བསྟན་འཛིན་དྭངས་སངས། འཛིན་གྲྭ་གསུམ་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་རགཞི་རིམ་འོག་མ། འཛམ་གླིང་འདིའི་ནང་དུ་མི་ཚང་མ་ལ་སོ་སོར་མ་འོངས་པར་མི་ཚེའི་སྐྱིད་པོ་དང་དོན་དང་ལྡན་པ་ཡོང་ཕྱིར་དམིགས་ཡུལ་རེ་་ཡོད། དཔེར་ན། དགེ་རྒན། སྨན་ཞབས་པ། ཞིང་པ། ཁ་ལོ་བ། མ་བྱན། དམག་མི། སྨན་པ། ཉེན་རྟོག་པ། སྦྲག་པ། ཚན་རིག་པ། བཟོ་པ། ཚོང་པ། ཚེམ་བུ་བ། སོགས་ཡོད། ང་རང་ཆེན་པོ་ཆགས་ན་ངའི་དམིགས་ཡུལ་ནི་དགེ་རྒན་ཧ་ཅང་ཡག་པོ་ཞིིག་བྱ་རྩིས་ཡོད། ངས་འཛམ་གླིང་འདིའི་ནང་ལས་རིགས་མང་པོ་ཡོད་པའི་ནང་ནས་ལས་རིགས་རྩ་ཆེ་ཤོས་ནི་དགེ་རྒན་མཐོང་གི་འདུག གང་ཡིན་ཟེར་ན། དགེ་རྒན་བཟང་པོའི་ལམ་སྟོན་འོག་ལས་རིགས་གཞན་ཚང་མ་གྲུབ་པ་ལ་ཕན་ཐོགས་བྱེད་ཀྱི་ཡོད། དགེ་རྒན་ལས་རིགས་དེ་དགེ་རྒན་བཟང་པོ་ཞིག་གི་བསྒྲུབས་ན་དགེ་བ་སྟོང་ཕྲག་མང་པོ་གསོག་ཐུབ་ཀྱི་ཡོད། དེ་ལས་ལྡོག་སྟེ་དགེ་རྒན་གྱི་འགན་ཁུར་དང་ལྷག་བསམ་མེད་པ་ཞིག་གནང་ན། དེ་ནི་ཉེས་དམིགས་ཧ་ཅང་ཆེན་པོ་ཞིག་ཡིན། ང་རང་དགེ་རྒན་ཧ་ཅང་བཟང་པོའམ་ཡག་པོ་ཞིག་བྱེད་རྩིས་ཡོད། དགེ་རྒན་གྱི་ལས་རིགས་ནི་རང་ཉིད་སོ་སོ་ཙམ་མ་ཡིན་པར་མི་གཞན་མང་པོ་ཞིག་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད། དགེ་རྒན་ཞིག་གི་ལས་འགན་གཙོ་བོ་ནི་མ་འོངས་པར་སྤྱི་ཚོགས་ནང་དུ་སློབ་ཕྲུག་གི་མདུན་ལམ་བཟང་སྤྱོད་དང་ལྡན་པ་ཞིག་བཟོ་རྒྱུ་དེ་ཡིན། དེང་གི་དུས་ཚོད་ལ་དགེ་རྒན་འཛིན་ཁང་ནང་དུ་ཕེབས་ནས་སློབ་དེབ་གཅིག་པུ་མ་ཡིན་པར། སློབ་ཕྲུག་རྣམས་ལ་ཡ་རབས་བཟང་སྤྱོད་སློབ་དགོས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། དགེ་རྒན་དང་པོ་ཕ་མ་དང་། ཕ་མ་གཉིས་པ་ནི་དགེ་རྒན་ཡིན་དུས། དགེ་རྒན་ཟེར་བ་དེ་ཧ་ཅང་རྩ་ཆེ་བ་ལ་ཨང་། མ་འོངས་པར་ང་རང་དངོས་སུ་དགེ་རྒན་གྱི་ལས་རིགས་སུ་འཛུལ་སྐབས་སློབ་མ་རྣམས་ལ་ཤེས་བྱ་ཡོན་ཏན་སློབ་པ་དང་། དེང་གི་སྤྱི་ཚོགས་ནང་ཉམས་ཆག་འགྲོ་བཞིན་པའི་བཟང་སྤྱོད་ཐོག་དམིགས་བསལ་གྱིས་དོ་སྣང་བྱས་ནས་བཟང་སྤྱོད་གོང་འཕེལ་ཡོང་ཆེད་ལམ་སྟོན་ཡང་ནས་ཡང་དུ་བྱེད་ཀྱི་ཡིན། ང་རང་གི་རེ་བ་ཆེ་ཤོས་ནི་དགེ་རྒན་ཡག་པོ་ཞིག་བྱ་རྩིས་ཡོད། དམིགས་ཡུལ་དེ་ལམ་ལྷོངས་ཡོང་བ་ལ་ད་ལྟ་ཆུང་དུས་ནས་སྦྱོང་བརྡར་བྱེད་ཀྱི་ཡིན། འཛིན་ཁང་ནང་དུ་དགེ་རྒན་གྱི་ཞལ་ལ་ཡག་པོ་ཉན་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