Skip to main content
ཤེས་རིག་ལས་ཁུངས།

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

ཤེས་རབ་བློ་གྲོས།འཛིན་རིམ་བཅུ་གཉིས། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། འཛམ་གླིང་གོ་ལ་ཆེན་པོ་འདིའི་སྟེང་རྒྱལ་ཁབ་འདྲ་མིན་ཡོད་པའི་ནང་ནས་བོད་ནི་ས་མཐོ་ཤོས་ཡིན་པས། ང་ཚོའི་བོད་ལ་མཐོ་སྒང་ཟེར། ཕྱོགས་བཞི་གངས་རི་བསྐོར་ཡོད་པས་གནམ་གཤིས་སྤྱི་ཡོངས་ནས་གྲང་མོ་ཡོད། མཁའ་རླུང་སིལ་པོ་དང་ཁོར་ཡུག་གཙང་མ་ཡིན་པས་ནད་དང་ན་ཚ་ཡང་ཉུང་བ་ཡོད། བོད་མི་ཚོས་རང་རང་གི་འཚོ་བ་འདྲ་མིན་སྐྱེལ་གྱི་ཡོད། མང་ཆེ་བ་ཞིང་པ་དང་དེ་ནས་འབྲོག་པ། ཚོང་པ། ཨར་ལས། བཟོ་རིགས་ཀྱི་ལག་ཤས་རིགས་དང་སྨན་པ། གཞུང་ཞབས་པ། དམག་མི་སོགས་ཀྱང་ཡོད། བོད་མི་ཡི་འཚོ་བའི་རིགས་འདྲ་མིན་ནང་ནས་ད་ལན་གུས་པས། ང་ཚོ་བོད་ཀྱི་འབྲོག་པའི་སྐོར་རང་རྩོམ་ཚིག་ལྷུག་ཞིག་སེམས་ལ་གང་དྲན་པ་དང་སྔ་མ་གང་ཐོས་པ་སོགས་ཡིག་ཐོག་ཏུ་འགོད་རྒྱུ་ཡིན། སྤྱིར་འབྲོག་པ་ཞེས་པ་ནི། སྒོ་ཕྱུགས་སེམས་ཅན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་དང་ས་གནས་གཅིག་ནས་གཞན་ལ་སོ་སོའི་དགོས་མཁོ་བཞིན་གནས་སྤོས་བྱེད་མཁན་ལ་གོ་དགོས། འབྲོག་པའི་མི་ཚེ་ནི་འཚོ་རྟེན་གཞན་དང་མི་འདྲ་བ་སེམས་ཅན་གྱི་གནས་སྟངས་དང་བསྟུན་དགོས་ཀྱི་ཡོད། སེམས་ཅན་གསོ་སྐྱོང་ཡག་པོ་བྱུང་ན་འབྲོག་པའི་འཚོ་བ་ཡང་བདེ་སྐྱིད་ངང་ཡོང་གི་ཡོད། ཁོ་ཚོས་ཉིན་གྱི་ཟས་རིགས་ནི་མང་ཆེ་བ་རྩམ་པ་དང་ཤ མར། བོད་ཇ། པགས། ཞོ། ཕྱུ་ར། འོ་མ་སོགས་སེམས་ཅན་ལས་ཡོང་གི་ཡོད། དབྱར་དགུན་གྱི་གནམ་གཤིས་འགྱུར་སྐབས་ས་ཆ་ཡང་དགོས་མཁོ་བཞིན་འགྱུར་བ་གཏོང་གི་ཡོད་པས། ལོ་གཅིག་ནང་གནས་སྤོས་ཐེངས་གཉིས་གསུམ་བྱེད་དགོས་ཀྱི་ཡོད། བོད་ཀྱི་འབྲོག་པ་ནི་བོད་ཀྱི་ས་ཆ་འདྲ་མིན་མ་ཟད་རྒྱ་གར་གྱི་ས་མཚམས་སོགས་སུ་ཡང་མཐོང་རྒྱུ་ཡོད། ད་ལྟ་རྒྱ་གར་གྱི་ས་མཚམས་ལ་དྭགས་སོགས་སུ་ཡོད་པའི་འབྲོག་པ་དེ་ཚོ་སྔ་མོ་བོད་ཀྱི་ས་མཚམས་ཀྱི་འབྲོག་པ་དེ་དག་ཡིན། འབྲོག་པའི་ཁྱིམ་ཚང་སོ་སོ་ལ་རང་རང་གི་ནོར་ལུག་མང་ཉུང་གི་ཁྱད་པར་ཡོད། ནོར་ལུག་གཡག་གཅིག་ལ་རིན་པ་རྒྱ་སྒོར་འབུམ་གཅིག་ལྷག་ཡིན་པས། འབྲོག་པ་སུ་ལ་ནོར་ལུག་སེམས་ཅན་མང་བ་དེ་ཚོ་ངོ་མ་ཕྱུག་པོ་ཡིན། འབྲོག་པ་ཚོས་རང་གི་བུ་ཕྲུག་ལ་སེམས་ཅན་གསོ་སྐྱོང་གི་སློབ་སྦྱོང་རང་ཁྱིམ་དུ་སློབ་ཀྱི་ཡོད་པས། འབྲོག་པའི་ཕྲུག་གུ་ཆུང་ཆུང་མང་ཆེ་བས་ནོར་ལུག་དང་གྲོགས་པོ་སྒྲིག་ཐུབ་པ་མ་ཟད། ཁོ་ཚོས་ནོར་ལུག་གི་ལུས་ཀྱི་རྣམ་འགྱུར་ལས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ཚོ་ང་ཚོའི་སློབ་གྲྭའི་ཁོར་ཡུག་ནང་སྦྱོང་རྒྱུའི་གོ་སྐབས་མེད། འབྲོག་པའི་ཁྱིམ་ཚང་ནང་གི་ནང་མི་རྒན་གཞོན་ཚང་མས་ལས་ཀ་གང་ཡིན་ཡང་མཉམ་རུབ་ཐོག་བྱེད་ཀྱི་ཡོད། ཚང་མ་གཅིག་མཐུན་དང་ཕན་ཚུན་གུས་བཀུར་ཆེན་པོ་ཡོད། འབྲོག་པ་མང་ཆེ་བ་ལ་དེང་དུས་ཀྱི་ཤེས་ཡོན་མེད་ཀྱང་རང་ཉིད་ཀྱི་མི་ཚེ་ལ་སྟངས་འཛིན་དང་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་པ། ཁྱིམ་ཚང་ཇི་ལྟར་སྐྱོང་དགོས་པ་སོགས་ཀྱི་སྐོར་ལ་ལེགས་པོ་ཤེས་ཀྱི་ཡོད། འབྲོག་པས་རང་རང་གི་སེམས་ཅན་ལ་ལྟ་ལྟོགས་བྱེད་སྟངས་དེ་ཕ་མ་ཞིག་གི་རང་གི་ཕྲུག་གུ་ལ་ལྟ་ལྟོགས་དང་གསོ་སྐྱོང་བྱེད་པ་བཞིན་བྱེད་ཀྱི་ཡོད། ཁོ་ཚོའི་མི་ཚེ་ནི། སྤངས་རྩ། རྒྱུགས་ཆུ། ཐང་། རི། ཆུ་མིག