བསྟན་འཛིན་སྟོབས་ལྡན།འཛིན་གྲྭ་གསུམ་པ། ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། ངའི་བརྩེ་བའི་ཕ་མ་ནི་འཛམ་གླིང་འདིའི་ནང་བྱམས་སྐྱོང་གནང་མཁན་དང་པོ་དེ་ཡིན། ཕ་མ་མེད་ན་འཛམ་གླིང་འདིའི་ནང་ང་ཚོ་བྱུང་ས་མེད། ཕ་མ་ནི་ང་ཚོའི་མི་ཚེ་དེའི་ནང་གི་དགེ་རྒན་དང་པོ་དེ་ཡིན། ཕ་མས་ང་ཚོ་ལ་ཟ་སྟངས་དང། སྡོད་སྟངས། འཐུང་སྟངས་ཆ་ཚང་སློབ་ཀྱི་ཡོད། ཕ་མ་ལས་གལ་ཆེ་བ་སུ་ཡང་མེད། ཕ་མའི་ཕྱག་ལས་ནི་རྫོགས་མཚམས་མེད་པའི་ལམ་བུ་ལྟ་བུ་ཡིན། ངའི་ཕ་མ་གཉིས་ནི་ངའི་མི་ཚེ་ནང་གི་མི་བརྩེ་ཤོས་དེ་ཡིན། ཁོང་གཉིས་ཀྱིས་དུས་རྟག་ཏུ་ང་དང་ངའི་གཅེན་མོ་གཉིས་ཀྱི་ཆེད་དུ་དཀའ་ལས་མང་དག་ཅིག་བརྒྱབ་དང་རྒྱག་བཞིན་ཡོད། ངས་བྱས་ན་ངའི་ཕ་མ་གཉིས་ནི་མི་སྣ་སྟོབས་ཅན་ལྟར་སྣང། ངའི་བརྩེ་བའི་ཕ་མ་གཉིས་བོད་ནས་ཡོང་བ་རེད། ཁོང་གཉིས་བོད་ནས་རྒྱ་གར་དུ་ཡོང་སྟངས་ཀྱི་སྒྲུང་དེ་ཉན་དུས་དངོས་གནས་དཀའ་ལས་ཟེར་ན་དེ་ལྟར་རེད་འདུག་སྙམ། ཕྱིས་སུ་ཁོང་གཉིས་རྒྱ་གར་དུ་འབྱོར་ནས་ལས་གནས་འདྲ་མིན་ལ་རོལ་ཡོད། མ་ཟད་ཁོང་གཉིས་ས་ཆ་ག་ས་ག་ལ་ཕྱིན་ནས་འཚོ་བ་སྐྱེལ་ཐབས་བྱས། དེ་བཞིན་ཁོང་གཉིས་བོད་ནས་འབྱོར་དུས་ལོ་ན་ཆེན་པོ་ཡིན་པས་སློབ་གྲྭཪ་འགྲིམ་རྒྱུ་གོ་སྐབས་དེ་འདྲ་བྱུང་མེད་ཙང་ད་ལྟ་ང་ཚོ་བུ་ཕྲུག་གཉིས་ལ་དུས་རྟག་ཏུ་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་མ་ཡང་ཡང་བྱེད་ཀྱི་འདུག ད་ལྟ་ངའི་ཕ་མ་གཉིས་ལ་ཚོང་ཁང་ཆུང་ཆུང་ཞིག་ཡོད། དེའི་ནང་རྔན་པ་འདྲ་མིན་ཚོང་ཡ་ཡོད་པ་མ་ཟད། ཞོགས་ཟས་དང་ཇ། ཡིག་ཆས་ཁ་ཤས་ཀྱང་ཚོང་ཡ་ཡོད། ཁོང་གཉིས་ཀྱིས་ཞོགས་པ་སྔ་པོ་ནས་ཞོགས་ཟས་སོགས་གྲ་སྒྲིག་བྱས་ནས་བཙོང་བ་དང་། དེ་བཞིན་ཕྱི་དྲོ་ཚོང་ཁང་ལས་ཀ་བྱེད་ཀྱིན་བྱེད་ཀྱིན་ང་ཚོ་ཕྲུ་གུ་གཉིས་ལ་ནང་ལས་འབྲི་རོགས་དང། སློབ་སྦྱོང་ལ་ཕྱག་རོགས་གནང་གི་འདུག་པས། དེ་འདྲ་མཐོང་དུས་ངས་བསམ་པར་མི་ཞིག་གིས་ལས་ཀ་ཆ་ཚང་གང་འདྲ་བྱེད་ཐུབ་ཀྱི་ཡོད་ན་བསམ་གྱི་འདུག ད་དུང་ངའི་ཨ་མ་ལགས་ཀྱིས་འཚེམ་ཁང་ཡང་བཟུང་ཡོད་པས། མི་མང་པོ་ཕྱུ་པ་དང་འོག་འཇུག་སོགས་འཚེམ་ཁར་ཡོང་གི་འདུག མ་ཟད་ཁོང་གིས་ང་དང་ངའི་གཅེན་མོ་ལ་ལོ་ལྟར་ལོ་གསར་དང་སྐྱེར་སྐར་གྱི་ཆེད་དུ་ཨ་མདོ་ཕྱུ་པ་སྙིང་རྗེ་མོ་དེ་འདྲ་འཚེམ་གྱི་འདུག ངའི་ཨ་མ་ལགས་ནི་དངོས་ནས་རྫུ་འཕྲུལ་ལྡན་པའི་ཨ་མ་ལྟར་འཆར། དེ་ལས་ལྷག་པ་ངའི་ཕ་མས་ང་ཚོ་ཕྲུ་གུ་གཉིས་ལ་གང་འདོད་ཀྱི་རྔན་པ་ཉོས་པ་དང། ཕྱི་ལ་འཆམ་འཆམ་དུའང་འཁྲིད་ཀྱི་འདུག ཕྲུ་གུ་གཞན་དང་འདྲ་བར་གོས་ཉོས་པ་དང་རྩེད་མོ་རྩེ་ས་དང། འཁྱམ་ས་གང་སར་འཁྲིད་ཀྱི་འདུག ཕ་མས་ང་ཚོའི་ཆེད་དུ་ཡོད་ཚད་ཕངས་མེད་དུ་གཏོང་གི་འདུག