འཇམ་དབྱངས་དོན་གྲུབ། བོད་ཀྱི་ལོ་རྒྱུས་དགེ་རྒན།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་འགྲོ་དགོས་ན་ཤེས་ཡོན་ལ་བརྟེན་དགོས་ཤིང་། ཤེས་ཡོན་ཡག་པོ་ཞིག་ཡོང་མི་ཡོང་ནི། དགེ་རྒན་རྣམ་པ་ཚོའི་ཤེས་ཚད་དང་ལྷག་བསམ་ལ་རག་ལུས་ཡོད་པས། མི་རིགས་དང་དགེ་རྒན་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཚུལ་དུ་གནས་ཡོད་པའི་དབང་གིས་དགེ་རྒན་གྱི་དཔུང་ཁག་ཉམས་སོང་ན་མི་རིགས་དེ་ཡང་རྒུད་པ་ནས་ཉམས་པའི་ཕྱོགས་སུ་འགྲོ་རྒྱུ་དང་། དགེ་རྒན་གྱི་དཔུང་ཁག་སྲ་བརྟན་ཚགས་ཚུད་ཅིག་བྱུང་ན་མི་རིགས་དེ་ཡང་སྔོན་ཐོན་གྱི་མི་རིགས་གཞན་དག་དང་འདྲ་བར་འཛམ་གླིང་ཤེས་རིག་གི་སྡིངས་ཆའི་སྟེང་དཔུང་པ་མཉམ་གཤིབས་ངང་བསྐྱོད་ཐུབ་རྒྱུར་གདོན་མི་ཟ། དེར་བརྟེན་ང་ཚོ་བོད་གངས་ཅན་ལྗོངས་ལ་མཚོན་ན་གནའ་སྔ་མོ་ནས་བཟུང་དགེ་རྒན་ལ་དགེ་བའི་བཤེས་གཉེན་དང་། བླ་མ། སློབ་དཔོན། ཡོངས་འཛིན་ཞེས་མཚན་གྱིས་བསྟོད་ཅིང་སེམས་ནས་བཀུར་བ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། རྒྱ་གར་འཕགས་པའི་ཡུལ་དུ་ཡང་དགེ་རྒན་ལ་གུ་རུ་ཞེས་འབོད་ཅིང་། གུ་རུ་ཞེས་པ་ནི་ལེགས་སྦྱར་ལྷ་ཡི་སྐད་དུ་ལྕི་བའི་དོན་ལ་འཇུག་པ་དང་། དེ་ནི་ཡོན་ཏན་གྱིས་ལྕི་བ་ཡིན་པའི་ཆ་ནས་གུ་རུ་ཞེས་བརྗོད་པ་ནི། སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་ཚོས་བསྒྱུར་གནང་བའི་བོད་འགྱུར་ཧ་ཅང་ལེགས་པོ་ཞིག་ཡིན་པར་སྙམ། དོན་དངོས་སུ་ཡང་། དགེ་རྒན་ནི་མི་རིགས་ཤིག་ཤེས་དཔལ་ལྡན་པའི་ཕྱོགས་སུ་དཀྲི་བའི་གདོང་མཆོངས་དམག་མི་ཞིག་དང་ཀུན་ནས་མཚུངས་ལ། དགེ་རྒན་ནི་མི་རིགས་ཤིག་རྨོངས་གཉིད་ལས་སད་མཁན་གྱི་ཞོགས་པའི་ཅོང་བརྡ་ཞིག་དང་ཧ་ཅང་འདྲ་བས། མི་མང་པོ་ཞིག་གིས་དགེ་རྒན་གྱི་ཕྱག་ལས་ནི། ཧ་ཅང་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་ཀྱང་ཡིན་ཞེས་བརྗོད་ཀྱི་ཡོད་པ་ཡང་ངོ་མ་དོན་ལ་གནས་པ་ཞིག་རེད། དགེ་རྒན་ནི་དཀར་གསལ་གྱི་སྒྲོན་མེ་ཞིག་དང་འདྲ་བར་ང་ཚོའི་གཏི་མུག་གི་མུན་པ་དག་དྲུངས་ནས་འབྱིན་པར་བྱེད་ལ། དགེ་རྒན་ནི་ང་ཚོའི་མིག་ཟུང་ཁ་འབྱེད་མཁན་གྱི་ལྷ་རྗེ་ཨང་དང་པོ་དེ་ཡིན། དེས་ན་འདི་ལྟ་བུའི་དགེ་བའི་བཤེས་གཉེན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་མང་དག་ཅིག་ཡོད་པ་ནས་འདིར་སྐབས་སུ་བབས་པ་བོད་རང་གི་མདོ་དང་བསྟན་བཅོས་དག་ཏུ་གསལ་བའི་དགེ་རྒན་གྱི་ཁྱད་ཆོས་རྣམས་རགས་ཙམ་བརྗོད་ནས། མཐའ་དོན་༸གོང་ས་མཆོག་གི་དགོངས་པའི་དཀྱིལ་འཁོར་དུ་འཆར་བའི་དགེ་རྒན་གྱི་ཁྱད་ཆོས་དག་༸གོང་ས་མཆོག་སྐུ་ངོ་མས་གསུངས་པའི་བཀའ་སློབ་གསུང་བཤད་དང་རིན་བྲལ་གྱི་བརྩམས་ཆོས་དག་ལ་གཞིར་བཟུང་ནས་བརྗོད་རྒྱུ་ཡིན་པས། ཅི་སྟེ་རང་ཉིད་མ་ཤེས་རྨོངས་པའི་དབང་གིས་ནོར་འཁྲུལ་གྱི་ཆ་མཆིས་ཚེ་རྒྱ་ཆེའི་ཀློག་པ་པོ་དང་མཁས་དབང་ཚོས་ཡོ་བསྲང་དང་བཀའ་སློབ་ལམ་སྟོན་ཡོད་པ་ཞུ། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་མདོ་དང་བསྟན་བཅོས་རྣམས་སུ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་སམ་མཚན་ཉིད་ཤིན་ཏུ་མང་པོ་གསུངས་ཡོད་པ་ནས་འདིར་དཔེ་མཚོན་འགའ་ཞིག་འགོད་ན་འདི་ལྟ་སྟེ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དད་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་དང་། ཡང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་མཆོག་གིས། དགེ་བའི་བཤེས་གཉེན་དེ་དག་གི། །