བསྟན་འཛིན་འོད་ཟེར།འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ། ༄༅། །ཐོག་མར་ང་བོད་ལ་ལོག་ན་འདོད་ཅེས་པའི་བརྗོད་གཞི་འདི་ནི་བསམ་བློ་ཅི་འདྲ་ཞིག་བཏང་ཡང་ཧ་ཅང་གི་ཟབ་ལ་ཁུར་དུ་འཁྲི་བའི་ལས་འགན་གཡོལ་ཐབས་བྲལ་བ་ཞིག་ཏུ་མཐོང་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རང་རིགས་བཙན་བྱོལ་བ་འབུམ་གཅིག་ལྷག་ཕྱིའི་རྒྱལ་ཁབ་མང་པོར་སྲན་མ་གཏོར་བ་བཞིན་བཀྲམས་ནས་ཡོད་ཅིང། དེ་ཡང་ཕྱིའི་དགྲ་བོས་བཙན་འཛུལ་ལ་ཁ་གཏད་བྱ་དགོས་པ་མ་ཟད་འུ་ཅག་གི་སྐད་ཡིག་ཆོས་དང་རིག་གཞུང་བཅས་ཀྱི་ཤུལ་འཛིན་དང་གནའ་ནས་ཡོད་པའི་ཡང་དག་གི་ཡུལ་སྲོལ་གོམས་གཤིས་རྣམས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དེ་ཤོད་ག་ལ་དགོས། གཅིག རང་དབང་བྲལ་བའི་བོད་མི། ང་ཚོའི་ཕ་ཡུལ་བོད་དུ་གནས་པའི་གདོང་དམར་སྤུན་ཟླ་རྣམས་རང་སའི་སྟེང་དུ་ཡོད་ཀྱང་རང་དབང་ནི་ནས་འབྲུ་ཙམ་ཞིག་ལས་མེད། ཁོང་ཚོ་ཆུང་ངུ་བྱིས་པའི་དུས་ནས་ད་ལྟ་སྐྲ་ལོ་ཇེ་དཀར་དུ་འགྲོ་བ་མ་ཟད། གདོང་གི་གཉེར་མ་ཇེ་མང་དུ་འགྲོ་ཡི་ཡོད་ཀྱང། ད་དུང་དེ་ཚོའི་སེམས་ནང་དུས་རྟག་ཏུ་འཆར་བའི་སྨོན་ལམ་ལྟ་བུ་ནི་ཡིད་བཞིན་གྱི་ནོར་བུ་༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་བོད་དུ་ཡང་བསྐྱར་བྱོན་པའི་སྨོན་ལམ་དང་གཞིས་བྱེས་བོད་མི་ལྷན་འཛོམས་བྱུང་བའི་སྐལ་བ་བཟང་པོ་དེ་ཡིན་པར་བརྟེན་ནས་བདག་བོད་དུ་ལོག་ན་འདོད། གཉིས་པ། སྲན་འབྲུ་འགའ། གངས་རིའི་ཕ་རོལ་དུ་ཡོད་པའི་སྲན་མ་གཏོར་བ་བཞིན་ཡོད་པ་ང་ཚོ་ནི། ཁོང་གི་ཐུགས་བསྐྱེད་དམ་བཅའ་ཡིད་ལ་བཅངས་ནས་བྱ་ལས་ལ་འབད་བཞིན་པ་དང། ང་ཚོའི་མཐུན་སྒྲིལ་དང་ཆིག་སྒྲིལ་ངང་ནས་རང་ཡུལ་དུ་གནས་པའི་སྤུན་ཟླ་ཚོས་སྨོན་ལམ་མངོན་སུམ་དུ་བསྒྲུབ་པར་བྱ་ཕྱིར་ངོས་ཀྱིས་སློབ་ལ་བརྩོན་ནས་སྐྱིད་པའི་ཕ་ཡུལ་ལ་ལོག་ན་འདོད། གསུམ་པ། བྱ་འཇོལ་མོའི་མགྲིན་ངག བོད་ནང་དུ་རྒྱ་དམར་པོས་བཙན་འོག་ཏུ་སྨྲ་བའི་སྐད་བོད་སྐད་ལས་ཀྲུང་ཀོའི་སྤྱི་སྐད་རྒྱ་སྐད་དེ་རྐང་བཙུགས་ནས་བརྒྱབ་ཏུ་བཅུག་ནས་བོད་སྐད་དེ་བསྲེ་སླད་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་པ་དང་། ང་ཚོ་ཕྱིར་སྡོད་བོད་མི་རྣམས་ཀྱིས་བོད་སྐད་འདི་གང་ཐུབ་ཀྱིས་ཡར་རྒྱས་དང་ཐ་སྙད་རྣམ་གྲངས་མང་པོ་བསླབ་དགོས་པ་མ་ཟད། ཡང་མེས་ཀྱི་མགྲིན་ཚབ་བྱས་ནས་ཕྱི་རྒྱལ་དཀར་པོའི་ཡུལ་དང་རྒྱལ་ཁབ་གང་ན་ཡོད་ཀྱང་སློབ་སྦྱོང་ཧུར་ཐག་བྱས་ནས་ཞི་བའི་ཐོག་ནས་རང་སར་ལོག་ཐུབ་པར་བྱ་དགོས་པ་དང། དཔེར་ན་བྱ་འཇོལ་མོའི་ངག་དེ་རྒྱ་དམར་གྱིས་བཙན་པོས་རྒྱ་སྐད་རྒྱག་བཅུག་ཀྱང་བྱ་དེའི་བྱ་སྐད་རང་བཞིན་དེ་བཅོས་བསྒྱུར་མི་ཐུབ་པ་བཞིན་ང་ཚོར་བོད་སྐད་ནི་གནའ་སྔ་མོ་ནས་ཡོད་པ་ཞིག་དང་གཤིས་ལ་འཇགས་ཡོད་པ་དེ་གང་བྱས་ཀྱང་རྩ་མེད་དུ་ནམ་ཡང་གཏོང་མི་ཐུབ། དེ་འདྲ་སོང་ཙང་ང་རང་བོད་དུ་ལོག་ནས་བོད་ཡིག་ལ་སྔར་ལས་ལྷག་པར་བརྩོན་ནས་སྐད་ཡིག་གི་གལ་གནད་ཆེ་བ་དང་ང་ཚོའི་བོད་སྐད་འདི་ཐུན་མོང་མ་ཡིན་པ་དེ་གསལ་ན་འདོད། བཞི་པ། ཨ་ཁུ་ཐོན་མིས་བརྩམས་པའི་ཡི་གེ། སྲོང་བཙན་སྒམ་པོའི་དུས་སུ་འཕྲུལ་བློན་མཛངས་པ་ཐོན་མི་ཡིས་བོད་ཀྱི་ཡི་གེ་ཐོག་མར་བརྩམས། ད་ལྟ་དུས་རབས་ཉེར་གཅིག་གི་དུས་འདི་རུའང་བོད་ཡིག་མཐོང་རྒྱུ་ཡོད་པ་མ་ཟད་ནང་པའི་ཆོས་ལ་སློབ་སྦྱོང་བྱ་ཆེད་སྐད་ཡིག་གཙོ་བོ་ཡང་དེ་ཉིད་ཡིན། འོན་ཀྱང་ད་ལྟ་བོད་ནང་དུ་ཡོད་པའི་བོད་ཕྲུག་མང་པོ་ཞིག་བཙན་ཁྲིད་ཀྱིས་ཕ་མ་དང་ཐག་རིང་ཞིག་ཏུ་སློབ་སྦྱོང་བྱེད་དུ་བཅུག་བཞིན་པ་དང། བོད་ཡིག་ཡིག་འབྲུ་གཅིག་ལའང་མིག་བལྟ་མི་བཅུག་པ་དང་བོད་དགེ་ཧ་ཅང་རྩེ་ཕུད་མེད་པའི་བོད་ནང་དུ་