ང་རང་གང་ཤེས་པ་དག་སློབ་གྲོགས་མི་ཤེས་པ་རྣམས་ལ་སློབ་པ། འཛིན་ཁང་ནང་དུ་བཟང་སྤྱོད་ངང་ལས་རིགས་གང་ཞིག་བྱེད་ཀྱང་གཞན་ཕན་གྱི་བློའི་ཐོག་བྱེད་ཀྱི་ཡིན། འཛིན་གྲྭར་དུས་ཐོག་འགྲོ་བ་དང་སྒྲིག་ཆས་གཙང་མ་གྱོན་པ་སོགས་དགེ་རྒན་བཟང་པོའི་གྲ་སྒྲིག་ད་ལྟ་ནས་བྱེད་ཀྱི་ཡིན།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་ནོར་འཛོམས། འཛིན་གྲྭ་ལྔ་པ། མོན་གྷོ་སཾ་བྷོ་ཊ་གཞི་འོག་ཡན་ལག་དང་པོའི་སློབ་གྲྭ། ང་ནི་བོད་གངས་ཅན་པའི་མ་འོངས་སོན་རྩ་ཡིན། ངའི་ཕ་ཡུལ་ནི་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་ཡིན། ང་ཚོའི་བོད་ཀྱི་རྒྱལ་ས་ནི་མཛེས་སྡུག་ལྡན་པའི་ལྷ་ས་ཡིན། དེར་ཡོད་པའི་བརྗིད་ཆགས་ཡིད་འོང་ཕོ་བྲང་པོ་ཏ་ལ་ནི༸་གོང་ས་མཆོག་གི་ཕོ་བྲང་ངམ་བཞུགས་གནས་ཡིན་ཞིང་། ང་ཚོ་བོད་མི་རྣམས་ཀྱི་བློ་ཕུག་གཏད་ས་ཡང་ཡིན། ངའི་ཕ་ཡུལ་བོད་ནི་ཧ་ཅང་རྒྱ་ཆེ་ཞིང་ཁ་རླུང་གཙང་བ་འཛམ་གླིང་ཀུན་གྱི་ཆུ་བོའི་འབྱུང་གནས་ཀྱང་ཡིན། ང་ཚོ་བོད་མི་རྣམས་ཀྱི་སེམས་པ་དཀར་ཞིང་། ཆོས་ལ་དད་པ་ཧ་ཅང་ཆེ་བས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་རོལ་བཞིན་ཡོད། འོན་ཀྱང་རྒྱ་དམར་གྱིས་བོད་ལ་བཙོན་འཛུལ་བྱས་པ་ནས་བཟུང་༸གོང་ས་མཆོག་དབུས་བོད་མི་རྣམས་རང་ཡུལ་བཞག་ནས་གཞནཡུལ་དུ་སྐྱབས་བཙོལ་དུ་མི་ཕེབས་ཀ་མེད་བྱུང་། འོན་ཀྱང་གོང་ས་མཆོག་གིས་དབུ་ཁྲིད་འོག་ང་ཚོ་བོད་ཕྲུག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་ཧ་ཅང་བཟང་བར་བརྟེན་ང་རང་གོ་སྐབས་དེ་བཟུང་བ་མ་ཟད་བོད་ཀྱི་རྒྱལ་ཁབ་སླར་གསོའི་ཆེད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན། ང་ཚོ་བོད་ཀྱི་རིག་གནས་རྣམས་ཉམ་ཆག་སོང་ན་བོད་ཀྱི་རྒྱལ་ཁབ་གསོན་ཐབས་མེད་པས་ངེས་པར་དུ་སློབ་སྦྱོང་ཧུ་ཐག་བྱ་རྒྱུ་དེ་ཡིན། དེ་ནི་ངའི་མའི་རེ་འདུན་ཡིན་པ་མ་ཟད་༸གོང་ས་མཆོག་གི་དགོངས་པ་དང་། མ་འོངས་སོན་རྩའི་ལས་འགན་ཀྱང་རེད། དེ་འདྲ་ཡིན་ཙང་ངས་ཧུར་བཙོན་བྱེད་ཀྱི་ཡིན། ང་ཚོ་བོད་ཀྱི་སྐད་ཡིག་གཉིས་རྨང་གཞིའི་ཐོག་ང་རང་གི་དགའ་ཤོས་དེ་གླུ་གཞས་ཡིན་པས་དེའི་ཐོག་ནུས་པ་རྩལ་འདོན་བྱེད་ཀྱི་ཡིན། བོད་ཀྱི་རིག་གནས་གཙོ་བོ་ནི་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་དེ་ཡིན། ང་ཚོའི་མི་རྣམས་སེམས་བཟང་ཅན་དང་ཀུན་སྤྱོད་བཟང་པོ་ཞིག་བཟོ་ཐུབ་ན་དེ་ནི་བོད་ཀྱི་རིག་གནས་ཀྱི་ནུས་