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་ལ་ནི་ཁྱོད་བརྟེན་ན། །ཁྱེད་ཀྱིས་མཁྱེན་གྱི་གུས་པར་མཛོད། །ཅེས་གསུངས་ཡོད། དེ་བཞིན་སློབ་དཔོན་ཞི་བ་ལྷས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་གནས་པ་དང་། ཞེས་དང་། སློབ་དཔོན་ཙནྡྲ་གོ་མིས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་ཡོད། ལས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམས་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །འཁོར་གསུམ་གྱིས་ནི་དག་པ་སྟེ། […]
༸གོང་ས་མཆོག་གི་དགོངས་པའི་དག
ཤིང་ཚང་འཇམ་དབྱངས་བསོད་ནམས། གཞི་བར་བོད་དགེ།སེར་བྱས་འབྲིང་རིམ་སློབ་གྲྭ། ༄༅། །ད་ལོ་སྟེ་རང་ཅག་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང༌། འཛམ་གླིང་ཞི་བདེའི་དེད་དཔོན། དུས་རབས་ཉེར་གཅིག་པའི་ལམ་སྟོན་པ་ཆེན་པོ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པ་དང་བསྟུན། བོད་མི་མི་རེ་ངོ་རེ་དང་བོད་མི་སྤྱིའི་བསོད་ནམས་གོང་མཐོར་སླད་དུ་ལོ་གཅིག་ཧྲིལ་པོ་མགོན་པོ་གང་གི་སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ་སྤྱི་སྒེར་ཚང་མས་རང་ནུས་གང་ཡོད་ཀྱིས་༸གོང་ས་མཆོག་གི་བཀའ་དྲིན་ཚོར་བའི་སྒོ་ནས་སྲུང་བརྩི་ཞུ་དགོས་སྐོར་དཔལ་ལྡན་བོད་མི་སྒྲིག་འཛུགས་བཀའ་ཤག་ནས་བཀའ་ཕེབས་པ་ཇི་བཞིན་སྤྱི་བོའི་རྒྱན་དུ་བཀུར་ཏེ། ཕྲན་ནས་ཀྱང་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཇི་ལྟ་བ་བཞིན། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱིས་ངེད་དགེ་རྒན་རྣམས་ལ་རྩོམ་ཡིག་རེ་འབྲི་རྒྱུའི་གོ་སྐབས་སྩལ་བ་ལྟར། རྩོམ་ཡིག་གི་བརྗོད་གཞི་”༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་”སྐོར་རྩ་བའི་ས་བཅད་གསུམ་གྱི་སྒོ་ནས་བཤད་པ་ལ། དང་པོ། སྤྱིར་དགེ་རྒན་གྱི་མཚན་ཉིད།གཉིས་པ། མཚན་ཉིད་ཀྱི་ཟུར་དེ་དག་ལས་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་དག་ནན་བཤད།གསུམ་པ། ཁྱད་ཆོས་དེ་དག་ཚང་བའི་སྒོ་ནས་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས། ས་བཅད་དང་པོ། སྤྱིར་དགེ་རྒན་གྱི་མཚན་ཉིད། དེ་ཡང་ཇི་སྐད་དུ། རྒྱལ་བ་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་སྟེན། ། ཞེས་ཕར་ཕྱིན་ཐེག་པའི་གཞུང་ནས་གསུངས་པའི་དགེ་བའི་བཤེས་གཉེན་ནམ་དགེ་རྒན་གྱི་མཚན་ཉིད་བཅུ་གསུངས་པ་དེ་དག་དེང་སང་གི་དགེ་རྒན་ཞིག་གི་ཉིན་ཞག་ཕྲུགས་གཅིག་གི་བྱེད་སྒོ་དང་མཐུན་པ་སྦྱར་ཏེ་སྙན་ངག་དང་རབ་བཏགས་སོགས་ཀྱི་ཚིག་གི་སྤྲོས་བཤད་ཡོངས་སུ་དོར་ཅིང་ཁྱད་ཆོས་བཅུ་པའི་དོན་གྱི་གོ་བ་རྩལ་འདོན་གྱིས་ཅུང་ཟད་འབྲི་བ་ནི། ༡། བཤེས་གཉེན་དུལ་བ་ཞེས་པས་ནི། དགེ་རྒན་རང་ཉིད་ཀྱི་སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཞི་དུལ་བག་ཕེབས་ཤིག་དགོས་པར་བསྟན། དུས་རྟག་ཏུ་རང་དོན་ལ་འདོད་སྲེད་ཆུང་ཞིང་གཞན་དོན་རྣམས་ལ་ལྷག་བློ་ཆེར་བསྐྱེད་ཐུབ་མཁན་སློབ་མ་ཀུན་གྱི་མིག་དཔེར་འོས་པའི་བཙུན་པའི་ཡོན་ཏན་དང་ལྡན་པ་ཞིག་དགོས་པའོ། ། ༢། ཞི་བ་ཞེས་པས་ནི། དགེ་རྒན་རང་ཉིད་དུས་དང་རྣམ་ཀུན་ཏུ་ཆགས་སོགས་ཉོན་མོངས་རགས་པའི་དབང་དུ་མ་སོང་བར། སྒོ་གསུམ་སྤྱོད་ལམ་ཞི་ཞིང་དུལ་བའི་ཐོག་རང་ཚུགས་བརྟན་པོའི་ངང་རྒྱུན་དུ་རང་གི་སེམས་ལ་བརྟག་དཔྱད་དང་བྱ་ར་བྱས་ཏེ་སེམས་རྒྱུད་ཉོན་མོངས་དང་མ་འདྲེས་པའི་ཐབས་ལ་འབད་དགོས་པར་བསྟན་པའོ། ། ༣། ཉེར་ཞི་བ་ཞེས་པས་ནི། དགེ་རྒན་རང་ཉིད་ཉོན་མོངས་རགས་པའི་གཞན་དབང་དུ་ལྟུང་བ་སྟེ། རང་ལྟ་མཆོག་འཛིན་དང་ཁྱེད་སྡུག་ང་བཟང་གི་ལྟ་བ་འཁྱེར་ནས་དགེ་རྒན་དང་ལས་བྱེད་བར་ཕྱོགས་རིས་ཀྱི་དབྱེ་བ་ཕྱེ་མི་རུང་ལ། རང་གི་སློབ་མ་རྣམས་ལ་གཅིག་མཚུངས་ལྟ་རྟོག་དགོས་པ་ལས་བཟང་ངན་གྱི་དབྱེ་འབྱེད་གཏན་ནས་མི་བྱེད་པར་ལུས་སེམས་ཉེ་བར་ཞི་སྟེ་ལྷིང་ཆགས་པར་གནས་ཏེ། དགེ་རྒན་བཟང་པོ་ཞིག་བྱེད་དགོས་པར་བསྟན་པའོ། ། ༤། ཡོན་ཏན་ལྷག་པ་ཞེས་པས་ནི། དགེ་རྒན་རང་ཉིད་ཀུན་སྤྱོད་དང་ཡོན་ཏན་གང་གི་ཐད་ནས་རང་གི་སློབ་མ་ལས་ལྷག་པ་ཞིག་དགོས་པ་བསྟན་པའོ། ། རང་ཉིད་ཡོན་ཏན་སོགས་སློབ་མ་ལས་ཞན་པ་དང་གནས་སྐབས་གསོལ་ཕོགས་སོགས་ཁེ་ཐོབ་ཕྲན་བུ་བློས་མ་ཐོངས་པར་དེ་མུར་ཉི་མ་སྐྱེལ་ཐབས་བྱས་ན་སློབ་མ་དེ་བས་གནོད་ཚབས་ཆེ་བ་ཞིག་ལས་མེད། དེས་ན་དགེ་རྒན་ཞིག་ཡིན་ཕྱིན་རྒྱུན་དུ་སློབ་སྦྱོང་ལ་དོ་དབྱིངས་འབད་བརྩོན་བྱེད་རྒྱུ་ཤིན་ཏུ་འགངས་ཆེ་བར་སེམས། ༥། བརྩོན་བཅས་ཞེས་པས་ནི། རང་ཉིད་དགེ་རྒན་ཞིག་ཡིན་ཕྱིན། རྒྱུན་དུ་ཤེས་ཡོན་རིག་གནས་དག་ལ་དཔེ་ཀློག་གིས་མཚོན་པའི་ཐབས་ཤེས་སྣ་རྒུས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་པར་བསྟན། དེ་སྔོན་སྦྱངས་ཟིན་པ་དང་། […]
༸གོང་ས་མཆོག་གི་དགོངས་པའི་དག
ལྷག་པ་དོན་གྲུབ། གཞི་གོང་བོད་དགེ།སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། འཇིག་རྟེན་ཡངས་པོའི་དུས་གསུམ་སྐྱེ་འགྲོ་བདེ་བའི་སླད།།གང་གི་སྐུ་ཚེ་ཕངས་མེད་གློད་མཛད་ཐུགས་དམ་བཅས།།འཛམ་གླིང་ས་གཞི་དོག་མོས་འདེགས་བཟོད་དཀའ་བའི་དྲིན།།མཉམ་མེད་༧རྒྱལ་དབང་མཆོག་ལ་མི་ཕྱེད་དད་པས་འདུད།། ངེད་ཅག་མཐོ་སྒང་བོད་ཀྱི་ཡུལ་དུ་སྔོན་བྱོན་ཆོས་རྒྱལ་ལོ་པཎ་དང་། བླ་མ་མཁས་སྤྲུལ་རྣམས་ཀྱིས་ལུས་ཀྱི་བཟོད་དཀའི་དཀའ་སྡུག་གྲངས་མེད་མྱངས་ཏེ་འབད་པ་དུ་མ་བརྩེགས་པའི་བློས་བཏང་བླ་ན་མ་མཆིས་པ་ལས་བྱུང་ཞིང་། ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོར་བསླེབས་པར་གྲགས་པ་དུས་རབས་ཉི་ཤུ་པའི་རྒྱལ་ཁབ་རྣམས་ཀྱིས་དོ་ཟླར་མ་སླེབས་ཤིང་། རིགས་པའམ་རྒྱུ་མཚན་ལ་མ་བརྟེན་པར་ངོས་ལེན་མི་བྱེད་པར་ཁས་འཆེས་པའི་དེང་དུས་རིག་གསར་ཚན་རིག་པའི་མཁས་པ་ཆེན་པོ་འགྲན་གྱི་དོ་མེད་རྣམས་ཀྱིས་ཀྱང་འགྲམ་ཆུ་ལྡང་གཞིར་གྱུར་པ། འཛམ་གླིང་སྤྱི་ཚོགས་ཁྲོད་དུ་འདོད་རྔམ་དང་ཕྱོགས་རིས། ཕྱོགས་ཞེན། ལྐོག་ཟ་རུལ་སུངས་སོགས་ལ་བརྟེན་ནས་བྱུང་བའི་མིས་བཟོས་དཀའ་ངལ་རྩ་བཀོག་མིང་མེད་བཏང་པ་ལ་མེད་དུ་མི་རུང་བ་བཅས་ནི། བོད་ཀྱི་སངས་རྒྱས་པའི་ཆོས་དང་རིག་གནས་ཡུལ་གོམས་གཤིས་ལུགས་སོགས་ཁྱད་ནོར་གཞན་ལ་དོན་དུ་ངོམས་སུ་ཆོག་པ་འདི། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་འཇིག་རྟེན་ཁམས་འདིར་གསོན་གནས་ཡོད་སྟབས་ཁོང་གི་བཀའ་དྲིན་སྙིང་དབུས་སུ་དྲངས་ནས། ད་ལན་ “༧གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས” ཞེས་པའི་བརྗོད་གཞི་ཐོག་ཁོ་བོའི་རྣམ་རྟོག་གི་འཇུག་པ་ལས་ཐོན་པའི་བསམ་ཚུལ་གྱི་ཟེགས་མ་འགའ་ཞིག་འབྲི་བར་འདོད་པས་ནོངས་པ་མཆིས་རིགས་བློ་གྲོས་སྤྱན་ལྡན་རྣམས་ཀྱི་མདུན་སར་པུས་མོའི་ལྷ་ང་ས་རུ་བཙུགས་ཏེ་བཟོད་གསོལ་ཞུ་རྒྱུ། ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདིར་ད་ལྟ་གདོང་ལེན་བྱེད་དཀའ་བའི་དཀའ་ངལ་དང་སྡུག་བསྔལ་མཐའ་དག་ནི། འདོད་རྔམ་དང་རང་རྒྱལ་གཞན་ཕམ་གྱི་བསམ་པ་ཅན། སྤྱི་དོན་ལས་སྒེར་དོན་གཙིགས་སུ་འཛིན་མཁན་འདས་པ་དང་ད་ལྟའི་མི་རབས་རྣམས་ཀྱིས་བསྐྲུན་པའི་རྗེས་འབྲས་ཤིག་ཡིན་པ་སྨྲོས་ཅི། དེར་བརྟེན་ད་ལྟ་མྱོང་བཞིན་པའི་འཇིག་རྟེན་གྱི་དཀའ་ངལ་དང་སྡུག་བསྔལ་རྣམས་རྩ་བཀོག་བྱེད་རྒྱུའི་བསམ་པ་འཛིན་མཁན་རྣམས་ཀྱིས་ཕུགས་རེ་བཅོལ་ས་ནི། ད་ལྟའི་བྱིས་པ་དང་ན་གཞོན་རྣམས་ལས་གཞན་སུའང་མ་མཆིས་ཤིང་། དེ་ཡང་དཀའ་ངལ་རྣམས་བཟློག་ཐབས་ཀྱི་འོས་འགན་གཙོ་བོ་ནི། ད་ཡོད་ཤེས་ཡོན་སློབ་གསོ་སྤྲོད་མཁན་དགེ་རྒན་རྣམས་ཀྱི་ཕྲག་པར་བབས་ཡོད་སྟབས། དེ་དག་ལ་དུས་བསྟུན་ཡང་དག་པའི་ཤེས་ཡོན་འབུལ་རྒྱུ་ནི་གནད་ཀྱི་སྙིང་པོར་གཟིགས་ཏེ་ན་གཞོན་རྣམས་ལ་ཤེས་ཡོན་སྤྲད་རྒྱུའི་༧གོང་ས་མཆོག་གི་དམིགས་ཡུལ་གཙོ་བོ་འདིར་ཟད་སྙམ། དེས་ན་བྱིས་པ་དང་ན་གཞོན་རྣམས་ལ་ཡང་དག་པའི་ཤེས་ཡོན་སྤྲོད་མཁན་གྱི་དགེ་རྒན་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་སྨྲོས་ཅི། མདོར་ན་༧གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་རང་གི་བློ་ངོར་འཁོར་བ་འགའ་ཞིག་འདིར་དྲངས་ན། ༡། བྱམས་བརྩེ་ཅན། དགེ་རྒན་རྣམས་ལ་མེད་དུ་མི་རུང་བའི་ཁྱད་ཆོས་ཚང་དགོས་པ་གཅིག་ཉིད་ནི། དགེ་སློབ་གཉིས་དབར་འབྲེལ་བའི་གནས་སྟངས་ཇི་འདྲ་ཐབས་རྡུགས་གྱུར་ཀྱང་དགེ་རྒན་གྱི་སེམས་ནང་སློབ་ཕྲུག་ལ་དམིགས་པའི་བྱམས་བརྩེའི་བསམ་པ་འདོར་མི་རུང་བ་ནི། དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་དང་པོའི་དང་པོར་མཐོང་། དེ་ཡང་སློབ་ཕྲུག་རྣམས་ནི་དངོས་པོའི་གནས་ཚུལ་ལ་རང་གི་རྣམ་དཔྱོད་ཤེས་རབ་ཀྱིས་དཔྱད་པའི་ནུས་པ་ཞན་ཞིང་། རང་གི་འཕྲལ་ཕུགས་མི་ཚེར་བྱ་བ་གང་གིས་ཕན་གནོད་སྒྲུབ་པར་བྱེད་པའི་ཤེས་རབ་མི་ཆེ་བས་བླང་དོར་གྱི་གནས་རྣམས་གོ་ལྡོག་སྟེ་སྐབས་རེར་དགེ་རྒན་གྱི་བསམ་ཡུལ་ལས་འདས་ཤིང་། ཁས་ལེན་དཀའ་བའི་ཐབས་རྡུགས་ཀྱི་བྱ་སྤྱོད་སྤེལ་སྐབས་དེ་ལ་ཁོང་ཁྲོ་དང་མི་དགའ་བའི་བསམ་པ་མི་སྐྱེས་པར་དགེ་རྒན་རང་ཉིད་ང་རྒྱལ་དང་ཁེངས་སེམས་དོར་ཏེ་དམའ་སར་བབས་ནས་བཅོས་མ་མ་ཡིན་པའི་བྱམས་བརྩེའི་སྤྱོད་པ་བསྟན་ཏེ་སློབ་ཕྲུག་གི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ན། ནམ་ཞིག་སློབ་ཕྲུག་དེ་ཉིད་ཀྱི་སེམས་ནང་རང་ཉིད་མ་འགྲིགས་པ་དང་ནོར་འཁྲུལ་ཤོར་བའི་ཤེས་རབ་སྐྱེས་ཏེ། སློབ་ཕྲུག་དེའི་སེམས་ནང་དགེ་རྒན་ལ་དམིགས་པའི་ཆེ་མཐོང་དང་དད་གུས་ཀྱི་བསམ་པ་ཤུགས་ཆེ་འཕེལ་ཏེ་རང་ཉིད་ཀྱི་འཕྲལ་ཕུགས་མི་ཚེར་སྨན་པའི་སླད་དུ་དགེ་རྒན་གྱིས་མཛུབ་མོ་གར་འཛུགས་ས་ལ་འགྲོ་རྒྱུའི་ཆོད་སེམས་བརྟན་པོ་ཐོབ་པའི་དུས་ཤིག་ཡོང་ངེས་སྙམ། ༢། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་པ་ལྡན་པ། ཁོག་མ་ལ་མེད་ན། ཟ་རུ་ལ་གང་ནས་ཡོང་། ཞེས་སྔར་གྱི་ཁ་དཔེ་ལྟར། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་བློ་དེ་དགེ་རྒན་ལ་མེད་ན་སློབ་ཕྲུག་ལ་དེ་ལྟའི་བསམ་བློའི་ཁྱད་ནོར་འཇགས་རྒྱུའི་རེ་བ་དེ་བས་ག་ལ་སྲིད། དེས་ན་སློབ་ཕྲུག་རྣམས་ལ་ཀུན་ཁྱབ་སེམས་ཁུར་དང་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་འཁུར་གྱི་བསམ་བློ་ཆུང་དུས་ནས་སེམས་ནང་བག་ཆགས་བརྟན་པོ་འཇོག་ཏུ་འཇུག་རྒྱུ་ཧ་ཅང་གལ་ཆེར་མཐོང་། རང་དོན་དང་རང་རྒྱལ་གྱི་བསམ་པ་ནི་སུས་ཀྱང་བསླབས་མི་དགོས་པར་ཀུན་ལ་ངང་གིས་འཇགས་སླ་བས་བསམ་པའི་འཁྱེར་སོ་དེ་དག་རྐང་གིས་བསླབས་མི་དགོས་ཤིང་རིན་ཐང་ཅན་ཡང་མ་མཐོང་། འོན་ཀྱང་སློབ་ཐོན་པ་ན་གཞོན་རྣམས་ལ་ཀུན་ཁྱབ་སེམས་ཁུར། སྤྱི་སེམས། ཕུགས་རྒྱང་བརྟན་བརླིང་སོགས་སྤྱི་དང་སྒེར་ལ་སྨན་པའི་སེམས་ཀྱི་ཁྱད་ནོར་དེ་དག་མེད་ཚེ། འཇིག་རྟེན་ཁྱོན་འདིའི་ཁོར་ཡུག་གཙོ་བོར་གྱུར་པའི་མིའི་རིན་ཐང་རྣམས་རིམ་གྱིས་འགྲིབ་ཅིང་། ངོ་ཚ་ཁྲེལ་གཞུང་མེད་པ་སོགས་སེམས་ཀྱི་སྐྱོན་རྣམས་ངང་གིས་འཕེལ་ཏེ་སྤྱི་ས་དང་སྤྱི་ཞིང་སྒེར་བདག་བྱས་པ། སྤྱི་ཟས་དང་སྤྱི་ནོར་སྒེར་སྤྱོད་བྱས་པ་སོགས་དཀའ་ངལ་དུ་མས་སྤྱི་ཚོགས་ཀྱི་བདེ་འཇགས་ཐལ་བར་བརླགས་ཏེ་རང་མེད་མི་མེད་བཟོས་པའི་ལོ་རྒྱུས་རྫོགས་རྒྱུ་མེད་པ་ཐོན་པའི་རྒྱུ་མཚན་གཙོ་བོ་ནི། མི་ངན་དེ་དག་ལ་ཆུང་དུས་ནས་ངེས་པར་སློབ་གལ་ཆེ་བའི་ཀུན་ཁྱབ་སེམས་ཁུར་དང་འཇིག་རྟེན་སྤྱི་ཡོངས་ཀྱི་འགན་འཁུར་སོགས་སློབ་གསོའི་མ་འདང་བས་ཡིན། དེས་ན་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའི་ཆ་ཤས་སུ་གྱུར་པའི་མིའི་རིན་ཐང་ཡར་རྒྱས་དང་ཀུན་ཁྱབ་སེམས་ཁུར་སོགས་ཀྱི་ཤེས་ཡོན་རྣམས་ཆུང་དུས་ནས་སློབ་ཁྲིད་དགོས་རྒྱུ་ཁོ་བོས་གལ་ཆེར་མཐོང་སྟེ། དགེ་རྒན་རྣམས་ལ་དེ་ལྟའི་ཁྱད་ཆོས་ཚང་མེད་རིགས་གཞན་ལ་སློབ་ཁྲིད་དང་མིག་དཔེ་སྟོན་དཀའ་བས་དགེ་རྒན་རྣམས་ལ་ཁྱད་ཆོས་འདི་ངེས་པར་ཚོང་དགོས་ངེས་སུ་མཐོང་། ༣། ཕྱི་དངོས་པོ་ལས་ནང་སེམས་པ་ཡར་རྒྱས་གལ་ཆེར་བརྩི་མཁན་ཞིག་དགོས། ངེད་ཅག་བོད་རྒྱལ་ཁབ་ཀྱི་འདས་པའི་ལོ་རྒྱུས་ནང་དུ་བསམ་གཞིགས་ལེགས་པར་བྱས་ན། […]
ང་ཚོ་བོད་ཀྱི་འབྲོག་པ།
ལྷ་སྒྲོན་རྟ་མང་།འཛིན་རིམ་དགུ་པ། སཾ་བྷོ་ཊ་མ་སུ་རི་གཏན་སློབ། དུས་རབས་འདིར་ཚན་རིག་པ་རྣམས་ཀྱིས་རིག་རྩལ་གསར་རྙེད་ལ་བརྟེན་ནས་དངོས་རིགས་གསར་བཟོས་མཚོན་འཇིག་རྟེན་མི་ཡི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་དང། སྤྱི་ཚོགས་ཡར་རྒྱས་ཕྱིན་སྟབས་མི་མང་ཆེ་བས་འཕྲུལ་ཆས་ལ་བརྟེན་ཏེ་རང་ཉིད་ཀྱི་ནུས་ཤུགས་ངོ་མ་དེ་ཧ་མི་གོ་བར་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། དེང་དུས་ཀྱི་སྤྱི་ཚོགས་ནང་མི་ཡི་ནུས་སྟོབས་དེ་རྒྱུ་ནོར་ལོངས་སྤྱོད་མང་ཉུང་ཡོད་མེད་བལྟས་ནས་ཐག་གཅོད་ཀྱི་ཡོད། དངོས་གནས་བཤད་ན་ནུས་སྟོབས་ཅན་ཟེར་བ་དེ་འཕྲུལ་ཆས་ལ་མ་བརྟེན་པར་རང་བྱུང་ཁམས་དང་མཛའ་འབྲེལ་གྱི་ནུས་ཤུགས་བེད་སྤྱོད་བཏང་ནས་འཇིག་རྟེན་འདིར་འཚོ་བ་སྐྱེལ་མཁན་ལ་ཟེར་ན་འགྲིག་པར་འདོད། དེ་འདྲའི་རོང་འབྲོག་གི་འཚོ་བ་སྐྱེལ་མཁན་དེ་རང་རེའི་བོད་པ་ཉག་གཅིག་ཡིན། སྤྱིར་བོད་ཀྱི་ས་ཆ་དེ་འཛམ་གླིང་གི་བྱང་ཕྱོགས་སུ་ཡོད་པས་གནམ་གཤིས་ཧ་ཅང་གྲང་ཞིང་རྩི་ཤིང་ཞེ་དྲག་སྐྱེ་ཡི་མེད་པར་བརྟེན། བོད་མི་མང་ཆེ་བའི་བྱ་བ་གཙོ་བོ་འབྲོག་ལས་བྱེད་ཀྱིན་ཡོད། དེར་བརྟེན་འབྲོག་ལས་བྱེད་མཁན་རྣམས་ལ་འབྲོག་པ་ཟེར་གྱི་རེད། འབྲོག་པ་རྣམས་ནི་རི་མཐོ་ས་གཙང་གི་མདོ་དབུས་མཐོ་སྒང་འཛམ་གླིང་གི་གྲང་ངར་ཆེ་བའི་ས་གནས་དམིགས་བསལ་ལ་གནས་སྡོད་ཐུབ་པའི་མི་རིགས་ཤིག་ཡིན་ཞིང་། མི་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད། མི་རིགས་འདི་ནི་རང་བྱུང་ཁམས་ཀྱི་གྲང་ངར་རླུང་འཚུབ་སོགས་ལ་ཇི་མི་སྙམ་པའི་དཔའ་ངར་ཆེ་བ་ཞིག་ཡིན། བོད་ཀྱི་འབྲོག་པ་རྣམས་ཉིན་ལྟར་སྒོ་ཕྱུགས་གསོ་སྐྱོང་གིས་འཚོ་བཞིན་ཡོད། སྡོད་གནས་མང་ཆེ་བ་རི་ལུང་རྩྭ་ཐང་སྟེང་འཚོ་སྡོད་བྱེད་ཀྱི་ཡོད། ཡིན་ནའང། འབྲོག་པ་རྣམས་ས་གཅིག་ཏུ་མ་སྡོད་པར་གནམ་གཤིས་དང་དུས་བཞིའི་འགྱུར་བ་དང་བསྟུན་ནས་ཐག་ཉེའི་རི་ལུང་མི་འདྲ་བར་གནས་སྤོ་བྱེད་ཀྱི་ཡོད། འབྲོག་པའི་ཟ་ཆས་གཙོ་བོ་ཤ་དང། རྩམ་པ། མར། ཆང། བོད་ཇ། འོ་མ་བཅས་ཡིན། འབྲོག་པ་རྣམས་ནི་ཧ་ཅང་ནུས་ཤུགས་ཆེ་ཞིང་བློ་ཁོག་ཆེན་པོ་ཡོད། སྤྱིར་ན་འབྲོག་པ་ཚོས་རི་དྭགས་གཅན་གཟན་སོགས་ལ་དོན་མེད་གནོད་པ་དང་སྲོག་གཅོད་པ་སོགས་བྱེད་པར་དགའ་བོ་མི་བྱེད། ང་ཚོ་བོད་ཀྱི་འབྲོག་པ་རྣམས་འབྲོག་ལས་བྱས་ཏེ་གཞན་ལ་ཇུས་གཏོགས་མི་བྱེད་པར། རང་རང་གི་འཚོ་བ་སྐྱེལ་བྱེད་སྒོ་ཕྱུགས་སེམས་ཅན་མཉམ་དུ་ཞི་བདེ་ལམ་ནས་མི་ཚེ་སྐྱེལ་གྱི་ཡོད་རེད། རང་གི་འཚོ་གནས་ཆེད་ཉིན་མཚན་མེད་པར་དཀའ་ལས་རྒྱག་པ་དང་། གནས་ཚུལ་གང་འདྲ་སྡུག་པོ་འཕྲད་ན་ཡང་སོ་སོ་མཉམ་དུ་ཡོད་པའི་མི་གཞན་ལ་རོགས་རམ་བྱེད་ཡ་ནམ་ཡང་དྲན་པ་བརྗེད་ཀྱི་མ་རེད། འབྲོག་པ་རྣམས་ས་ཆ་གཅིག་ཏུ་གཏན་དུ་སྡོད་པ་མེད་ཀྱང་ཕ་ཡུལ་ལ་གུས་ཞབས་དང་སྲུང་སྐྱོབ་བྱེད་ཅིང། གལ་སྲིད་ལུང་པར་དཀའ་ངལ་འཕྲད་ན་རང་ཉིད་ཀྱི་ལས་ཀ་ཆ་ཚང་བཞག་ནས་རོགས་རམ་ཆེད་དུ་ཚང་མ་མཉམ་རུབ་བྱེད་ཀྱི་རེད། སྤྱིར་ང་ཚོ་བོད་ལ་འབྲོག་པ་མང་པོ་ཡོད་མོད། ཕྱི་ལོ་ ༡༩༥༩ ལོའི་གོད་ཆག་གནས་ཚུལ་གྱིས་འབྲོག་པ་མང་ཆེ་བས་ལུང་པ་སྲུང་སྐྱོབས་ཆེད་རང་གི་སྲོག་ལ་མི་བལྟ་བར་རང་ཡུལ་སྲུང་སྐྱོབ་སླད་ཚེ་སྲོག་མང་པོ་བློས་བཏང་བས། དེང་སང་བོད་ནང་དུ་འབྲོག་པ་ཉུང་དུ་སོང་ཡོད། བོད་ཀྱི་འབྲོག་པའི་དཀའ་ཁག་གི་འཚོ་བ་སྐྱེལ་སྟངས་ལ་ཕྱི་རྒྱལ་གྱི་མི་རྣམས་ཧང་སང་ཡོད། ད་ལྟ་ང་ཚོ་གཞན་གྱི་ལུང་པར་བཅའ་སྡོད་བྱས་ཡོད་ནའང་རང་ཉིད་ནི་ཁྱད་འཕགས་ནུས་སྟོབས་ལྡན་པའིི་བོད་རིགས་འབྲོག་པ་ཞིག་ཡིན་པ་ནམ་ཡང་དྲན་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད། ང་ཚོ་ཚང་མ་ནི་བརྗིད་ཉམས་དཔའ་བརྟུལ་ཅན་གྱི་བོད་པའི་རིགས་ཡིན།
ང་ཚོ་བོད་ཀྱི་འབྲོག་པ།
ཀརྨ་རང་བྱུང་།འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། འབྲོག་པ་ཞེས་པ་ནི་རང་ཉིད་འཚོ་སྡོད་ཀྱི་ས་ཆ་གཏན་འཇགས་མེད་པར་རྟ་ནོར་ལུག་གསུམ་དབྱར་ས་དང་དགུན་སར་དེད་ནས་འཚོ་བ་སྐྱེལ་མཁན་ཞིག་ལ་གོ ང་ཚོ་བོད་ཀྱི་འབྲོག་པ་ནི་རྒྱལ་ཁབ་གཞན་གྱི་འབྲོག་པ་དང་མི་འདྲ་བ་ཡོད། སྤྱིར་བོད་ལྗོངས་ཀྱི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ཞིང་པ་དང་། འབྲོག་པ། ས་མ་འབྲོག ཚོང་པ་བཅས་ཡོད། སྐབས་འདིར་བདག་གིས་འབྲོག་པའི་སྐོར་མདོར་ཙམ་བརྗོད་པར་འདོད། འབྲོག་པའི་འཚོ་བ་རོལ་སྟངས་ནི་གཞན་རྣམས་དང་མི་འདྲ། འབྲོག་པ་རྣམས་ལ་དབྱར་དགུན་སྟོད་དཔྱིད་ཀྱི་དུས་སོ་སོར་མཚེར་ས་མི་འདྲ་བ་ཡོད་འདུག དེ་ཡང་དབྱར་དུས་སུ་འབྲོག་སྡེ་སོ་སོས་རུ་སྐོར་ཆེ་ཆུང་སྣ་ཚོགས་བྱས་ཏེ་བྱང་ཐང་དུ་སྡོད་ཅིང་། རྩ་ཐང་ནི་ཡུལ་ཁག་སོ་སོར་ཁོངས་གཏོགས་ཀྱི་ས་མཚམས་སམ། འགའ་ཞིག་ལ་རུ་ཤོག་རང་ཉིད་ལ་སྒེར་བདག་གི་ས་མཚམས་ཡོད་འདུག་པར་རང་དབང་དུ་གནས་སྡོད་ཆོག་པ་ལས་མི་ཚང་སོ་སོར་སྒེར་དབང་ས་ཆ་ཆུང་ཆུང་དེ་འདྲའི་མཚམས་ཡོད་སྲོལ་མི་འདུག སྟོན་དུས་སུ་སྒོ་ཕྱུགས་རྣམས་དམའ་སར་དེད་དེ་སྐམ་རྩ་ཡོད་ས་དང་གངས་རླུང་གི་གནོད་སྐྱོན་མེད་སའི་གནས་ཡུལ་དག་འཚོ་སྡོད་བྱེད་དགོས། དབྱར་དུས་བསྡད་སར་དབྱར་མཚེར་དང་དགུན་དུས་བསྡད་པར་དགུན་མཚེར་ཞེས་འབོད་པར་བྱེད། འབྲོག་པ་དག་ལ་སྤྱིར་བཏང་གཏན་སྡོད་ཀྱི་ས་ཆ་ཞིག་རྩ་བ་ནས་ཡོད་སྲོལ་མི་འདུག་ཅིང་། ཁོང་ཚོའི་འཚོ་བ་གཙོ་བོ་ནོར་ཕྱུགས་ལ་བརྟེན་ནས་ཡོད་སྟབས་རྩྭ་ཆུ་གར་བཟང་གི་གནས་སུ་འཚོ་བ་བསྐྱལ་ནས་སེམས་ཅན་དག་འཚོ་སྐྱོང་བྱ་དགོས། བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཡས་མས་སུ་ས་ཁད་མཐོ་ཤོས་སུ་འདུག་པ་དང་། དགུན་ཟླ་གསུམ་གྱི་རིང་རི་མགོ་ཁ་བས་བཟུང་ཞིང་རྩྭ་རྣམས་གངས་ཀྱིས་གཡོགས་ཏེ་ཕྱུགས་རིགས་ཀྱིས་རྩྭ་ཟ་མི་ཐུབ་སྟབས་རུ་པ་རྣམས་ཅུང་དྲོ་ས་དང་སྐམ་རྩ་ཡོད་སའི་གནས་སུ་སྤོས་ནས་རི་འདབས་སུ་འདུག་གི་ཡོད། གནའ་རབས་བོད་ཀྱི་འབྲོག་པ་ཚོར་ཁྲིམས་ལུགས་བཟང་པོ་མང་པོ་ཡོད། དཔེར་ན། རི་དྭགས་ཀྱི་རིགས་གང་བྱུང་གསོད་མི་ཆོག་པ་དང་། དབྱར་རྩྭ་དགུན་འབུ་དང་། སྨན་རྩའི་རིགས་གང་བྱུང་བརྐོ་འདོན་མི་ཆོག་པ། འབྲོག་སྡེ་ནང་ཁུལ་ཇག་བཅོམ་དང་ཁ་རྩོད་སོགས་རྒྱག་མི་ཆོག་པ་དང་། ཁྲིམས་ལུགས་དེ་དག་ཕལ་ཆེ་བ་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་དང་འབྲེལ་བ་དམ་ཟབ་ཡོད། དེ་དག་ལས་བརྒལ་ཏེ་བྱ་བ་བྱས་ན་ཉེས་པ་ཡང་ལྕི་མོ་འཁུར་དགོས། འབྲོག་པའི་ཅ་དངོས་འགའ་ཞིག་གི་སྐོར་བརྗོད་ན། ཐོག་མར་སྦྲ་གུར་ནི་འབྲོག་པའི་ཁང་ཁྱིམ་གཙོ་བོ་དེ་ཡིན་ཞིང་དེ་ནི་གཡག་གི་རྩིད་པ་དང་ཁུ་ལུ་ལས་བཟོས་པ་ཞིག་རེད། འུར་ཆ། ལ་ལས་འུར་རྡོ་ཡང་འབོད། དེ་ཡང་གཡག་གི་རྩིད་པ་དང་ར་ཡི་སྤུ་ལས་བཟོས་པ་ཞིག་ཡིན་ཞིང་། དེ་ནི་སེམས་ཅན་འཚོ་བྱེད་དང་གཅན་གཟན་སོགས་དགྲ་ལ་ཐུག་དུས་ཀྱི་ལག་ཆ་ཡོད་ན་མེད་ན་དེ་རེད། གྲོ་ཁུག་ནི་འབྲོག་པ་རྣམས་ཀྱིས་དཔྱིད་དུས་གྲོ་མ་འཐུ་སྐབས་བེད་སྤྱོད་བྱེད་སྲོལ་ཡོད། ཁལ་མ་ནི་སེམས་ཅན་ཏེ། འབྲོག་པ་རྣམས་རི་མཐོ་ལུང་ཟབ་ན་སྡོད་ཀྱི་ཡོད་པས་ལམ་ཐག་རིང་མོར་ཚོང་འགྲོས་སྐབས་སེམས་ཅན་དེ་དག་ལ་ཁལ་བཀལ་ཏེ་འདེད་འགྲོ་གི་ཡོད་པས་ཁལ་མ་ཞེས་འབོད། དེ་བཞིན་གླང་སྒ་དང་རྟ་སྒ་ཞེས་པ་ཞིག་ཀྱང་ཡོད། དེ་ནི་ཤིང་ལས་བཟོས་པ་ཤིག་སྟེ་ཁལ་མ་ལ་བསྟད་ནས་ཁལ་འགེལ་བྱེད་དང་། མི་བཞོན་བྱེད་ལ་བེད་སྤྱོད་བྱེད། འོན་ཀྱང་ད་ལྟའི་དུས་སུ་བོད་མཐོ་སྒང་གི་འབྲོག་པའི་རིག་གནས་རིན་ཐང་མེད་པར་བཟོ་བའི་རྒྱུ་མཚན་ལ་བརྟེན་ནས་བོད་ཀྱི་འབྲོག་པའི་འཚོ་བ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། བོད་ཀྱི་འབྲོག་པ་འཚོ་གནས་ཐུབ་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་རྒྱུན་འཛིན་བྱེད་ཐུབ། འོན་ཀྱང་དེང་སང་བོད་ཀྱི་འབྲོག་པ་ཚོར་སྔོན་དང་མི་འདྲ་བར་ས་གནས་གང་སར་གནས་སྤོ་མི་ཆོག་པའི་ཁྲིམས་དང་། ཁྲལ་མང་པོ་ཞིག་སྡུ་བཞིན་ཡོད་ལ། འཚོ་བའི་ཐོན་ཁུངས་སྒོ་ཕྱུགས་དག་ཀྱང་གོ་ལའི་ཚ་དྲོད་དབང་གིས་ཉུང་དུ་འགྲོ་བཞིན་ཡོད་འདུག
ང་ཚོ་བོད་ཀྱི་འབྲོག་པ།
ཡེ་ཤེས་པདྨ།འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། སྤྱིར་འབྲོག་པ་ཞེས་པར་མི་རེ་རེས་འགྲེལ་བཤད་མི་འདྲ་བ་རེ་རེ་གནང་གི་ཡོད་ངེས། གུས་མོ་བདག་གི་བསམ་ཚུལ་ལ་འབྲོག་པ་ཞེས་པ་ནི་མི་ཡི་ནང་ནས་འཚོ་གནས་ཁྱད་པར་དུ་འཕགས་པ་ཞིག་རེད་འདོད། འབྲོག་པ་ཚོ་ས་གནས་གཅིག་ཏུ་གཞིས་ཆགས་ནས་འཚོ་སྡོད་བྱེད་ཀྱི་མེད་པར་རྩ་དང་ཆུ་ལ་བལྟས་ནས་ས་གནས་གཅིག་ནས་གཞན་ལ་ཡང་ཡང་གནས་སྤོས་བྱེད་པའི་རིགས་ཤིག་རེད། ཁོང་ཚོས་ས་གནས་འདྲ་མིན་གྱི་སྐོར་ཤེས་དགོས་ཤིང་ཉམས་མྱོང་ཡང་མང་པོ་བསྡུ་གསོག་བྱེད་དགོས། འགྲོ་བ་མི་ཙམ་མ་ཟད་སེམས་ཅན་རྣམས་ཀྱི་འཚོ་སྟངས་སྐོར་ལ་ཡང་ཤེས་དགོས། འཇིག་རྟེན་འདིའི་སྟེང་མིའི་རིགས་བྱུང་བ་ནས་ད་བར་མི་རྣམས་ཀྱིས་འཚོ་གནས་དང་འཚོ་ཐབས་སྣ་ཚོགས་སྤྱད་ཡོད། མགོ་ནག་མི་ཚོས་རང་རང་གི་ཁོར་ཡུག་དང་འཇོན་ཐང་ལ་བརྟེན་ནས་ཟས་གོས་གནས་མལ་འཚོལ་རྒྱུ་འགོ་བཙུགས་པ་རེད། རང་རང་གི་འཇོན་ནུས་དང་རང་བྱུང་ཁམས་ཆེན་པོའི་ཐོན་འབབ་ལ་བརྟགས་ནས་ཞིང་པ་དང་། འབྲོག་པ། ས་མ་འབྲོག །གྲོང་རྡལ། གྲོང་ཁྱེར་སོགས་ཀྱི་འཚོ་བ་སྐྱེལ་སྟངས་མི་འདྲ་བ་མང་པོ་བྱུང་ཞིང་། དེ་དག་ལ་གཞིགས་པའི་ཐ་སྙད་ཀྱང་སྣ་ཚོགས་ཤིག་བྱུང་ཡོད། ཞིང་པ་ཞེས་པ་ནི་ས་གནས་གཅིག་རང་དུ་གནས་སྡོད་ཀྱིས་ཞིང་ལས་གཙོ་བོར་བྱས་ཏེ་འཚོ་ཐབས་བྱེད་པ་དང་། འབྲོག་པ་ནི་གཙོ་བོ་སྒོ་ཕྱུགས་གསོ་ཉར་ལ་བརྟེན་ནས་འཚོ་ཐབས་བྱེད་ཅིང་། སྒོ་ཕྱུགས་རྣམས་རྩ་ཆུ་བཟང་སར་དེད་དེ་ཡང་ཡང་གནས་སྤོ་བྱེད་བཞིན་འཚོ་བ་སྐྱེལ་ཐབས་བྱེད་མཁན་ཞིག་རེད། ས་མ་འབྲོག་ནི་གོང་གི་འཚོ་ཐབས་གཉིས་འདྲེས་མ་སྟེ་ཞིང་ལས་དང་སྒོ་ཕྱུགས་གསོ་ཉར་མཉམ་དུ་བྱས་ནས་འཚོ་ཐབས་བྱེད་མཁན་རེད། དེང་གི་ཚན་རྩལ་རིག་པར་ཡར་རྒྱས་གོང་འཕེལ་ཤུགས་ཆེ་མ་བྱུང་སྔོན་གྱི་ལོ་རབས་དེ་དག་ལ་འབྲོག་པའི་འཆོ་གནས་ལ་ཡར་རྒྱས་དབྱར་གྱི་མཚོ་མོ་ལྟར་རྒྱས་པའང་བྱུང་ཡོད་ངེས། འོན་ཀྱང་ཁོང་ཚོའི་ཡར་རྒྱས་ནི་ཐོག་བརྩེགས་ཁང་ཆེན་བཞེངས་ནས་འབྱོར་ལྡན་གྱི་འཚོ་བ་སྐྱེལ་བ་མ་ཡིན་པར། འོ་མར་ཕྱུར་བ་སོགས་བཟང་པོ་ཡོང་ཆེད་སྒོ་ཕྱུགས་དེ་དག་གི་ཤ་ཤེད་ལེགས་པོ་ཡོང་ཆེད་རྩ་ཆུའི་ཆེད་ས་ཕྱོགས་གང་སར་འགྲོ་བསྐྱོད་ཀྱིས་གནས་སྤོ་བྱེད་དགོས་པ་གལ་ཆེ། འཛམ་གླིང་ཤར་ནུབ་གང་སར་འབྲོག་པའི་འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཏོག་ཙམ་རེ་ཡོད་ན་མ་གཏོགས། སྤྱིའི་ཆ་ནས་སྒོ་ཟོག་སེམས་ཅན་རྣམས་རྩ་ཆུ་འཛོམས་སར་དེད་ནས་གནས་སྤོ་ཡང་ཡང་བྱེད་ཅིང་འཚོ་ཐབས་བྱེད་པ་གཅིག་མཚུངས་རེད་འདོད། དེའི་ནང་ནས་མཐོ་སྒང་གི་མི་རིགས་དེ་ལ་མཚོན་ན་ཞིང་འབྲོག་གི་འཚོ་བོ་ནི་ཡུན་རིང་གོམས་འདྲིས་སུ་གྱུར་བའི་འཚོ་ཐབས་ཤིག་ཡིན། བོད་རྒྱལ་ཁབ་རྒྱ་དམར་གྱི་དབང་འོག་ཏུ་མ་ཤོར་གོང་བོད་དུ་འབྲོག་པའི་གྲངས་ཚད་ཧ་ཅང་མཐོ་པོ་ཡོད་ཅིང་། ཁོང་ཚོས་ནམ་དུས་གྱི་འགྱུར་འགྲོས་དང་བསྟུན་ནས་སྒོ་ཟོག་རྣམས་དེད་དེ་ས་ཕྱོགས་གང་སར་འགྲོ་གི་ཡོད་པ་ལྟར། ལ་ལས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། འབྲུག རྒྱ་གར། རྒྱ་ནག་སོགས་ནས་ཐོན་སྐྱེད་གསར་པ་ཉོ་ཚོང་ངམ་བརྗེ་ལེན་བྱས་ཏེ་བོད་ཁུལ་དུ་ཕྱིའི་རྒྱལ་ཁབ་ཀྱི་ཅ་དངོས་ནང་འདྲེན་བྱས་མྱོང་བར་གྲགས། སྔོན་དུས་བོད་རང་གི་ཚོང་ལས་བོད་ཁུལ་རང་དུ་གཉེར་བ་ལས་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་འདྲིས་དེ་ཙམ་བྱེད་སྲོལ་མེད་ཀྱང་། འབྲོག་པ་ཚོས་ས་མཚམས་ཁག་ཏུ་ཕྱོགས་བསྐྱོད་ཀྱིས་རང་གི་སྒོ་ཟོག་འབྲི་གཡག་ལུག་སོགས་ལས་བྱུང་བའི་འོ་ཕྱུར་མར་གསུམ་དང་། རྩིད་པ། དེ་བཞིན་སྤགས་པ་སོགས་ཅ་དངོས་རྣམས་ཡུལ་ལུང་གཞན་གྱི་ཚོང་པ་དང་བརྗེ་ལེན་ནམ་ཚོང་སྒྱུར་བྱེད་པའི་ལམ་སྲོལ་དར་ཡོད་པ་རེད། འོན་ཀྱང་བོད་ས་རྒྱ་དམར་གྱི་ལག་ཏུ་ཤོར་རྗེེས་རིམ་གྱིས་རང་བྱུང་ཁམས་ལ་གཏོར་བརླག་ཤུགས་ཆེན་བཏང་ཡོད་ཅིང་། ལྷག་པར་བོད་ཀྱི་འབྲོག་པའི་རྒྱུན་ལྡན་འཚོ་བར་བརྡབ་གསིག་ཚད་ལས་བརྒལ་བ་བཏང་ཡོད། རྒྱ་དམར་གྱིས་བོད་ཀྱི་འབྲོག་པ་ཚོར་འཚོ་བ་དེང་རབས་ཅན་དུ་འགྱུར་དགོས་ཚུལ་གླེང་ནས་གྲོང་ཁྱེར་དུ་ཁང་པ་སྤྲད་ནས་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་ནས་བོད་ཀྱི་གདོད་པའི་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་བྱུས་ངན་ཕྱོགས་འདྲ་མིན་ནས་བྱེད་བཞིན་ཡོད། མཐའ་དོན། བོད་ཀྱི་འབྲོག་པ་རྣམས་ནི་སྔོན་དུས་རང་བཙན་མ་ཤོར་གོང་ནས་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་ཅིང་། ད་ལྟའི་དུས་སུ་ཡང་གནའ་བོའི་རིག་གཞུང་སྲུང་སྐྱོབ་ཆེད་ཧ་ཅང་བཀའ་དྲིན་ཆེ་བར་སེམས་སོ། །