཀྱི་ཡོད། གཅན་གཟན་ཁང་དུ་བཀོད་པའི་སེམས་ཅན་ཚོའི་སྐོར་རྣམས་ཟུར་དུ་བྲིས་ནས། དེ་ཚོར་དོ་སྣང་ཆེན་པོ་ཡོད། གང་ལྟར། ང་ཚོ་ལ་བདེ་བ་དགོས་པ་ལྟར་། སེམས་ཅན་ཚོར་ཡང་དེ་ལྟར་ཡིན་པ་བློར་གཞག་ནས། སེམས་ཅན་ལ་བདེ་བ་སྦྱིན་ཐབས་ང་རང་གིས་འབད་བརྩོན་བྱེད་ཀྱི་ཡོད། རང་ཉིད་སེམས་ཅན་གྱི་སྨན་པ་ཆགས་རྒྱུར་ཤུགས་ཧ་ཅང་རྒྱག་གི་ཡོད། མ་འོངས་པར། རང་ཉིད་སེམས་ཅན་གྱི་སྨན་པ་ཆགས་ནས། སེམས་ཅན་མང་པོ་ཞིག་གི་ན་ཚ་བཅོས་རྒྱུའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡིན། […]

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་དཔལ་འཛོམས། འཛིན་གྲྭ་བཞི་པ། སཾ་བྷོ་ཊ་སི་ལྦི་པི་ཉིན་སློབ། ངའི་མིང་ལ་བསྟན་འཛིན་དཔལ་འཛོམས་ཟེར་གྱི་ཡོད། ང་སཾ་བྷོ་ཊ་སི་བི་པི་བོད་སློབ་འཛིན་རིམ་བཞི་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ངའི་མ་འོངས་པའི་དམིགས་ཡུལ་ནི་ཚན་རིག་མཁས་པ་ཞིག་བྱ་འདོད་ཡོད། སྤྱིར་བཏང་ང་ལ་མ་འོངས་པའི་དམིགས་ཡུལ་མང་པོ་ཡོད། ཡིན་ནའང་ངའི་མ་འོངས་པའི་དམིགས་ཡུལ་གཙོ་བོ་ནི། ང་རང་ཚན་རིག་པ་ཞིག་བྱ་འདོད་ཡོད། འདི་དང་མཉམ་དུ་ང་རང་མ་འོངས་པ་མི་སེམས་བཟང་པོ་དང་སྤྱོད་པ་ཡག་པོ་ཞིག་ཀྱང་བྱ་འདོད་ཡོད། ངས་མ་འོངས་པའི་དམིགས་ཡུལ་གཙོ་བོ་ཚན་རིག་པ་མཁས་པ་ཞིག་བྱེད་པ་ལ་ད་ལྟ་ནས་སོ་སོའི་ངོས་ནས་ཚན་རིག་སློབ་ཚན་ཐོག་དམིགས་བསལ་དོ་སྣང་དང་ཚན་རིག་རྒན་ལགས་དང་མཉམ་དུ་འབྲེལ་བ་མང་ཙམ་བྱེད་ཀྱི་ཡོད། མ་འོངས་པའི་དམིགས་ཡུལ་དེ་གྲུབ་པ་ལ་ང་ཚོས་ད་ལྟ་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་ནས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་སློབ་སྦྱོང་ལ་འབད་བརྩོན་དང་སོ་སོའི་གཟུགས་པོ་བདེ་ཐང་ཡོང་བར་དོ་སྣང་ཆེན་པོ་བྱ་དགོས། ངས་མ་འོངས་པར་ཚན་རིག་བརྒྱུད་ནས་མི་དང་སེམས་ཅན་གཞན་པ་ཚོར་ཕན་ཐོགས་དང་རོགས་པ་གང་ཐུབ་བྱ་རྒྱུ་ཡིན། ང་ཚོས་ཆུང་དུས་ནས་སོ་སོའི་དམིགས་ཡུལ་བཟུང་ཡག་དེ་གལ་ཆེན་པོོ་ཞེ་དྲག་རེད་བསམ་གྱི་འདུག