ཤུགས་ཡིན། དེ་ང་ཚོས་ཐབས་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱས་ནས་མི་རྣམས་སེམས་བཟང་དང་སྤྱོད་བཟང་གི་ལམ་དུ་ཁྲིད་ཐུབ། དཔེར་ན། གཞས་ཚིག་བཟང་བ་དང་སྐད་མདངས་སྙན་པས་ཀུན་གྱི་ཡིད་དབང་འཕྲོག་པ་དང་འཁྲབ་རྩལ་བཟང་བས་ཀུན་གྱི་མིག་དཔེར་འོས་པ་སོགས་ལས། སེམས་བཟང་དང་སྤྱོད་བཟང་གི་ལམ་དུ་འགྲོ་ཐུབ་པ་ཡིན། དེ་རིང་ནས་ངས་འབད་བརྩོན་ཆེན་པོས་རང་ནུས་གང་ཡོད་ཀྱིས་ང་ཚོའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མ་འོངས་བོད་ཀྱི་སོན་རྩའི་ལས་འགན་ཕྲག་ཏུ་འཁུར་ནས་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོས་རང་ཉིད་ཤིན་ཏུ་དགའ་བའི་གླུ་གཞས་དང་ཟློས་གར་གྱི་ལམ་ནས་བོད་ཀྱི་སྤྱོད་པ་བཟང་པོ་དེ་དག་མི་མང་གི་་མདུན་དུ་ངོམས་ཐུབ་པའི་འབད་བཙོན་བྱེད་པ་དང་། རང་ཉིད་ཀྱི་འགོ་ཁྲིད་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཟློས་གར་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་པ་སོགས་རང་ཉིད་ཀྱི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་དང་། ཕ་མས་གནང་བའི་བསླབ་བྱ་བཟང་པོ་རྣམས་ཆུ་ཟོས་མི་གཏོང་བར་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ཡང་ངོ་ཚ་མི་དགོས་པ་ཞིག་བཟོ་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པས། ངས་དེ་ལྟར་བྱེད་ཐུབ་པའི་རེ་བ་ཡོད་ལ་དམ་བཅའ་ཡང་དེ་ལྟར་འཇོག་གོ།
ངའི་མ་འོངས་དམིགས་ཡུལ།
བསྟན་འཛིན་མཚོ་མོ། འཛིན་གྲྭ་བཞི་པ། བདེ་སླར་སཾ་བྷོ་ཊ་སི་ལྦི་པི་བོད་སློབ། ངའི་མིང་ལ་བསྟན་འཛིན་མཚོ་མོ་ཡིན། ང་འཛིན་གྲྭ་བཞི་པའི་སློབ་མ་ཡིན། ང་མ་འོངས་པ་ཆེན་པོ་ཆགས་དུས་ང་རང་གི་དམིགས་ཡུལ་གཉིས་ཡོད། དམིགས་ཡུལ་དང་པོ་དེ་སྨན་ཞབས་མ་དང་གཉིས་པ་དེ་བོད་ཡིག་དགེ་རྒན་ཡིན། ང་རང་གི་དམིགས་ཡུལ་དང་པོ་སྨན་ཞབས་མ་ང་རང་ཆུང་ཆུང་སྐབས་ནས་བྱ་འདོོད་ཆེན་པོ་ཡོད། སྨན་ཁང་ནང་སྨན་ཞབས་མ་མཐོང་དུས་སེམས་ནང་ཧ་ཅང་དགའ་པོ་ཡོང་གི་འདུག ང་རང་གི་པ་ལགས་ཀྱིས་ག་དུས་ཡིན་ན་ཆེན་པོ་ཆགས་དུས་མི་དང་སེམས་ཅན་ཚང་མ་ལ་ཕན་ཐོགས་པ་བྱེད་དགོས་པའི་བསླབ་བྱ་རྟག་པར་གནང་གི་ཡོད། པ་ལགས་ཀྱི་བསླབ་བྱ་ག་དུས་ཡིན་ན་སེམས་ནང་དྲན་གྱི་འདུག གལ་སྲིད་མ་འོངས་པ་ལ་ང་རང་ཆེན་པོ་ཆགས་ནས་སྨན་ཞབས་མ་ཆགས་ན་མི་དང་སེམས་ཅན་ཚང་མ་ལ་ཕན་ཐོགས་ཡོང་ས་རེད་བསམ་གྱི་འདུག