Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག་གི་ལམ་སྟོན།

བཀྲ་ཤིས་ཆོས་སྒྲོན། འཛིན་གྲྭ་བརྒྱད་པ།ཤིམ་ལ་སཾ་བྷོ་ཊ་གཏན་སློབ། བྱ་དཀར་པོ་མ་འཁྲུངས་དཀར་པོ་འཁྲུངས།། བྱ་དཀར་པོ་ཡུལ་ལྗོངས་བོད་ལ་འཁྲུངས།།བོད་ཆོས་ལྡན་དམ་པའི་ཞིང་ཁམས་ནས།། བྱ་དཀར་པོ་འཚེ་མེད་གཤོག་ཟུང་རྒྱས།།བྱ་དཀར་པོ་མ་རེད་དཀར་པོ་རེད།། བྱ་དཀར་པོ་ཞི་བདེ་ལྷ་བྱ་རེད།།ལྷོ་འཛམ་བུ་གླིང་གི་ཉི་མ་རེད།། བོད་ཁ་བ་ཅན་གྱི་ནོར་བུ་རེད།།    གསེར་དངུལ་རིན་ཆེན་ལས་ལྷག་པའི་ངའི་སེམས་ནང་འགངས་ཆེ་བ་དང་རྩ་ཆེ་བ་༸གོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཇིག་རྟེན་དེའི་ནང་ལ་སྐུ་འཁྲུངས། བོད་མི་རྣམས་ཀྱིས་ཁོང་གི་གསུང་སྐད་ཐོས་པ་དང་ཞལ་རས་མཇལ་དུས་མིག་ནས་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད། འོན་ཀྱང་། བོད་ལ་ཡོད་པའི་བོད་མི་རྣམས་དེ་ལས་སེམས་སྐྱོ་ཞིང་༸གོང་ས་མཆོག་གི་སྐུ་པར་ཡང་ཉར་ཆོག་གི་མེད། ཡིན་ནའང་། ང་ཚོ་བཙན་བྱོལ་བ་ཚོར་རང་དབང་ཆ་ཚང་ཡོད་པས། ༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་སྐྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ཁོང་གིས་རྒྱུན་གཏན་ནས་ལམ་སྟོན་རབ་དང་རིམ་པ་མང་པོ་གནང་གི་ཡོད། དེ་དག་ལས་གུས་མོས་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཞིག་གི་སྐོར་བརྗོད་པ་ཡིན། ༡༽ ༸གོང་ས་མཆོག་གིས་སློབ་གཉེར་བ་རྣམ་ལ་ལམ་སྟོན་གནང་བའི་སྐོར།    ཁོང་གིས་ག་དུས་ཡིན་ནའང་མི་མང་དང་སློབ་ཕྲུག་ཚོར་ཤེས་བྱ་ཡོན་ཏན་ཡོད་ན། མིའི་མི་ཚེའི་ནང་ལ་ལག་ཆ་ཡོད་པ་ལྟ་བུ་ཞིག་དང་། གལ་ཏེ། མི་ཞིག་ལྷག་བསམ་རྣམ་དག་དང་སྤུས་དག་ཞིག་ཡོད་ན་ལག་ཆ་དེ་བེད་སྤྱོད་གཏོང་ཤེས་ཤིང་། མི་ཞིག་ལྷག་བསམ་རྣམ་དག་དང་སྤུས་དག་ཞིག་ཡོད་ན། མི་དེ་མ་འོངས་པར་ནར་སོན་དུས་དཀའ་ངལ་མ་འཕྲད་པ་དང་། མི་དེ་ཚང་མས་བརྩི་བཀུར་ཞུ་ས་ཞིག་ཏུ་འགྱུར་གྱི་ཡོད། གལ་སྲིད། མི་ཞིག་ལ་ཤེས་བྱ་གཅིག་པུ་ལས་ཡ་རབས་སྤྱོད་བཟང་མེད་ན། མི་དེ་རང་བཞིན་གྱིས་མ་རབས་ཤིག་ཏུ་འགྱུར་འགྲོ། དེ་འདྲ་ཆགས་ན། གོ་ལ་འདིའི་ནང་གནས་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་མི་ཐོགས། རྒྱུ་མཚན་ནི། མི་རྣམས་ལ་ཤེས་བྱ་ཡོན་ཏན་ག་ཚོད་ཀྱི་ཕུན་སུམ་ཚོགས་པོ་ཡོད་ནའང་། ཁོ་མི་ཞིག་ཡིན་པའི་ཆ་ནས་གཞི་རྩ་མིའི་ལྷག་བསམ་དང་བཟང་སྤྱོད་མེད་ན་སྤྱི་ཚོགས་ལ་གནོད་པ་ལས་ཕན་མི་ཐོགས། དེའི་རྐྱེན་པས་སྤྱི་ཚོགས་ལ་ཞི་བདེ་མེད་པ་ཆགས་ཀྱི་རེད། ཤེས་བྱ་ཡོན་ཏན་ཡོད་ན།། ལག་ཆ་ཡོད་པ་ལྟ་བུ།།ལྷག་བསམ་དག་པོ་ཡོད་ན།། བཟང་སྤྱོད་ཡོད་པ་ལྟ་བུ།། ༢༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི།    ༸གོང་ས་མཆོག་གིས་ཁོང་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱུན་གཏན་ནས་མི་ལ་བཟང་སྤྱོད་ཐོག་ལ་བཀའ་སློབ་གནང་ཡོད། དེ་ནི་མི་སྒེར་དང་ཁྱིམ་ཚང་སྤྱི་ཚོགས་སོགས་ལ་བདེ་སྐྱིད་འབྱུང་བའི་གཞི་ཡིན་པར་གསུང་གི་ཡོད། དེར་བརྟེན། ང་ཚོས་རང་གི་རྒྱུད་ལ་ཡོད་པའི་ཡ་རབས་བཟང་སྤྱོད་དེས་གཞན་ལ་ཕན་པ་སྒྲུབ་དགོས། མ་ཟད། ཁོང་གིས་ཁོང་ནི་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་འབྲེལ་བ་བྱེད་ཀྱི་ཡོད། བྱས་ཙང་། ཁོང་གིས་བྱམས་དང་བརྩེ་བ། […]

༸གོང་ས་མཆོག་གི་ལམ་སྟོན།

བསྟན་འཛིན་མི་ཕམ། འཛིན་གྲྭ་དྲུག་པ།ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ། ཁོང་གི་བཀའ་སློབ་ལམ་སྟོན་བདུད་རྩི།།མཚོ་ལས་ཟབ་ཅིང་རི་ལས་མཐོ་བ།།གསུང་ནི་འཇམ་ཞིང་རྣ་བར་སྙན་པ།།རྟག་ཏུ་བཀའ་སློབ་སྙིང་ལ་བཅང་དགོས།།    ༄༅། །སྐལ་བ་བཟང་བའི་དུས་ཤིག་ལ་ངའི་ཕ་ཡུལ་ནི་རང་བཞིན་ཁོར་ཡུག་མཛེས་སྡུག་ལྡན་ལ་ཕྱོགས་བཞི་གངས་རི་ར་བས་ཡོངས་སུ་བསྐོར་བའི་ཞིང་ཁམས་ནི། ངའི་མཛེས་སྡུག་གི་ཕ་ཡུལ་གངས་ཅན་ས་ལའི་སྨན་ལྗོངས་བོད་ཡིན། ལས་ལ་བརྩོན་ཞིང་ཆོས་དད་ཆེ་བའི་བོད་མི་རྣམས་འཇིགས་པ་དང་དངངས་སྐྲག་སྤུ་ཙམ་མེད་པར་རང་བྱུང་ཁོར་ཡུག་གི་དཔལ་ལ་ལོངས་སུ་སྤྱད་ནས་ཞི་བདེའི་ངང་བསྡད་ཀྱི་ཡོད། དེ་བཞིན་བོད་མི་རྣམས་སྔར་ནས་ཆོས་ལ་དད་པ་ཆེ་ཞིང་གཞན་ལ་ཕན་སེམས་ཆེ་བ་། རང་བཞིན་སེམས་བཟང་བ། སྙིང་རྗེ་ཆེ་བ། རང་གི་ས་ཐོག་ན་ཡོད་པའི་རང་བྱུང་རྒྱུ་ནོར་གང་ཡོད་པ་དེའི་འདོད་པ་ཁེངས་ཤིང་འདོད་ཆུང་ཆོག་ཤེས་ཀྱང་ཡིན། འོན་ཀྱང་སྟབས་ཤིན་ཏུ་མ་ལེགས་པ་ཞིག་ལ། ཕྱི་ལོ་ ༡༩༥༩ ལོར་ཞི་བདེར་དགའ་བའི་བོད་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐབས་སྡུག་པོ་ཞིག་བྱུང་བ་ནི། ཤར་ཕྱོགས་ནས་རྒྱ་མི་དམར་པོའི་དྲག་པོའི་དམག་དཔུང་འབུམ་ཕྲག་མང་པོ་སླེབས་ནས་དྲག་པོའི་མཚོན་ཆ་ཅི་ཡང་མེད་པའི་བོད་མི་མང་པོ་ཞིག་དམར་གསོད་བཏང། རྒྱུ་ནོར་ཡོད་ཚད་འཕྲོག་བཅོམ་བྱས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་རྩ་ཆེའི་དགོན་པ་དང་ལྷ་སྐུ་ཕོན་ཆེན་པོར་རིན་ཐང་ཅི་ཡང་མ་བརྩིས་པར་གཏོར་བཤིག་བཏང་བ་རེད། ཡིན་ན་ཡང་། སྐབས་དེར་སྟབས་ལེགས་པ་ཞིག་ལ་རྒྱ་མི་དམར་པོའི་གཡོ་འཕྲུལ་དང་མགོ་སྐོར་ལ་མ་ཚུད་པར་རྒྱ་ལག་ལ་༸གོང་ས་མཆོག་འཛིན་བཟུང་ཐུབ་མེད། ཁོང་དང་སྐུ་འཁོར་གཙོས་པའི་བོད་བརྒྱ་ཕྲག་ལྷག་མཉམ་དུ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནང་བཙན་བྱོལ་ལ་བདེ་བར་ཕེབས་ཐུབ་པ་བྱུང་ཡོད། སྐབས་དེར། རྒྱ་གར་ཡང་མཐུན་རྐྱེན་དང་གནས་སྟངས་ཡག་པོ་རང་མེད། གང་ཡིན་ཟེར་ན། དབྱིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ནས་ལོ་མང་པོ་འགྲོ་ཡི་མེད།    ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྐུ་ངལ་ཧ་ཅང་མང་པོ་འཕྲད་ཀྱང་དཔའ་ངར་ཞུམ་མེད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཁོང་གིས་བོད་དོན་ཐོག་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་སྐུ་ལས་ཚད་མེད་པ་བསྐྱོན་གནང་ཡོད། ༸མགོན་པོ་མཆོག་རྒྱ་གར་དུ་ལོ་ངོ་ ༦༥ ལྷག་བཙན་བྱོལ་ནང་སྐྱབས་བཅོལ་དུ་བཞུགས་ནས་བོད་མི་གཙོས་པའི་ཕྱི་རྒྱལ་བ་ཁག་ལ་འཚེ་མེད་ཞི་བའི་ལམ་སྟོན་མང་པོ་གནང་ཡོད། ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་སླེབ་དུས་དེང་རབས་ཤེས་ཡོན་གྱིས་མ་འདང་བ་ལ་གཟིགས་ཏེ་མ་སུ་རིར་བཙན་བྱོལ་ནང་གི་བོད་སློབ་ཐོག་མ་འདི་གསར་འཛུགས་གནང་། ཁོང་གིས་བོད་མི་རྣམས་ལ་ཤེས་ཡོན་ཡར་རྒྱས་ཐོག་ལ་བཀའ་སློབ་རབ་དང་རིམ་པ་གསུངས་གནང་ཡོད། གཙོ་བོ་སློབ་སྦྱོང་བྱེད་དུས། “འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་བྱེད་དགོས།” སྐོར་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད། འདབ་གཤོག་གཉིས་ལྡན་ནི། གཅིག་ང་རང་ཚོ་ཆོས་དང་རིག་གཞུང་སྐད་ཡིག་གི་སྲོལ་རྒྱུན་སློབ་སྦྱོང་དང། གཉིས་པ་དེ། དེང་དུས་ཀྱི་སློབ་སྦྱོང་ཚན་རིག་དང་རིག་གསར་ལ་སློབ་སྦྱོང་གནང་དགོས་པའི་སྐོར་བཀའ་ཡང་ཡང་གནང་གི་ཡོད། དེ་བཞིན་དུ་བཟང་སྤྱོད་ཡ་རབས་གཞན་ཕན་གྱི་བསམ་བློ་ཡག་པོ་དགོས་པའི་སྐོར་ལ་བཀའ་སློབ་ཡང་ཡང་གནང་གི་ཡོད་པའི་སྙིང་པོ་ནི། “མི་གཞན་ལ་ཕན་མ་ཐོགས་ན་གནོད་པ་མ་སྐྱེལ།” ཞེས་པའི་ཐོག་ལ་ཡང་ཡང་ལམ་སྟོན་གནང་གི་ཡོད། དེ་བཞིན་གཞན་ལ་སེམས་པ་བཟང་པོ་བྱེད་དགོས་པ་དང་། ཕན་སེམས་བྱེད་དགོས་སྐོར་བཀའ་སློབ་རིན་ཐང་བྲལ་བ་མང་པོ་གནང། བྱམས་བརྩེའི་འབྱུང་ཁུངས་ཕ་མ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་དགེ་རྒན་དང་པོ་ཡང་ཡིན་བཅས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་ཧ་ཅང་མང་པོ་གནང་ཡོད། ངས་བསམ་པར་ཁོང་ནི་བྱང་ཆུབ་སེམས་དཔའ་དངོས་གཞི་དང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དངོས་རེད། ང་ཚོས་ཁོང་སྐྱབས་གནས་བསླུ་བ་མེད་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོའི་ངང་ཁོང་གི་བཀའ་སློབ་རྣམས་སྙིང་ལ་བཅང་དགོས། ང་ཚོ་ཚང་མས་ཁོང་གི་བཀའ་སློབ་ལམ་སྟོན་གང་གནང་བ་དེ་དག་ལག་ལེན་བསྟར་ནས་མི་ཚེ་ནང་ལ་འཁྱེར་ཐུབ་ན། ང་ཚོ་ཚང་མ་ཤེས་ཡོན་ལྡན་པའི་མི་བཟང་པ་པོ་དང་བོད་མི་ཡག་པོ་ཞིག་ཀྱང་ཆགས་ཀྱི་རེད། ཐུགས་རྗེ་ཆེ།།

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་ཆོས་འཛོམས། དགུ་པ།མ་སུ་རི་སཾ་བྷོ་ཊ་གཏན་སློབ།    སྤྱིར་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ང་ཚོ་ལ་ཐུགས་ཀྱི་གཏིང་ནས་རེ་བ་མང་པོ་གནང་ཡོད་རེད། རེ་བ་དེ་དག་གང་ཡིན་པ་ཤེས་ཐུབ་མཁན་ང་ཚོ་བོད་ཕྲུག་ནང་ལ་བརྒྱ་ཆ་མང་པོ་མེད། ང་ཚོ་བོད་པ་ཚང་མ་བཙན་བྱོལ་བ་ཡིན་པས་ག་དུས་ཡིན་ནའང་རྒྱལ་ཁབ་གཞན་དང་མི་མཚུངས་བ་ཞིག་བྱེད་དགོས། ང་ཚོ་བཙན་བྱོལ་བ་རེད། ཡིན་ནའང་། ང་ཚོའི་སྐད་དང་རིགས་གཞུང་ནི་ད་ལྟ་དུས་རྒྱུན་དུ་ཡར་རྒྱས་འགྲོ་བསྡད་ཡོད། དེ་ནི་༸གོང་ས་མཆོག་གི་བཀའ་དྲིན་རེད། ཁོང་གིས་ང་ཚོའི་ཆེད་དུ་སློབ་གྲྭ་གསར་པ་མང་པོ་བཙུགས་ཡོད། སློབ་གྲྭ་ཐོག་མ་དེ་ནི་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཡིན་པས། དེ་ནང་སྡོད་མཁན་ཚོ་ངེས་པར་དུ་ལྷག་བསམ་ཅན་ཞིག་དགོས་ཀྱི་རེད་བསམ་གྱི་འདུག གུས་མོ་ང་རང་སློབ་གྲྭ་དེའི་སློབ་ཕྲུག་ཡིན་པས་ཆ་ནས་བསོད་ནམས་ཆེན་པོ་ཞིག་ཏུ་ཚོར་གྱི་འདུག་པས། གཞན་ལ་ཕན་ཐོགས་ཡོད་པའི་སློབ་ཕྲུག་ཅིག་བྱེད་དགོས་པའི་བསམ་བློ་ཞིག་རྒྱུན་དུ་གཏོང་གི་ཡོད། ང་ཚོ་བོད་པའི་སློབ་ཕྲུག་སུ་ཞིག་ཡིན་ནའང་བསམ་པ་བཟང་པོ་དང་ལྷག་བསམ་དཀར་པོ་ཞིག་བྱེད་ཐུབ་ན་ཡག་པོ་རེད་བསམ་། རྒྱལ་ཁབ་གཞན་པའི་སློབ་མ་རྣམས་ལའང་མིག་དཔེ་ཡག་པོ་ཞིག་ཆགས་ཐུབ་པར་ཕན་ཐོགས་མང་པོ་ཡོང་གི་ཡོད།  ༸གོང་ས་མཆོག་གིས་རྟག་པར་ང་ཚོ་སློབ་ཕྲུག་དང་ཁོང་ལ་དད་པ་ཡོད་མཁན་རྣམས་ལ་རེ་བ་འདི་འདྲ་གནང་བཞིན་ཡོད་པས་བོད་མི་ཚང་མས་ཁོང་གི་ཞལ་གསུང་ལ་ཉན་རྒྱུ་དེ་ལས་འགན་དང་པོ་དེ་ཡིན་པར་འདོད། བདག་གི་བསམ་ཚུལ་ལ་༸གོང་ས་མཆོག་གི་བོད་པའི་སློབ་གྲྭ་མང་པོ་བཙུགས་པའི་དགོས་དོན་ནི། བོད་ཕྲུག་ཚང་མས་རང་ཉིད་ཀྱི་བོད་ཀྱི་སྐད་དང་རིགས་གཞུང་། ནང་ཆོས། རིགས་ལམ་སོགས་ཀྱི་ཐོག་ལ་སློབ་སྦྱོང་བྱས་ཏེ་ཤེས་དགོས་པར་མ་ཟད། དེང་དུས་ཀྱི་ཤེས་ཡོན་ཡང་ཡོད་མཁན་གྱི་སློབ་མ་ཞིག་བྱེད་ཐུབ་པ་བཅས་ལ་རེ་བ་གནང་གི་ཡོད་པ་དེ་རེད་བསམ། ༸གོང་ས་མཆོག་གིས་དེ་སྐོར་ནས་བཀའ་སློབ་ཐེངས་མང་པོ་གསུངས་ཡོད། འཛམ་གླིང་ནང་གི་སློབ་གྲྭའི་ད་ལྟའི་སློབ་ཚན་གང་ཡོད་པ་རྣམས་དང་། བོད་ཀྱི་རིག་གཞུང་ནང་ཆོས་གཉིས་ལ་སློབ་སྦྱོང་བྱེད་ཐུབ་ན་ལུས་དང་སེམས་གཉིས་སྐྱིད་པོ་བྱས་ཏེ་བསྡད་ཐུབ་པར་༸གོང་ས་མཆོག་ཁོང་གིས་གལ་ཆེན་པོ་བྱས་ནས་གསུང་གི་ཡོད་པ་ང་རང་གིས་མི་གཞན་གྱི་ཁ་ནས་མང་པོ་གོ་མྱོང་། སློབ་མ་ཞིག་ཡིན་ན་ངེས་པར་དུ་སློབ་སྦྱོང་བྱེད་དུས་བློ་རྩེ་གཅིག་ཏུ་སྒྲིམ་ནས་སློབ་སྦྱོང་ལ་ཤུགས་རྒྱག་དགོས་