སེམས་ཅན། བཅས་ཕྱིའི་ཁོར་ཡུག་དང་ཤིན་ཏུ་ཐག་ཉེ་བོའི་འཚོ་བ་སྐྱེལ་གྱི་ཡོད་པས། བོད་ཀྱི་འབྲོག་པ་མང་ཆེ་བའི་ལུས་སྟོབས་ཆེ་བ་དང་གཟུགས་པོ་བེད་ཐང་ངང་ལས་ཀ་དུས་ཡུན་རིང་པོ་བྱེད་ཐུབ་ཀྱི་ཡོད། འབྲོག་པས་མེ་ཐབ་གཏོང་ཆེད་ཤིང་གི་ཚབ་ཏུ་སྒོ་ཕྱུགས་སེམས་ཅན་གྱི་ལྕི་བ་བེད་སྤྱོད་ཆེན་པོ་བྱེད་ཀྱི་ཡོད། ཁྱིམ་ཚང་གི་ཕོ་མོ་དབྱེ་འབྱེད་མེད་པར་ཚང་མས་ལས་ཀ་འདྲ་མཉམ་བྱེད་ཀྱི་ཡོད། འབྲོག་ཁྱིམ་ནང་བོད་ཀྱི་ནང་བཞིན་མཆོད་པའི་རྟེན་མཚོན་ཆེད་དུ་སངས་རྒྱས་ཀྱི་སྐུ་པར་དང་སྐུ་འདྲ། ཐང་ཀ […]

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

རིན་ཆེན་དཔལ་སྒྲོན།འཛིན་རིམ་བཅུ་གཅིག སཾ་བྷོ་ཊ་ཧར་པ་པུར་ཉིན་སློབ། སྤྱིར་འབྲོག་པ་ཞེས་པ་ནི་གཏན་སྡོད་ཀྱི་ཁང་ཁྱིམ་ཞིག་མེད་པར། གནས་གཞན་དང་གཞན་དུ་གནས་སྤོས་ཀྱི་འཚོ་བ་སྐྱེལ་མཁན་ཞིག་ཡིན། ཁོང་ཚོའི་འཚོ་བ་གཙོ་བོ་ནི་རྟ་ནོར་ལུག་གསུམ་ལ་བརྟེན་གྱི་ཡོད། རྟ་ནོར་ལུག་གསུམ་གྱི་འཚོ་ཐབས་ཆེད་འབྲོག་པ་རྣམས་ནས་དུས་ནས་དུས་སུ་རྩྭ་བཟང་དང་ཆུ་བཟང་དུ་གནས་སྤོས་བྱེད་ཀྱི་ཡོད། བོད་མི་རིགས་ཀྱི་ཐོག་མའི་འཚོ་ཐབས་ནི་འབྲོག་པ་ཡིན་པ་དང་། བོད་ལ་དུས་ཚོད་འཕོ་འགྱུར་གྱིས་ཕྱིས་སུ་ས་མ་འབྲོག་དང་། ཞིང་པ། དེ་བཞིན་གྲོང་ཁྱེར་གྱི་འཚོ་བ་བཅས་སུ་འགྱུར་ལྡོག་བྱུང་བ་ཞིག་ཡིན། འབྲོག་པའི་འཚོ་བ་ནི་བོད་མི་རིགས་ཀྱི་ཆེས་ཐོག་མའི་འཚོ་ཐབས་ཤིག་ཡིན་སྟབས་བོད་མི་རིགས་ཀྱིས་འབྲོག་ཐབས་ལ་དགའ་ཞེན་དང་བརྩེ་སེམས་ཤིག་ཡོད། བོད་ནི་འཛམ་གླིང་གི་མཐོ་སྒང་དུ་གནས་ཡོད་པས་ཕར་འགྲོ་ཚུར་འགྲོ་བྱེད་པའི་འགྲུལ་བསྐྱོད་ཀྱི་ལམ་ཁ་ཡག་པོ་མེད་སྟབས། བོད་མི་རིགས་ཀྱི་འགྲིམ་འགྲུལ་ནི་གཙོ་བོ་ནོར་གཡག་ལ་བརྟེན་ནས་འགྲུལ་བཞུད་བྱེད་བཞིན་ཡོད། ནོར་གཡག་ནི་བོད་ཀྱི་འབྲོག་པ་རྣམས་ཀྱི་གཅེས་ནོར་ཡིན་ལ། འབྲོག་པའི་འཚོ་ཐབས་ཀྱི་བླ་སྲོག་ཅིག་ཀྱང་ཡིན། འབྲོག་པའི་གཅེས་ནོར་གཡག་ལ་བོད་མི་རིགས་ཀྱི་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་སྙན་མོ་ཞིག་འབོད་བཞིན་ཡོད། ང་ཚོ་བོད་མི་རིགས་ཀྱི་འབྲོག་པའི་མི་རྒྱུད་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ། བཙན་པོའི་རིགས་རྒྱུད་དང་། ཡང་མེས་ཀྱི་མེས་པོ་དམ་པ་རྣམས་ཀྱི་རྒྱུད་པ་ལས་བྱུང་བ་ཞིག་ཡིན། ཁོང་རྣམས་ཀྱི་གཤིས་རྒྱུད་ནི་འཇམ་ལ། ངང་རྒྱུད་རིང་བ། སྡུག་རུས་འཁྱོག་པོ། དཀའ་སྡུག་ལ་གདོང་ལེན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། དེ་འདྲའི་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་གི་འཚོ་ཐབས་ནི་བོད་མི་རིགས་ཀྱི་ཁྱད་ཆོས་མཚོན་ཐུབ་ཀྱི་ཡོད་ལ། བོད་མི་རིགས་ཀྱི་རིག་གཞུང་གི་ངོ་བོ་ཞིག་མཚོན་ཐུབ་ཀྱི་ཡོད། བོད་མཐོ་སྒང་དུ་གནས་པའི་བོད་མི་རིགས་རྣམས་ཀྱིས་གྲང་ངར་ཆེ་བའི་གནམ་གཤིས་ཁྲོད་གནས་ཐུབ་ཐུབ་ཀྱི་ཡོད། དེ་ཡང་འབྲོག་པ་ནི་དེ་བས་ཀྱང་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན། རྒྱུ་མཚན་ནི་ཁོང་ཚོ་ལ་དྲོད་ཁོལ་ལྡན་པའི་གཏན་སྡོད་ཀྱི་ཁང་པ་ཞིག་མེད་ལ། འཚོ་བ་ཕུན་སུམ་ཚོགས་པའི་གཏན་སྡོད་ཀྱི་ཁྱིམ་ཚང་ཞིག་ཀྱང་མེད། འོན་ཀྱང་། ཁོ་ཚོས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྒོ་ཕྱུགས་ཀྱི་འཚོ་བ་རྒྱུན་གནས་བྱས་ཏེ་བོད་མི་རིགས་ཕྱི་རབས་པ་རྣམས་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་བཞིན་ཡོད། ཁོ་ཚོའི་ཁ་ཟས་གཙོ་བོ་ནི་ཤ་མར་ཐུད་གསུམ་དང་། མཛའ་གྲོགས་ཡག་ཤོས་ནི་སྒོ་ཕྱུགས་སེམས་ཅན། སེམས་ལ་དྲོད་ཁོལ་སྦྱིན་མཁན་ནི་ནོར་གཡག་གི་རྩིད་པ་ལས་གྲུབ་པའི་སྦྲ་གུར་དེ་ཚོ་ཡིན། བོད་ཀྱི་འབྲོག་པའི་འཚོ་ཐབས་ནི་འགྲན་སེམས་དང་། ང་རྒྱལ། འགྲན་རྩོད། བྲེལ་འཚུབ་ཆེ་བའི་འཚོ་ཐབས་ཤིག་མིན། ཁོ་ཚོའི་འཚོ་ཐབས་ནི་བག་ཕེབས་དང་། དལ་ལྷོད། ལྷིང་འཇགས། འཆམ་མཐུན་གྱི་འཚོ་ཐབས་ཤིག་ཡིན། མི་རྣམས་ཀྱི་རང་བཞིན་ནི་གཤིས་རྒྱུད་བཟང་པོ། གཡོ་སྒྱུ་མེད་པ། དྲང་བདེན། སྙིང་རྗེ་དང་བྱམས་སེམས་ཆེ་བའི་མི་རྒྱུད་ཞིག་ཡིན། སྒོ་ཕྱུགས་སེམས་ཅན་གྱི་བལ། རྩིད་པ། སྤུ་སོགས་ཉེ་བར་མཁོ་བ་རྣམས་བདེ་སྤྱད་དེ་ཅ་དངོས་འདྲ་མིན་བཟོ་ཡི་ཡོད། དཔེར་ན། ནོར་གྱི་རྩིད་པས་སྦྲ་གུར་དང་། ཕྱ་ར། སྒྱེ་མོ། ཐག་ཐིག་སྐུད་གསུམ་སོགས་འབྲོག་པའི་འཚོ་ཐབས་ལ་མེད་དུ་མི་རུང་བའི་ཡོ་བྱད་རྣམས་བཟོ་ཡི་ཡོད། འབྲོག་པའི་ནོར་འབྲི་ལས་བྱུང་བའི་འོ་མ་ནི་བཅུད་ཆེ་ཞིང་། […]

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

ངག་དབང་ཆོས་བསྟན།འཛིན་རིམ་བཅུ་པ། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ། ང་ནི་ཉིན་ལྟར་ཡིད་དུ་འོང་བའི་སྤངས་ལྗོངས་འདྲ་མིན་གྱི་སྟེང་དུ་རྩིབ་ལོགས་དང་རྐང་ལག་ཐོག་ལ་རྩིད་པ་རིང་པོ་སྐྱེས་ཤིང་རྔ་མའི་རྩིད་པ་ཧ་ཅང་རིང་བའི་གཡག་དང་ལུག ར། རྟ་སོགས་སྒོ་ཕྱུགས་མང་པོའི་མཉམ་དུ་ཀ་ཁ་ཡང་མི་ཤེས་པར་འཚོ་བ་སྐྱེལ་མཁན་གྱི་མི་ཞིག་ཡིན། བདག་གི་འཚོ་བ་སྐྱེལ་སྟངས་ནི་ཡིག་ཚང་དུ་ལས་ཀ་བྱེད་མཁན་གྱི་མི་དང་འཛིན་གྲྭའི་ནང་དུ་སྒྲིག་ཆས་གྱོན་མཁན་གྱི་སློབ་མ་ཞིག་དང་གཏན་ནས་མི་འདྲ། ང་འདྲ་བའི་མི་མང་པོ་ཡོད་ལ་ང་ཚོ་ལ་མི་རྣམས་ཀྱིས་འབྲོག་པ་ཞེས་འབོད། བསིལ་ལྗོངས་སུ་གནས་པའི་འབྲོག་པ་རྣམས་ལ་བོད་ཀྱི་འབྲོག་པ་ཞེས་འབོད་སྲོལ་ཡོད། ང་ཚོ་བོད་ཀྱི་འབྲོག་པའི་འཚོ་བའི་གནས་སྟངས་བཤད་པ་ཡིན་ན། ང་ཚོ་བོད་ཀྱི་འབྲོག་པ་རྣམས་ལ་ངའི་ཡུལ་འདི་དང་ཁོང་གི་ཡུལ་དེ་རེད་བཅས་བཤད་རྒྱུ་མ་གཏོགས་དངོས་སུ་ཡུལ་དེ་ནང་དུ་རི་ཀླུང་གང་སར་གནས་སྤོས་ནས་གནས་པ་ལས་མི་གཞན་ལྟར་ཡུལ་དུ་ཁང་པའི་ནང་དུ་བསྡད་པ་ཞིག་མ་ཡིན། ཡུལ་དུ་མི་གནས་པའི་དོན་ནི་མི་ཁེར་རྐྱང་མིན་ལ་ཁོང་ཚོའི་མཉམ་དུ་རྟ་དང་གཡག ར། ལུག་སོགས་སྒོ་ཕྱུགས་མང་པོ་ཞིག་དང་ལྷན་དུ་འཚོ་གནས་བྱེད་དགོས་པས་ཡིན། ང་ཚོ་བོད་ཀྱི་འབྲོག་པ་རྣམས་སེམས་ཅན་ལ་བརྟེན་ནས་གནས་ཡོད་པ་མ་ཟད་སེམས་ཅན་སྒོ་ཕྱུགས་དེ་ཚོས་ཀྱང་བདག་པོ་འབྲོག་པ་ཚོར་བརྟེན་ཡོད། དེས་ན་འབྲོག་པ་ཚོས་དུས་བཞིར་རྩ་གང་བཟང་དང་ཆུ་གང་བཟང་ལ་དུས་ནས་དུས་སུ་རུ་སྤོས་ནས་འཚོ་གནས་བྱེད་ཀྱི་ཡོད། སྔ་མོ་བོད་ལ་འབྲོག་པ་ཧ་ཅང་མང་པོ་ཡོད། རྒྱུ་མཚན་ནི་བོད་ཀྱི་ས་གྲང་ངར་ཆེ་བ་དང་ཚལ་རིགས་སྐྱེ་བར་ཧ་ཅང་དཀོན་པོ་ཡོད་པ་སོང་ཙང་འབྲོག་པ་ཚོ་ས་ཞིང་དང་ཚལ་རིགས་ལ་བརྟེན་མི་དགོས་པར་སེམས་ཅན་གྱི་ཤ་དང་མར་འོ་མ་སོགས་ལ་བརྟེན་ཐུབ། ཟས་རིགས་དེ་དག་ནི་མི་ལུས་ལ་ཕན་པའི་རྫས་རིགས་བཅུད་ལྡན་ཞིག་ཡིན་པ་མ་ཟད་ཁ་ལ་བཟས་ན་རོ་བཅུད་ཆེ་བ་དང་ཞིམ་པ་གཅིག་པུ་མིན་པ་ལམ་དུ་ཁྱེར་ན་ལས་སླ་བ་ཡོད་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་ཡོད། རྩམ་པ་ནི་འབྲོག་པའི་ཁ་ཟས་གཙོ་བོ་དང་སྤྱོད་སྒོ་ཆེ་ཤོས་དེ་རེད། རྩམ་པ་དེ་ཡང་ཟས་གཞན་ལྟ་བུ་མིན་པ་ཆུ་རྐྱང་གཅིག་བྱུང་ནའང་ཟ་ཆོག་པའི་ཁ་ལག་སྟབས་བདེ་ཞིག་རེད། དེ་བཞིན་འོ་མ་ནི་སྒོ་ཕྱུགས་སེམས་ཅན་ཁོ་ནར་བཞོས་ནས་མར་སོགས་བཟོ་པ་ལས་ཁྲོམ་ནས་མི་ཉོ་བར་འབྲོག་པ་རང་ངོས་ནས་ཐོན་སྐྱེད་ཡོང་གི་ཡོད། འབྲོག་པ་རྣམས་ཀྱི་ཟ་བའི་ཟས་རྣམས་ལ་རྫས་གཞན་ལྷད་མེད་སྟབས་ང་ཚོའི་ལུས་སྟོབས་ཟུངས་ཤུགས་རྒྱས་པར་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད། དེས་རྐྱེན་པས་འབྲོག་པ་ཚོར་ན་རྒྱུ་ཚ་རྒྱུ་ཧ་ཅང་གི་ཉུང་ཉུང་ཡོད། མདོར་ན་ང་ཚོ་བོད་ཀྱི་འབྲོག་པ་ནི་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པོ་འཛོམས་པའི་ལྷ་ཡུལ་ནས་མི་ཡུལ་དུ་མགྲོན་པོ་ཕེབས་པའི་མི་སྣ་ཞིག་དང་མཚུངས། འབྲོག་པ་རྣམས་ནི་ལུས་སེམས་ཧ་ཅང་སྐྱིད་པའི་མི་སྣ་ཞིག་ཡིན་ལ་རྒྱུ་ནོར་ཕལ་པ་ལའང་ཤིན་ཏུ་ཕྱུག་པོ་ཡོད། གུས་མོའི་མི་ཚེ་ནང་དུ་འབྲོག་པ་ཞེས་པའི་མི་རྣམས་ནི་འཇིག་རྟེན་ནང་གི་མི་སྣ་སྐྱིད་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འབྲོག་པ་ཚོ་རི་ཀླུང་ལ་གནས་དགོས་པའི་དོན་ནི་དཔྱིད་ཀ་དང་དབྱར་ཁའི་དུས་སུ་རི་སྟེང་དུ་རྩ་ཆུ་བཟང་བ་མ་ཟད་སྒོ་ཕྱུགས་རྣམས་ཀྱི་སྤུ་མཐུག་པས་རི་སྟེང་དུ་ཚ་དྲོད་སྙོམ་པོ་ཡོད་པས་སྒོ་ཕྱུགས་ཀྱི་ཁ་ཟས་ས་ཆ་གཞན་ནས་འཚོལ་མི་དགོས་པར་རིའི་སྟེང་དུ་འཐོབ་ཀྱི་ཡོད་པས་ཡིན། འོན་ཀྱང་དགུན་དང་སྟོན་ཀའི་དུས་སུ་གྲང་ངར་ཆེ་བས་རང་གྱི་ཡུལ་དུ་ས་ཆ་དམའ་སར་སྒོ་ཕྱུགས་དང་མཉམ་དུ་ཡུལ་དུ་སྡོད་ཀྱི་ཡོད། དགུན་ཁའི་དུས་སུ་སྒོ་ཕྱུགས་རྣམས་ལ་དཔྱིད་དང་སྟོན་ཀའི་དུས་སུ་བཏབ་པའི་འབྲུ་དང་རྩ་སྤྲད་ནས་འཚོ་བ་སྐྱེལ་གྱི་ཡོད། མདོར་ན་བདེ་སྐྱིད་ལྡན་པའི་བོད་ཀྱི་འབྲོག་པའི་སྔ་མོའི་འཚོ་བ་དེ་དག་དེང་སང་ཧ་ལམ་མེད་པ་ལྟ་བུ་ཉམས་ཆག་ཕྱིན་ཡོད་པས་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད།

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

མིག་དམར་ལྷ་མོ།འཛིན་རིམ་བཅུ་གཅིག སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། སྣོད་བཅུད་གཉིས་ལྡན་གྱི་མཐའ་ཡས་པའི་འཇིག་རྟེན་འདི་ན་འབྲོག་པ་ཤིན་ཏུ་མང་པོ་ཡོད་ཀྱང་། ང་ཚོའི་བོད་ཀྱི་འབྲོག་པ་རྣམས་ནི་འབྲོག་མི་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་དང་ཡུལ་ལུགས་གོམས་སྲོལ་བཟང་པོ་ཞིག་ཡོད། དེ་བས་བོད་ཀྱི་འབྲོག་མི་རྣམས་ནི་རང་གཤིས་བཟང་ཞིང་ནང་པའི་ཆོས་ལ་བློ་དཀར་བའི་དད་ཞེན་གྱི་ཡིད་ཆེས་རབ་ཏུ་བརྟན། བསིལ་ལྡན་ལྗོངས་སུ་དེང་རབས་ཀྱི་འཕྲུལ་རིག་སོགས་མ་དར་བའི་ཡར་སྔོན་འབྲོག་མི་ཚོས་གཡག་སོགས་ལ་བརྟེན་ནས་འགྲིམ་འགྲུལ་གྱི་ཚོང་ལམ་སྙེག་པ་དང་ཅ་དངོས་སོགས་རྒྱང་ཐག་རིང་པོ་ནས་འུར་འདྲེན་བྱས་ནས་ཉེར་སྤྱོད་རྣམས་མཁོ་སྒྲུབ་བྱེད་པ། དེ་ལས་ཀྱང་འཁོར་ཡུག་ལ་མཚོན་ན་དབྱར་གྱི་དུས་སུ་ཡུལ་ཁམས་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་ཡངས་ཤིང་རྒྱ་ཆེ་བའི་ཤིལ་གྱི་ངོས་ལྟར་འཇམ་པའི་རྩྭ་ཐང་དང་། ནགས་ཚལ། མཚོ་དང་མཚེའུ་གཡུ་ཡིས་ར་བ་བསྐོར་བ་ལྟར་ཀུན་གྱི་ཡིད་དབང་འཕྲོག་པ་དང་། དགུན་ཀྱི་དུས་སུ་ས་གཞི་དང་རི་རྒྱལ་ལྷུན་པོ་ཡོངས་ཁ་བས་བཀླུབས་ཤིང་གཟི་འོད་བརྗིད་ཉམས་དང་ལྡན་པ་ཞིག་མངོན་པར་མཚར། འོན་ཀྱང་། དུས་ཀྱིས་འཕོ་འགྱུར་དབང་གིས་རྒྱ་དམར་པོའི་སྲིད་གཞུང་གིས་བཙན་དབང་བྱས་ནས་བོད་ཀྱི་འབྲོག་མི་རྣམས་ནི་རང་ཉིད་ཀྱི་དགའ་ཞེན་དང་ཡུལ་གོམས་གཤིས་ལུགས་ཀྱི་འབྲོག་པའི་འཚོ་བ་ལས་གནས་སྤོ་བྱས་ནས་གྲོང་ཁྱེར་གྱི་འཚོ་བར་རོལ་བཞིན་པས། བོད་ཀྱི་འབྲོག་མི་རྣམས་ད་ཆ་མཐོང་རྒྱུ་དཀའ་ལ་ཛ་དྲག་གི་གནས་སུ་གྱར་ཡོད། དེར་བརྟེན་འབྲོག་མིའི་འཚོ་བ་བརྟེན་གཞི་གཙོ་བོ་ནི་སྒོ་ཕྱུགས་སེམས་ཅན་གྱི་ཐོག་ནས་འཚོ་བ་སྐྱེལ་ཞིང་ཁྱད་པར་དུ་སྒོ་ཕྱུགས་སེམས་ཅན་གྱི་ནང་ནས་འབྲི་དང་། གཡག མཛོ། མཛོ་མོ། གཡང་དཀར་ལུ་གུ་སོགས་ཡིན་ཞིང་། གཡག་ནི་འབྲོག་མི་ལ་ཕན་ནུས་ཁྱད་པར་ཅན་གྱི་སྒོ་ཕྱུགས་ཤིག་ཡིན་པས། གཡག་ནི་འབྲོག་མི་ལ་ཆེས་དགོས་མཁོ་ཕན་ནུས་ཁྱད་པར་ཅན་གྱི་སྒོ་ཕྱུགས་ཤིག་ཡིན་ལ་སྤྱིར་གཡག་ནི་ཕོའི་རིགས་ལ་ཟེར་ཞིང་། ས་ཞིང་འདེབས་ལས་སོགས་ལ་གཡག་ནི་དགོས་མཁོ་ཆེ་ཞིང་། ཅ་དངོས་འུར་འདྲེན། ཡུལ་ལུང་ཕན་ཚུན་དུ་འགྲུལ་བཞུད་བྱ་རྒྱུ་སོགས་ལ་བེད་སྤྱོད་ཆེ་བ་མ་ཟད། གཡག་ནི་གསོ་སྐྱོང་སླ་ཞིང་འཕེལ་སྟོབས་ཆེ་བའི་སྒོ་ཕྱུགས་ཤིག་ཀྱང་ཡིན། འབྲི་ནི་མོའི་རིགས་ལ་ཟེར་ཞིང་འོ་མ་མཁོ་སྤྲོད་བྱས་པའི་བ་ཕྱུགས་ལས་འོ་མ་ཉུང་བ་ཡོད་ཀྱང་། འོ་མ་གཞན་ལས་ལྷག་པར་རོ་བཅུད་ཕུན་སུམ་ཚོགས་པ་ཡོད། འབྲི་གཡག་ནི་གྲང་ངར་ཆེ་བའི་ས་གནས་སུ་འཚོ་གནས་བྱེད་ཐུབ་ཀྱི་ཡོད། འབྲི་གཡག་གི་རྩིད་པ་ལས་བཟོས་པའི་སྦྲ་གུར་གྱི་སྡོད་གནས་སྒར་རྒྱག་པ་དང་། སྒྱེ་མོ། ཐག་པ། འུར་རྡོ་སོགས་བཟོ་བའི་ཆེད་དུ་བེད་སྤྱོད་ཆེ་ཞིང་། འབྲི། གཡག་གི་ཤ་ནི་ཟས་བཅུད་ལྡན་ཞིང་ཀུན་གྱི་ཡིད་སྨོན་ཤོར་དགོས་པའི་ཁྱད་པར་དམིགས་བསལ་ལྡན་ཡོད། འབྲི་གཡག་གི་ཀོ་བ་ལས་ལྷམ་དང་། ཀོ་ཐག་སོགས་བཟོས་ནས་ཕན་ནུས་ཧ་ཅང་ཆེ། ལུག་ནི་འཕེལ་སྟོབས་ཆེ་བའི་སྒོ་ཕྱུགས་སེམས་ཅན་གྱི་རིགས་ཡིན། ལུག་གི་བལ་ལས་ལྭ་བ་སོགས་རིགས་འདྲ་མིན་བཟོ་ཐུབ་པའི་འབྲོག་མི་རྣམས་ལ་དགོས་མཁོ་ཆེ། ལྷག་པར་དུ་ལུག་ཤ་ནི་རོ་བརྒྱ་ལྡན་པའི་འཆི་མེད་བདུད་རྩི་ལྟ་བུ་ཞིག་ཀྱང་ཡིན། མ་མོ་བཞོས་ནས་འོ་མ་དང་ཞོ་སོགས་འཐུང་བ་དང་། ལུག་ལྤགས་ལས་བཟོས་པའི་གྱོན་ཆས་མཁོ་སྤྱོད་བྱས་པ་དང་། ལུག་ཟེར་བའི་སྒོ་ཕྱུགས་དེའང་འབྲོག་མིའི་འཚོ་བའི་ཁྲོད་དུ་ཕན་ནུས་ཆེ་བའི་སེམས་ཅན་ཞིག་ཡིན་པ་ངོས་འཛིན་བྱེད་འོས། གཞན་ཡང་འབྲོག་མི་རྣམས་ལ་མཛོ་དང་མཛོ་མོ་ར་ལ་སོགས་མང་པོ་ཡོད་ཀྱང་། དེ་དག་ནི་འབྲོག་མི་ལ་དེ་ཙམ་གྱི་དགོས་མཁོ་ཞིག་མིན། མཛོ་མོ་དང་མཛོ་གཉིས་ནི་བ་ཕྱུགས་དང་གཡག་གཉིས་ཀྱིས་འཁྲིག་པ་བྱས་ནས་སྐྱེས་པའི་སྒོ་ཕྱུགས་སེམས་ཅན་གྱི་རིགས་ཤིག་ཡིན། དེའང་མཛོ་མོ་ནི་མོའི་རིགས་ཡིན་ཞིང་འོ་མ་མཁོ་སྤྲོད་བྱས་པ་དང་། མཛོ་ནི་ཕོའི་རིགས་ལ་ཟེར་བ་དང་ཞིང་ཁ་སོགས་རྨོ་བར་བེད་སྤྱོད་བྱེད་ཀྱིན་ཡོད། མདོར་ན་རང་རེ་བོད་ཀྱི་འབྲོག་པ་དང་དེ་དག་གི་སྒོ་ཕྱུགས་སེམས་ཅན་རྣམས་ལ་དམིགས་བསལ་གྱི་ཁྱད་ཆོས་བཟང་པོ་ཡོད་ཅིང་། དེང་རབས་བོད་ཀྱི་འབྲོག་ཕྲུག་རྣམས་ལ་དེང་དུས་དང་མཐུན་པའི་ཤེས་ཡོན་དང་། སློབ་སྦྱོང་སོགས་ཀྱི་དགོས་མཁོ་ལ་དོ་སྣང་བྱེད་དགོས་པ་ནི་ཆེས་གལ་འགངས་ཆེ་བའི་གནས་ཤིག་ཏུ་འགྱུར་ཡོད། ཁྱད་པར་དུ་བོད་ཡུལ་མཐོ་སྒང་གི་འབྲོག་མིའི་ལུགས་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ནི་ཤར་ནུབ་ཀུན་གྱི་ལྡོག་ཏུ་མེད་པའི་འགན་འཁྲི་ཞིག་རེད། དེ་ལྟར་མ་བྱས་ཚེ་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་དབང་འཁྲེགས་འཛིན་གྱི་སྲིད་ཇུས་འོག་ཏུ་བོད་ཀྱི་འབྲོག་པའི་འཚོ་གནས་དེ་སྟོང་ལ་ཉེ་བའི་གནས་སུ་གྱར་ཡོད་དོ།།

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

སྐལ་བཟང་དབྱངས་སྐྱིད།འཛིན་གྲྭ་དགུ་པ། སཾ་བྷོ་ཊ་གུ་རུ་པུ་ར་ཉིན་སློབ། འབྲོག་པ་ཞེས་པའི་གོ་དོན་ཐུང་ངུ་བཤད་པ་ཡིན་ན། ཕྱུགས་རིགས་གསོ་སྤེལ་གྱི་འཚོ་བ་སྐྱེལ་མཁན་ལ་ཟེར། འབྲོག་པ་ཚོ་ས་ཆ་གཅིག་ནས་གཞན་ལ་འགྲུལ་བསྐྱོད་བྱེད་ཀྱི་ཡོད། འབྲོག་པ་རྣམས་སྤང་ཐང་རྩྭ་མང་ཡོད་ས་ལ་སྡོད་གནས་བྱེད་ཀྱི་ཡོད།  བོད་ཀྱི་འབྲོག་པ་ནི་གནའ་སྔ་མོ་ནས་ཡོད། བོད་ཆོལ་ཁ་གསུམ་གྱི་བོད་མི་མང་ཆེ་བ་འབྲོག་པ་རེད། ཁམས་ཀྱི་འབྲོག་པ། ཨ་མདོའི་འབྲོག་པ། མངའ་རིས་འབྲོག་པ། དབུས་གཙང་གི་འབྲོག་པ་སོགས་ཡོད། བོད་ཀྱི་འབྲོག་པ་རྣམས་ཀྱིས་ཕྱུགས་རིགས་འདྲ་མིན་གསོ་སྐྱོང་བྱེད་ཀྱི་ཡོད། དཔེར་ན། གཡག་དང་ལུག ར། རྟ་སོགས་ཡོད། བོད་ཀྱི་འབྲོག་པ་རྣམས་ལུང་པ་གཞན་གྱི་འབྲོག་པ་ལས་ལྷག་པ་སེམས་ཅན་ལ་སྙིང་རྗེ་ཆེན་པོས་རང་གི་མི་ཚེ་སྒོ་ཕྱུགས་ལ་བརྟེན་ནས་གནས་ཀྱི་ཡོད། ཁོང་ཚོར་གཏན་འཇགས་ཀྱི་ཁང་པ་མེད་ཀྱང་རྩྭ་ཐང་དང་། རི་འགོ་རྩ་ཆུ་ཡག་སར་ནམ་ཟླའི་དྲོ་གྲང་ལ་བལྟས་ནས་གནས་སྡོད་བྱེད་ཀྱི་ཡོད། དབྱར་དུས་སྐབས་རྩྭ་རྣམས་རོ་བཅུད་ལྡན་ཡོད་དུས་སྒོ་ཕྱུགས་ལ་བཟའ་ཆས་ཡག་པོ་ཡོད། དགུན་ཁའི་སྐབས་སུ་གངས་ཆེན་པོ་བབས་ནས་སེམས་ཅན་ལ་རྩྭ་མ་རག་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། སྐབས་དེ་དུས་སྒོ་ཕྱུགས་རྣམས་ལ་སྔོན་གྱི་རྩ་བསྡུ་རུབ་བྱས་པ་རྣམས་དང་ད་དུང་དེའི་ཁར་སེམས་ཅན་སྐྱོ་བ་དེ་ཚོར་བཟའ་ཆས་རིགས་སྟེར་དགོས་ཀྱི་ཡོད། དེང་སང་གི་འབྲོག་པ་རྣམས་དུས་ཚོད་འགྱུར་བ་བཞིན་འབྲོག་པའི་གནས་སྟངས་ཀྱང་ཡར་རྒྱས་མང་པོ་ཕྱིན་ཡོད། འབྲོག་པ་རྣམས་གནམ་གཤིས་གྲང་བའི་སྐབས་སུ་ས་མ་འབྲོག་ཡིན་པས་སེམས་ཅན་