དཔེར་ན། ང་རང་གི་ཨ་ལྕག་སྒྲོལ་དཀར་ཡང་སྨན་ཞབས་མ་ཞིག་རེད། མོ་རང་ད་ཆ་རྒན་གསོ་ཁང་ལ་སྨན་ཞབས་མའི་ལས་ཀ་བྱེད་ཀྱི་ཡོད། ང་རང་ཡང་མཚམས་མཚམས་ཨ་ལྕག་དང་མཉམ་དུ་རྒན་གསོ་ཁང་ལ་འགྲོ་གི་ཡོད། ཨ་ལྕག་གི་སྤོ་སྤོ་དང་རྨོ་རྨོ་དེ་ཚོ་ལ་སྨན་བཅོས་བྱེད་དུས་ང་རང་སྐྱིད་པོ་ཞེ་དྲག་འདུགཨ་ལྕགས་ཀྱིས་ཁྲག་ཤེད་ལྟ་བ་དང་ནད་པ་ལ་སྨན་སྤྲད་པ་དང་རྨ་ལ་སྨན་བྱུག་པ་ངས་མཐོང་བྱུང་། ཁོང་ཚོས་ཨ་ལྕག་ལ་དགའ་པོ་བྱེད་ཀྱི་འདུག ང་རང་ཡང་ཨ་ལྕག་འདྲ་པོ་བྱ་དགོས་པའི་བསམ་བློ་འཁོར་སོང་། ངའི་པ་ལགས་སྨན་ཞབས་པ་མ་རེད། ཡིན་ནའང་བ་ཕྱུགས་དང་ཁྱི་ལ་སྨན་བཅོས་བྱེད་ཀྱི་ཡོད། དེའི་སྐབས་པ་ལགས་ཀྱིས་ང་ལ་སེམས་ཅན་དེ་ཚོ་ཕན་ཐོགས་བྱེད་དགོས་རེད་ལབ་ཀྱི་ཡོད། ཁོང་ཚོ་ན་དུས་ཁ་ནས་སྐད་ཆ་བཤད་ཐུབ་ཀྱི་མ་རེད། དེ་འདྲ་སོང་ཙང་ང་ཚོ་མི་ཚོས་བསམ་བློ་གཏོང་ཐུབ་ཀྱི་ཡོད་ཙང་སེམས་ཅན་ལ་སྙིང་རྗེ་སྐྱེས་ནས་ཁོང་ཚོ་ལ་རོགས་པ་བྱ་དགོས་ལབ་ཀྱི་ཡོད། ང་རང་མ་འོངས་པ་ལ་སྨན་ཞབས་མ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད། མ་འོངས་པར་སྨན་ཞབས་མ་ཡི་སློབ་སྦྱོང་ཐོན་ཚར་བའི་རྗེས་ལ་སོ་སོའི་སྨན་ཁང་ནང་ལས་ཀ་བྱེད་པ་དང་མཉམ་དུ་སོ་སོ་སྡོད་སའི་ལུང་པའི་ནང་། ནད་པ་དང་དཀའ་ངལ་ཡོད་མཁན་མི་རྣམས་ལ་རོགས་པ་བྱེད་ཐུབ་པ་བྱེད་ཀྱི་ཡིན། དཔེར་ན་ཁྲག་ཤེད་ལྟ་བ་དང་ཁབ་རྒྱག་པ་སོགས་སོ་སོ་ལ་ཡང་ན་ཚའི་སྐོར་མང་པོ་ཤེས་པ་དང་། མི་གཞན་ལ་ཡང་འགྲེལ་བཤད་རྒྱག་པ་སོགས་ཕན་ཐོགས་རྒྱ་ཆེན་པོ་བྱེད་ཐུབ་ས་རེད། དེང་སང་ཕྱི་རྒྱལ་ལུང་པ་ཁག་ལ་སྨན་ཞབས་མའི་ལས་ཀ་ལས་སླ་པོ་རག་གི་རེད་ལབ་ཀྱི་འདུག སྨན་ཞབས་མའི་ལས་ཀ་དེ་བརྒྱུད་ནས་སོ་སོ་ཡིས་གཞན་ལ་སེམས་པ་བཟང་པོ་དང་སྙིང་རྗེ་བྱས་པ་ཡིན་ན། སོ་སོ་དང་ནང་མི་སེམས་ཅན་ཚང་མ་ལ་ཕན་ཐོགས་ཡོད་པའི་ལས་ཀ་ཡག་པོ་ཞིག་རེད་དྲན་གྱི་འདུག ལོ་གཅིག་གཉིས་གོང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་རིམས་དེ་འཛམ་བུའི་གླིང་ལ་ཁྱབ་པའི་སྐབས་ལ་སྨན་པ་དང་སྨན་ཞབས་མ་ཚོས་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། གལ་སྲིད་སྨན་ཞབས་མའི་ལས་ཀ་བྱེད་མི་ཐུབ་ན་ང་རང་གི་དམིགས་ཡུལ་གཉིས་པ་དེ་དགེ་རྒན་ཞིག་བྱ་རྒྱུ་དེ་ཡིན། དགེ་རྒན་གྱིས་སྨན་ཞབས་མ་ནང་བཞིན་མི་མང་པོ་ལ་ཕན་ཐོགས་བྱེད་ཐུབ་ཀྱི་རེད། ང་ཚོའི་སློབ་གྲྭའི་ནང་དགེ་རྒན་མང་པོ་ཡོད། རྒན་ལགས་ཚང་མ་སློབ་སྦྱོང་ཡག་པོ་ཡོདལ་པ་དང་སྤྱོད་པ་ཡང་ཡག་པོ་ཡོད་ལ། དུག་ལོག་ཀྱང་གཙང་མ་གྱོན་ནས་སློབ་གྲྭ་ལ་ཕེབས་དུས་ང་རང་གི་སེམས་དགའ་པོ་དང་སྐྱིད་པོ་ཡོང་གི་འདུག རྒན་ལགས་ཚོས་ང་ཚོར་སློབ་སྦྱོང་ཡག་པོ་བསླབ་པ་དང་མཉམ་དུ་བྱམས་སྐྱོང་གནང་གི་འདུག ང་རང་རྒན་ལགས་ཚང་མར་གུས་ཞབས་དང་རྒན་ལགས་ཀྱི་ཁ་ལ་ཉན་པོ་བྱེད་ཀྱི་ཡོད། དང་པོ་ང་རང་སློབ་སྦྱོང་ལ་དོ་སྣང་མེད་པ་དང་རྩེད་མོ་རྩེ་རྒྱུར་དགའ་པོ་ཡོད། རྗེས་སུ་རྒན་ལགས་ཀྱིས་བསླབ་བྱ་གནང་བ་ལ་བརྟེན་ནས་སློབ་སྦྱོང་ལ་དོ་སྣང་དང་ཡར་རྒྱས་འགྲོ་སོང་། ང་ཚོའི་བོད་ཡིག་དགེ་རྒན་བསྟན་འཛིན་སྨིན་སྒྲུབ་ལགས་ཡིན། རྒན་ལགས་ཀྱིས་ང་ཚོར་བོད་ཡིག་འབྲི་སྟངས་དང་ཀློག་སྟངས་ཚིག་སྒྲུབ་བཟོ་སྟངས་སོགས་བྱམས་དང་བརྩེ་བའི་ཐོག་ནས་སློབ་གནང་གི་འདུག དེ་འདྲ་སོང་ཙང་ང་རང་ཡང་རྒན་ལགས་ནང་བཞིན་བོད་ཡིག་དགེ་རྒན་ཡག་པོ་ཞིག་བྱ་ནས་བོད་པའི་ཕྲུ་གུ་ཚོར་བོད་ཡིག་ཡག་པོ་བསླབ་རྒྱུ་ཡིན། ང་ཚོ་བོད་ནང་ལ་རྒྱ་མིས་བོད་པའི་ཕྲུ་གུ་ལ་བོད་ཡིག་བསླབ་བཅུག་གི་མེད། ཡིན་ནའང་། ང་ཚོ་རྒྱ་གར་རང་བཙན་ལུང་པར་སོ་སོའི་རིག་གཞུང་བདག་པོ་རྒྱག་པ་ལ་བོད་པ་ཚང་མས་བོད་ཡིག་ཤེས་དགོས། དགེ་རྒན་གཅིག་གིས་སློབ་ཕྲུག་མང་པོ་ལ་སློབ་སྦྱོང་སྤྲད་ཐུབ་པ་དང་སློབ་ཕྲུག་ཚོས་མི་མང་པོ་ལ་སློབ་སྦྱོང་སྤྲད་ནས་བོད་མི་ཚང་མ་སློབ་སྦྱོང་ཡོད་པ་ཞིག་བཟོ་ཐུབ་པ་བྱ་རྒྱུ་དེ་ཡིན། ང་རང་གི་དམིགས་ཡུལ་ད་གཉིས་ནས་ག་རེ་བྱེད་ཐུབ་པ་ཡིན་ན་དགའ་པོ་ཡོང་ས་རེད། ང་རང་གི་དམིགས་ཡུལ་འགྲུབ་སོང་ན་མི་ཚང་མ་ལ་ཕན་ཐོགས་པ་ཞིག་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་ནོར་སྒྲོན། འཛིན་གྲྭ་ལྔ་པ། མོན་གྷོ་སཾ་བྷོ་ཊ་གཞི་འོག་ཡན་ལག་དང་པོའི་སློབ་གྲྭ། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་དོ་བདག་སོ་སོ་ལ་དམིགས་ཡུལ་ངེས་པར་དུ་དགོས། གལ་སྲིད་མི་ལ་དམིགས་ཡུལ་ཡོད་ན་མི་དེ་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་རེད། གལ་སྲིད་མི་ལ་དམིགས་ཡུལ་མེད་ན་མི་དེ་མི་ཚེ་བསྐྱལ་ཁག་པོ་ཆགས་ཀྱི་རེད། དེ་འདྲ་བྱུང་ན་ང་ཚོ་མི་ལུས་ཐོབ་པ་ཆོ་མེད་ཆགས་ཀྱི་རེད། སྤྱིར་བཏང་མི་ལུས་རིན་ཆེན་དེ་གསེར་ལས་དཀོན་ཞེས་བཤད་སྲོལ་ལྟར་ང་ཚོས་དུས་ནམ་ཡང་འཕྲོ་བརླག་གཏོང་རྒྱུ་མེད། ང་ཚོའི་དམིགས་ཡུལ་དེ་འགྲུབ་པར་བྱེད་པར་དཀའ་ངལ་མང་པོ་ཡོང་གི་རེད། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་པ་ལས། ལམ་སང་སེམས་ཤུགས་ཆག་རྒྱུ་མེད། མི་སུ་འདྲ་ཞིག་ཡིན་ཡང་དཀའ་ངལ་མེད་པའི་གྲུབ་འབྲས་ཐོབ་རྒྱུ་ཞིག་མེད། དཔེར་ན། ཚན་རིག་པ་སྐད་གྲགས་ཆེན་པོ་ཞིག་ཡིན་ཡང་། ཁོང་གིས་བརྟག་དཔྱད་གང་འདྲ་ཞིག་བྱས་ཀྱང་དེ་ལ་ཐེངས་གཅིག་ལ་གྲུབ་འབྲས་ཐོབ་པ་དང་། ལས་དོན་འགྲུབ་པ་བྱུང་བ་ཧ་ལམ་མེད་པ་རེད། ཡིན་ན་ཡང་། ཁོང་གིས་དཀའ་ངལ་དེ་ལ་གདོང་ལེན་བྱས་ནས་གྲུབ་འབྲས་ཐོབ་པ་བྱུང་ཡོད། སྤྱིར་བཏང་མི་ཡི་མི་ཚེའི་ནང་དཀའ་ངལ་མང་པོ་འབྱུང་གི་རེད། དེ་ལ་ལམ་སང་གདོང་ལེན་དང་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད། ངའི་དམིགས་ཡུལ་ནི་དགེ་རྒན་ཞིག་ཡིན། གང་ཡིན་ཟེར་ན། མིའི་མི་ཚེའི་མདུན་ལམ་ཆེད་དུ་དགེ་རྒན་ལས་ལྷག་་པ་སུ་ཡང་མེད། དགེ་རྒན་གྱིས་མིའི་མི་ཚེའི་མདུན་ལམ་ལས་སླ་པོའི་ངང་ཡག་པོ་ཅིག་བཟོ་ཡི་ཡོད། ཕྲུ་གུ་ཆུང་དུས་ནས་ཕ་མས་བྱམས་སྐྱོང་དང་བཟང་སྤྱོད་ཀྱི་བསླབ་བྱ་བརྒྱབ་ཀྱི་ཡོད། དེའི་རྗེས་དགེ་རྒན་གྱིས་སློབ་ཕྲུག་ཚོར་སློབ་སྦྱོང་དང་སྤྱོད་པ། ལྷག་བསམ། སྒྲིག་འཛུགས་སོགས་སློབ་ཀྱི་ཡོད། དགེ་རྒན་གྱིས་སློབ་ཕྲུག་ལ་དགའ་སྡུག་གི་དབྱེ་བ་དང་སོ་སོའི་རྣམ་སྤྱོད་བེད་སྤྱོད་བྱེད་སྟངས་བཅས་སློབ་ཀྱི་ཡོད། དགེ་རྒན་གྱིས་སློབ་ཚན་ཁག་པོ་རྣམས་ལས་སླ་པོ་དང་། དངོས་ཡོད་གནས་ཚུལ། འཕྲུལ་ལས་རིག་པ་བེད་སྤྱོད་བྱས་ནས་སློབ་ཀྱི་ཡོད། དགེ་རྒན་གྱིས་སློབ་ཕྲུག་སོ་སོའི་འཇོན་ཐང་ལ་དཔག་པའི་ཡར་རྒྱས་དང་གདེང་ཚོད་སླེབས་སྟངས་ཐོག་བློ་སྟོབས་སྤེལ་བ་བཟོ་ཡི་ཡོད། སྤྱི་ཚོགས་དང་རྒྱལ་ཁབ་ཡར་རྒྱས་འགྲོ་བ་ལ་དགེ་རྒན་ཡག་པོ་ཞིག་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན། མ་འོངས་པའི་སོན་རྩ་ཡག་པོ་ཞིག་མེད་ན། སྤྱི་ཚོགས་དང་རྒྱལ་ཁབ་ལ་དཀའ་ངལ་འཕྲད་ཀྱི་རེད། ང་རང་དགེ་རྒན་ཞིག་བྱེད་འདོད་ཀྱི་དམིགས་ཡུལ་ནི་མི་གཞན་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་རྒྱུའི་ཆེད་ཡིན། མི་གཞན་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་ཐུབ་ན་མི་དེ་མི་ཚེ་སྐྱིད་པོ་དང་སྤྱི་ཚོགས་ལ་ཞབས་ཞུ་ཡག་པོ་ཞུ་ཐུབ་མཁན་ཞིག་ཡོང་གི་རེད། དེ་འདྲ་སོང་ཙང་ངའི་དམིགས་ཡུལ་ནི་དགེ་རྒན་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་དབྱངས་ཅན། འཛིན་གྲྭ་གསུམ་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་གཞི་རིམ་འོག་མ། ངའི་མིང་ལ་བསྟན་འཛིན་རྣམ་དཀར