དཀའ་ངལ་ཡོད་པ་དང། ཡུལ་གྱར་བ་ང་ཚོར་བོད་ཡིག་བཀག་སྡོམ་མེད་པ་སྦྱང་ས་ཡོད་པས་བོད་ཀྱི་སྐད་ཡིག་ལ་བརྩོན་ནས་བོད་ལ་ལོག་ན། རང་རང་སོ་སོའི་རྒྱལ་ཁབ་ཡིན་པའི་བོད་ཡིག་ལ་དོ་སྣང་ཤུགས་ཆེར་ཡོང་བ་དང་བོད་ཡིག་གི་ཤུལ་འཛིན་ཐུབ་པ་དང། དེ་དང་བསྟུན་ནས་ནང་པའི་ཆོས་ཀྱང་གར་སོང་ཆ་མེད་དུ་མི་འགྲོ་བས་བོད་ལ་ལོག་རྒྱུའི་བསམ་པ་འདི་ངའི་སེམས་གཏིང་ན་བདེ་སྐྱིད་ཀྱི་མེ་ཏོག་འཆར་བ་དང་ང་དེར་བདག་པའི་ཚོར་བ་ཧ་ཅང་གི་ཤུགས་ཆེ་བ་ཞིག་མྱོང་ཐུབ། ལྔ་པ། རྟ་ནོར་རི་ཆུའི་ཁྱད། གངས་རི་རྭ་བས་བསྐོར་ཞིང་འཛམ་གླིང་གི་ཡང་རྩེ་ནི་ངའི་ཕ་ཡུལ་བོད་དེ་ཡིན། བོད་ན་ཡོད་པའི་རྟ་ནོར་ལུག་དང་། གཅན་གཟན། འབྲོང་དང་བཅས་པ་ཡུལ་གཞན་ན་མེད་པ་རྣམས་ངའི་ཕ་ཡུལ་ན་ཡོད་པས་ང་བོད་ལ་ལོག་ནས་དེ་ཚོར་གཅེས་སྤྲས་བྱས་ན་འདོད། ད་ལྟ་རྒྱ་དམར་པོས་ས་འོག་གཏེར་ལ་སོགས་པ་ཇི་ཙམ་འཐུས་ཀྱང་དེ་ཚོ་ནི་ང་ཚོ་བོད་ལ་དབང་བ་ལས་རྒྱ་དམར་པོར་མི་དབང་ཞིང་། དེ་ཡི་ས་བཅུད་ཀྱང་ཉམས་ཀྱི་ཡོད་ཙང་ངས་ཉམས་པ་སླར་གསོའི་ཆེད་ང་བོད་ལ་ལོག་ན་འདོད། རི་དང་ཆུ་ཡི་བང་མཛོད་ནི་ངའི་ཕ་ཡུལ་ཡིན་པས་རྒྱ་ནག་གིས་དེ་ཚོར་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་རྫོར་པོ་དང་བོད་ཀྱི་ཆགས་བབས་ལ་ཡང་འགྱུར་བ་དང་འཕྲོ་བརླག་གཏོང་རྩིས་ཡོད་སྟབས། དེ་མི་ཉམས་རྒྱུན་འཛིན་བྱེད་ཆེད་བོད་ཀྱི་བུ་མོ་ང་བོད་མི་ཡོངས་དང་གོ་ལའི་སྨོན་ལམ་འགྲུབ་ཆེད་རང་ཡུལ་དུ་ལོག་ན་འདོད། གལ་སྲིད་ང་ཚོ་ལ་རང་རང་སོ་སོར་དབང་བའི་ཕ་ཡུལ་དེ་ཡོད་ན། རང་ཡུལ་དུ་ལོག་ན་འདོད་ཅེས་མི་ལབ་པ་དང་ངའི་སྨོན་ལམ་དུའང་ཉིན་ཞིག་ངས་ཡང་བསྐྱར་རྩོམ་འགྲན་ཞིག་ལ་ང་རང་ཡུལ་དུ་ཡོད་པའི་བསོད་ནམས་ཆེ་ཞེས་བྲི་རྒྱུ་མྱུར་དུ་ཡོང་བར་སྨོན། ང་བོད་དུ་ལོག་ན་འདོད་པ་ང་ཚོ་མི་རེ་ངོ་རེས་ཡིད་ལ་བཅངས་པའི་རེ་བ་ཞིག་མ་ཡིན་པར། ནམ་ཞིག་ང་ཚོས་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་མགོན་སྐྱབས་ཁོང་བོད་དུ་ཕེབས་པའི་ཉིན་བཟང་པོ་དེར། ང་ཡང་བོད་དུ་འབྱོར་རྒྱུ་ཡིན་པ་དེ་ནི་ཕྱི་ནང་ཀུན་ན་ཡོད་པའི་གདོང་དམར་ས་ཡ་དྲུག་ཙམ་མ་ཟད་རྒྱབ་སྐྱོར་བ་རྣམས་ཀྱི་ཀྱང་སྨོན་ལམ་ཡིན། མཐར་རྩོམ་འདི་ཁྱེད་རྣམ་པའི་རྣ་ལམ་དུ་སྙན་པོ་དང་ང་ཚོ་ཚང་མ་སྐྱིད་པའི་རང་ཡུལ་དུ་ལོག་ཐུབ་པའི་རེ་བ་དང་། ༧སྐྱབས་མགོན་སྐུ་གཟུགས་པདྨའི་སྡོང་པོ་བཞིན་དུ་བདེ་བའི་སྨོན་ལམ་དང་བཅས་བོད་རྒྱལ་ལོ།།
བོད་ལ་ལོག་ན་འདོད།
བསྟན་འཛིན་མཆོག་གྲུབ།འཛིན་གྲྭ་དགུ་པ། ཤིམ་ལ་སཾ་བྷོ་ཊ་གཏན་སློབ། གངས་རི་ར་བས་སྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བསྟན་གྱུར་ཅིག ། བོད་ཀྱི་གངས་དེ་དབྱར་དུས་སུའང་མ་བཞུ་བར་གཏན་དུ་གནས་ཀྱི་ཡོད། ང་ཚོ་བོད་མི་ཚོ་རྒྱ་གར་ལ་བསྡད་ནས་སྐད་དང་རིག་གཞུང་ལ་དོ་སྣང་བྱེད་ཀྱི་མི་འདུག ཡིན་ན་ཡང་། བོད་མི་མང་ཆེ་བ་བོད་ཡིག་སྦྱང་གི་འདུག བོད་མི་བོད་ལ་ལོག་པ་ཡིན་ན། ང་ཚོས་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་ཡག་པོ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག དེང་སང་བོད་མི་མང་པོ་རྒྱ་གར་ནས་ཕྱི་རྒྱལ་དུ་འགྲོ་ཡི་ཡོད། ཕྱི་རྒྱལ་ལ་བོད་པའི་སློབ་གྲྭ་མེད་པ་དང་བོད་ཀྱི་རིག་གཞུང་སྦྱོང་ས་མེད་པ་རེད། རྒྱ་གར་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་གི་བོད་པའི་སློབ་གྲྭ་མང་པོ་ཡོད། ཡིན་ན་ཡང་། ཕྱི་རྒྱལ་དུ་འགྲོ་ནས་བོད་ཡིག་དང་རིག་གཞུང་མེད་པ་ཆགས་ཀྱི་འདུག