བསམ་བློ་ཞིག་གཏང་ན་ལས་ཀ་དེ་ཚོ་ལས་སླ་པོ་ཞིག་ག་ལ་ཡིན། དངོས་གནས་ཕ་མ་ནི་གནམ་འོག་གི་བཀའ་དྲིན་ཆེ་ཤོས་ཀྱི་གང་ཟག་དེ་ཡིན། ང་ཚོར་སློབ་གྲྭ་རུ་དགེ་རྒན་ཚང་མས་ཕ་མ་བཀའ་དྲིན་ཆེན་པོ་ཡིན་པ་དང་བཀའ་དྲིན་འཇལ་ཐུབ་རྒྱུ་མེད་པའི་བསླབ་བྱ་ཡང་ཡང་བཀྱོན་གྱི་འདུག།དེ་སྔོན་ངའི་དགེ་ལགས་ཀྱིས་གང་གསུང་བ་དེ་ལ་དོ་སྣང་ཞེ་དྲག་བྱེད་མེད། ཡིན་ནའང་ད་ལྟ་ཁོང་གཉིས་ཀྱི་སྐོར་བྲིས་བཞིན་པའི་སྐབས་ངའི་དགེ་ལགས་ཀྱིས་གང་གསུང་པ་དེ་དག་བདེན་པ་རེད་འདུག ངས་རྗེས་མ་ཕ་མ་གཉིས་ལ་ཁོང་གཉིས་ཀྱིས་ཚུར་གང་བྱས་པ་དེ་ལྟར་ཕར་བྱེད་ཐུབ་ཀྱི་ཡོད་མེད་ཤེས་མ་སོང། འོན་ཀྱང་ངས་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ཤེས་བྱེད་ཀྱི་ཡིན། ཕ་མའི་བཀའ་དྲིན་ནི་ངས་ནམ་ཡང་བརྗེད་ཀྱི་མིན། ལྷག་པར་དུ་ཁོང་གཉིས་ཀྱིས་ང་ལ་བྱས་པ་དེ་ལྟར་བྱ་མ་ཐུབ་ནའང་ ངས་ཉིན་རེ་ཡང་ན་བདུན་རེར་ཕ་མར་རོགས་པ་ཅུང་ཟད་ཞིག་ངེས་པར་དུ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན། སོང་ཙང་ངས་དེ་རིང་ནས་དམ་བཅའ་གཞག་རྒྱུ་ཡིན་པས། ང་རང་རྗེས་མ་ཆེན་པོ་ཆགས་སྐབས་ངས་ང་རང་གི་ཕ་མ་གཉིས་ལ་རོགས་པ་གང་ཐུབ་བྱེད་རྒྱུ་ཡིན་ནོ།།
ངའི་གྲོགས་པོ།
བསྟན་འཛིན་རྣལ་འབྱོར།འཛིན་གྲྭ་ལྔ་པ། གུ་རུ་པུ་ར་སཾ་བྷོ་ཊ། ང་ལ་གྲོགས་པོ་མང་པོ་ཡོད། འོན་ཀྱང་ངའི་གྲོགས་པོ་ཡག་ཤོས་དེའི་མིང་ལ་རིགས་བཟང་ཟེར་གྱི་ཡོད། ངའི་གྲོགས་པོ་རིགས་བཟང་རང་ལོ་བཅུ་གསུམ་དང་ཁོ་ནི་ང་ལས་ལོ་རྒན་པ་རེད། ངའི་གྲོགས་པོའི་ནང་ལ་ཁོ་རང་གི་ཆེད་དུ་རྐང་འཁོར་གཅིག་དང་ཁོ་རང་གི་ནང་མིའི་ཆེད་དུ་སྦག་སྦག་དཀར་པོ་གཅིག་དང་མོ་ཊ་དམར་པོ་གཅིག་ཡོད། ཁོ་རང་གི་རྐང་འཁོར་ཚོན་མདོག་ནི་དམར་པོ་རེད་འདུག འོན་ཀྱང་ཁོ་རང་གི་ཚོན་མདོག་དགའ་ཤོས་ནི་དཀར་པོ་རེད། ངས་ཁོ་རང་ལ་ཧ་ཅང་གི་དགའ་མོས་བྱེད་དགོས་དོན་ནི། ཁོ་རང་ནི་ཧ་ཅང་གི་མི་ཞི་བདེ་ཅན་ཞིག་དང་དམིགས་བསལ་ཞིག་ལ་ང་རང་ལ་འཁྲུག་རྩོད་དེ་འདྲ་རྩ་བ་ནས་རྒྱག་མྱོང་མེད། ཁོང་དང་ང་ནི་གྲོང་སྡེ་གཅིག་ནས་ཡིན་དུས་ཕན་ཚུན་ཡང་སེ་ཐུག་འཕྲད་ཡོང་གི་ཡོད། མ་ཟད་གུང་སེང་སྐབས་ང་གཉིས་མཉམ་དུ་རྐང་འཁོར་བཞོན་ནས་གྲོང་སྡེ་གང་ཚང་སྐོར་ནས་འགྲོ་ཡི་ཡོད། རིགས་བཟང་གིས་རྐང་འཁོར་ཧ་ཅང་མགྱོགས་པོ་གཏོང་ཐུབ་ཀྱི་ཡོད། ཁོང་འཛིན་གྲྭ་བདུན་པའི་ནང་སློབ་སྦྱོང་སྦྱོང་བཞིན་ཡོད། རིགས་བཟང་གི་གཟུགས་དབྱིབས་ཕྲན་བུའི་རྒྱགས་པ་དང་ཤུགས་ཧ་ཅང་གི་ཆེན་པོ་ཡོད། ཁོང་ནི་སློབ་སྦྱོང་ལ་བརྩོན་པོ་དང་དོ་སྣང་ཡག་པོ་ཡོད་པས་སློབ་སྦྱོང་དང་ཀུན་སྤྱོད་ཡག་པོ་མ་ཟད་མི་གཤིས་ཡང་འཇམ་པོ་ཡོད། ཁོ་རང་གི་སློབ་ཚན་དགའ་ཤོས་ནི་བོད་ཡིག་རེད། ད་དུང་ཁོས་སྦག་སྦག་ཡང་གཏོང་ཤེས་ཀྱི་འདུག