བསྟན་འཛིན་དབྱངས་ཅན། འཛིན་གྲྭ་བརྒྱད་པ།གུ་རུ་པུ་ར་སཾ་བྷོ་ཊ་བོད་སློབ། ༄༅། །༸གོང་ས་མཆོག་ནི་བོད་མི་ཡོད་དོ་ཅོག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་རེད། ཁོང་གིས་བོད་མི་མ་ཟད་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོང་བའི་ཆེད་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་སྣ་ཚོགས་གནང་ཡོད། ཁོང་གི་བཀའ་སློབ་དང་ལམ་སྟོན་རྩ་ཆེན་པོ་མང་པོ་གནང་བའི་ནང་ནས་ང་རང་གི་ཡག་ཤོས་ཤེས་པ་དེ་རྩོམ་གྱི་ཐོག་བྲི་རྒྱུ་ཡིན། དེར་བརྟེན། གུས་མོ་རང་ཉིད་ནས་བྱམས་སྙིང་རྗེ་དང་ཤེས་ཡོན་གལ་ཆེ་བ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་བྲི་རྒྱུ་ཡིན། ༸གོང་ས་མཆོག་གིས། “བྱམས་བརྩེ་དང་སྙིང་རྗེ་ནི་མིའི་གཞི་རྩའི་རང་བཞིན་ཡིན་པ་དང་། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཡིན། བྱམས་སྙིང་རྗེ་ནི་སེམས་ཀྱི་བདེ་སྐྱིད་སྐྲུན་བྱེད་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་མ་ཟད་ཕན་ཐོགས་ཀྱང་ཆེ་ཤོས་དེ་ཡིན། གང་ལ་ཟེར་ན། སེམས་ནང་གི་ཁོང་ཁྲོ་དང་ཕྲག་དོག འདོད་རྔམ་སོགས་ནི་སྡིག་པ་གསོག་སའི་རྒྱུ་ཆེ་ཤོས་ཡིན་པས། བྱམས་དང་སྙིང་རྗེ་ནི་ཁོང་ཁྲོ་སོགས་འཇོམས་བྱེད་ཀྱི་གཉེན་པོ་ལྟ་བུ་རེད། མི་ཙམ་མ་ཡིན་པར་སྐྱེ་འགྲོ་ཆ་ཚང་ལ་བྱམས་དང་སྙིང་རྗེ་བྱེད་རྒྱུ་གལ་ཆེན་པོ་ཡིན།” ཞེས་གསུངས་ཡོད། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་ཆེད་བོད་མི་གཙོ་བོར་གྱུར་པའི་འཛམ་གླིང་ཡོངས་ལ་བཀའ་སློབ་ལམ་སྟོན་མང་པོ་གནང་ཡོད་། ཁོང་གིས་ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་བསྟན་ཡོད་པ་དང་། ཆོས་ལུགས་ཀུན་གྱི་སྙིང་པོ་ཡང་དེ་རེད་གསུངས་ཡོད། ཁོང་གིས་དུས་རྒྱུན་དུ་གྲོགས་པོ་མ་ཟད་རང་ལ་གནོད་པ་བྱེད་མཁན་དགྲ་ལའང་སྙིང་རྗེ་སྐྱེ་དགོས་པ་གསུངས་ཡོད། བྱམས་དང་སྙིང་རྗེ་ལྡན་པའི་མི་ཞིག་རྒྱལ་ཁབ་སོགས་ཀྱི་དབུ་ཁྲིད་ཆགས་པ་ཡིན་ན་རྒྱལ་ཁབ་ཕན་ཚུན་དབར་གུས་བརྩི་དང་། བསམ་ཤེས། ཞི་བདེ་སོགས་སྐྲུན་ཐུབ། བྱམས་དང་སྙིང་རྗེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པས་དང་པོ་རང་ཉིད་ལ་སྙིང་རྗེ་སྐྱེ་དགོས། རང་གིས་རང་ལ་སྙིང་རྗེ་མེད་ན་གཞན་ལ་སྙིང་རྗེ་སྐྱེ་མི་ཐུབ། རང་གི་ནོར་འཁྲུལ་ལ་འགྱོད་སེམས་སྐྱེ་དགོས་པ་ཤིན་ཏུ་གལ་འགངས་ཆེ། ༸གོང་ས་མཆོག་གིས་ང་ཚོ་ཆུང་དུས་ནས་བྱམས་དང་སྙིང་རྗེ་ལག་ལེན་བསྟར་བའི་ཆེད་དུ་བོད་པའི་སློབ་གྲྭ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་སློབ་གྲྭ་ཁག་ལ་སཱི་ཤེས་ཡོན་ཟེར་བའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་གསར་པ་ཞིག་གསར་གཏོད་གནང་སྟེ་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་ཚན་དེའི་ནང་སློབ་ཕྲུག་ཚོ་སེམས་པ་བཟང་པོ་བྱེད་སྟངས་དང་མི་གཞན་ལ་བྱམས་དང་སྙིང་རྗེ་བྱེད་སྟངས་སོགས་སློབ་གསོ་གནང་བ་མ་ཟད། ལག་བསྟར་བྱེད་སྟངས་སོགས་ལའང་བཀའ་སློབ་གནང་ཡོད། ཁོང་གི་དགོངས་པར་ཤེས་ཡོན་ནི་མིའི་རྣམ་དཔྱོད་གོང་འཕེལ་གཏོང་བ་ཙམ་མ་ཟད་བྱམས་བརྩེ་དང་སྙིང་རྗེ་སྐྱེད་དགོས་པ་གསུངས་ཡོད། ཁོང་གིས་སཱི་ཤེས་ཡོན་སློབ་གསོས་སྤྱི་ཚོགས་བཟང་པོ་ཞིག་སྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་ཡིད་ཆེས་གནང་གི་ཡོད། ༸གོང་ས་མཆོག་གི་དགོངས་པར་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་ནི་བདེ་སྐྱིད་སྐྲུན་ཐབས་དང་སྤྱི་ཚོགས་བཟང་པོ་ཞིག་བཟོ་རྒྱུ་དེ་ཡིན། མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་འདོད་ན་སཱི་ཤེས་ཡོན་གྱི་སློབ་གསོ་ངེས་པར་དུ་དགོས་པ་གསུངས་ཡོད་། སཱེ་ཤེས་ཡོན་གྱི་ཕན་ནུས་མང་པོ་ཡོད་པ་ནི། སྤྱི་ཚོགས་ནང་ཕན་ཚུན་མཐུན་སྒྲིལ་ཡོང་བ་དང་། བཟང་སྤྱོད་ཀྱི་རིག་སྟོབས་འཕེལ་བ། སེམས་དུལ་བ། གཞན་ལ་རིན་ཐང་དང་གུས་བརྩི་བྱེད་སྟངས་འཕེལ་བ། སེམས་ཀྱི་དཀའ་ངལ་ནས་གྲོལ་ཐུབ་པ་སོགས་ཁེ་ཕན་མང་པོ་ཡོད། ཁོང་གི་དམིགས་བསལ་ང་ཚོ་བོད་མི་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་གསུངས་ཡོད། ཁོང་གིས་རྒྱུན་དུ་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་པོ་ཡིན་པས་སྔོན་ལ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པ་གསུངས་ཡོད། དེ་འདྲ་སོང་ཙང་། ཁོང་གིས་བོད་ཀྱི་ཁོར་ཡུག་བདག་གཅེས་བྱེད་དགོས་པ་དེ་རང་ཉིད་ཀྱི་ཁེ་ཕན་ཙམ་མ་ཡིན་པར་མ་འོངས་པའི་མི་རབས་ཚང་མའི་བདེ་ཐང་ལ་བསམ་བློ་གཏོང་དགོས་ཞེས་གསུངས་ཡོད། ཁོང་གིས་ང་ཚོ་འཛམ་གླིང་འདིའི་སྒང་གི་སྐྱེ་ལྡན་ཚང་མ་དང་འབྲེལ་བ་ཡོད་པས་ཚང་མས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་འགན་འཁུར་དགོས་ཤིང་། བོད་ཀྱི་ཁོར་ཡུག་གནས་སྟངས་ནི། ཨེ་ཤཱི་ཡའི་ཆུ་བོ་མང་ཆེ་བའི་འབྱུང་ཁུངས་དང་མི་འབོར་ཐེར་འབུམ་མང་པོའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དེ་བཞིན་ཤིང་ནགས་དང་རྩི་ཤིང་མེད་པ་ཡིན་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསལ་པོ་ཡིན་སྟབས། མི་སྒེར་སོ་སོའི་འགན་ཁུར་བླངས་ནས་ཤིང་སྡོང་སོགས་འདེབས་འཛུགས་བྱེད་དགོས་པ་ཤིན་དུ་གལ་ཆེན་པོ་ཡིན་ལུགས་སོགས་གསུངས་ཡོད། ༸གོང་ས་མཆོག་གི་མཐར་ཐུག་གི་དགོངས་པ་ནི་ང་ཚོ་ཚང་མའི་བསམ་བློ་གཏིང་ཟབ་པོ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ཡིན། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་ལམ་སྟོན་མང་པོ་གསུངས་ཡོད། ཁོང་ཆུང་དུས་ནས་ད་བར་དུ་བོད་མི་རིགས་དང་། འཛམ་གླིང་ཡོངས་ལ་ཞི་བདེ་ཐོབ་པའི་ཆེད་དུ་བཀའ་སློབ་དང་ལམ་སྟོན་གོ་སྐབས་ནམ་ཡོད་ལ་གནང་གི་ཡོད། […]
༸གོང་ས་མཆོག་གི་ལམ་སྟོན།
བཀྲ་ཤིས་ཆོས་སྒྲོན། འཛིན་གྲྭ་བརྒྱད་པ།ཤིམ་ལ་སཾ་བྷོ་ཊ་གཏན་སློབ། བྱ་དཀར་པོ་མ་འཁྲུངས་དཀར་པོ་འཁྲུངས།། བྱ་དཀར་པོ་ཡུལ་ལྗོངས་བོད་ལ་འཁྲུངས།།བོད་ཆོས་ལྡན་དམ་པའི་ཞིང་ཁམས་ནས།། བྱ་དཀར་པོ་འཚེ་མེད་གཤོག་ཟུང་རྒྱས།།བྱ་དཀར་པོ་མ་རེད་དཀར་པོ་རེད།། བྱ་དཀར་པོ་ཞི་བདེ་ལྷ་བྱ་རེད།།ལྷོ་འཛམ་བུ་གླིང་གི་ཉི་མ་རེད།། བོད་ཁ་བ་ཅན་གྱི་ནོར་བུ་རེད།། གསེར་དངུལ་རིན་ཆེན་ལས་ལྷག་པའི་ངའི་སེམས་ནང་འགངས་ཆེ་བ་དང་རྩ་ཆེ་བ་༸གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཇིག་རྟེན་དེའི་ནང་ལ་སྐུ་འཁྲུངས། བོད་མི་རྣམས་ཀྱིས་ཁོང་གི་གསུང་སྐད་ཐོས་པ་དང་ཞལ་རས་མཇལ་དུས་མིག་ནས་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད། འོན་ཀྱང་། བོད་ལ་ཡོད་པའི་བོད་མི་རྣམས་དེ་ལས་སེམས་སྐྱོ་ཞིང་༸གོང་ས་མཆོག་གི་སྐུ་པར་ཡང་ཉར་ཆོག་གི་མེད། ཡིན་ནའང་། ང་ཚོ་བཙན་བྱོལ་བ་ཚོར་རང་དབང་ཆ་ཚང་ཡོད་པས། ༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་སྐྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ཁོང་གིས་རྒྱུན་གཏན་ནས་ལམ་སྟོན་རབ་དང་རིམ་པ་མང་པོ་གནང་གི་ཡོད། དེ་དག་ལས་གུས་མོས་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཞིག་གི་སྐོར་བརྗོད་པ་ཡིན། ༡༽ ༸གོང་ས་མཆོག་གིས་སློབ་གཉེར་བ་རྣམ་ལ་ལམ་སྟོན་གནང་བའི་སྐོར། ཁོང་གིས་ག་དུས་ཡིན་ནའང་མི་མང་དང་སློབ་ཕྲུག་ཚོར་ཤེས་བྱ་ཡོན་ཏན་ཡོད་ན། མིའི་མི་ཚེའི་ནང་ལ་ལག་ཆ་ཡོད་པ་ལྟ་བུ་ཞིག་དང་། གལ་ཏེ། མི་ཞིག་ལྷག་བསམ་རྣམ་དག་དང་སྤུས་དག་ཞིག་ཡོད་ན་ལག་ཆ་དེ་བེད་སྤྱོད་གཏོང་ཤེས་ཤིང་། མི་ཞིག་ལྷག་བསམ་རྣམ་དག་དང་སྤུས་དག་ཞིག་ཡོད་ན། མི་དེ་མ་འོངས་པར་ནར་སོན་དུས་དཀའ་ངལ་མ་འཕྲད་པ་དང་། མི་དེ་ཚང་མས་བརྩི་བཀུར་ཞུ་ས་ཞིག་ཏུ་འགྱུར་གྱི་ཡོད། གལ་སྲིད། མི་ཞིག་ལ་ཤེས་བྱ་གཅིག་པུ་ལས་ཡ་རབས་སྤྱོད་བཟང་མེད་ན། མི་དེ་རང་བཞིན་གྱིས་མ་རབས་ཤིག་ཏུ་འགྱུར་འགྲོ། དེ་འདྲ་ཆགས་ན། གོ་ལ་འདིའི་ནང་གནས་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་མི་ཐོགས། རྒྱུ་མཚན་ནི། མི་རྣམས་ལ་ཤེས་བྱ་ཡོན་ཏན་ག་ཚོད་ཀྱི་ཕུན་སུམ་ཚོགས་པོ་ཡོད་ནའང་། ཁོ་མི་ཞིག་ཡིན་པའི་ཆ་ནས་གཞི་རྩ་མིའི་ལྷག་བསམ་དང་བཟང་སྤྱོད་མེད་ན་སྤྱི་ཚོགས་ལ་གནོད་པ་ལས་ཕན་མི་ཐོགས། དེའི་རྐྱེན་པས་སྤྱི་ཚོགས་ལ་ཞི་བདེ་མེད་པ་ཆགས་ཀྱི་རེད། ཤེས་བྱ་ཡོན་ཏན་ཡོད་ན།། ལག་ཆ་ཡོད་པ་ལྟ་བུ།།ལྷག་བསམ་དག་པོ་ཡོད་ན།། བཟང་སྤྱོད་ཡོད་པ་ལྟ་བུ།། ༢༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི། ༸གོང་ས་མཆོག་གིས་ཁོང་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱུན་གཏན་ནས་མི་ལ་བཟང་སྤྱོད་ཐོག་ལ་བཀའ་སློབ་གནང་ཡོད། དེ་ནི་མི་སྒེར་དང་ཁྱིམ་ཚང་སྤྱི་ཚོགས་སོགས་ལ་བདེ་སྐྱིད་འབྱུང་བའི་གཞི་ཡིན་པར་གསུང་གི་ཡོད། དེར་བརྟེན། ང་ཚོས་རང་གི་རྒྱུད་ལ་ཡོད་པའི་ཡ་རབས་བཟང་སྤྱོད་དེས་གཞན་ལ་ཕན་པ་སྒྲུབ་དགོས། མ་ཟད། ཁོང་གིས་ཁོང་ནི་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་འབྲེལ་བ་བྱེད་ཀྱི་ཡོད། བྱས་ཙང་། ཁོང་གིས་བྱམས་དང་བརྩེ་བ། […]
༸གོང་ས་མཆོག་གི་ལམ་སྟོན།