་ཟེར་གྱི་ཡོད། གུས་མོ་རང་ལོ་བརྒྱད་ཡིན། འཛིན་རིམ་གསུམ་པ་ཡིན། ངའི་སློབ་གྲྭའི་་མིང་ལ་སཾ་བྷོ་ཀེལཱཤ་པུ་ར་ཡིན། ང་འཛིན་རིམ་དང་པོ་ནས་གཞས་དང་ཞབས་བྲོ་ལ་དགའ་པོ་ཡོད། ངའི་མ་འོངས་པའི་དམིགས་ཡུལ་ནི་ཟློས་གར་དགེ་རྒན་བྱ་རྩིས་ཡོད། གང་ཡིན་ཟེར་ན་བོད་པའི་གཞས་དང་ཞབས་བྲོ་ནི་རིག་གཞུང་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་དུས། ང་ཚོས་བོད་ཀྱི་རིག་གཞུང་ལ་བདག་གཉེར་བྱ་རྒྱུ་ནི་གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་རེད། ང་རང་ལ་ཆ་མཚོན་ན་གཞས་དང་ཞབས་བྲོ་ལ་ཧ་ཅང་དགའ་པོ་ཡོད། དམིགས་བསལ་གྱིས་རེས་གཟའ་ལྷག་པ་ནམ་ཡིན་ལ་སློབ་གྲྭར་ཞོགས་པ་བསང་གསོལ་དང་ལྷག་དཀར་སྲུང་བརྩི། དེ་བཞིན་སྒོར་གཞས་འཁྲབ་སྲོལ་ཡོད་ཙང་། ང་རང་རེས་གཟའ་བདུན་གྱི་ནང་ནས་རེས་གཟའ་ལྷག་པ་སྐྱིད་ཤོས་ཡིན་པ་ནི་གཞས་འཁྲབ་རྒྱུ་ཡོད་པ་དེའི་རྐྱེན་གྱིས་རེད། དེ་འདྲ་སོང་ཙང་ང་རང་ཟློས་གར་དགེ་རྒན་བྱེད་འདོད་ཡོད། ང་རང་སེམས་སྐྱིད་པོ་ཡོང་བའི་ཆེད་དུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་ཀྱི་ཡོད། ཟློས་གར་གྱི་དམིགས་བསལ་ཁྱད་ཆོས་ཤིག་ནི་སོ་སོ་སྐྱིད་པོ་ཡོང་བ་མ་ཟད་མི་གཞན་མང་པོ་ཞིག་ཀྱང་སྐྱིད་པོ་བཟོ་ཐུབ་ཀྱི་ཡོད། དེ་ཡང་ཆོས་རེད་དྲན་གྱི་འདུག ང་རང་ཉིད་ཀྱིས་དོ་སྣང་ལ་ཟློས་གར་དགའ་པོ་ཡོད་མཁན་གྱི་མི་དེ་ནི་ནམ་རྒྱུན་ནས་སེམས་སྐྱིད་པ་དང་། རྒས་རྒྱུ་ཞེ་དྲགས་མེད་པ། མི་གཞན་དང་མཐུན་པོ་ཡོད་མཁན་འདྲ་པོ་མཐོང་བྱུང་། དེ་ནི་ངའི་བསམ་ཚུལ་ཡིན། མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་སོ་སོར་མ་འོངས་པར་དམིགས་ཡུལ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། དམིགས་ཡུལ་མེད་པའི་མི་ཞིག་ཡིན་ན་མུན་པའི་ནང་དུ་འཁྱམས་བཞིན་པ་ལྟ་བུ་ཆགས་ཀྱི་རེད། དེ་སོང་ཙང་དམིགས་ཡུལ་རེ་ཟུང་བཟུང་ནས་དེའི་ཐོག་རྒྱུན་དུ་འབད་བརྩོན་བྱ་རྒྱུ་ནི་མིའི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཟློས་གར་དགེ་རྒན་བྱས་ན་ང་ཚོའི་བོད་པའི་སློབ་ཕྲུག་ལ་གཞས་དང་ཞབས་བྲོ། རོལ་ཆ་ཡག་པོ་སློབ་ཀྱི་ཡིན། གཞས་ནི་རིག་གནས་གཞན་དང་གཅིག་མཚུངས་ཀྱིས་གལ་ཆེན་པོ་ཆགས་ཡོད། མི་ཞིག་ལ་སྒྱུ་རྩལ་གང་ཙམ་མང་བ་ཡོད་ན་བཟང་བས། ཟློས་གར་ནི་མིའི་མིི་ཚེའི་བརྒྱུད་ལམ་དུ་ཧ་ཅང་གལ་ཆེ་བའི་སྒྱུ་རྩལ་ཞིག་རེད། ང་ཚོ་སློབ་གྲྭ་སཾ་བྷོ་ཀེལཱཤ་པུ་རའི་ཟློས་གར་རྒན་ལགས་ཀྱིས་གཞས་དང་ཞབས་བྲོ་དཔེ་ཡག་པོ་སློབ་ཀྱི་རེད། ཁོང་ལ་མིག་དཔེ་བལྟས་ནས་ང་མ་འོངས་པ་ཟློས་དགེ་བྱ་འདོད་ཡོད། ངའི་དམིགས་ཡུལ་འདིའི་ཐོག་འབད་བརྩོན་ཡག་པོ་བྱ་རྒྱུ་ཡིན།