ཁོང་ནི་ང་ལས་རྫིག་པ་དང་སེམས་ཧ་ཅང་གི་བཟང་བ་ཡོད། ཁོ་རང་ལག་ཐོག་ཁ་པར་ལ་དེ་ཙམ་གྱི་དགའ་པོ་མི་བྱེད་མཁན་ཞིག་དང་གཞས་དང་ཞབས་བྲོ་གཉིས་ཀའི་རྒྱུ་རྩལ་ཡག་པོ་ཡོད་མཁན་གྱི་མི་ཞིག་ཡིན་དུས། ངས་དམིགས་བསལ་གྱི་ཁོ་རང་ལ་དགའ་མོས་དང་མིག་དཔེ་ལྟ་འོས་པའི་གྲོགས་པོ་ཡག་པོ་ཞིག་རྩིས་པ་དེ་ནོར་མི་འདུག་བསམ་གྱི་ཡོད། ག་དུས་ཡིན་ནའང་ང་རང་རིགས་བཟང་དང་མཉམ་དུ་རྩེད་མོ་བརྩེ་རྒྱུ་དང་འཁྱམ་ནས་འགྲོ་རྒྱུ་ནི་ངའི་ལས་ཀ་དགའ་ཤོས་དེ་རེད། དེ་བཞིན་ང་རང་རིགས་བཟང་ག་བ་བསྡད་ན་དེར་མཉམ་དུ་བསྡད་རྒྱུ་དང་ཁོ་རང་ག་རེ་བྱས་ནའང་ཡག་པོ་དང་ནོར་མེད་པ་ཞིག་མཐོང་གི་འདུག ངའི་གྲོགས་པོའི་གཟུགས་པོ་རིང་པོ་དང་ཁོང་གི་ནང་ལ་རྩེད་ཆས་ཡག་པོ་དེ་འདྲ་མང་པོ་ཡོད་པ་མ་ཟད་ང་རང་ལ་གང་དགོས་གཡར་གྱི་འདུག ཧོན་སུར་རབ་རྒྱས་གླིང་ནང་སྐད་གྲགས་ཆེ་བའི་ཐུབ་བསྟན་ཟ་ཁང་ཟེར་བའི་བདག་པོ་ནི་ཁོ་རང་གི་ཕ་མ་གཉིས་རེད། ཁོང་གི་ནང་ནི་ཟ་ཁང་དེ་རང་དང་མཉམ་དུ་སྦྱར་ནས་ཡོད། ཁོང་ཚོའི་ནང་དང་ཟ་ཁང་གི་ཚོས་མདོག་ནི་དམར་པོ་རེད། ཡང་འཚམ་རེར་ངའི་གྲོགས་པོ་ཁོ་རང་གི་གྲོགས་པོ་གཞན་དང་མཉམ་དུ་འགྲོ་ཡི་ཡོད། འོན་ཀྱང་ང་ལ་བྱམས་པོ་བྱེད་རྒྱུ་དེ་རང་འཇགས་འགྱུར་མེད་སྡོད་ཀྱི་འདུག ངའི་གྲོགས་པོ་ལ་སྤུན་མཆེད་ཨ་ཅག་གཅིག་དང་ཅོ་ཅོ་གཅིག་ཡོད། ངའི་གྲོགས་པོའི་ཁང་པའི་མདུན་ལ་མེ་ཏོག་མང་པོ་མཐོང་རྒྱུ་དང་ཁོང་ཚོའི་ཟ་ཁང་གི་ཁ་ལག་ཧ་ཅང་གི་ཞིམ་པོ་དང་སྐད་གྲགས་ཆེན་པོ་ཡོད་རེད། ངའི་གྲོགས་པོ་རིགས་བཟང་ཁོ་རང་སོ་སོའི་ཕ་མ་གཉིས་ལ་བརྩེ་བ་ཆེན་པོ་དང་གུས་ཞབས་ཡག་པོ་བྱེད་ཀྱི་འདུག ཁོང་རང་སློབ་གྲྭའི་ནང་སྒྲིག་འཛུགས་ཡག་པོ་འཁྱེར་མཁན་གྱི་སློབ་མ་ཟིང་ཆ་ཞེ་དྲག་མི་སློང་མཁན་དེ་འདྲ་རེད། ངའི་གྲོགས་པོ་ཁོ་རང་ཁ་ལག་དང་ཤིང་ཏོག་ལ་དགའ་པོ་མ་གཏོགས་ཆུ་མངར་མོ་དང་མངར་ཆའི་རིགས་གང་བྱུང་ལ་དགའ་པོ་བྱེད་ཀྱི་མེད། ངའི་གྲོགས་པོ་ཁོ་རང་གི་ཁང་པ་དམར་པོ་རྫིག་པོ་དེའི་ནང་ག་དུས་ཡིན་ནས་ང་རང་འགྲོ་རྒྱུར་དགའ་པོ་ཡོད། གང་ཡིན་ཟེར་ན་ཁོས་ང་རང་ལ་རྟག་ཏུ་བཅོས་མིན་གྱི་བརྩེ་དུང་དང་གུས་བརྩི་བྱེད་པས་ཡིན། དེ་ཙམ་དུ་མ་ཟད་ཁོ་རང་ནི་ཕྲུ་གུ་ཆུང་ཆུང་དེ་འདྲ་ལ་སེམས་གཏིང་ནས་དགའ་པོ་ཡོད་པ་མ་ཟད་ཁོང་ཚོ་ལ་རྔན་པའང་སྤྲད་རྒྱུ་དགའ་པོ་ཡོད། ཁོང་གི་དགའ་ཤོས་སྣ་ཁ་འགའ་ཤས་ནི། ངང་ལག་དང་ཀུ་ཤུ། ཉི་མ་མེ་ཏོག་དང་རྒྱ་སེ་མེ་ཏོག སེམས་ཅན་གྱི་ནང་ནས་ཁྱི། སློབ་གྲྭ་ལ་འགྲོ་རྒྱུ་བཅས་ཡིན། གང་ལྟར་སློབ་གྲྭའི་ནང་ཁོ་རང་ལ་ང་མ་ཡིན་པའི་གྲོགས་པོ་གཞན་མང་པོ་ཡོད། ཁོ་རང་གི་བོད་ཡིག་ཡིག་གཟུགས་ཧ་ཅང་གི་ཡག་པོ་འདུག མཐའ་དོན་ང་རང་ལ་གྲོགས་པོ་ཡག་པོ་མང་པོ་ཡོད་ཀྱང་རིགས་བཟང་ནི་ང་རང་གི་གྲོགས་པོ་ཡག་ཤོས་ཡིན།
བདག་གི་གྲོགས་མོ་རྣམ་པ།