བསྟན་འཛིན་མི་ཕམ། འཛིན་གྲྭ་དྲུག་པ།ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ། ཁོང་གི་བཀའ་སློབ་ལམ་སྟོན་བདུད་རྩི།།མཚོ་ལས་ཟབ་ཅིང་རི་ལས་མཐོ་བ།།གསུང་ནི་འཇམ་ཞིང་རྣ་བར་སྙན་པ།།རྟག་ཏུ་བཀའ་སློབ་སྙིང་ལ་བཅང་དགོས།། ༄༅། །སྐལ་བ་བཟང་བའི་དུས་ཤིག་ལ་ངའི་ཕ་ཡུལ་ནི་རང་བཞིན་ཁོར་ཡུག་མཛེས་སྡུག་ལྡན་ལ་ཕྱོགས་བཞི་གངས་རི་ར་བས་ཡོངས་སུ་བསྐོར་བའི་ཞིང་ཁམས་ནི། ངའི་མཛེས་སྡུག་གི་ཕ་ཡུལ་གངས་ཅན་ས་ལའི་སྨན་ལྗོངས་བོད་ཡིན། ལས་ལ་བརྩོན་ཞིང་ཆོས་དད་ཆེ་བའི་བོད་མི་རྣམས་འཇིགས་པ་དང་དངངས་སྐྲག་སྤུ་ཙམ་མེད་པར་རང་བྱུང་ཁོར་ཡུག་གི་དཔལ་ལ་ལོངས་སུ་སྤྱད་ནས་ཞི་བདེའི་ངང་བསྡད་ཀྱི་ཡོད། དེ་བཞིན་བོད་མི་རྣམས་སྔར་ནས་ཆོས་ལ་དད་པ་ཆེ་ཞིང་གཞན་ལ་ཕན་སེམས་ཆེ་བ་། རང་བཞིན་སེམས་བཟང་བ། སྙིང་རྗེ་ཆེ་བ། རང་གི་ས་ཐོག་ན་ཡོད་པའི་རང་བྱུང་རྒྱུ་ནོར་གང་ཡོད་པ་དེའི་འདོད་པ་ཁེངས་ཤིང་འདོད་ཆུང་ཆོག་ཤེས་ཀྱང་ཡིན། འོན་ཀྱང་སྟབས་ཤིན་ཏུ་མ་ལེགས་པ་ཞིག་ལ། ཕྱི་ལོ་ ༡༩༥༩ ལོར་ཞི་བདེར་དགའ་བའི་བོད་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐབས་སྡུག་པོ་ཞིག་བྱུང་བ་ནི། ཤར་ཕྱོགས་ནས་རྒྱ་མི་དམར་པོའི་དྲག་པོའི་དམག་དཔུང་འབུམ་ཕྲག་མང་པོ་སླེབས་ནས་དྲག་པོའི་མཚོན་ཆ་ཅི་ཡང་མེད་པའི་བོད་མི་མང་པོ་ཞིག་དམར་གསོད་བཏང། རྒྱུ་ནོར་ཡོད་ཚད་འཕྲོག་བཅོམ་བྱས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་རྩ་ཆེའི་དགོན་པ་དང་ལྷ་སྐུ་ཕོན་ཆེན་པོར་རིན་ཐང་ཅི་ཡང་མ་བརྩིས་པར་གཏོར་བཤིག་བཏང་བ་རེད། ཡིན་ན་ཡང་། སྐབས་དེར་སྟབས་ལེགས་པ་ཞིག་ལ་རྒྱ་མི་དམར་པོའི་གཡོ་འཕྲུལ་དང་མགོ་སྐོར་ལ་མ་ཚུད་པར་རྒྱ་ལག་ལ་༸གོང་ས་མཆོག་འཛིན་བཟུང་ཐུབ་མེད། ཁོང་དང་སྐུ་འཁོར་གཙོས་པའི་བོད་བརྒྱ་ཕྲག་ལྷག་མཉམ་དུ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནང་བཙན་བྱོལ་ལ་བདེ་བར་ཕེབས་ཐུབ་པ་བྱུང་ཡོད། སྐབས་དེར། རྒྱ་གར་ཡང་མཐུན་རྐྱེན་དང་གནས་སྟངས་ཡག་པོ་རང་མེད། གང་ཡིན་ཟེར་ན། དབྱིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ནས་ལོ་མང་པོ་འགྲོ་ཡི་མེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྐུ་ངལ་ཧ་ཅང་མང་པོ་འཕྲད་ཀྱང་དཔའ་ངར་ཞུམ་མེད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཁོང་གིས་བོད་དོན་ཐོག་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་སྐུ་ལས་ཚད་མེད་པ་བསྐྱོན་གནང་ཡོད། ༸མགོན་པོ་མཆོག་རྒྱ་གར་དུ་ལོ་ངོ་ ༦༥ ལྷག་བཙན་བྱོལ་ནང་སྐྱབས་བཅོལ་དུ་བཞུགས་ནས་བོད་མི་གཙོས་པའི་ཕྱི་རྒྱལ་བ་ཁག་ལ་འཚེ་མེད་ཞི་བའི་ལམ་སྟོན་མང་པོ་གནང་ཡོད། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་སླེབ་དུས་དེང་རབས་ཤེས་ཡོན་གྱིས་མ་འདང་བ་ལ་གཟིགས་ཏེ་མ་སུ་རིར་བཙན་བྱོལ་ནང་གི་བོད་སློབ་ཐོག་མ་འདི་གསར་འཛུགས་གནང་། ཁོང་གིས་བོད་མི་རྣམས་ལ་ཤེས་ཡོན་ཡར་རྒྱས་ཐོག་ལ་བཀའ་སློབ་རབ་དང་རིམ་པ་གསུངས་གནང་ཡོད། གཙོ་བོ་སློབ་སྦྱོང་བྱེད་དུས། “འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་བྱེད་དགོས།” སྐོར་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད། འདབ་གཤོག་གཉིས་ལྡན་ནི། གཅིག་ང་རང་ཚོ་ཆོས་དང་རིག་གཞུང་སྐད་ཡིག་གི་སྲོལ་རྒྱུན་སློབ་སྦྱོང་དང། གཉིས་པ་དེ། དེང་དུས་ཀྱི་སློབ་སྦྱོང་ཚན་རིག་དང་རིག་གསར་ལ་སློབ་སྦྱོང་གནང་དགོས་པའི་སྐོར་བཀའ་ཡང་ཡང་གནང་གི་ཡོད། དེ་བཞིན་དུ་བཟང་སྤྱོད་ཡ་རབས་གཞན་ཕན་གྱི་བསམ་བློ་ཡག་པོ་དགོས་པའི་སྐོར་ལ་བཀའ་སློབ་ཡང་ཡང་གནང་གི་ཡོད་པའི་སྙིང་པོ་ནི། “མི་གཞན་ལ་ཕན་མ་ཐོགས་ན་གནོད་པ་མ་སྐྱེལ།” ཞེས་པའི་ཐོག་ལ་ཡང་ཡང་ལམ་སྟོན་གནང་གི་ཡོད། དེ་བཞིན་གཞན་ལ་སེམས་པ་བཟང་པོ་བྱེད་དགོས་པ་དང་། ཕན་སེམས་བྱེད་དགོས་སྐོར་བཀའ་སློབ་རིན་ཐང་བྲལ་བ་མང་པོ་གནང། བྱམས་བརྩེའི་འབྱུང་ཁུངས་ཕ་མ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་དགེ་རྒན་དང་པོ་ཡང་ཡིན་བཅས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་ཧ་ཅང་མང་པོ་གནང་ཡོད། ངས་བསམ་པར་ཁོང་ནི་བྱང་ཆུབ་སེམས་དཔའ་དངོས་གཞི་དང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དངོས་རེད། ང་ཚོས་ཁོང་སྐྱབས་གནས་བསླུ་བ་མེད་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོའི་ངང་ཁོང་གི་བཀའ་སློབ་རྣམས་སྙིང་ལ་བཅང་དགོས། ང་ཚོ་ཚང་མས་ཁོང་གི་བཀའ་སློབ་ལམ་སྟོན་གང་གནང་བ་དེ་དག་ལག་ལེན་བསྟར་ནས་མི་ཚེ་ནང་ལ་འཁྱེར་ཐུབ་ན། ང་ཚོ་ཚང་མ་ཤེས་ཡོན་ལྡན་པའི་མི་བཟང་པ་པོ་དང་བོད་མི་ཡག་པོ་ཞིག་ཀྱང་ཆགས་ཀྱི་རེད། ཐུགས་རྗེ་ཆེ།།