སྡོད་ས་ཁང་པ་ཡོད་རེད། སྤྱི་ཡོངས་ཀྱི་འབྲོག་པ་ཚོར་སེམས་ཅན་སྡོད་ས་ལྷས་ཞེས་མཐའ་སྐོར་ལ་རྡོའི་རྩིག་པའི་ར་བ་སྐོར་གྱི་ཡོད། མཚན་ལ་ར་ལུག་རྣམས་ལྷས་ནང་སྙལ་གྱི་ཡོད། འབྲི་གཡག་རྣམས་ལྷས་ཕྱི་ལ་བཞག་གི་རེད། འབྲོག་པ་ཚོ་སེམས་ཅན་གྱི་པགས་པས་བཟོས་པའི་སློག་པ་གྱོན་གྱི་ཡོད། ཉལ་ཆས་དང་གདན་ཡང་པགས་པས་བཟོ་ཡི་ཡོད། ཁོང་ཚོར་སྒོ་ཕྱུགས་གསོ་སྐྱོང་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་ཉམས་མྱོང་ཆེན་པོ་ཡོད། ཁོང་ཚོས་རྩའི་ཕྱི་ཚུལ་དང་ནམ་མཁའི་སྐར་མ་ལ་བལྟས་ནས་གནམ་གཤིས་འགྱུར་བ་འགྲོ་བ་ཤེས་ཀྱི་ཡོད། འབྲོག་པའི་མི་ཚེ་ནི་ཞོགས་པ་ནས་དགོང་མོ་བར་གྱི་དུས་ཚོད་ཚང་མ་སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་ལ་གཏོང་གི་ཡོད། འབྲོག་པ་ཚོ་སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱས་ནས་རང་གི་འཚོ་བའི་གནས་སྟངས་ལེགས་བཅོས་གཏོང་གི་ཡོད། སེམས་ཅན་དེ་དག་ནས་འབྲོག་པའི་ཉིན་རེའི་དགོས་མཁོ་ཚང་མ་རག་གི་ཡོད། འབྲོག་པའི་ཟས་ཞིམ་པོ་བཅུད་ལྡན་མར་དང་ཤ། ཕྱུ་ར། འོ་མ། ཞོ་སོགས་ཡོད། འབྲོག་པའི་སྡོད་ས་གུར་ཡང་གཡག་གི་རྩིད་པས་བཟོ་ཡི་ཡོད། གཞན་ཡང་གཡག་གི་རྩིད་པས་ཕྱ་ར། ཐག་པ་སོགས་བཟོ་ཡི་ཡོད། གཡག་གི་ལྕི་བ་བུད་ཤིང་ལ་ཕན་ཐོགས་ཆེན་པོ་ཡོད། ལུག་གི་བལ་ནས་ཕྱུ་པ་དང་། ཉལ་ཆས། ར་ཡི་སྤུ་ནས་ཐག་པ་དང་། སྒྱེ་སྣོད་བཅས་རྒྱུན་དུ་བེད་སྤྱོད་ཆེ་བའི་དགོས་མཁོ་རྣམས་བཟོ་ཡི་ཡོད། རྟ་ནི་འགྲུལ་བཞུད་ཆེད་ཕན་ཐོགས་ཆེན་པོ་ཡོད། འབྲོག་པ་རྣམས་ཉིན་རེའི་འཚོ་གནས་ལ་སྒོ་ཕྱུགས་སེམས་ཅན་གྱི་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད། འབྲོག་པས་སྒོ་ཕྱུགས་སེམས་ཅན་སྤྱང་ཀི་སོགས་ལས་སྲུང་སྐྱོབ་བྱེད་ཆེད་འབྲོག་ཁྱི་གཉིས་གསུམ་ཉར་གྱི་ཡོད། འབྲོག་ཁྱི་ནི་སྤུ་བཟང་པོ་དང་། གཟུགས་སྟོབས་ཆེ་ཞིང་རྫིག་པོ་ཡོད། འབྲོག་པ་རྣམས་རྒྱུན་དུ་མི་དྲང་པོ་དང་དགའ་སྐྱིད་ངང་སྡོད་ཀྱི་ཡོད། ཁོང་ཆོ་མི་མང་པོའི་མཉམ་སྡོད་ཀྱི་མེད་སྟབས་གཞན་ལ་མགོ་སྐོར་གཏོང་རྒྱུ་མཁས་པོ་མེད་ལ་རང་བཞིན་གྱི་སེམས་པ་བཟང་པོ་ཡོད། ཞིང་པ་རྣམས་དེ་ལས་ལྡོག་སྟེ་གྲུང་པོ་དང་གཞན་ལ་མགོ་སྐོར་གཏང་རྒྱུར་མཁས་པ་ཡོད། འབྲོག་པ་ཚོ་རྒྱུན་དུ་སེམས་པ་སྐྱིད་པོས་ངང་སྡོད་ཀྱི་ཡོད། གཞས་དང་ཞབས་བྲོ་ལ་དགའ་བོ་དང་མཁས་པོ་ཡོད། འབྲོག་པ་ཨ་མས་འོ་མ་འཇོ་བ་སོགས་ནང་གི་ལས་ཀ་ཆ་ཚང་བྱེད་ཀྱི་ཡོད། ཨ་ཕས་སྒོ་ཕྱུགས་སེམས་ཅན་རྣམས་རྩྭ་ཆུ་བཟང་སར་འཚོ་བར་འགྲོ་ཡི་ཡོད།  ཕྲུ་གུ་ཆེ་བས་ཆུང་བ་ལྟ་སྐྱོང་དང་། ཕ་མའི་ལས་རོགས་བྱེད་ཀྱི་ཡོད།  བོད་ཀྱི་ལོ་རྒྱུས་ནང་འབྲོག་པ་ནི་གལ་གནད་ཅན་ཞིག་རེད།  དེང་སང་ཡང་བོད་ནང་འབྲོག་པ་མང་པོ་ཡོད།  ང་ནི་འབྲོག་པའི་མི་ཚེ་ཧ་ཅང་སྐྱིད་པོ་མཐོང་གི་འདུག བོད་ཀྱི་འབྲོག་པའི་སྐོར་མང་ཙམ་འབྲི་འདོད་ཀྱང་ད་ལན་འདི་ཙམ་ཡིན།

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་གཡུ་སྒྲོན།འཛིན་རིམ་བརྒྱད་པ། སྃ་བྷོ་ཊ་ཧར་པ་པུར་ཉིན་སློབ། དེ་རིང་གུས་མོས་ང་ཚོའི་ཕ་ཡུལ་བོད་སྐོར་རྩོམ་ཡིག་ཅིག་འབྲི་བ་ལ། ཐོག་མར་ཚིགས་སུ་བཅད་པའི་མཚམས་སྦྱར་ཏེ་འགོ་འཛུགས་ཞུ་རྒྱུ་ཡིན། སྐྱིད་པའི་ཕ་ཡུལ་བོད་ལྗོངས། །རྒྱ་མི་ཧམ་ཆེན་རྣམས་ཀྱིས། །སྙིང་རྗེ་བརྩེ་སེམས་མེད་པར། །རང་ཡུལ་བཙན་བཟུང་བྱས་སོང་། ། དེ་རིང་གུས་མོས་ཤོག་བུ་དཀར་པོའི་སྟེང་དུ། ལོ་རྒྱུས་ཡུན་རིང་ལྡན་པའི་ཕ་ཡུལ་བོད་ལྗོངས་ངོ་སྤྲོད་ཞུ་རྒྱུ་ཡིན། མཛེས་སྡུག་གི་རྣམ་པར་བཀྲ་བའི་ལྷ་ཡུལ་དང་འདྲ་བ། ཡིད་དུ་འོང་བའི་ཞིང་ཁམས་འདི་རུ། འཛམ་གླིང་སྟེང་གི་མཐོ་སྒང་དང་གོ་ལའི་སྣེ་གསུམ་པ་ཡང་འབོད་ཀྱི་ཡོད། བོད་ལྗོངས་འདི་ཉིད་ལོ་རྒྱུས་ཐོག་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། དང་པོ། བོད་ཀྱི་ས་གཞི་གནམ་གཤིས་དང་སྲོག་ཆགས། སྲིད་པའི་གངས་རི་རྣམས་ལས་འོ་དཀར་གྱི་མདངས་འཕྲོ་བ། ཀུན་གསལ་ལས་སྤྲིན་དཀར་གྱི་རྒྱུ་བ་མིག་ལ་མཛེས། སྤྱིར་ན་གནམ་གཤིས་བསིལ་བ་དང་གྲང་མོ་ཡིན་ལ། དབྱར་དུས་ལ་ཆ་མཚོན་ན་བསིལ་དྲོད་སྙོམས་པ་གང་ཞིག་ལ། སུ་འདྲ་ཞིག་ཡིན་ན་ཡང་ཞི་བདེའི་སྣང་བ་སྟེར། ནམ་དུས་བཞིའི་འགྱུར་བ་གསལ་ཞིང་མཁའ་རླུང་གཙང་མ་ཡོད། ལྷ་ཡུལ་ལྟ་བུའི་ཞིང་ཁམས་འདིའི་ནང་ཕྱུག་ཟོག་ལ། རྟ་ནོར་ལུག་གསུམ་སྐྱིད་པའི་དཔལ་ལ་རོལ་བཞིན་ཡོད་པས། སྐྱེ་བོ་སུས་བལྟས་ཀྱང་ལྟ་ན་སྡུག་པ་ཞིག་རེད་འདུག གཉིས་པ། སྐྱིད་པའི་ཞིང་ཁམས་དེའི་ནང་གི་ཟས་རིགས་དང་གྱོན་གོས། དེ་ལྟར་མཐོ་སྒང་གི་ཁ་ཟས་ལ་ཆ་མཚོན་ན་ཟས་བཅུད་ལྡན་པའི་རྩམ་པ། མར་ཁུ་དང་བོད་ཇ་སོགས་དཀར་ཟས་རིགས་དང་། ད་དུང་གཡག་ཤ་དང་ལུག་ཤ་སོགས་དམར་ཟས་རིགས་ཧ་ཅང་འབེལ་བ་ཡོད། དེ་ཡང་བོད་མི་རྣམས་ཀྱི་ལུས་ལ་མ་གནོད་པ་དང་ཁའི་ནང་དྲོ་བ་ཞིམ་པ་གང་ཞིག་ལ་རོ་བཅུད་ལྡན་པ་ཡོད་རེད། རང་ཚོ་བོད་མི་རྣམས་ཀྱི་ཤེས་གསལ་ལྟར། བོད་དེ་ས་ཆ་གྲང་ངར་ཅན་ཞིག་དུ་ཆགས་ཡོད། བོད་ནང་ཡོད་པའི་བོད་མི་རྣམས་ཀྱིས་རྩིད་པ་དང་བལ་ལས་བཟོས་བཞག་པའི་གྱོན་གོས་དང་སྦྲ་གུར་མང་། ཀོ་བ་ལས་བསྐྲུན་བཞག་པའི་ལྷམ་རྣམས་སྲོལ་རྒྱུན་བོད་ནང་དར་སྲོལ་ཆེན་པོ་ཡོད་པ་མ་ཟད་གྱོན་ན་ལུས་ལ་དྲོ་བ་ཞིག་ཀྱང་ཡིན། གསུམ་པ། ད་ལྟ་དང་མ་འོངས་པ། ད་ལྟ་བོད་ཕྱི་ནང་གཉིས་སུ་གྱེས་ནས་ཡོད། ༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་རེ་བཞི་ཙམ་ཕྱིན་ན་ཡང་། ད་དུང་ཕོ་བྲང་ཆེན་པོ་པོ་ཏ་ལ་དང་ཞལ་གྱེས་ནས་བཞུགས་ཡོད། ལྷ་སའི་པོ་ཏཱ་ལ་དང་ཐག་མི་རིང་བའི་སར་སྐྱིད་ཆུ་དེ་གཡུ་འབྲུག་སྔོན་མོ་ཇི་བཞིན་འཁྱུག་འགྲོས་ཀྱིས་བཞུར་བས་མི་རྣམས་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་ཡོད། མཐའ་སྐོར་དུ་རི་བོ་རྣམས་བང་སྒྲིག་ཅིང་ཚར་དུ་དངར་བ་ཡོད་པ་མ་ཟད། མཛེས་སྡུག་ལྡན་པའི་ཞིང་ཁམས་དེའི་ནང་། ཕྱིའི་རྒྱལ་ཁབ་མི་སྣ་རྣམས་ཀྱིས་གཟིགས་སྐོར་དུ་ཕེབས་བཞིན་ཡོད། ཡིན་ན་ཡང་། ཕྱི་ལོ་ང་དགུ་སྔོན་དང་བསྡུར་ན་བོད་ཀྱི་ཁོར་ཡུག་གི་མཛེས་སྡུག་ལ་ཉམས་ཆག་མང་པོ་བྱུང་འདུག་པས། མ་འོངས་པར་བོད་འདི་སྔར་བཞིན་ཞི་བདེའི་རང་དབང་གི་ལུང་པ་ཞིག་ཡོང་བར་རེ་བ་བྱེད། ། མཐའ་དོན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱངས་ནས་བོད་གཞིས་བྱེས་ལྷན་འཛོམས་ཡོང་བར་ཤོག ། བོད་རྒྱལ་ལོ། །