དེ་འདྲ་སོང་ཙང་། དེང་དུས་འཛམ་གླིང་གི་ཤེས་ཡོན་དང་ཆབས་ཅིག་བོད་པའི་ཤེས་ཡོན་ཡོད་པ་ཞིག་བྱུང་ན། བོད་པའི་དྲི་མ་མ་ཡལ་བ་ཞིག་དང་། བོད་པའི་རྣམ་པ་མ་ཡལ་བ་ཞིག་ཡོང་གི་རེད། བོད་པའི་རྣམ་པ་མ་ཡལ་བའི་ཤེས་ཡོན་ཅན་ཞིག་བྱུང་བ་ཡིན་ན། བོད་ལུང་པ་ལ་ཕན་པ་ཞིག་ཡོང་གི་རེད། གལ་ཏེ་ཁྱེད་རང་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ཀྱང་ཆོག་ལ། བོད་ཆས་གྱོན་པར་ངོ་ཚ་ན་དེ་མ་གྱོན་ཡང་ཆོག འོན་ཀྱང་ཁྱེད་རང་གི་ཤ་རུས་ཇི་ལྟར་བྱ་རྒྱུ་ཡིན་ཞེས་པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར། ང་ཚོའི་སེམས་ནང་འཇོག་དགོས། སྐད་དང་རིག་གཞུང་གིས་ཕྱུག་པའི་རྒྱལ་ཁབ་དེ་ངས་མཐོང་མྱོང་མེད་པས་སེམས་པ་ཧ་ཅང་་སྐྱོ། འོན་ཀྱང་། དེའི་སྐོར་གོ་བ་ཧ་ཅང་བསོད་ནམས་ཆེན་པོ་ཡིན། དེའི་སྐོར་གོ་བས་ང་རང་ཐེངས་གཅིག་བོད་ལ་ལོག་ན་འདོད།
ང་ཚོ་བོད་ལ་ལོག་ན་འདོད།
བསྟན་འཛིན་འཆི་མེད།འཛིན་གྲྭ་བཅུ་གཅིག སེ་ལ་ཀུའི་བོད་ཁྱིམ། འདྲེན་བྱེད་ཀྱིས་མཐོང་མྱོང་མེད་པའི་ཡུལ་དང་། ལག་པས་རེག་མ་མྱོང་བའི་ས་ཆུ་དང་། སྣ་ཡིས་སྣུམ་མྱོང་མེད་པའི་མེ་ཏོག་གི་དྲི་ཞིམ་དང་། ལུས་ཀྱིས་རེག་མྱོང་མེད་པའི་དྭངས་གཙང་གི་ཁ་རླུང། ལྕེ་ཡིས་བྲོ་བ་མྱང་མ་མྱོང་བའི་ཤ་མར་ཐུད་སོགས་ནི་ནམ་ཡང་འཁྲུག་ཆ་དོད་པའི་དྲྭ་བའི་ནང་མཐོང་ཐོས་བྱུང་ཞིང་། གཞན་གྱིས་བཤད་པའི་སྒྲུང་གཏམ་ལས་ཐོས། དེ་འདྲ་བའི་མཛེས་སྡུག་ལྡན་པའི་ཡུལ་ལུང་དང་ཨེ་ཤི་ཡེ་ནང་གི་ཆུའི་ཐོན་ཁུངས་གཙོ་བོ་དེ་ནི་ང་ཚོའི་ནམ་ཡང་དངོས་སུ་མཐོང་མྱོང་མེད་པའི་ཕ་ཡུལ་བོད་ཅེས་པ་དེ་རེད། ང་ཚོ་བོད་ལ་ལོག་ན་འདོད། དེ་ནི་ཕྱོགས་མཐའ་ཡོངས་གངས་རི་དཀར་པོས་བསྐོར་ཞིང་། གངས་རི་ལས་བཞུར་བའི་གངས་ཆུའི་བཞུར་རྒྱུན་གྱི་རྒྱུག་ཆུ་དང་། དྭངས་གཙང་གི་གཙང་པོ་སོགས་དང། མཚོ་དང་མཚེའུ་རུ་འགྱུར། ཡར་ལ་བལྟས་ན་ནམ་མཁའ་ནི་སྔོ་ཞིང་སྤྲིན་པའི་བཟོ་ལྟ་འདྲ་མིན་ལོང་ལོང་དུ་རྒྱུགས། དེ་དག་གི་ཉེ་འཁོར་དུ་སྔོ་ལྗང་གི་སྤང་ཐང་དང་། མེ་ཏོག་ཁྲ་ཁྲས་རྒྱན་བཏབ་ཡོད། དེ་དག་གི་སྟེང་དུ་ནོར་ལུག་གིས་ཟས་ཀྱི་དཔལ་དུ་རོལ་ཞིང་ཕྱུགས་རྫིས་གར་གླུ་ལེན། ཕྱོགས་གཅིག་ལ་འབྲོག་པས་ནོར་ལུག་འཚོ་ཞིང་སྦྲ་གུར་ནང་དུ་བག་ཕེབས་ཀྱི་མི་ཚེ་བསྐྱེལ་བ་དང་། ཕྱུགས་ཀྱི་འོ་མ་དང་ཤ་ལས་བཟོས་པའི་ཟས་སུ་རོལ། ད་དུང་ལུག་གི་བལ་ལས་སྣམ་བུ་འཐག་ཅིང་གཡག་གི་རྩིད་པས་སྦྲ་གུར་བཟོས། དམིགས་བསལ་གྱི་ཁྱད་ཆོས་ཤིག་སྟེ་ཁོ་ཚོས་རྩ་བཟང་སར་གནས་སྤོ་ཡང་ཡང་བྱས་པ་ལས་ས་གནས་གཅིག་ཏུ་གཏན་འཇགས་བྱེད་ཀྱི་མེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཞིང་པ་ཚོས་ནམ་དུས་ལ་འཚམས་པའི་རྒྱ་ཁྱོན་ཆེ་བའི་ཞིང་ཁར་ས་ཞིང་འདེབས་ཤིང་། ཟས་ཀྱི་གཙོ་བོར་སོ་སོས་བཏབ་པའི་འབྲུ་རིགས་ཡིན། ཡང་ས་མ་འབྲོག་ནི་ཕྱུགས་ཡོད་ལ་ས་ཞིང་ཡང་འདེབས་ཏེ་འཚོ་བ་བསྐྱེལ། དེ་ནི་ངས་མཐོང་ཐོས་བྱུང་བའི་སྔ་མོའི་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་རང་ག་བ་ཞིག་གི་རྣམ་པ་རེད། ང་ཚོ་བོད་ལ་ལོག་ན་འདོད། ཕ་ཡུལ་དུ་བརྗིད་ཆགས་ཆེ་བའི་རྩེ་ཕོ་བྲང་པོ་ཏཱ་ལ་ཡོད་ཅིང་། ལོ་རྒྱུས་སུ་གྲགས་པའི་བོད་ཀྱི་རྒྱལ་ཁང་ཐོག་མ་ཡུམ་བུ་བླ་མཁར་ཡང་ཆགས་ཡོད། དེ་ལྟ་བུའི་རྩ་ཆེ་བའི་གཙུག་ལག་ཁང་དང་། ནོར་བུ་གླིང་ཁ་སོགས་མཇལ་མ་མྱོང་བའི་རིན་བྲལ་གྱི་དགོན་པ་དང་ཕོ་བྲང་དུ་མ་མཐོང་ཐོས་བྱུང་བ་རྣམས་མཇལ་བར་སྨོན། ད་གཟོད་བོད་ནི་ང་ཚོས་མཐོང་ཐོས་བྱུང་བའི་མཛེས་སྡུག་ལྡན་པའི་ཡུལ་དང་། དྭངས་གཙང་གི་ཆུ་བོ་དང་ཁ་རླུང་ནི་བཟོ་གྲྭ་དང་འགྲུལ་བསྐྱོད་དུ་མའི་སྦགས་བརྩོག་གིས་རིམ་བཞིན་མེད་པར་བཟོ་ཞིང་། ང་ཚོའི་མེས་པོས་ཉིན་མཚན་དབྱེར་མེད་ཀྱི་སྐུ་ལས་བསྐྱོན་པའི་སྐད་དང་རིག་གཞུང་། ཡ་རབས་བཟང་སྤྱོད་སོགས་ནི་རིམ་བཞིན་དམར་པོའི་གཞུང་གིས་རྩ་བརླག་ཏུ་གཏོང་བཞིན་ཡོད། དེ་ཡང་ངས་མཐོང་ཐོས་བྱུང་བའི་སྐད་ཆ་ཞིག་རེད་ལ་བོད་ནས་ཕེབས་པའི་ངའི་འཛིན་གྲོགས་ཤིག་གིས་ཀྱང་བོད་མི་ཕལ་མོ་ཆེས་ནང་ཕན་ཚུན་བོད་སྐད་དང་རྒྱ་སྐད་བསྲེས་ལྷད་ཀྱི་སྐད་འདྲེས་མ་རྒྱག་པ་ལས་བོད་སྐད་དག་མ་དང་རང་གི་ལུང་པའི་སྐད་ཤེས་མཁན་དཀོན་པོ་ཡིན་པ་དང་། དྲྭ་བའི་ནང་བསྟན་པའི་བོད་སྐད་རྒྱག་མཁན་རྣམས་གཏམ་བརྗོད་ཡིན་པར་བཤད། དེ་ལྟར་ཐོས་དུས་མིག་ཟུང་དུ་མཆི་ཞག་འཁོར་ཞིང་སེམས་ནང་བཀག་མི་ཐུབ་པའི་སེམས་འཚབ་ཅིག་བྱུང་། ང་ནི་རྒྱ་གར་འཕགས་ཡུལ་དུ་སྐྱེས་པར་ངས་བཟང་ངན་ཟུང་ཕྱོགས་ནས་མཐོང་། བོད་ནི་ང་ཚོ་རྩམ་ཟན་བོད་མི་སོ་སོར་ཐོབ་པའི་རྒྱལ་ཁབ་ཅིག་ཡིན་ཡང་ལས་དང་བསོད་ནམས་རྐྱེན་གྱིས་ང་ཚོ་ལྟ་བུའི་བཙན་བྱོལ་བར་གོམ་སྟབས་ཅིག་ཀྱང་སྤོ་རྒྱུའི་ཐོབ་ཐང་མེད་ལ་ལུང་པའི་རང་བྱུང་ཁམས་ལ་ལོངས་སྤྱོད་བྱ་རྒྱུ་མ་བྱུང་། དེ་ནི་རང་གི་ཁྱིམ་དུ་སོ་སོར་འགྲོ་རྒྱུ་མེད་པ་དང་མཚུངས་ཤིང་འགྲོ་བ་མིའི་ཐོབ་ཐང་མེད་པ་མཚོན། འོན་ཀྱང་ང་ཚོ་བཙན་བྱོལ་དུ་གཞིས་ཆགས་ཏེ་རང་གི་སྐད་ཡིག་དང་རིག་གཞུང་སོགས་ལ་སྦྱང་པ་བྱེད་རྒྱུར་འགོག་རྐྱེན་གང་ཡང་མེད་པར་གོ་སྐབས་དང་རང་དབང་ཆ་ཚང་ལྡན་པས་བོད་ནང་གཞིས་གནས་བྱེད་པའི་བོད་རིགས་སྤུན་ཟླ་རྣམས་པས་ང་ཚོར་བཅངས་པའི་རེ་བ་དང་ཡིད་ཆེས་དེ་གཏིང་ཟབ་པའི་རྒྱ་མཚོའི་ནང་རྡོ་བླུགས་པ་ལྟར་མིན་པར་རྡོ་ལ་རི་མོ་བསྐོས་པ་ལྟར་བཅངས་ཏེ་མེས་པོ་གོང་མ་རྣམས་དང་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཐུགས་ཕམ་དུ་མི་ཆུག ང་ཚོ་བོད་ལ་ལོག་ན་འདོད། ངས་རང་ལ་ཐོབ་པའི་རང་དབང་དང་ཐོབ་ཐང་དེ་བེད་མེད་དུ་མ་སོང་བར་རང་གི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དང་མི་ཉམས་པ་བྱས་ཏེ་བོད་མིའིི་ངོ་བོ་གསོན་པོར་གནས་པར་བྱེད་ཀྱི་ཡིན་པ་མ་ཟད། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོས་པའི་དགོངས་པ་དག་གང་ཐུབ་སྒྲུབ་པ་དང་། རང་གི་དབུ་ཁྲིད། རྒྱལ་ཁབ། མི་རིགས་ལ་ངོ་མི་གནོང་བ་ཞིག་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་ཡོང་ལ་ཕན་ཐོགས་པའི་མི་སྣ་ཞིག་བྱ་བར་འདོད་ལ་དེ་གྲུབ་པར་འབད་པར་བྱེད། ང་ཚོ་བོད་ལ་ལོག་ན་འདོད། ཐག་རིང་གི་ཕ་ཡུལ་ན་སྙིང་ཉེ་བའི་སྤུན་ཟླས་རང་ཉིད་ཀྱི་མཆེད་པའི་དལ་འབྱོར་མི་ལུས་དེ་ལྷོང་ལྷོང་དུ་འཕྱུར་བའི་མེ་ལྕེའི་ནང་དོར་ཞིང་། ལ་ལ་ནི་ཚོར་མེད་ཀྱི་བེམ་པོ་ཞིག་ལྟར་འདྲ་བར་ཉེ་རྡུང་ཚད་མེད་འཕོག་པ་ནི་ཡ་ང་བ་དང་སེམས་སྐྱོ་བའི་གནས་ཚུལ་ཞིག་ཏེ་རྨི་ལམ་ལྟར་ཡལ་ཏེ་ཕ་ཡུལ་དུ་ནམ་ཞིག་དྲོད་འཇམ་གྱི་ཉི་ཟེར་ས་གཞིར་འཕྲོ་ཞིང་། ༧གོང་ས་མཆོག་གི་བརྗིད་ཉམས་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་ཏེ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཡང་གསེར་ཁྲིར་བཞུགས་པ་བཅས་བོད་ལ་སྐྱིད་པའི་དུས་ཞིག་ཤར་ཏེ་ལོག་ན་འདོད། ང་ཚོ་ནམ་ཡང་བོད་ལ་ལོག་ན་འདོད། །
ང་བོད་ལ་ལོག་ན་འདོད།
བསྟན་འཛིན་བརྩོན་འགྲུས།རྣམ་གྲྭ་སློབ་གཉེར་ཁང། འཛིན་གྲྭ་བཅུ་གཅིག ད་རིང་བུ་ཆུང་ངའི་བརྗོད་གཞི་གཏིང་ཟབ་དེ་ཡི་སྐོར་ལ་བསམ་ཚུལ་རོབ་ཙམ་ཞིག་གོ་སླ་བའི་ལམ་ནས་ཁྱེད་རྣམས་ཀྱི་དཀར་ཆུང་མིག་གི་སྣང་བའི་ཡུལ་དུ་འབུལ་བར་བརྩོན། དེ་ཡང་སྤྱིར་བོད་དེ་ཁོར་ཡུག་གི་གནས་སྟངས་ཆ་ནས་བཤད་ན་འཛམ་གླིང་ས་ཡི་གོ་ལའི་ཡང་རྩེར་སོན་པའི་རྒྱལ་ཁབ་ཅིག་ཡིན་ལ་ཨེ་ཤི་ཡའི་དལ་འགྲོ་གཙང་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཡང་ཡིན། དེ་མ་ཟད་ཕྱོགས་མཐའ་ཀུན་ཏུ་ལང་ལོང་གི་སྤྲིན་དཀར་ས་ལ་མཁྲིགས་པ་འདྲ་བའི་དཀར་མཛེས་གངས་རིས་སྐོར་ནས་ཡོད། དེ་བཞིན་འཇིག་རྟེན་གྱི་ལོ་རྒྱུས་ཆ་ནས་བཤད་ན་མཐོ་སྒང་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་གདོང་དམར་བོད་མི་ཚོའི་དགའ་སྐྱིད་ཀྱི་འཚོ་བར་རོལ་ས་ཡིན་ལ། འཛམ་གླིང་གི་ལོ་རྒྱུས་ནང་སྙན་གྲགས་ཆེ་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ལྟེ་ཁྲག་འཕོ་ས་དང་། ད་དུང་མཛད་འཕྲིན་བསྐྱངས་ས་ཡང་ཡིན། ལྷག་དོན་དུ། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བོད་གངས་ཅན་པ་རྣམས་འདུལ་བར་ཞལ་གྱི་བཞེས་པའི་འདུལ་ཞིང་ཡིན་པ་མ་ཟད། མཉམ་མེད་ཤཱཀྱའི་རྒྱལ་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་དར་ཞིང་ཁྱབ་པའི་ཞིང་ས་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་བུ་ང་ཕ་ཡུལ་བོད་ལ་ལོག་ན་འདོད། འོན་ཀྱང་ང་ཚོ་བོད་མི་མང་པོ་ཞིག་མི་ཡུལ་དུ་བཙན་བྱོལ་ལ་བསྡད་དགོས་དོན་དང་ ༡༩༥༩ ཡི་རྗེས་སུ་བོད་ནང་གི་གནས་སྟངས། བོད་ལ་ལོག་པའི་ཆེད་དུ་གང་ཞིག་བྱ་དགོས་མིན་སོགས་ཀྱི་གནས་སྟངས་ཞིབ་ཅིང་ཕྲ་བ་རྣམས་ང་ཚོ་ཚང་མས་ཤེས་དགོས་པའི་གནད་འགག་ཆེན་པོ་མཐོང་གི་འདུག དེ་དོན་བོད་མི་མང་ཆེ་བས་མཁྱེན་གྱི་ཡོད་ཀྱང་བུ་ངས་བསམ་ཚུལ་གང་ཡོད་པ་རྣམས་ཡི་གེའི་ལམ་ནས་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་བར་ཞུ། དེ་ཡང་དང་པོ། ད་ལྟ་ང་ཚོ་མི་ཡུལ་དུ་བཙན་བྱོལ་ལ་བསྡད་དགོས་དོན་ནི་ ༡༩༥༡ ཙམ་ལ་རྒྱ་དམར་གི་དྲག་པོའི་བསླུ་བྲིད་ཀྱི་སྒོ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་མང་ཆེ་བ་བཙན་བཟུང་བྱས་ཡོད། ཕྱི་ལོ་ ༡༩༥༡།༥ པའི་ལོར་རྒྱ་དམར་གྱིས་ལྷ་སར་མེ་སྒྱོགས་རྒྱག་རྒྱུའི་འཇིགས་སྐུལ་བྱས་ནས་བཙན་དབང་གི་སྒོ་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ས་ཡིག་རྒྱབ་དུ་བཅུག་ཡོད། དོན་ཚན་དེ་དག་གི་ནང་རྒྱ་མིས་བོད་དེ་ཡར་རྒྱས་གཏང་རྒྱུ་དང་ཕྱི་རྒྱལ་གི་བཙན་དབང་ལས་སྲུང་སྐྱོབ་བྱ་རྒྱུ། བོད་མི་རིགས་ལ་ས་གནས་རང་སྐྱོང་བྱེད་རྒྱུའི་རང་དབང་ཡོད་པ་སོགས་ལ་ཁ་གཡར་ཏེ་རྒྱ་དམག་ཁྲི་ཚོ་མང་པོ་ཞིག་ལྷ་སའི་ནང་བཙན་འཛུལ་བྱས། དེ་ལ་བརྟེན་ནས་ལྷ་སའི་ནང་ཟས་གོས་ཀྱི་རིན་གོང་རྡབ་ཀྱི་འཕར་ནས་མི་མང་ལ་འཚོ་བའི་དཀའ་ངལ་ཤུགས་ཆེན་པོ་འཕྲད། དེ་ཙམ་མ་ཟད་རྒྱ་དཔོན་ཚོས་རྒྱ་དམག་གི་བཟའ་ཆས་རྣམས་བོད་གཞུང་ནས་གྲ་སྒྲིག་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་བོད་མི་མང་པོ་ཞིག་ལ་གླ་ཕོག་མ་སྤྲད་པར་བཙན་དབང་གི་མོ་ཊའི་ལམ་ཁ་བཟོས་སུ་བཅུག་པ། མཚོན་ཆ་མང་པོ་དབོར་འདྲེན་བྱས་ནས་དམག་རྒྱབ་རྒྱུའི་གྲ་སྒྲིག་བྱེད་པ་སོགས་ཁོང་རང་ཚོས་ས་ཡིག་རྒྱབ་ཏུ་བཅུག་པའི་དོན་ཚན་དེ་དག་ལས་རྒྱབ་བརྒལ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་བོད་མི་མང་གི་རྒྱ་ནག་གི་བྱེད་སྟངས་ལ་མ་དགའ་བ་ཆེ་རུ་ཕྱིན་པ་རེད། འོན་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་ཤེས་ཡོད་དགུ་རྩལ་དྲུག་གི་སྒོ་ནས་རྒྱ་བོད་ཀྱི་དཀའ་ངལ་རྣམས་ཞི་མོལ་གྱི་ལམ་ནས་སེལ་ཐབས་བྱས་ཡོད་ཀྱང་རྒྱ་དམག་ནས་དེ་ལ་ཁ་ཡ་རྩ་བ་ནས་བྱས་མེད། ཁོ་ཚོས་དེ་ལས་ལྡོག་ཏེ་ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༧ ཙམ་ལ་༧གོང་ས་མཆོག་འཛིན་བཟུང་བྱས་བའི་ངན་འཇུས་བཤམས། སྟབས་ལེགས་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་མང་པོ་ཞིག་རྒྱ་གར་དུ་བྲོས་འབྱོལ་ལ་ཕེབས་ཐུབ་ཡོད། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་མི་ཡུལ་རང་དབང་ལུང་པར་ལྷོད་ལྷོད་བྱས་ནས་བསྡད་རྒྱུ་རག་གི་ཡོད། གཉིས་པ་ཕྱི་ལོ་ ༡༩༥༩ ཡི་རྗེས་ལ་བོད་ནང་གི་གནས་སྟངས་ལ་གཞིགས་ན། ༧གོང་ས་མཆོག་གསང་ཕེབས་གནང་ནས་ཉིན་གཉིས་ཙམ་གྱི་རྗེས་སུ་རྒྱ་དམག་གིས་ནོར་བུ་གླིང་ཁ་གཙོས་པའི་ལྷ་ས་ལ་དྲག་པོའི་དམག་རྒྱབ་ཡོད། བོད་དམག་ནས་ཀྱང་ཕར་རྒོལ་བྱེད་ཐབས་བྱས་ཀྱང་དམག་མི་ཉུང་དྲག་པ་དང་མགོ་ལག་ཞན་དྲག་པ་སོགས་ཀྱི་འོག་ནས་རྒྱལ་ཁ་ཕམ་པ་ལྟ་བུར་འགྱུར། དེ་ནས་རྒྱ་དམར་གུང་ཁྲན་གྱིས་བོད་གཞུང་གི་ལས་བྱེད་དང་ཁོང་ཚོར་འཕར་རྒོལ་བ། ཡུལ་ལུང་སོ་སོའི་དཔོན་པོ་སོགས་མང་པོ་ཞིག་འཛིན་བཟུང་བྱས་ནས་བཙན་དབང་གིས་ཤུགས་ལས་ཚད་ལས་བརྒལ་བ་བྱེད་དུ་བཅུག་པ་མ་ཟད། ཁ་ལ་ཟ་བའི་ཟ་མ་དེ་ཡང་ཉུང་ཉུང་ལས་མ་སྤྲད་པར་བརྟེན་རྒྱལ་གཅེས་བཙོན་པ་ཁྲི་ཚོ་མང་པོ་ཞིག་ལྟོགས་ཤི་ཐེབས་ནས་ཤི་ཡོད། དེ་ནས་རྒྱ་དམར་གྱི་རིག་གནས་གསར་བརྗེ་ལ་སོགས་པའི་ལས་འགུལ་འདྲ་མིན་སྤེལ་ཏེ་བོད་མི་རྣམས་ལ་བཙན་དབང་དང་འཇིགས་སྐུལ་བྱས་ནས་སོ་སོའི་ས་གནས་ཀྱི་དགོན་པ་དང་སྐུ་འདྲ་རྩ་ཆེན་རྣམས་གཏོར་བཤིག་བཏང་དུ་བཅུག་པ་དང་དཔེ་ཆ་རྣམས་མེར་བསྲེགས་བཏང་དུ་བཅུག་ཡོད། ལས་ཀ་དེ་དག་བྱས་འདོད་མེད་མཁན་ཚོར་ཉེས་བརྡུང་བཏང་བ་སོགས་བྱས་ཡོད། ལྷག་པར་དུ་བོད་གཞུང་གི་ལས་བྱེད་དང་ཆབ་སྲིད་བཙོན་པ་ཚོའི་སྤུན་མཆེད་དང་ཉེ་འབྲེལ་བོད་མི་ཕྱུག་བདག་སོགས་ལ་སྡང་པོ་བྱས་ནས་མི་མང་གི་དཀྱིལ་དུ་ཧུར་བརྩོན་པ་ཚོར་ཉེས་བརྡུང་བཏང་བ་དང་དམའ་འབེབས་བྱེད་དུ་བཅུག་གི་ཡོད། ཁོང་ཅག་མང་པོ་ཞིག་ནི་ཉེས་རྡུང་ཚབས་ཆེན་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད། དེ་བཞིན་ཁོང་ཚོའི་རྒྱུ་ནོར་རྣམས་གཞུང་བཞེས་བཏང་བ་དང་ཁ་ལག་ཡང་འཚམས་རེ་ལས་མ་སྤྲད་པར་བརྟེན་སློང་མོ་རྒྱབ་དགོས་བྱུང་ཡོད་པ་མ་ཟད། ཁང་ཁྱིམ་ཡང་འཕྲོག་ནས་སེམས་ཅན་ཉལ་སའི་ཚང་ནང་ཉལ་དུ་བཅུག་པའི་ལོ་རྒྱུས་འདུག བཙོན་ཁང་ནང་དུ་ཡང་བཙོན་པ་རྣམས་ལ་བཙན་དབང་གི་༧གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་དང་མ་བྱེད་མཁན་ཚོར་ཉེས་བརྡུང་ཚད་མེད་བཏང་ནས་ཉིན་མ་ཁ་ཤས་གོམས་པ་ཡག་པོ་རྒྱབ་མི་ཐུབ་པ་བཟོས་ཡོད་འདུག དེ་མ་ཟད་རྒྱ་དམར་གྱི་བཙོན་པ་ནང་ཕན་ཚུན་ནོར་འཁྲུལ་བཏོན་རེས་བྱེད་དུ་བཅུག་ཏེ་རྒྱལ་གཅེས་བཙོན་པ་རྣམས་ག་དུས་ཡིན་ཡང་ཉེས་རྡུང་མང་པོ་རག་གི་ཡོད་པ་རེད། ལྷག་པར་དུ་ལྷག་བསམ་ཧ་ཅང་བརྟན་པོའི་བཙོན་པ་མང་ཆེ་རྣམས་སྲོག་ཐོག་བཏང་ཡོད། མདོར་ན་རྒྱ་མིའི་དེ་ལ་སོགས་པའི་མི་སྤྱོད་ལས་འདས་པའི་བྱ་ངན་འདྲ་མིན་བྱས་ཏེ་ཕྱི་ལོ་ ༡༩༨༠ ཙམ་བར་བོད་མི་འབུམ་བཅུ་གཉིས་ཙམ་བསད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་རྣམས་ཧ་ཅང་ཉམས་ཆག་བཏང་ཡོད། མི་ལོ་དེ་ཙམ་ནས་རྒྱ་ནག་གུང་ཁྲན་ཏང་ཡར་རྒྱས་ཕྱིན་ཏེ་ལོ་ཁ་ཤས་ཀྱི་རིང་ལ་བོད་མི་རྣམས་ལ་གུ་ཡང་ཕྲན་བུ་བྱུང་ཡོད། ཕྱི་ལོ་ ༡༩༨༩ ལོའི་ནང་རྒྱ་དམག་གི་གོང་ས་མཆོག་ལ་མཚན་སྨད་ཧ་ཅང་མང་པོ་བྱས་པ་ལ་རྟེན་ནས་ས་གཞི་ཞི་རྒོལ་ཆེན་མོ་བྱུང་ཡོད། དེ་ཡི་སྐབས་རྒྱ་དམག་གིས་མེ་མདའ་གང་བྱུང་རྒྱབ་ནས་བོད་མི་ཧ་ཅང་མང་པོ་ཞིག་དུས་མིན་རྐྱེན་འདས་སུ་བཏང་། མང་པོ་ཞིག་ནི་བཙོན་དུ་བཅུག་ནས་སྔར་ལྟར་སྡུག་བསྔལ་ཚད་མེད་མྱང་དུ་བཅུག་ཡོད། དེ་སྐབས་བོད་མི་རྣམས་ལ་ཆོས་དད་རང་མོས་དང་སྨྲ་བརྗོད་ཀྱི་རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་སོགས་མེད་པར་བཟོས། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད། […]
ང་བོད་ལ་ལོག་ན་འདོད།