བསྟན་འཛིན་སྒྲོན་མེ།འཛིན་གྲྭ་ལྔ་པ། གུ་རུ་པུ་ར་སཾ་བྷོ་ཊ། བདག་ལ་གྲོགས་མོ་བཞི་ཡོད་པ་དེ་ཚོའི་མིང་ལ་པད་དཀར་སྦི་དང་། སྐར་མ་སྒྲོལ་མ། ཟླ་མཛེས། ལྷ་མོ་བཅས་ཡིན། པད་དཀར་སྦི་ནི་ངའི་གྲོགས་མོ་ཙམ་དུ་མ་ཟད་སྤུན་མཆེད་ཀྱང་ཡིན། ངའི་གྲོགས་མོ་ཚང་མ་སེམས་གུ་ཡངས་པོ་དང་བཟང་པོ། ཡག་པོ། སྙིང་རྗེ་མོ་མ་ཟད་སློབ་སྦྱོང་ཡང་ཡག་པོ་ཡོད། ངའི་གྲོགས་མོ་ལྷ་མོ་དང་པད་དཀར་སྦི་གཉིས་ཁང་ཚན་ཡང་གཅིག་པ་རེད། ངའི་གྲོགས་མོ་ལྷ་མོས་ཤིང་ཏོག་དང་ཁ་ལག་དེ་འདྲ་ཁྱེར་ཡོང་དུས་ང་ཚོ་ཚང་མ་ལ་བགོ་བཤའ་གཅིག་པ་བརྒྱབ་ནས་སྤྲོད་སྲོལ་ཡོད། པད་དཀར་སྦི་དང་སྐར་མ་སྒྲོལ་མ་ལ་ཕ་མ་གཅིག་པའི་སྤུན་མཆེད་ཡོད་། འོན་ཀྱང་ཟླ་མཛེས་མོ་རང་ལ་སྤུན་མཆེད་མེད། པད་དཀར་སྦི་མོ་རང་གི་གཟུགས་དབྱིབས་རྒྱགས་པ་ཡོད་ཀྱང་རྩེད་མོ་བརྩེ་རྒྱུ་ལ་ཧ་ཅང་གི་དགའ་པོ་ཡོད། གྲོགས་མོ་སྐར་མ་སྒྲོལ་མ་ནི་དུས་ཚོད་ནམ་བྱུང་ལ་ཨིན་ཇིའི་སྒྲུང་དེབ་ཀློག་རྒྱུ་ལ་སྤྲོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན། ང་ཚོ་གྲོགས་མོ་ལྔ་པོ་རྣམས་བུ་བཅོལ་ཁང་ནས་བཟུང་གྲོགས་མོ་འཆམ་པོ་དེ་འདྲ་ཡིན། བྱས་ཙང་ད་ལྟ་སློབ་གྲྭ་ལའང་ང་རང་ཚོ་ལྔ་པོ་གཞན་དང་མི་འདྲ་བའི་ཕན་ཚུན་བརྩེ་བ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་འཛིན་གྲྭ་བཞི་པ་ཚར་རྗེས་ང་ཚོ་ལྔ་པོའི་མཉམ་བཟའ་མཉམ་འཐུང་གི་བརྩེ་བའི་འབྲེལ་ཐག་བཟང་པོ་དེ་ལ་བར་ཆད་ཆེན་པོ་ཞིག་སླེབས་པ་ནི་གྲོགས་མོ་པད་དཀར་སྦི་དང་ཟླ་མཛེས་གཉིས་སོ་སོའི་ཕ་མ་ཕྱི་རྒྱལ་ལ་ཡོད་པའི་རྒྱུ་མཚན་གྱིས་ཕྱིའི་རྒྱལ་ཁབ་ལ་འགྲོ་དགོས་བྱུང་བ་དང་། ཡང་གྲོགས་མོ་སྐར་མ་སྒྲོལ་མ་སོ་སོའི་ནང་མིའི་སྒེར་གྱི་དཀའ་ངལ་ལ་བརྟེན་ནས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ལ་འཛུལ་ཞུགས་བྱེད་དགོས་པ་བྱུང་། དེ་ནས་མཐའ་མར་གྲོགས་མོ་ལྷ་མོ་ནི་ཕ་མའི་ཐག་གཅོད་གཞི་བཟུང་རྒྱ་གར་བ་ཡི་ཨིན་ཇི་སློབ་གྲྭ་ཞིག་ལ་འཛུལ་ཞུགས་ཆེད་དུ་ཕྱིན་ནས་གང་ལྟར་ང་ཚོ་ལྔ་པོའི་སྐྱིད་པའི་ཚང་དེ་ལ་རྡོ་ཞིག་ཕོག་པ་བཞིན་ང་ཚོ་ལྔ་པོ་ཕྱོགས་བཞི་ལ་སྲན་མ་འཐོར་བ་ནང་བཞིན་འཐོར་ནས་སྡོད་དགོས་བྱུང་སོང་། ཁོང་ཚོ་རེ་རེ་ང་རང་དང་ཁ་བྲལ་ནས་འགྲོ་བ་མཐོང་དུས་སེམས་འཁྲུག་ནས་ཉིན་མང་པོར་བཟའ་བའི་བཅུད་དང་ཉལ་བའི་གཉིད་མེད་པ་མ་ཟད་དུས་ཡུན་རིང་པོར་སློབ་སྦྱོང་ལའང་འཐུས་ཤོར་ཕྱིན་སོང་། ད་ཆ་སློབ་གྲྭ་འདིར་ང་རང་གཅིག་པུ་ལུས་ནས་སྡོད་ཡོད་ཀྱང་འཚམ་རེ་ང་ཚོ་ཕན་ཚུན་ལག་ཐོག་ཁ་པར་བརྒྱུད་སྐད་ཆ་བཤད་ཐུབ་ཀྱི་འདུག ཡིན་ནའང་ཉིན་ལྟར་ཁོང་ཚོ་ཧ་ཅང་དྲན་ནས་སེམས་ལ་སྡུག་ངལ་ཆེན་པོ་ཡོང་གི་འདུག པད་དཀར་སྦི་དང་ང་རང་གྲོགས་མོ་ཡིན་པ་ཙམ་དུ་མ་ཟད་གྲོང་སྡེ་ཡང་གཅིག་པ་ཡིན་པ་ལ་བརྟེན་དམིགས་བསལ་གྱི་ཡིད་ལ་ལྷང་ལྷང་དྲན་ནས་ཡིད་ལ་སྐྱོ་སྣང་ཆེན་པོ་ཡོང་གི་འདུག