། ང་ཚོར་གལ་ཆེན་ཞིག་ཧ་གོ་དགོས་པ་ནི། ཤེས་ཡོན་སྦྱང་པའི་དགོས་པ་གཙོ་བོ་འདི་ནི་མི་སེམས་པ་བཟང་པོ་ཞིག་ཏུ་འགྱུར་ཐུབ་པ་བྱེད་རྒྱུ་དེ་རེད་བསམ། སེམས་པ་བཟང་པོ་བྱེད་པ་དེ་ཡང་༸གོང་ས་མཆོག་གི་རེ་བ་ཨང་དང་པོ་དེ་ཡང་ཡིན་པར་མ་ཟད། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་ཁ་དཔེ་ཡང་ཡོད། བོད་ཕྲུག་ང་ཚོ་ཚང་མ་ལ་༸གོང་ས་མཆོག་གིས་རེ་བ་དེ་ལྟར་གནང་གི་ཡོད་པ་དེ་ནི། གུས་མོ་ང་རང་གི་ཐོས་པ་དང་ཡིད་དབང་འཕྲོག་བྱུང་། ཁོང་གི་ཐུགས་རེ་གཞན་པ་ཞིག་ཀྱང་ཡོད་པ་ཡང་གོ་མྱོང་། དེ་ནི་ང་ཚོ་བོད་ཕྲུག་ཚང་མ་མེ་ཏོག་ལྡུམ་ར་ནང་གི་མེ་ཏོག་ནང་བཞིན་མ་ཡིན་པར་། ཤིང་ནག་ནང་གི་མེ་ཏོག་དང་རི་ཡི་མགོ་ཡི་མེ་ཏོག་འདྲ་བོ་དགོས་གསུངས་པ་དེ་རེད། རྒྱུ་མཚན་ནི། ལྡུམ་རའི་ནང་གི་མེ་ཏོག་ལ་བདག་བཅེས་བྱེད་དགོས་ཀྱི་ཡོད། ཡིན་ཡང་། ཤིང་ནགས་ནང་གི་མེ་ཏོག་ལ་དེ་འདྲ་བྱེད་དགོས་མེད་པར་ཁོ་རང་ཁོ་རང་སྐྱེ་ཐུབ་ཀྱི་ཡོད་པ་རེད། ཆར་རླུང་སོགས་ཀྱིས་ཞེ་དྲག་གནོད་འཚེ་སྐྱེལ་ཐུབ་ཀྱི་མེད་པ་རེད། གཞོན་ནུ་མ་ང་རང་དེ་དག་ཐོས་པ་ནས་བཟུང་ཤིང་ནགས་ནང་གི་མེ་ཏོག་ནང་བཞིན་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད། བོད་པའི་རིག་གཞུང་གང་ཡིན་པ་ངོས་འཛིན་བྱེད་ཤེས་པ་དེ་ཡང་༸གོང་ས་མཆོག་གི་བོད་ཕྲུག་ང་ཚོ་ལ་བཅངས་པའི་རེ་བ་ཞིག་རེད། བོད་པའི་རིག་གཞུང་ངོ་མ་ནི་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་པ་དེ་ཚང་མའི་ནང་ནས་གལ་ཆེ་ཤོས་དེ་རེད་བསམས། ཁོང་གིས་འཛམ་གླིང་མི་མང་གི་ཆེད་དུ་དེབ་མང་པོ་ལྗགས་རྩོམ་གནང་ཡོད། ཁོང་གིས་ལྗགས་རྩོམ་གནང་བའི་གསུང་རྩོམ་གྲངས་ལས་འདས་པ་ཡོད ཕྱག་དེབ་ཁ་ཤས་ཀྱི་ནང་དོན་ནི་བོད་ཕྲུག་ང་ཚོའི་ཆེད་དུ་ལས་སླ་པོ་གསུངས་ཡོད། ང་ཚོ་༸གོང་ས་མཆོག་གི་རྗེས་འབྲང་པ་ཡིན་པས་ཁོང་གི་གསུང་རྩོམ་དང་། མཛད་རྣམ། བཀའ་སློབ། སོགས་ལ་མ་བལྟས་ན་གཞན་པ་སུ་ཡིག་ལྟ་ཤེས། བོད་ཕྲུག་ང་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པས། ༸གོང་ས་མཆོག་གི་ལམ་སྟོན་གང་གནང་བ་དེ་ལ་ཡག་པོ་བྱས་ནས་ལག་ལེན་བསྟར་དགོས།