ཏཱ་ཡ་པ།འཛིན་གྲྭ་བཅུ་གཉིས། མ་སུ་རི་སཾ་བྷོ་ཊ་གཏན་སློབ། མཛེས་སྡུག་ལྡན་པའི་བདག་གི་ཕ་ཡུལ།།ད་ལྟ་རྒྱ་དམར་སྲིན་པོས་འཕྲོག་སོང་།།བོད་མི་ཚང་མས་ཆིག་སྒྲིལ་བྱས་ནས།།ཉིན་ཞིག་རང་ཡུལ་ཕྱོགས་སུ་ལོག་དགོས།། མཛེས་སྡུག་ལྡན་པའི་ཕ་ཡུལ་བོད་འདི་གུས་མོའི་མི་ཚེའི་ནང་མཇལ་མ་མྱོང། འཛམ་གླིང་ཡོངས་ཀྱིས་ཤེས་གསལ་ལྟར་གཞན་དང་མི་འདྲ་བའི་ལུང་པ་ཞིག་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ནི་རྒྱ་མཚོ་ལྟར་གཏིང་ཟབ་པོ་ཡོད། དེ་བཞིན་ཟས་དང་གྱོན་ཆས་སོགས་ལུང་པ་གཞན་དང་མི་འདྲ་བའི་དམིགས་བསལ་ཞིག་ཡོད། དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་མཚམས་གསལ་བའི་ལུང་པ་ཞིག་ཡོད། དེ་ཙམ་མིན་པར་གཏེར་ཁའི་རིགས་འདྲ་མིན་གྱིས་ཁེངས་ཡོད། ངས་དོགས་པ་མེད་པའི་ཐོག་ནས་བཤད་ཐུབ་པ་ཞིག་ལ་ང་ཚོ་བོད་མི་ཡོངས་ཀྱི་འདོད་པ་ནི་རང་ཡུལ་ཕྱོགས་སུ་ལོག་རྒྱུ་དེ་རེད་སྙམ། དེ་ལ་དགོས་པའི་རྒྱུ་མཚན་མང་པོ་ཡོད་པའི་དང་པོ་ནི། བོད་དེ་རང་གི་སྐྱེས་ཡུལ་ཡིན་པས་སོ་སོའི་སྐྱེས་ཡུལ་ལ་ཞེན་ཁོག་ལྷད་མེད་ཡོད་པས་ཡིན། གཉིས་པ་ནི་བོད་མི་རྣམས་བོད་དུ་ལོག་ན་སོ་སོའི་སྐད་དང་རིག་གཞུང་ཡག་པོ་བདག་ཉར་བྱེད་ཐུབ་པའི་ནུས་པ་ཡོད། ང་བོད་ལ་ལོག་རྒྱུའི་གཉིད་ལམ་དེ་ནི་མཚན་ལ་གཉིད་ཁུག་མི་བཅུག་པའི་རྨི་ལམ་ཞིག་རེད། གང་ཡིན་ཟེར་ན་རང་ཉིད་བོད་གངས་ལྗོངས་སུ་འགྲོ་འདོད་ཧ་ཅང་ཤུགས་ཆེན་པོ་ཡོད་པའི་རྨི་ལམ་དེའི་སྐབས་སྤྲོ་སྣང་ཧ་ལས་པའི་མི་འདྲ་བ་ཞིག་འདུག མ་ཟད་འཛམ་གླིང་ཞི་བདེར་ཕན་པའི་བོད་ཀྱི་ཆོས་དེ་ཡང་མི་ཉམས་གོང་སྤེལ་གཏོང་ཐུབ། ང་ཚོ་བོད་པའི་ཆོས་དེ་རྒྱ་གར་ནས་དར་ཁྱབ་བྱུང་ཡོད་ཀྱང་ད་ལྟ་རྒྱ་གར་ནང་རྩ་མེད་དུ་སོང་སྟེ་བོད་པའི་ཡི་གེའི་ནང་གནས་ཡོད། བྱས་ཙང་གལ་ཏེ་ང་ཚོས་སོ་སོའི་ཡུལ་དུ་ལོག་ན་བོད་དེ་ཧ་ལས་པའི་ཕྱུག་པོ་ཆགས་ཀྱི་རེད། ཟས་དང་གཏེར་མིན་པར་ཆོས་དང་རིག་གཞུང་ཡང་ཧ་ཅང་གི་ཕྱུག་པོ་རེད། གལ་སྲིད་ང་ཚོ་བོད་ལ་ལོག་མ་ཐུབ་པར་མིའི་ལུང་པར་མུ་མཐུད་ནས་དུས་ཚོད་རིང་པོ་བསྡད་དགོས་བྱུང་ན་ང་ཚོ་བོད་པ་མི་འབོར་ཉུང་ཉུང་ལས་མེད་ཙང་ལུང་པ་གཞན་གྱི་ནང་འཐིམ་ནས་ཆོས་དང་རིག་གཞུང་ཉར་རྒྱུ་ཁག་པོ་རེད་བསམ་གྱི་འདུག བྱས་ཙང་གུས་མོ་ངས་ཉིན་ལྟར་རང་ཉིད་བོད་དུ་ལོག་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད། བདག་གི་བརྩེ་བའི་ཕ་ཡུལ།།མཛེས་སྡུག་ལྡན་པའི་གངས་ལྗོངས།།ཉིན་ཞིག་ལོག་རྒྱུ་བྱུང་བའི།།ཉིན་མཚན་སྨོན་ལམ་བཏབ་ཡོད།། བཅས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་མི་ཚང་མ་བོད་ལ་མྱུར་དུ་ལོག་ཐུབ་པའི་སྨོན་ལམ་དང་བོད་རང་བཙན་མགྱོགས་ནས་མྱུར་དུ་ཐོབ་པའི་སྨོན་ལམ་གྲངས་མེད་དང་བཅས་བོད་རྒྱལ་ལོ།།
ང་བོད་ལ་ལོག་ན་འདོད།
བསྟན་འཛིན་བཀྲ་ཤིས་ལྡིང་བཟང།འཛིན་གྲྭ་བཅུ་པ། སེ་ལ་ཀུའི་བོད་ཁྱིམ། བོད་ཟེར་ན་གང་འདྲ་ཞིག་ཡོད་དམ། མཐའ་སྐོར་ཡོངས་རྫོགས་རི་རྒྱུད་ཀྱིས་བསྐོར་ཡོད་ཅིང་། འཛམ་གླིང་ཡང་རྩེར་ཆགས་པའི་ལྟ་ན་སྡུག་པའི་ཞིང་ཁམས་དེ་ཡིན། དུས་རྟག་ཏུ་རྒྱུན་ཆད་མེད་པར་རྒྱུག་པའི་གཙང་ཆེན་ཁ་འབབ་བཞི་དང་། ཟངས་དང་། ལི། གསེར། དངུལ་སོགས་རིན་ཐང་བྲལ་བའི་གཏེར་རྫས་སྣ་ཚོགས། ས་ཕྱོགས་གང་སར་ཞིང་ལས་དང་འབྲོག་ལས་ཀྱི་འཚོ་བར་རོལ་ཞིང། རྟ་ནོར་ལུག་གསུམ་གར་རྩེད་ལ་རོལ་བའི་ཡུལ་ལྗོངས་ལྟ་བས་ཆོག་མི་ཤེས་པ་དེ་ནི་གངས་ཅན་བོད་ཟེར་བ་དེ་རེད། སྔར་རླབས་ཆེན་ཆོས་རྒྱལ་དང་དཔའ་ངར་ལྡན་པའི་མེས་པོ་གོང་མ་རྣམས་ཀྱིས་ཕྱག་བཏབ་པའི་མཁར་རྫོང་དང་། དགོན་པ་ལྷ་ཁང་སོགས་བགྲང་ཀྱིས་མི་ལངས་བའི་ཆོས་ལྡན་གྱི་ཞིང་ཁམས། ནང་པ་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་ས་ཁྱབ་རྡོ་ཁྱབ་ཀྱི་ཞི་བདེའི་ཡུལ་གྲུ། མི་རྣམས་ཕན་ཚུན་རྒན་གཞོན་གོ་རིམ་དང་། བླ་མ་སློབ་མའི་དམ་ཚིག་གཙང་མ། ས་ཁྱོན་ཆེ་ལ་མི་འབོར་ཉུང་ཡང་དཔའ་ངར་ལྡན་ལ་བྱང་སེམས་ལྡན་པའི་ཡུལ་གྲུ་ནི་ང་ཡི་ཕ་ཡུལ་གངས་ཅན་བོད་ཟེར་བ་དེ་ཡིན། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཤར་ཕྱོགས་ཡུལ་ནས་ཡ་ང་དང་སྙིང་རྗེ་མེད་པའི་ཁྱིམ་འཚེས་རྒྱལ་ཁབ་རྒྱ་ནག་གུང་བྲན་གྱི་དབང་འཛིན་པ་ཚོས་མ་རུངས་ཁོག་ཏུ་བཅངས་ནས་ཕྱི་ལོ་༡༩༥༠ ལོར་ང་ཡི་མཛེས་སྡུག་ལྡན་པའི་ཕ་ཡུལ་དུ་བཙན་འཛུལ་བྱས་པ་རེད། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ་དང་། དགོན་པ་དང་ལྷ་ཁང་སྟོང་ཕྲག་མང་པོ་གཏོར་བཅོམ་བཏང་བ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཚབས་ཆེའི་གནོད་སྐྱོན་བཏང་བ་སོགས་ཁོ་རང་ཚོས་གང་འདོད་བྱས་པ་རེད། ༧གོང་ས་མཆོག་དགུང་ལོ་ཧ་ཅང་ཆུང་ཆུང་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་རེད། མཐར་རྒྱ་ནག་གི་ཧམ་བཤད་དང་མ་རབས་ལ་མ་བཟོད་པར་ཁོང་སྐུ་མཁོར་དང་ལྷན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། དུས་དེ་ནས་བཟུང་བོད་ནང་གི་བོད་མི་མང་པོ་གཅིག་གི་རྗེས་ལ་གཅིག་རྒྱ་གར་ལ་བྲོས་ཡོང་བ་རེད། བཙན་བྱོལ་བོད་མི་རྣམས་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་འདོད་ཡོད་ཀྱང་རྒྱ་ནག་གི་དབང་ཤུགས་དང་། ཡིག་ཆའི་གནད་དོན་འདྲ་མིན་གྱིས་བོད་ནང་ལ་ལོག་ཐུབ་ཀྱི་མེད་པ་རེད། དེ་དག་གི་ཁྲོད་དུ་གུས་པ་རང་ཉིད་ཀྱི་པཱ་ལགས་ཀྱང་ཚུད་ཡོད། གུས་པའི་པཱ་ལགས་ལོ་ན་ཆུང་ངུའི་སྐབས་རང་ཉིད་ཀྱི་གྲོགས་པོ་འགའ་ཞིག་དང་མཉམ་དུ་རྒྱ་གར་ལ་བཙན་བྱོལ་དུ་བྲོས་ནས་ཕེབས་པ་རེད་འདུག ལོ་ཤས་སྔོན་ང་རང་ཁྱིམ་དུ་བཅའ་སྡོད་སློབ་ཕྲུག་ཡིན་སྐབས། མཚན་མོའི་དུས་སྐབས་སུ་མཚམས་རེ་པཱ་ལགས་ཀྱིས་བོད་ནས་བྲོས་བྱོལ་དུ་ཡོང་སྟངས་སྐོར་གྱི་སྒྲུང་གཏམ་དང་། ལམ་ལ་དཀའ་ངལ་མང་པོ་འཕྲད་པའི་དངོས་ཡོད་ལོ་རྒྱུས་གསུང་གནང་གི་ཡོད། དཔེར་ན། ཁོང་ཚོ་མཚན་མོར་ནགས་ཚལ་ཁྲོད་དུ་རྩམ་པ་འགམ་ནས་གྲོད་པ་རྒྱགས་ཐབས་བྱས་པ་དང་། གཅན་གཟན་གྱི་སྐད་སྒྲ་སྣ་ཚོགས་ཐོས་པ། གངས་རི་ནས་རྐང་པ་འདྲེད་ནས་མར་དམའ་སར་ཟགས་པ། ས་མཚམས་ཀྱི་བགྲོད་སྐབས་ཉེན་རྟོག་པས་ཤེས་ན་ཉེན་ཁ་ཆེན་པོ་ཡིན་སྟབས་ལག་དངུལ་རྣམས་སྦས་ནས་དབུལ་པོ་ཉམ་ཐག་ལྟ་བུར་ལམ་ལ་འགྲོ་དགོས་བྱུང་བ་སོགས་གསུང་གི་རེད། རྒྱ་གར་དུ་སླེབས་རྗེས་ཐབས་ལམ་སྣ་ཚོགས་ཀྱི་བོད་ལ་ཡོད་པའི་ནང་མི་རྣམས་ལ་འབྲེལ་བ་བྱེད་ཐབས་དང་དཀའ་ངལ་སྣ་ཚོགས་འཕྲད་པ་སོགས་མང་པོ་གསུང་གི་རེད། སྐད་ཆ་དེ་དག་གསུང་སྐབས་པཱ་ལགས་ཀྱི་མིག་མཐར་མིག་ཆུ་འཁོར་གྱི་ཡོད། འོན་ཀྱང་སོ་སོའི་ཕྲུ་གུའི་མདུན་དུ་ངུ་ཕོད་ཀྱི་མེད་པ་ངས་ཤེས་ཀྱི་ཡོད། རེས་གཟའ་སྤེན་པའི་དགོང་མོ་ཞིག་ལ་པཱ་ལགས་ཆང་རག་གིས་ཏོག་ཙམ་བཟི་ནས། ང་རང་བོད་ལ་འཁྲིད་འགྲོ་རྒྱུའི་སྐོར་རེ་བ་བཏོན་པ་དང་འགྲེལ་བརྗོད་མང་པོ་གནང་བྱུང་། ངས་ཁོང་ལ་སེམས་གཏིང་ནས་དེ་འདྲའི་རེ་བ་ཆེན་པོ་ཞིག་ཡོད་པ་ཤེས་རྟོག་བྱུང་བས། ངས་ཀྱང་རང་ཉིད་ཀྱི་སེམས་ལ་དམ་བཅའ་བརྟན་པོ་ཞིག་བཞག་ནས་པཱ་ལགས་ཀྱི་རེ་བ་ལྟར་འགྲུབ་ཐུབ་པ་བྱེད་དགོས་བསམ་གྱིན་ཡོད། ངའི་པཱ་ལགས་ཀྱིས་གནས་ཚུལ་དེ་དག་གཅིག་བྱས་ནས་དྲན་པ་བརྗེད་ཚར་ཡོད་ཀྱི་རེད། ཡིན་ན་ཡང་ངས་གནས་ཚུལ་དེ་སེམས་ནང་རྡོ་ལ་རི་མོ་བྲིས་པ་ནང་བཞིན་ཉར་ཡོད། དེས་ང་ལ་སེམས་ཤུགས་དང་བློ་སྟོབས་འཕར་མ་ཞིག་སྤྲོད་ཀྱི་འདུག ད་ལྟའི་ཆ་ལ་བོད་གངས་ཅན་ལྗོངས་སུ་རྒྱ་མི་དམར་པོ་ཚོས་གྲོང་ཁྱེར་དང་བཟོ་གྲྭ་མང་དག་ཅིག་འཛུགས་སྐྲུན་བྱས་ནས། ཡུལ་ལྗོངས་མཛེས་པོ་དེ་དག་འབགས་བཙོག་བཟོ་བཞིན་ཡོད་པ་དང་། གཏེར་ཁ་རྔོག་འདོན་དང་ཤིང་ནགས་གཅོད་བྲེག་ཚད་མེད་བྱས་ནས་ས་བཅུད་ཉམས་རྒུད་དུ་འགྲོ་བ། རེ་སྐྱེས་སྲོག་ཆགས། དོམ་ཁྲ། ཁྲུང་ཁྲུང་སྐྱེ་ནག […]