རྒྱུ་མཚན་ནི་སྔོན་མ་པད་དཀར་སྦི་མོ་རང་རྒྱ་གར་ལ་ཡོད་དུས་ང་གཉིས་གུང་གསེང་སྐབས་སུ་མཚམས་རེར་ང་རང་མོའི་ནང་ལ་ཕྱིན་པ་དང་མཚམས་རེར་མོ་ངའི་ནང་ལ་སླེབས་ནས་རྩེད་ཐང་ལ་མཉམ་དུ་ཕྱིན་པ་དང་ཕར་ཚུར་ཉལ་རེས་ཡང་རྩེད་པ་སོགས་རྩ་ཆེའི་དྲན་གསོ་མང་པོ་ཡོད། པད་དཀར་སྦི་མོ་རང་རྒྱ་གར་བཞག་ནས་ཕྱི་རྒྱལ་ལ་འགྲོ་སྐབས་གྱོན་གོས་དང་ལྷམ་སོགས་ཡོད་ཚད་ང་ལ་བཞག་ནས་ཕྱིན་སོང་། གྲོགས་མོ་པད་དཀར་གྱི་ཚོན་མདོག་དགའ་ཤོས་ནི་ཟིང་སྐྱ་དང་ནག་པོ་ཡིན། ངའི་གྲོགས་མོ་པད་དཀར་སྦི་ལ་ཅོ་ཅོ་འབྱུང་གནས་ཟེར་བ་ཞིག་ཡོད། གྲོགས་མོ་ལྷ་མོ་ལ་གཅེན་མོ་དབྱངས་མཚོ་དང་སྐར་མ་སྒྲོལ་མ་ལ་གཅེན་མོ་འཛོམས་སྐྱིད་ཡོད། གང་ལྟར་སོ་སོའི་མི་ཚེའི་ནང་ལ་རོགས་པ་ཡག་པོ་དང་འཆམ་པོ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་དང་། མི་དང་མིའི་བར་འབྲེལ་ལམ་བཟང་པོ་བཟོས་ནས་སྡོད་ཐུབ་ན་ལུས་སེམས་གཉིས་ཀའི་འཚར་ལོངས་དང་མཐོང་རྒྱ་ཐོས་རྒྱ་ཡག་ཏུ་འགྲོ་བར་ཕན་རླབས་ཆེན་པོ་ཡོད། བྱས་ཙང་ངས་ཚང་མར་རེ་བ་ཞིག་ཞུ་རྒྱུ་ནི་གང་དུ་སུ་དང་འགྲོགས་ཀྱང་འཆམ་མཐུན་དང་ཡིད་ཆེད་འོས་པའི་གྲོགས་པོ་གྲོགས་མོ་བཟོ་ཐུབ་ན་མི་ཚེའི་ནང་བག་ཆགས་བཟང་པོའི་མྱོང་ཚོར་འཇོག་ཐུབ།
ངའི་ཕ་ཡུལ་བོད།
བསྟན་འཛིན་དྭངས་གསལ།འཛིན་གྲྭ་ལྔ་པ། ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ། ངའི་ཕ་ཡུལ་བོད་ནི་འཛམ་གླིང་ནང་ས་ཆ་མཐོ་ཤོས་ཤིག་ཡིན། བོད་ཀྱི་སའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་གཉིས་དང་ཕྱེད་ཀ་ཙམ་ཡོད། བོད་ལ་མིང་གཞན་མང་པོ་ཡོད། དཔེར་ན། གངས་ལྗོངས། ཁ་བ་དཀར་པོ། མཐོ་སྒང། འཛམ་གླིང་ཡང་རྩེ་ལ་སོགས་པ་ཟེར། བོད་ཀྱི་མཐའ་སྐོར་ལ་གངས་རི་མང་པོ་དང་རི་ཡང་མང་པོ་ཡོད། བོད་ཀྱི་གནམ་གཤིས་གྲང་མོ་དང་གངས་ཡང་མང་པོ་རྒྱག་གི་ཡོད། བོད་ལ་རི་དང་ཆུ་མཚོ་གསུམ་ཡོད། བོད་ཀྱི་རིའི་མིང་འགའ་ཞིག་ནི་གངས་རིན་པོ་ཆེ། གདང་ལ་རི་རྒྱུད། ཨ་མྱེ་མ་ཆེན། ཁུ་ནུའི་རི་རྒྱུད་ལ་སོགས་པ་ཡོད། བོད་ཀྱི་ཆུའི་རིགས་འགའ་ཞིག་ནི་གཙང་པོ་སེར་པོ་དང་། ཡར་ཀླུང་གཙང་པོ། གཡང་རྩེ་ལ་སོགས་པོ་ཡོད། བོད་ཀྱི་མཚོ་རིགས་འགའ་ཞིག་ནི་མཚོ་སྔོན་པོ་དང་། ཡར་འབྲོག་གཡུ་མཚོ་ལ་སོགས་པ་ཡོད། བོད་ཀྱི་སྒོ་ཕྱུགས་སེམས་ཅན་གཙོ་བོ་ནི་གཡག་ཡིན། བོད་ཀྱི་ནགས་ཚལ་ནང་རི་དྭགས་མི་འདྲ་བ་མང་པོ་ཡོད། བོད་ཀྱི་ས་ཆ་གཙང་མ་ཡོད་པ་མ་ཟད་རླུང་ཡང་གཙང་མ་དང་བསིལ་པོ་ཡོད། བོད་ལ་དགོན་སྡེ་ཁག་མང་པོ་ཡོད། ཕོ་བྲང་པོ་ཏ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད། བོད་ཀྱི་ས་ཆ་མཐོང་བ་ཙམ་གྱི་རང་ཉིད་ཀྱི་སེམས་ནང་ཞི་བདེའི་ཚོར་བ་ཤར་བ་སོགས་ཡོང་གི་ཡོད། བོད་ལ་ཆོལ་ཁ་གསུམ་ཡོད་པ་ནི་མདོ་སྟོད་དང་། མདོ་སྨད། དབུས་གཙང་བཅས་ཡིན། བོད་ལ་ཆོས་བརྒྱུད་ཆེན་པོ་ལྔ་ཡོད། དེ་དག་ནི་བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་ཡིན། བོད་ལ་རྩི་ཤིང་རིགས་མི་འདྲ་བ་དང་མེ་ཏོག་རིགས་མི་འདྲ་བ་ཡོད། བོད་མི་རྣམས་ཆོས་སེམས་ཆེ་བ་དང་སེམས་པ་བཟང་པོ་ཡོད། དེ་མ་ཟད་ཡ་རབས་བཟང་སྤྱོད་དང་སྙིང་རྗེ་ཆེ་པོ་ཡོད། ངའི་ཕ་མའི་ཕ་མ་ནི་བོད་ནས་ཡོང་བ་དང་བོད་ཀྱི་ལོ་རྒྱུས་མང་པོ་བཤད་ཀྱི་ཡོད། གུས་མོ་ང་རང་བོད་ཀྱི་སྒྲུང་ཆུང་མང་པོ་ཉན་རྒྱུ་དགའ་པོ་ཡོད། བོད་ཀྱི་སྐོར་ལ་དེབ་ཀློག་རྒྱུ་ཡང་དགའ་པོ་ཡོད། བོད་ནི་འཛམ་གླིང་ནང་ས་ཆ་སྐྱིད་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་གི་ཡུལ་གྲུ་གཞན་ནས་བོད་ལ་སྤྲོ་འཆམ་འགྲོ་མཁན་ཡང་མང་པོ་ཡོད། བོད་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡང་ཟེར་བ་རེད། བོད་མི་རྣམས་ཀྱི་འབྱུང་ཁུངས་གཙོ་བོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་གཉིས་ལས་བོད་རིགས་བྱུང་བ་ཞིག་ཡིན། བོད་ལ་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་དང་རྒྱལ་པོོ་ཞེ་གཉིས་པ་གླང་དར་མ་ཡིན། དེའི་རྗེས་སུ་བོད་ལ་༸རྒྱལ་དབང་རིམ་བྱོན་བྱུང་། སྐུ་ཕྲེང་དང་པོ་ནི་༧རྒྱལ་དབང་དགེ་འདུན་གྲུབ་པ་མཆོག་དང་ད་ལྟ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ད་ལྟ་དགུང་ལོ་ ༨༩ ཕེབས་ཡོད། བོད་མི་རྣམས་ཆོས་སེམས་ཆེ་བ་དང་གཞན་ཕན་ལས་ལ་བརྩོན་རྒྱུ་དགའ་པོ་ཡོད་པ་ཞིག་ཡིན། བོད་ལ་སྐྱིད་པའི་ཉི་མ་མྱུར་ནས་མྱུར་དུ་ཤར་བའི་སྨོན་ལམ་ཡོད། […]
ངའི་ཕ་ཡུལ།
རཏྣ་རྒྱལ་མཚན།འཛིན་གྲྭ་གསུམ་པ། ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། སྤྱིར་བཏང་གི་སོ་སོའི་སྐྱིད་པའི་ཡུལ་ལ་ཕ་ཡུལ་ཟེར། ང་རང་རྒྱ་གར་དུ་སྐྱེས་པ་ཡིན་ནའང་ངའི་ཕ་ཡུལ་ནི་བཀྲུས་ནས་མ་དག་པའི་བོད་ཡིན། ངའི་ཕ་ཡུལ་བོད་ནི་ཨེ་ཤི་ཡའི་གླིང་ཆེན་ནང་དུ་ཡོད། བོད་ནི་འཛམ་བུ་གླིང་གི་ཐོག་ཏུ་ཡོད་པས་དེ་ལ་མཐོ་སྒང་ཡང་ཟེར། དེ་ལ་མིང་གཞན་ཡང་ཧ་ཅང་མང་པོ་ཡོད། དཔེར་ན། གངས་ལྗོངས། བསིལ་ལྗོངས། གངས་ཅན་བཅས་ཡོད། བོད་ལ་ཆོལ་ཁ་གསུམ་ཡོད། མདོ་སྟོད་དང། མདོ་སྨད། དབུས་གཙང་བཅས་ཡིན། བོད་ཀྱི་རྒྱལ་ས་ནི་ལྷ་ས་རེད། ལྷ་ས་ལ་ཁྲོམ་ར་ཆེན་པོ་ཧ་ཅང་མང་པོ་ཡོད། དེ་དང་ལྷན་དུ་ཡུལ་སྐོར་བ་དང་གནས་མཇལ་པ། ཚོང་པ་བཅས་མང་པོ་ཞེ་དྲག་ཡོད། བོད་ཀྱི་རྒྱལ་པོ་ཐོག་མ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོ་ཡིན། བོད་ཀྱི་རྒྱལ་པོ་སྐད་གྲགས་ཆེ་ཤོས་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན། ཁོང་གིས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཆོས་དང་རིག་གཞུང་ཆ་ཚང་ལ་བསྒྱུར་བ་ཧ་ཅང་ཆེན་པོ་བཏང་ཡོད། དེ་ནས་རྒྱལ་པོ་འུ་དུམ་བཙན་པོའམ་རྒྱལ་པོ་གླང་དར་རྗེས་ལ་རྒྱལ་པོའི་རིགས་རྒྱུད་དེ་རྫོགས་པ་རེད། རྒྱལ་པོ་སྲོང་བཙན་སྒམ་པོས་བློན་པོ་ཁ་ཤས་ཤིག་རྒྱ་གར་དུ་སློབ་སྦྱོང་བྱེད་དུ་བཏང་སྟེ། སློབ་དཔོན་ཐོན་མིས་རྒྱ་གར་ལེགས་སྦྱར་གྱི་ཡི་གེ་ཆ་ཚང་སྦྱངས་ནས་བོད་ཀྱི་ཡི་གེ་རྒྱ་གར་ནས་དཔེ་བླངས་ནས་གསར་དུ་བཟོས། ད་ལྟ་ང་ཚོའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ནི་༧སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ ༡༤ པ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ༸གོང་ས་མཆོག་དགུང་ལོ་ཆེན་པོ་ཕེབས་ཡོད་ཀྱང་འཛམ་བུ་གླིང་སྤྱི་ལ་ཕན་པའི་ཕྱིར་རྒྱལ་ཁབ་ག་ས་ག་ལ་ཕྱིན་ནས་ཆོས་གསུང་ཀྱི་ཡོད། ང་ཚོའི་བོད་ནི་ས་ཆ་མཐོ་པོ་རུ་ཆགས་ཡོད། དེ་ལ་གངས་རིས་སྐོར་ཡོད། བོད་ལ་དྲོད་གྲང་སྙོམ་པོ་ཡོད། ང་ཚོའི་བོད་ཕྱི་ལོ་ ༡༩༥༩ ལོ་ལ་རང་བཙན་ཤོར་བ་རེད། ཡིན་ནའང་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱིད་པོའི་ངང་གནས་ཡོད། བོད་ཀྱི་སྲུང་མ་གཙོ་བོ་གཉིས་ནི་དཔལ་ལྡན་ལྷ་མོ་དང་གནས་ཆུང་ཡིན། སྔོན་བོད་རང་བཙན་ཤོར་གྲབ་སྐབས་སུ་བོད་ཀྱི་སྲུང་མ་གནས་ཆུང་གི་ལུང་བསྟན་ལྟར་༸གོང་ས་མཆོག་དང་བོད་མི་ཁ་ཤས་ཤིག་རྒྱ་གར་དུ་བྲོས་ཡོང་བ་རེད། བོད་ལ་རྩྭ་ཆུ་བཟང་ཞིང་གནམ་གཤིས་ཀྱང་དྲོད་གྲང་སྙོམ་པོ་ཡོད། བོད་ལ་སྲོག་ཆགས་མང་པོ་ཡོད། དེའི་ནང་ནས་བོད་ཀྱི་མཐུན་མོང་མ་ཡིན་པའི་སེམས་ཅན་ནི་གཡག་ཡིན། གཡག་ལ་སྤུ་བཟང་པོ་ཡོད། བོད་ལ་འཚོ་བ་སྐྱེལ་མཁན་འབྲོག་པ་དང། ཞིང་པ་གཉིས་ཡིན། འབྲོག་པའི་འཚོ་བ་སྐྱེལ་སྟངས་ནི་སྣང་བ་སྐྱིད་པོ་ཡོད། ཁོང་ཚོའི་ཟས་དང་གོས་དེ་བཞིན་ཅ་དངོས་མང་དག་ཅིག་སེམས་ཅན་ནས་རག་གི་ཡོད། ང་ཚོའི་བོད་ནི་ས་ཆ་སྐྱིད་པོ་དང་ཆེན་པོ་ཡོད། དེ་ལ་ཆུ་ཡང་གཙང་མ་དང་ཞིམ་པོ་ཡོད། ང་རང་ཡིན་ན་བོད་ལ་འབྲོག་པ་བྱས་ནས་བསྡད་འདོད་འདུག གང་ཡིན་ཟེར་ན། འབྲོག་པའི་ཟས་ནི་ཞིམ་མངར་ཅན་ཞིག་ཡིན་པ་དང་སེམས་ཅན་མང་པོ་དང་མཉམ་དུ་ས་ཆ་ག་ས་ག་ལ་འགྲོ་ཡ་རག་གི་རེད། འབྲོག་པའི་གོས་ཀྱང་ཧ་ཅང་རྫིག་པོ་དང་ཡིད་དུ་འོང་བ་ཞིག་འདུག དམིགས་བསལ་གྱི་བུའི་གོས་ལོག་ནི་དེ་ལས་སྣང་བ་འགྲོ་བ་འདུག་པས་ལོ་གསར་ལ་ངའི་ཕ་མ་གཉིས་ཀྱིས་ངའི་ཆེད་དུ་ཁམས་ཆས་རྫིག་པོ་ཞིག་བཟོས་བྱུང། དེའི་ཟས་ནི་དེ་ལས་ཞིམ། ང་ནི་རྩམ་པ་དང་ཞོ། […]
རྩི་ཤིང་གི་སྐོར།
དཔལ་ལྡན་སྒྲོལ་མ།འཛིན་གྲྭ་ལྔ་པ། ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ། ང་ཚོའི་ཉེ་འཁོར་དུ་ཡོད་པའི་ས་དང་། ཆུ། མེ། རླུང་། ཁམས་བཞི་ནི་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ད་རེ་གུས་མོས་རྩོམ་ནི་རྩི་ཤིང་གི་སྐོར་ཡིན། རྩི་ཤིང་ནི་ང་ཚོའི་ཉེ་འཁོར་དུ་ཡོད་པའི་ཆ་ཤས་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད་རྩི་ཤིང་ལ་རིགས་མི་འདྲ་བ་མང་པོ་ཡོད། རྩི་ཤིང་ཁ་ཤས་རིང་པོ་དང་རྩི་ཤིང་ཁ་ཤས་ཆུང་ཆུང་ཡོད། ཡང་རྩི་ཤིང་འགའ་ཤས་ལ་འཁྱུད་ཤིང་སྡོང་པོ་ཡོད། རྩི་ཤིང་གི་ལོ་མ་ལ་ཚོན་མདོག་མི་འདྲ་བ་མང་པོ་ཡོད་དཔེར་ན། ལྗང་ཁུ་དང་སེར་པོ་ལ་སོགས་པ་ཡོད། རྩི་ཤིང་འགའ་རེ་ཆུའི་ནང་དུ་སྐྱེས་པ་དང་འགའ་རེ་སའི་སྟེང་དུ་སྐྱེས་པ་ཡང་ཡོད། ཤིང་ནས་ང་ཚོར་གང་དང་གང་རག་གི་ཡོད་དམ་ཟེར་ན། དཔེར་ན། རླུང་གཙང་མ་དང་། སྨན་རྩ། གོས། ཤོག་བུ། ཚལ་རིགས། ཤིང་ཏོག་སོགས་རག་གི་ཡོད་པ་དང་། ཁ་ཤས་ཡོ་ཆས་ཀྱང་བཟོ་ཡི་རེད། ང་ཚོའི་སའི་གོ་ལ་འདིའི་སྟེང་དུ་མིི་རྣམས་རྩི་ཤིང་མེད་ན་སྡོད་མི་ཐུབ་པ་དང། རྩི་ཤིང་དེ་དག་ང་ཚོ་མེད་ན་གནས་ཐུབ་ཀྱི་ཡོད་པ་རེད། ང་ཚོའི་གོ་ལ་འདིའི་ནང་གནས་པའི་མི་ཡོད་དོ་ཅོག་གི་རྩི་ཤིང་ལ་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྩི་ཤིང་མེད་ན་ང་ཚོར་དབུགས་གཏོང་ལེན་བྱ་རྒྱུ་ཁག་པོ་ཡོད་པ་མ་ཟད་ནད་རིགས་མི་འདྲ་བ་སྣ་ཚོགས་ཤིག་ཡོང་རྒྱུ་ཡིན་པ་ངེས། དཔེ་མཚོན་ཞིག་ཞུས་ན་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་ན་ཚ་གསར་པ་ཞིག་བྱུང་ནས་འཛམ་གླིང་འདིའི་ནང་དཀའ་ངལ་ཚད་ལས་འདས་པ་ཞིག་བྱུང་ཡོད། རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་རྩི་ཤིང་ལ་བདག་གཅེས་བྱ་དགོས། ང་ཚོ་བོད་ལ་ཆ་བཞག་ན་རྒྱ་མིས་རྩི་ཤིང་མང་པོ་ཞིག་གཏོར་བཤིག་བཏང་ནས་ད་ལྟའི་ཆར་དཀའ་ངལ་མང་པོ་འབྱུང་གི་ཡོད། རྩི་ཤིང་གི་ཕན་ཐོགས་མི་འདྲ་བ་མང་པོ་ཡོད། མེ་ཏོག་ནི་རྩི་ཤིང་གི་རིགས་ཤིག་ཡིན། མེ་ཏོག་གིས་ང་ཚོའི་སེམས་ནང་བདེ་བ་ཆེན་པོ་ཞིག་སྐྲུན་གྱི་ཡོད། དེར་བརྟེན་ང་ཚོའི་ནང་གི་གཡས་གཡོན་ལ་མེ་ཏོག་འདེབས་ལས་བྱེད་ཀྱི་ཡོད། ངའི་ཨ་མ་ལགས་ནི་མེ་ཏོག་ལ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན། ངའི་ནང་གི་ཉེ་འཁོར་དུ་ཨ་མ་ལགས་ཀྱིས་མེ་ཏོག་མང་པོ་བཏབ་ཡོད། ང་ཚོས་མེ་ཏོག་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་མཛད་སྒོའི་སྐབས་སུ་མེ་ཏོག་ཕན་ཐོགས་ཆེན་པོ་ཡོད། ངའི་སློབ་གྲྭའི་ཉེ་འཁོར་དུ་རྩི་ཤིང་གི་སྡོང་པོ་མང་པོ་སྐྱེས་ཡོད། སྡོང་པོ་འགའ་རེ་ནས་ཤིང་ཏོག་མི་འདྲ་བ་དཔེར་ན་ཨམ་སྡོང་པོ་དང་ལི་ཅི་སོགས་སྐྱེས་ཀྱི་ཡོད། དེ་མ་ཟད་ང་ཚོའི་སློབ་གྲྭའི་ནང་མེ་ཏོག་ལྡུམ་རྭའི་ས་ཆ་ཡང་ཡོད། རྩི་ཤིང་ལ་ཆུ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཆར་དུས་སུ་རྩི་ཤིང་དང་མེ་ཏོག་ཡག་པོ་སྐྱེ་ཡི་ཡོད། ཆར་པ་མེད་པའི་སྐབས་སུ་རྩི་ཤིང་ལ་ཆུ་རྒྱག་དགོས་པ་དང་བདག་པོ་རྒྱག་དགོས། ང་ཚོ་ཚ་བ་ཆེ་བའི་སྐབས་སུ་རྩི་ཤིང་གི་སྡོང་པོའི་བསིལ་གྲིབ་འོག་ཏུ་བསྡད་རྒྱུ་ཕན་ཐོགས་ཡོད། མདོར་ན་རྩི་ཤིང་ནི་སའི་གོ་ལ་འདིའི་ནང་ཕན་ཐོགས་ཆེ་ཤོས་ཀྱི་ཡོ་ཆས་ཤིག་ཡིན། ང་ཚོ་ཚང་མས་རྩི་ཤིང་ལ་བདག་གཅེས་བྱེད་དགོས་སོ།།