གང་ཡིན་ཟེར་ན་སོ་སོ་ལ་དམིགས་ཡུལ་ཞིག་ཡོད་ན་དེ་སྒྲུབ་པ་ལ་ག་དུས་ཡིན་ནའང་དོ་སྣང་དང་དབྱིངས་སླེབ་ཀྱི་རེད། དམིགས་ཡུལ་གང་བཟུང་བ་དེ་དྲན་པ་མ་བརྗེད་པར་ཡང་ཡང་བསམ་བློ་གཏོང་དགོས། དེ་འདྲ་བྱས་པ་ཡིན་ན་སོ་སོའི་དམིགས་ཡུལ་སྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག དམིགས་ཡུལ་ཡོད་པ་གཅིག་པུ་ཡིས་འགྲིགས་ཀྱི་མེད། དམིགས་ཡུལ་དེ་སྒྲུབ་པར་སོ་སོའི་ངོས་ནས་དཀའ་ལས་ཧ་ཅང་མང་པོ་རྒྱག་དགོས། སྐྱིད་པོ་ཀྱང་ཀྱང་བཏང་ནས་བསྡད་པ་ཡིན་ན་དམིགས་ཡུལ་གང་འདྲ་ཡོད་ཀྱང་དོན་དག་མེད་པ་རེད། མ་འོངས་པའི་དམིགས་ཡུལ་དེ་སྒྲུབ་རྒྱུར་ལས་སླ་བོ་མེད། དཀའ་ལས་མང་པོ་མ་བརྒྱབ་ན་དམིགས་ཡུལ་དེ་སྒྲུབ་ཐུབ་ཀྱི་མ་རེད། དེ་ག་ནང་བཞིན་སེམས་ཤུགས་ནམ་ཡང་ཆགས་རྒྱུ་མེད། ཉི་མ་རྟག་པར་སོ་སོའི་དམིགས་ཡུལ་སྒང་ལ་བསམ་བློ་གཏོང་དགོས། ང་རང་ཆེན་པོ་ཆགས་ནས་སོ་སོའི་དམིགས་ཡུལ་ཐོག་ལས་ཀ་བྱེད་ཐུབ་ན་དྲང་པོ་དང་མི་རྣམས་ལ་རོགས་པ་མང་པོ་བྱེད་ཀྱི་ཡིན། ང་ཚོའི་བོད་རྒྱལ་ཁབ་ཡར་རྒྱས་གཏོང་བ་ལ་ཚན་རིག་པ་མཁས་པ་མང་པོ་དགོས་ཀྱི་འདུག བོད་པའི་ནང་ལ་ཚན་རིག་པ་བྱེད་མཁན་ཉུང་ཉུང་མ་གཏོགས་མང་པོ་མེད། སོང་ཙང་ང་ཚོ་སློབ་ཕྲུག་ཚོས་ཚན་རིག་ལ་མང་ཙམ་སྦྱང་དགོས་པ་ཡིན། ང་རང་གི་གོམས་གཤིས་གཅིག་ནི་དུས་རྒྱུན་དུ་ང་རང་ལས་ཀ་གང་འདྲ་ཞིག་བྱས་པ་ཡིན་ནའང་སྔོན་ལ་བརྟག་དཔྱད་བྱེད་རྒྱུར་དགའ་པོ་ཡོད། ང་རང་ཚན་རིག་པ་ཞིག་ཆགས་སོང་ན་ལུང་པ་འདྲ་མི་འདྲར་འགྲོ་ཐུབ་ཀྱི་རེད། ཚན་རིག་གཞན་པ་ཚོ་དང་མཉམ་དུ་ཚོགས་འདུ་ཚོགས་རྒྱུ་རག་གི་རེད། ང་རང་རྩེད་མོ་རྩེ་བ་ཡིན་ན་མིག་ཤེལ་ཞིག་གྱོན་པ་དང་སྟོད་ཐུང་དཀར་པོ་གྱོན་ནས་ཚན་རིག་དང་འབྲེལ་བའི་རྩེད་མོ་རྩེ་གི་ཡོད། སོ་སོ་རང་གི་སློབ་སྦྱོང་ལ་དོ་སྣང་དང་བརྩོན་འགྲུས་བྱས་ཏེ་དེབ་མང་པོ་བཀླགས་པ་ཡིན་ན་ངའི་དམིགས་ཡུལ་དེ་ཏན་ཏན་བསྒྲུབ་ཐུབ་ཀྱི་རེད། སོསོའི་མ་འོངས་པའི་དམིགས་ཡུལ་དེ་གཅིག་མ་ཡིན་པར་གཉིས་གསུམ་འཛིན་དགོས། གལ་སྲིད་དམིགས་ཡུལ་དང་པོ་དེ་མ་གྲུབ་ན་དམིགས་ཡུལ་གཞན་པ་དེ་ལ་འགྲོ་ཆོག་གི་རེད། དེ་འདྲ་སོང་ཙང་མི་ལ་མ་འོངས་པའི་དམིགས་ཡུལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པའི་དམིགས་ཡུལ་དེ་སྒྲུབ་ཐུབ་ན་སོ་སོ་རང་ལ་ཕན་ཐོགས་བྱུང་བ་མ་ཟད། བོད་རྒྱལ་ཁབ་དང་འཛམ་གླིང་མི་མང་ལ་ཡང་ཕན་ཐོགས་བྱེད་ཐུབ་ཀྱི་རེད། ངའི་ཕ་མ་དང་ནང་མི་རྣམས་ནས་ཉིན་ལྟར་ང་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་མ་འོངས་བོད་ཀྱི་སོན་རྩ་དང་སྤྱི་ནོར་༸གོང་ས་མཆོག་གི་བཀའ་སློབ་ལག་ལེན་བྱེད་རྒྱུ་དང་ཁོང་གི་དྲིན་ལན་འཇལ་དགོས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ལ་དྲིན་ལན་འཇལ་དགོས་པའི་བསླབ་བྱ་གནང་གི་འདུག ང་ཚོའི་མ་འོངས་པའི་དམིགས་ཡུལ་དེ་གལ་སྲིད་མ་འགྲུབ་པ་ཡིན་ནའང་དེ་ལ་སེམས་ཤུགས་ཆག་རྒྱུ་ཡོད་མ་རེད། གང་ལྟར་སོ་སོ་རང་ནས་གང་ཐུབ་ཐུབ་དཀའ་ལས་རྒྱག་དགོས་རེད། དེ་འདྲ་བྱས་པ་ཡིན་ན་འགྱོད་པ་སྐྱེས་དགོས་གང་ཡང་ཡོད་མ་རེད། ང་ཚོའི་རྒན་ལགས་ཀྱིས་ག་དུས་ཡིན་ན་མི་ཚང་མས་སོ་སོའི་དམིགས་ཡུལ་འཛིན་དགོས་པ་དང་། དམིགས་ཡུལ་དེ་འགྲུབ་པར་དཀའ་ལས་རྒྱག་དགོས་པའི་བསླབ་བྱ་མང་པོ་གནང་གི་འདུག ང་རང་ཆེན་པོ་ཆགས་ནས་ང་རང་གི་མ་འོངས་པའི་དམིགས་ཡུལ་ཚན་རིག་མཁས་པ་ཞིག་ཆགས་ཐུབ་པ་བྱ་རྒྱུར་བསམ་བློ་གཏོང་རྒྱུ་དང་དཀའ་ལས་རྒྱག་གི་ཡིན།