ངའི་དམིགས་ཡུལ།
བསྟན་འཛིན་མི་དབང་། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དམིགས་ཡུལ་ནི་མིའི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་རེད། ལས་ཀ་དང་སློབ་སྦྱོང་གང་འདྲ་ཞིག་བྱས་ཀྱང་དམིགས་ཡུལ་ནི་ངེས་པར་དུ་ཡོད་དགོས་པ་རེད། གལ་སྲིད་དམིགས་ཡུལ་མེད་པར་ལས་ཀ་དང་སློབ་སྦྱོང་གང་འདྲ་ཞིག་བྱས་ཀྱང་འབྲས་བུ་ཡག་པོ་ཞིག་འགྲུབ་མི་སྲིད། ང་ཚོ་སློབ་ཕྲུག་ཚང་མས་དམིགས་ཡུལ་འདྲ་མིན་སྣ་ཚོགས་ཤིག་སོ་སོའི་སེམས་ལ་བཅངས་ཡོད། དཔེར་ན། སློབ་ཕྲུག་ཁ་ཤས་ནི་ཆེན་པོ་ཆགས་རྗེས་དགེ་རྒན་བྱ་རྒྱུའི་དམིགས་ཡུལ་དང་། ཁ་ཤས་ནི་སྨན་པ། ཁ་ཤས་ནི་ཆབ་སྲིད་པ། ཁ་ཤས་ནི་གཞུང་ཞབས་པ། ཁ་ཤས་ནི་ཚན་རིག་པ་སོགས་ཧ་ཅང་མང་པོ་ཡོད། བྱས་ཙང་ངས་ད་ལྟ་ནས་དམིགས་ཡུལ་བརྟན་པོ་ཞིག་བཟུང་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་ཡོད། ངའི་མ་འོངས་པའི་དམིགས་ཡུལ་ནི་ང་མ་འོངས་པར་ཆེན་པོ་ཆགས་དུས་ཨར་ལས་འཆར་འགོད་པ་ཞིག་བྱ་རྒྱུ་ཡིན། དམིགས་ཡུལ་དེེ་སྒྲུབ་ཆེད་ངའི་པ་ལགས་ཀྱིས་འཆར་འགོད་གནང་བའི་ཁང་པའི་རི་མོ་འདྲ་མིན་ཁག་ལ་བལྟས་ནས་ཉམས་མྱོང་གསོག་རྒྱུ་དང་། རྒྱ་གར་ཨར་ལས་འཆར་འགོད་པ་མང་པོས་བརྩམས་པའི་དེབ་ནས་སློབ་སྦྱོང་བྱ་རྒྱུ་ཡིན། ལྷག་པར་དུ་ང་བོད་པའི་དགོན་པ་དང་ལྷ་ཁང་སོགས་ཀྱི་སྐོར་ལ་འཆར་འགོད་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད། ངས་ཨར་ལས་འཆར་འགོད་པ་བྱེད་རྒྱུའི་དམིགས་ཡུལ་དེ་འདེམས་དགོས་པའི་རྒྱུ་ཚན་ནི། དང་པོ་ངའི་པ་ལགས་ཀྱང་ཨར་ལས་འཆར་འགོད་པ་ཞིག་རེད། གཉིས་པ་ནི་ང་ནམ་རྒྱུན་དུ་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད། གསུམ་ནི་ང་ཁང་པའི་རི་མོ་འབྲི་འདོད་ཆེན་པོ་ཡོད། བཞི་པ་ནི་ངའི་པ་ལགས་ཀྱིས་ཀྱང་ང་ལ་དུས་རྟག་ཏུ་ཨར་ལས་འཆར་འགོད་པའི་ལས་ཀ་དེ་ཧ་ཅང་ཡག་པོ་ཡོད་པའི་སྐོར་མང་པོ་གསུངས་གནང་གི་འདུག། དེར་བརྟེན་ངས་ཨར་ལས་འཆར་འགོད་པ་བྱེད་རྒྱུའི་དམིགས་ཡུལ་དེ་བཟུང་པ་ཡིན། ངས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་དམིགས་ཡུལ་དེ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན།