བསྟན་འཛིན་གསལ་སྒྲོན།འཛིན་གྲྭ་བདུན་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། བདག་གི་ཕ་ཡུལ་ནི་མཛེས་ཤིང་ཡིད་དུ་འོང་བ། མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། སྔོ་ལྗང་གི་སྤང་ལྗོངས་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡོད། ཕ་ཡུལ་བོད་ནི་གནམ་གཤིས་གྲང་ཞིང་ཁ་བའི་གཡོགས་པ་དང་ས་ཆ་གང་དུ་བལྟས་ཀྱང་ཕ་ཡུལ་བོད་དང་འདྲ་བའི་ལུང་པ་གཞན་མེད། བོད་ནི་འཛམ་གླིང་གི་ཡང་ཐོག་ཏུ་ཆགས་ཤིང་། དེར་དཀར་བའི་གངས་རི་མང་པོས་ཡོངས་སུ་བསྐོར་ཡོད། དཔེར་ན། གངས་དཀར་ཏེ་སེ་དང་། ཇོ་མོ་གླང་མ། གཉན་ཆེན་ཐང་ལྷ་། རྨ་ཆེན་སྤོམ་ར། ཡར་ལྷ་ཤམ་པོ་། རོང་བཙན་ཁ་བ་དཀར་པོ་སོགས་སྙན་གྲགས་ཅན་གྱི་གངས་རི་མང་པོ་ཡོད། གངས་རི་དེ་དག་ནས་བྱུང་བའི་མཚོ་དང་མཚེའུ་མང་པོ་ཡོད། དཔེར་ན། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ་། མཚོ་ཁྲི་ཤོར་རྒྱལ་མོ་སོགས་མཚོ་དང་མཚེའུ་སྟོང་ཕྲག་ཡོད་པ་མ་ཟད་རྒྱལ་མོ་རྔུལ་ཆུ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ་བཅས་ཡིན། ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན། ཕོ་བྲང་པོ་ཏ་ལ་ལྷ་སར་ཆགས་ཡོད། བོད་ནི་ཨེ་ཤ་ཡའི་ཆུ་བོ་དག་གི་འབྱུང་ཁུངས་ཀྱང་ཡིན། བོད་འདི་ཨེ་ཤ་ཡའི་ནང་ནས་མཚོ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ནི་རྒྱ་གར་དང་། བལ་ཡུལ་། འབྲུག་། འབར་མ་། རྒྱ་ནག་། པ་ཀི་སི་ཐན་བཅས་རེད། ང་ཚོའི་ཕ་ཡུལ་བོད་ཀྱི་མི་རྣམས་སེམས་བཟང་བ་དང་འབྲེལ་ལམ་བཟང་པོ་ཡོད། བོད་ནང་མི་འབོར་ཉུང་ཉུང་ཡོད། བོད་པའི་མི་འབོར་ཉུང་ཡང་བོད་ཀྱི་སྐད་ཡིག་བདེ་སྤྱོད་མང་པོ་གཏོང་གི་ཡོད། བོད་ནང་ནས་སེམས་ཅན་གཙོ་ཆེ་ཤོས་ནི་ནོར་རེད། ནོར་ལ་མདོ་དབུས་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་བཏགས་ཀྱི་ཡོད། དེའི་དོན་ནི་མདོ་སྟོད། མདོ་སྨད། དབུས་གཙང་གི་མཐོ་སྒང་བོད་གངས་ཅན་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉེ་འདབས་མ་གཏོགས་ཡུལ་གཞན་ལ་མེད། ནོར་ནི་ས་གནས་གཅིག་ནས་གཞན་ལ་ཅ་ལག་དབོར་འདྲེན་བྱེད་པ། ཞིང་རྨོ་འདེབས་སོགས་བྱེད་པས་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་གཏགས་ཡོད། འབྲི་ཡི་འོ་མ་ནི་བཅུད་ཆེ་བས་མིའི་འཚོ་བ་ལ་ཕན་ཐོགས་ཆེན་པོ་ཡོད། འོ་མ་ལས་མར། ཞོ། ཕྱུར་བ་སོགས་ཟས་རིགས་འདྲ་མིན་བཟོ་ཡི་ཡོད། ནོར་གྱི་རྩིད་པ་དང་ཁུ་ལུ། གྲ། རྔ་མ། བཅས་ཀྱིས་ཐག་པ། སྐུད་པ། ཕྱ་ར། […]
ང་ཚོའི་ཕ་ཡུལ་བོད།
བསྟན་འཛིན་ཟླ་དཀར།འཛིན་རིམ་བརྒྱད་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། མཐའ་གངས་རིས་བསྐོར་བའི་ཡུལ་ལྗོངས་དང་དབུས་མཛེས་སྡུག་ལྡན་པའི་ཡུལ་ཀྱི་བཀོད་པ། ཆོས་སེམས་ཆེ་བའི་མི་རིགས། རིག་གཞུང་དང་སྐད་ཡིག་ཕྱུག་པའི་རྒྱལ་ཁབ་ནི་ངའི་ཕ་ཡུལ་བོད་ཡིན། བོད་ནི་ས་མཐོ་ལ་གནམ་གཤིས་གྲང་བ། མཁའ་རླུང་གཙང་མ། མཚོ་དང་མཚེའུ། རྒྱུགས་ཆུ་དང་སྤང་རྩ། ནགས་ཚལ། མེ་ཏོག་གི་རིགས་སྣ་ཚོགས་ལྡན་པའི་ལུང་པ་སྐྱིད་པོ་ཞིག་ཡིན། ངས་རང་གི་ཕ་ཡུལ་བོད་ཅེས་པ་དེ། ངོ་མ་དངོས་སུ་མཐོང་མ་མྱོང་ལ་ང་སྐྱེས་ས་དང་འཚར་ས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན། བོད་ཀྱི་སྐོར་མང་ཆེ་བ་ངས་སོ་སོའི་ཕ་མ་དང་སྤུན་མཆེད། དགེ་རྒན། གློག་བརྙན། དེབ་སོགས་ལས་ཤེས་རྟོགས་བྱུང་། ངས་རང་གི་སློབ་སྦྱོང་གི་བརྒྱུད་རིམ་ནང་ཇི་ཙམ་ཤེས་རྟོགས་བྱུང་བ་རྣམས་ཡིག་ཐོག་ཏུ་བྲིས་ན་ང་དང་ང་འདྲ་བའི་སློབ་མ་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་སྨོན། བོད་མི་ཚོའི་འཚོ་བ་ནི་རྒྱལ་ཁབ་གཞན་གྱི་མི་རིགས་བཞིན་མཚུངས་མི་མཚུངས་གཉིས་ཀ་ཡོད་པས། བོད་མི་མང་ཆེ་བ་ཞིང་པ་ཡིན། གཞན་ཚོང་ལས། འབྲོག་པ། ས་མ་འབྲོག གཞུང་གི་ལས་བྱེད། ཨར་ལས། བཟོ་ལས་རིགས་འདྲ་མིན་བྱེད་ཀྱི་ཡོད། བོད་ཀྱི་ཁ་ཟས་ནི། ས་ཁམས་ཀྱི་ཆགས་ཚུལ་དང་མཐུན་པ་ཞིག་ཡིན་པས། བོད་མི་ཚོས་ཁ་ཟས་ནི། རྩམ་པ་དང་ཤ སྤགས་དང་བོད་ཇ། ཐུག་པ། འབྲས་དང་ཚལ་རིགས། ཆང་། ཞོ་དང་མར། ཕྱུ་ར། སོགས་ལོངས་སུ་སྤྱོད་ཀྱི་ཡོད། བོད་ནང་ཤིང་སྡོང་དང་ཤིང་འབྲས་ཀྱི་རིགས་སྣ་ཚོགས་མཐོང་རྒྱུ་ཡོད། བོད་མི་གྲངས་འབོར་ཁྱོན་བསྡོམས་ས་ཡ་དྲུག་ལྷག་ཡོད། དེ་དག་ཆོལ་ཁ་གསུམ་དུ་དབྱེ་ཡོད་པ་ནི། མདོ་སྟོད། མདོ་སྨད། དབུས་གཙང་བཅས་ཡིན། བོད་མི་ཚོའི་སྐད་ཡིག་ནི་བོད་སྐད་དང་བོད་ཡིག་ཡིན་ནའང་། ཆོལ་ཁ་གསུམ་སོ་སོའི་སྐད་ཀྱི་སྒྲ་གདངས་དང་གྱོན་ཆས་ལ་ཁྱད་པར་ཆེན་པོ་ཡོད། བོད་ཡིག་ཐོག་མར་གསར་གཏོད་གནང་མཁན་ནི། ཆོས་རྒྱལ་སྲོང་བཙན་གྱི་བློན་པོ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ཡིན། མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་དང་ཕོ་བྲང་གི་ཐོག་མ་པོ་ཏ་ལ་ཡིན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་མཐའ་མ་གླང་དར་མ་ཡིན། ཡུམ་བུ་བླ་སྒང་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པ་དང་ཕོ་བྲང་པོ་ཏ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་རྗེས་ཕྱིས་སུ་རྒྱལ་བ་སྐུ་ཕྲེང་ལྔ་པས་སླར་གསོ་གནང་། བོད་ཀྱི་རྒྱལ་ས་ལྷ་ས་དང་ཆོས་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་ཡིན། ཁོང་གི་དབྱར་ཁའི་བཞུགས་གནས་ནོར་བུ་གླིང་ཁ་དང་དགུན་ཁ་ཕོ་བྲང་པོ་ཏ་ལ་རུ་བཞུགས་ཀྱི་ཡོད། བོད་ཀྱི་ཆོས་ལུགས་ཐོག་མ་བོན་ཆོས་ཡིན། བོད་ལ་ད་ལྟ་ཆོས་རྒྱུད་ཆེན་པོ་བཞི། རྙིང་མ། […]
ང་ཚོའི་ཕ་ཡུལ་བོད།
བསྟན་འཛིན་དཔལ་འཛོམས།འཛིན་རིམ་དྲུག་པ། བྷེལ་ཀོབ་བདེ་སླར་སཾ་བྷོ་ཊ་སི་ཝི་པི། ངའི་ཕ་ཡུལ་བོད་ནི་མཛེས་སྡུག་ལྡན་པ་ཞིག་ཡོད། རི་བོ་མཐོན་པོ་དང་གཙང་པོ་ཆེན་པོ། མཚོ་དང་མཚེའུ་མང་པོ། གངས་རི་དང་། ནགས་ཚལ། མཐའ་ཡས་པའི་རྩྭ་ཐང་ཆེན་པོ་སོགས་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ཆེན་པོ་ཞིག་ཡིན། བོད་ནི་ས་ཆ་གཙང་མ་ཡོད་པ་མ་ཟད་མཐའ་འཁོར་ཚང་མ་གངས་རིས་བསྐོར་ཡོད་པ་དང་། འཛམ་གླིང་ནང་ས་བབ་མཐོ་ཤོས་ཏེ་ཆགས་ཡོད། དེ་བས་བོད་ཀྱི་མིང་གཞན་ལ་མཐོ་སྒང་ཡང་ཟེར། བོད་ལ་གངས་རིན་པོ་ཆེ་དང་། གངས་རི་གཉན་ཆེན་ཐང་ལྷ། རྨ་རྒྱལ་སྦོམ་ར་སོགས་གངས་རི་ཆེན་པོ་མང་པོ་ཡོད། མཚོ་མ་ཕམ་དང་ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ་སོགས་མཚོ་དང་མཚེའུ་གྲངས་མེད་པ་ཡོད། གཙང་པོ་ཆེན་པོ་སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ་སོགས་དང་། རྨ་ཆུ་དང་འབྲི་ཆུ་སོགས་གཙང་པོ་ཆེན་པོ་མང་པོ་ཡོད། བོད་ཀྱི་གཙང་པོ་དེ་དག་ནི་ཨེ་ཤི་ཡའི་མི་གྲངས་དུང་ཕྱུར་མང་པོའི་འཐུང་ཆུ་དང་འཚོ་གནས་ཆགས་ཡོད། འཛམ་གླིང་གི་རི་བོ་མཐོ་ཤོས་དེ་བོད་ལ་ཡོད་པ་རེད། བོད་ནི་ས་ཚ་ཧ་ཅང་སྐྱིད་པོ་ཡོད། ངའི་ཕ་ཡུལ་བོད་ཀྱི་ཆུ་བོ་དག་གིས་འཛམ་གླིང་ཤར་ཕྱོགས་ཀུན་ལ་ཁྱབ་ཡོད། ང་ཚོའི་ཕ་ཡུལ་བོད་ལ་དབྱར་དགུན་མེད་པར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབ་ཀྱི་ཡོད། བོད་ནང་རྩ་ཆེན་གྱི་དགོན་པ་མང་པོ་ཡོད། བོད་ཀྱི་ཕོ་བྲང་པོ་ཏ་ལ་ནི་ཧ་ཅང་བརྗིད་ཉམས་ལྡན་པ་དང་སྐད་གྲགས་འཛམ་གླིང་ལ་ཁྱབ་ཡོད། བོད་ལ་གནས་རི་མང་པོ་ཡོད། དེང་སང་འཛམ་གླིང་ནང་བོད་ནི་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད། བོད་ལ་འབྲོང་དང་གཡག་ཅེས་པའི་སེམས་ཅན་རྩ་ཆེན་པོ་དང་། ར་ལུག་རྟ་དྲེད་སོགས་སྒོ་ཕྱུགས་སེམས་ཅན་མང་པོས་ས་སྟེང་གང་ཡོད། གསེར་དངུལ་ཟངས་ལྕགས་སོགས་གཏེར་ཁ་མང་པོས་ས་འོག་གང་ཡོད། སྨན་རྩྭ་དང་མེ་ཏོག་འདྲ་མིན་སྣ་ཚོགས་ཀྱི་ས་གཞི་གང་ཡོད། བོད་ལ་ད་དུང་གཅན་གཟན་སྟག་དང་དྲེད་མོང་། དོམ་དང་གཟིག་སོགས་མང་པོ་ཡོད། ང་ཚོར་གཞན་ལ་མེད་པའི་རི་དྭགས་གཙོད་ཅེས་པ་ཞིག་ཡོད། དེ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་རི་དྭགས་རྩ་ཆེན་པོ་ཞིག་ཡིན། གཙོད་ཀྱི་རྭ་ཅོ་ཕྲ་ཞིང་རིང་པོ་ཡོད། ད་དུང་བྱི་ལ་དོམ་ཟེར་བའི་དོམ་ཀྱི་རིགས་ཤིག་ཡོད། དེ་ནི་འཛམ་གླིང་ནང་བོད་གཅིག་པུར་མ་གཏོགས་མེད། བོད་ལ་ཁྲུང་ཁྲུང་སྐེ་ནག་ཅེས་པའི་ཁྲུང་ཁྲུང་གི་རིགས་ཤིག་ཀྱང་ཡོད། ཁྲུང་ཁྲུང་སྐེ་ནག་ནི་བོད་དང་ལ་དྭགས། འབྲུག་ཡུལ་སོགས་ལ་འཚོ་སྡོད་བྱེད་ཀྱི་ཡོད། བོད་ཀྱི་སྲོག་ཆགས་ནི་ཧ་ཅང་སྟོབས་ཤུགས་ཆེན་པོ་ཡོད། བོད་ཀྱི་མི་རྣམས་ནི་ཆོས་སེམས་ཆེ་ལ་སྙིང་རྗེ་ཆེན་པོ་ལྡན་མཁན་ཞིག་ཡིན། བོད་མི་རྣམས་ནི་སེམས་པ་དཀར་ཞིང་བྱམས་བརྩེ་ཆེ་བ། གཤིས་ཀ་འཇམ་ཞིང་གཞན་ཕན་ཅན་ཞིག་ཡིན། བོད་ཀྱི་འཚོ་གནས་ནི་ཞིང་པ་དང་འབྲོག་པ་ཡིན། ཚོང་ལས་བྱེད་མཁན་ཡང་མང་པོ་ཡོད། བོད་ལ་ཆོས་བརྒྱུད་མི་འདྲ་བ་དྲུག་ཡོད་པ་དང་། ཆོས་བརྒྱུད་སོ་སོ་ལ་བླ་མ་རྩ་ཆེན་པོ་མང་པོ་ཡོད། དགོན་པ་སྟོང་ཕྲག་མང་པོ་ཡོད་པ་དང་བོད་ལ་གྲྭ་བ་དང་བཙུན་མ་སྟོང་ཕྲག་མང་པོ་ཡོད། ད་དུང་ང་ཚོ་བོད་ལ་འཛམ་གླིང་གཞན་ལ་མེད་པའི་བླ་མ་རྩ་ཆེན་པོ་ཞིག་ཡོད། དེ་ནི་༸གོང་ས་མཆོག་ཡིན། ཁོང་ནི་འཛམ་གླིང་གི་མི་མང་པོའི་དགེ་རྒན་ཡང་ཡིན། […]
སློབ་གྲྭའི་སྐོར།
བསྟན་འཛིན་བདེ་ཆེན།འཛིན་རིམ་གསུམ་པ། སཾ་བྷོ་ཊ་སི་ལྦི་པི་ཉིན་སློབ། ང་ཚོའི་སློབ་གྲྭའི་མིང་ལ་སཾ་བྷོ་ཊ་སི་ཝི་པི་ཡིན། སློབ་གྲྭའི་ནང་ཕྲུ་གུ་ ༡༢༣ ཙམ་ཡོད། ང་ཚོའི་སློབ་གྲྭ་ལ་འཛིན་གྲྭ་དང་པོ་ནས་བཅུ་པ་བར་དུ་ཡོད། ང་ཚོའི་སློབ་གྲྭའི་སྒོ་ནི་ནག་པོ་ཡིན། སློབ་གྲྭའི་སྒོ་ནས་འཛུལ་བ་དང་གཡས་ཕྱོགས་ལ་ཡི་གེ་སྦྱང་ས་དང་ཀློག་ས། སྡོད་ས་སྐྱིད་མདོག་ཁ་པོ་ཞིག་དང་གཡོན་ཕྱོགས་ལ་རྐང་རྩེད་སྤོ་ལོ་ཐང་ཆེན་པོ་ཞིག་ཡོད། དེ་ནས་ཡར་མདུན་ཕྱོགས་སུ་འགྲོ་ན་གཡོན་ལ་སློབ་ཕྲུག་ཆུང་བའི་རྩེད་མོ་རྩེས་ས་དང་གཡས་ཕྱོགས་ལ་འཛིན་རིམ་དང་པོ་ནས་ལྔ་པ་བར་གི་འཛིན་ཁང་ཡོད། འཛིན་གྲྭ་ལྔ་པའི་ཟུར་ལ་རི་མོ་ཁང་དང་དབྱིན་ཇི་ཁང་ཡང་ཡོད། ང་ཚོའི་འཛིན་གྲྭའི་མདུན་ཕྱོགས་ལ་བོད་ཡིག་ཁང་དང་དེ་ནས་དགེ་ལས་ཁང་ཆེན་པོ་ཞིག་ཡོད། དགེ་ལས་ཁང་གི་འཁྲིས་ལ་འཛིན་རིམ་ཆུང་བའི་ཨང་རྩིས་ཁང་དང་རྩེད་མོ་ཁང་ཡོད། དེ་ནས་ཡར་འགྲོ་བ་ཡིན་ན། མེ་ཏོག་ལྡུམ་རྭ་དང་མདུན་ལ་ཁ་ལག་ཟ་ས་དང་། ཡར་གཏོགས་ཙམ་འགྲོ་ན་ཐབ་ཚང་སླེབ་ཀྱི་རེད། ཐབ་ཚང་གི་གཡས་ཕྱོགས་ལ་སྤྱི་ཚོགས་རིག་གནས་ཁང་དང་མདུན་ལམ་སློབ་སྟོན་ཁང་། ཟློས་གར་ཁང་པ་བཅས་ཡོད། ཐབ་ཚང་གི་གཡོན་ཕྱོགས་ལ་ཚོགས་ཁང་ཆེན་པོ་ཞིག་ཀྱང་ཡོད། དགེ་ལས་ཁང་གི་རྒྱབ་ལ་བསིལ་སྤོལ་ཐང་དང་བསིལ་སྤོལ་ཐང་གི་གཡས་ཕྱོགས་ལ་སློབ་སྤྱི་ཡིག་ཚང་དང་འཛིན་རིམ་བརྒྱད་པ་ནས་བཅུ་པ་བར་གྱི་འཛིན་ཁང་ཡོད། དེ་ཚོའི་ཐོག་ཏུ་སློབ་ཕྲུག་ཆེ་བའི་དཔེ་མཛོད་ཁང་དང་ཨང་རྩིས། ཚན་རིག་བརྟག་དཔྱད་ཁང་། ཀློག་ཀླད་ཁང་བཅས་ལྷན་ཁང་མང་པོ་ཡོད། བསིལ་སྤོལ་ཐང་གི་ཟུར་དུ་འཛིན་རིམ་དྲུག་པ་དང་བདུན་པ་ཡོད་པ་མ་ཟད་བུ་དང་བུ་མོའི་གསང་སྤྱོད་ཀྱང་ཡོད། སློབ་སྤྱི་ཡིག་ཚང་རྒྱབ་ལ་ཚལ་འདེབས་ས་དང་ཟུར་དུ་ལས་བྱེད་ཀྱི་མོ་ཊ་དང་སྦག་སྦག་བཞག་ས་ཡོད། ང་ཚོ་སློབ་གྲྭ་ལ་དཔེ་ཁུག་ནག་པོ་འཁྱེར་དགོས་རེད། སློབ་གྲྭ་ལ་སྔ་དྲོ་ཆུ་ཚོད་བརྒྱད་པ་ལ་འབྱོར་ནས་ཐོག་མར་ཞལ་འདོན་ཚོགས་པ་དང་དེ་རྗེས་རང་སྦྱོང་སྐར་མ་ ༤༥ ཚར་བ་དང་བར་གསེང་སྐར་མ་ ༥ བཞག་ནས་ཚོགས་ཁང་ནང་དུ་ཞོགས་པའི་ཞོགས་འཛོམས་བྱེད་ཀྱི་ཡོད། དེ་ནས་ཚོགས་ཐེངས་དང་པོ་ནས་བརྒྱད་པ་བར་ཚོགས་ནས་ཆུ་ཚོད་ ༤ པ་ལ་འཛིན་གྲྭ་གྲོལ་གྱི་ཡོད། ང་ཚོའི་སློབ་གྲྭ་ལ་ཁང་ཚན་བཞི་ཡོད་པ་ནི་པད་མ། གུར་ཀུམ། ཨུཏ་པལ། རྒྱ་སེ། བཅས་རེད། ང་ཚོའི་སློབ་གྲྭ་ལ་ལོ་ལྟར་ཁང་ཚན་བཞི་དབར་རྩེད་འགྲན་བྱེད་ཀྱི་ཡོད། དེ་ཉིན་ཧ་ཅང་སྐྱིད་པོ་ཡོད། ང་ཚོའི་སློབ་གྲྭའི་སློབ་ཕྲུག་ཆེ་བ་ཚོས་ཆུང་བ་ལ་རོགས་པ་དང་བྱམས་སྐྱོང་བྱེད་པ་དང་ཆུང་བའི་ཆེ་བ་ལ་གུས་ཞབས་བྱེད་ཀྱི་ཡོད། ང་ཚོའི་སློབ་སྤྱི་མཚན་ལ་ཚེ་རིང་ཆོས་འཕེལ་ཞུ་ཡི་ཡོད། ཁོང་ནི་སློབ་ཕྲུག་ལ་ཧ་ཅང་བྱམས་སྐྱོང་གནང་མཁན་དང་ཁོང་གི་རྣམ་དཔྱོད་ནི་ཧང་སང་ཡས་ཡག་པོ་ཡོད་ཙང་། ང་ཚོའི་སློབ་གྲྭའི་ཁོར་ཡུག་སྙིང་རྗེ་མོ་ཡོད་པ་མ་ཟད་ཤེས་ཡོན་སྦྱང་སའི་གནས་ཧ་ཅང་ཡག་པོ་བཟོས་ཡོད། ང་རང་ཉིན་ལྟར་སློབ་གྲྭར་འགྲོ་རྒྱུ་ཧ་ཅང་དགའ་པོ་འདུག ང་ཚོའི་དཔེ་མཛོད་ཁང་ལ་སྒྲུང་དེབ་ཧ་ཅང་མང་པོ་ཡོད། ང་རང་སྤྱི་བཏང་སྒྲུང་དེབ་བཀླག་རྒྱུ་ཧ་ཅང་དགའ་པོ་ཡོད་ཙང་། ངའི་ཨ་མ་ལགས་ཀྱིས་ང་ལ་སྒྲུང་དེབ་སློབ་གྲྭ་ལ་མེད་པ་དེ་འདྲ་ཕྱི་ནས་མངགས་ནས་མང་པོ་ཉོ་ཡི་ཡོད། ང་རང་ནང་ལའང་དཔེ་མཛོད་ཆུང་ཆུང་ཞིག་ཡོད། སློབ་གྲྭ་གུང་གསེང་སྐབས་ང་རང་སྒྲུང་དེབ་བཀླགས་ནས་ཨ་མ་ལགས་ལ་སྒྲུང་བཤད་ཀྱི་ཡོད། ང་རང་སློབ་གྲྭ་ལ་འགྲོ་རྒྱུ་ཧ་ཅང་དགའ་པོ་ཡོད་གང་ཡིན་ཟེར་ན། སློབ་གྲྭའི་ཁོར་ཡུག་ཧ་ཅང་སྙིང་རྗེ་མོ་ཡོད་པས་ང་ཚོ་དུས་ཚོད་སྟོང་པ་ལ་གྲོགས་མོ་མཉམ་དུ་སྒྲུང་དེབ་བཀླགད་ནས་སྡོད་ཀྱི་ཡོད། སློབ་གྲྭའི་དགེ་ལགས་ཚོ་ཡང་ཧ་ཅང་ཞི་འཇམ་པོའི་ངང་སློབ་ཚན་འཁྲིད་པ་མ་ཟད་དུས་ནས་དུས་སུ་ང་ཚོ་ལ་བསླབ་བྱ་རྒྱག་པ་དང་སྒྲུང་སྙན་པོ་དེ་འདྲ་ཡང་བཤད་ཀྱི་རེད། འཚམས་རེ་ང་ཚོའི་དགེ་ལགས་ཀྱི་ཕྱི་ལ་ཡི་གེ་སྦྱང་དུ་ཁྲིད་པ་དང་དགེ་ལགས་མཉམ་དུ་རྩེད་མོ་ཡང་མང་པོ་རྩེ་ཡི་ཡོད། སློབ་གྲྭའི་དགེ་ལགས་ཚང་མ་ཧ་ཅང་ཡག་པོ་ཡོད་པ་མ་ཟད་དགེ་རྒན་ཚང་མ་ནང་ཁུལ་མཐུན་པོ་ཡོད་རེད། དགེ་ལགས་ཚོས་སློབ་ཕྲུག་སློབ་སྦྱོང་ཞན་པ་ཚོ་ལ་སློབ་གྲྭ་གྲོལ་ཙར་བའི་རྗེས་ཡང་ན་དུས་ཚོད་སྟོང་པའི་སྐབས་ཟུར་དུ་སློབ་ཚན་སློབ་ཀྱི་ཡོད།
ངའི་ཕ་མ།
བསྟན་འཛིན་བདེ་གསལ།འཛིན་རིམ་ལྔ་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། ངའི་ཕ་མ་གཉིས་ཀྱི་མཚན་ལ་ཚེ་རིང་སྒྲོལ་དཀར་ལགས་དང་བཀྲ་ཤིས་ལགས་ཟེར། ཨ་མ་ལགས་ནི་ང་ཚོ་དང་ལྷན་དུ་གནས་བཞུགས་ཡིན། པ་ལགས་ནི་ཨ་རིར་ཕྱག་ལས་གནང་བཞིན་ཡོད། ང་དང་ངའི་གཅེན་པོ་གཉིས་ཨ་མ་ལགས་ཀྱིས་ལྟ་སྐྱོང་གནང་བཞིན་ཡོད། ངའི་ཕ་མ་གཉིས་ལས་ངའི་ཨ་མ་ལགས་ནི། སྐུ་གཟུགས་སྐམ་ལོད་འཚམ་ལ་དབུ་སྐྲ་དཀར་པོ་ཐར་ཐོར་དང་། སྤྱན་དཀྱུས་རིང་ལ། བྱམས་བརྩེའི་འོད་འཕྲོད་པའི་སྤྱན་བཟུང་ལྡན་པ། ཞལ་རས་དཀར་ལ་ཡིད་དུ་འོང་བའི་ཀུན་གྱིས་བསྔགས་ཡུལ་གྱི་ཨ་མ་ཡོན་ཏན་གྱིས་རྒྱན་པ་ཞིག་ཡིན། ཨ་མ་ལགས་ནི་ང་དང་ངའི་གཅེན་པོའི་མདུན་ལམ་གྱི་ཆེད་དུ། སྐར་ཆ་རེ་རེའི་བདེ་སྐྱིད་བློས་གཏོང་བྱས་ནས། ཞོགས་པ་ཉི་མ་འཆར་བ་ནས་མ་ནུབ་པར་ནང་ལས་ཙག་ཙིག་ལ་བཞུགས་བཞིན། ཉིན་མ་ག་འདྲས་འདས་མིན་མི་ཚོར་བའི་ཨ་མ་ཁྱིམ་ལས་ལ་རྣམ་དག་བཞུགས་མཁན་ཞིག་ཡིན། ངའི་ཨ་མས་ཕྱག་ལས་གནང་སྟངས་ལ་མཚོན་ན། ཁོ་མོས་ཞོགས་པ་སྔ་ལངས་དང་དགོང་མི་ཕྱི་ཉལ་གྱིས། ང་དང་གཅེན་པོ་གཉིས་གསོ་སྐྱོང་གནང་བཞིན་ཡོད། ཁོང་ནི་ང་སྤུན་གཉིས་ཀྱི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་ཤིག་ཡིན། ཁོང་གིས་ཁྱིམ་ལས་ཙམ་མ་ཡིན་པར། ང་དང་གཅེན་པོ་གཉིས་ཀྱི་སློབ་སྦྱོང་བྱེད་པའི་དུས་སུ། ཨ་མ་ལགས་ང་ཚོ་དང་མཉམ་ཞུགས་ཀྱིས་དོ་སྣང་ཆེན་པོ་གནང་གི་ཡོད། ཨ་མ་ལགས་ཀྱིས་ཕྱག་ལས་གནང་སྟངས་དེ་ལ་བལྟས་ནས་ང་སྤུན་གཉིས་སློབ་སྦྱོང་མ་བྱེད་ན་མི་འགྲིག་ཅེས་ཕན་ཚུན་བཤད་མྱོང་ཡོད་། ང་དང་གཅེན་པོ་གཉིས་སློབ་གྲྭ་ལས་ཡོང་བ་དང་དུས་ཚོད་འཕྲོ་བརླག་མ་གཏོང་བར་སློབ་སྦྱོང་དུས་ཐོག་ལ་བྱེད་པ་དང་ཕན་ཚུན་འཆམ་པོ་བྱེད་ཀྱི་ཡོད། གཅེན་པོས་བྱམས་སྐྱོང་བྱེད་པ་དང་སློབ་སྦྱོང་བྱེད་སྐབས་རོགས་པ་ཧུར་ཐག་གནང་གི་ཡོད། ངས་གཅེན་པོར་བརྩི་བཀུར་དང་གཅེན་པོའི་ལམ་སྟོན་གང་གནང་བ་རྣམས་ལ་ལག་བསྟར་སྐྱོད་ཀྱི་ཡོད། ཨ་མ་ལགས་ཀྱིས་ང་དང་གཅེན་པོ་གཉིས་ཀར་བྱམས་སྐྱོང་སྤྱི་སྙོམས་གནང་གི་ཡོད། སྤུན་ང་གཉིས་ཀྱིས་ཨ་མ་ལགས་ཀྱི་བྱམས་སྐྱོང་དང་མི་དཔེ་བཟང་པོ་ཞིག་གི་འོག་འཚར་ལོངས་བྱུང་བ་ལ་བརྟེན་ནས། སློབ་གྲྭ་ནང་དུ་སློབ་མ་གཞན་ཚོར་བྱམས་བརྩེ་དང་དགེ་རྒན་རྣམ་པར་གུས་བརྩི་བྱེད་ཤེས་པའི་སློབ་མ་ཞིག་ཡིན། ངའི་པ་ལགས་བཀྲ་ཤིས་ལགས་ནི་ང་ཚོ་དང་ཐག་རིང་ནུབ་ཕྱོགས་ལུང་པར་གནས་སྡོད་བྱེད་ཀྱི་ཡོད་ཀྱང་། ཨ་མ་ལགས་དང་ཁྱད་མེད། སྤུན་གཉིས་ཀར་སེམས་འཚབ་ཆེན་པོ་གནང་གི་ཡོད། པ་ལགས་ཀྱིས་ལས་ཀ་འབྲེལ་བ་ཆེན་པོ་དེ་འདྲ་ཞིག་གི་གནས་སྟངས་འོག་ཏུའང་ཨ་མ་ལགས་དང་སྤུན་གཉིས་ལ་ཁ་པར་གཏོང་གི་ཡོད། ང་ཚོའི་ཁྱིམ་ཚང་གི་འཚོ་ཐབས་བཟང་དུ་ཡོང་བའི་ཆེད་དུ་པ་ལགས་ང་ཚོ་དང་ཐག་རིང་སྡོད་དགོས་ཀྱི་ཡོད། པ་ལགས་ལོ་ལྟར་ང་ཚོ་ཐུག་འཕྲད་ཆེད་ཡོང་སྐབས་སུ། ཁོང་གིས་ང་ཚོའི་འདོད་པ་དང་མཐུན་པའི་འཕྲུལ་རིགས་དང་གོས་ལྷམ་སོགས་རིན་ཐང་ཅན་རིགས་སྣ་མང་ཞིག་ཁྱེར་བ་དེ་ཚོ་ལས། ཁོང་ནི་ང་ཚོ་དང་ཐག་རིང་གི་ཡུལ་དུ་སྐྱོད་དགོས་པའི་དགོས་པ་ཁ་གསལ་རྟོགས་བྱུང་། ངའི་པ་ལགས་ནི་པ་ལགས་གཞན་དང་ཁྱོན་ནས་མི་མཚུངས། པ་ལགས་ཀྱིས་ཨ་མ་ལགས་ཀྱི་ཁྱིམ་ཚང་སྐྱོང་ཕྱོགས་ལ་བསྔགས་བརྗོད་མང་པོ་གནང་གི་ཡོད། དེ་ཙམ་མ་ཡིན་པ། ངའི་པ་ལགས་ཟླ་བ་གཉིས་ཀྱི་གུང་གསེང་དུས་སུ། ཨ་མ་ལགས་ཀྱི་ཁྱིམ་ལས་ཆ་ཚང་ཞིག་གནང་གིན་ཨ་མ་ལགས་ཉལ་གསོའི་བྱེད་རྒྱུའི་དུས་ཚོད་སྤྲད་གནང་གི་ཡོད། ངའི་ཕ་མ་གཉིས་ཕན་ཚུན་བསམ་ཤེས་དང་གུས་བརྩི་ཆེན་པོ་གནང་ཚུལ་དེས། ངའི་སྤུན་གཉིས་ཀྱི་སེམས་སུ་བདེ་བ་ཆེན་པོ་ཞིག་སྟེར། ང་གཉིས་ཀྱང་ཕ་མ་ཁྱེད་ཀྱི་ང་ཚོར་བཅངས་པའི་རེ་བ་བསྒྲུབ་པར་འབད་བརྩོན་བྱེད་བཞིན་ཡོད། ངའི་གྲོགས་པོ་གྲོགས་མོ་ཚང་མར་འཛམ་གླིང་འདིའི་ནང་རང་ལ་བརྩེ་བ་དང་བྱམས་སྐྱོང་བྱེད་མཁན་ག་ཚོད་ཡོད་ཀྱང་། ཕ་མ་གཉིས་ལས་ལྷག་པ་རྙེད་རྒྱུ་རྩ་བ་ནས་མེད་པས། ཕ་མའི་བཀའ་དྲིན་བསམ་ཤེས་ཐུབ་པའི་སྒོ་ནས། ཕ་མ་རྣམས་ལ་ཁྱིམ་ལས་ལ་རོགས་པ་བྱེད་པ་དང་ཕ་མའི་བསླབ་བྱ་རྣམས་བློ་ལ་བཞག་ནས་ལག་ལེན་བསྟར་རྒྱུ་ནི་ཁྱེད་ཀྱི་མི་ཚེ་ནང་གི་དམིགས་ཡུལ་དང་པོ་དེ་ཡིན། རང་གི་ཕ་མ་མ་འདས་གོང་དུ་བསམ་བློ་འཁོར་ཐུབ་ན། ང་ཚོའི་མི་ཚེ་ནང་གི་བྱས་རྗེས་ཆེན་ཤོས་ཞིག་ཡིན། འཛམ་གླིང་ནང་གི་ཕ་མ་ཚང་མ་མི་ཚེ་བདེ་སྐྱིད་ངང་འཚོ་བའི་སྨོན་ལམ་ཡོད། ཕ་མ་གཉིས་ཚེ་རིང་།
ཕ་མའི་བཀའ་དྲིན།
བསོད་ནམས་ཆོས་སྒྲོན།འཛིན་རིམ་བཞི་པ། སཾ་བྷོ་ཊ་སི་ལྦི་པི་ཉིན་སློབ། ཕ་མ་མེད་ན་ང་ཚོ་འཛམ་གླིང་འདིའི་ནང་ཡོང་ཐབས་མེད། ཕ་མ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་འཛམ་གླིང་འདིའི་ནང་ལ་སླེབས་ཐུབ་པ་བྱུང་བ་མ་ཟད་ཕ་མ་གཉིས་ཀྱི་བྱམས་བརྩེ་དང་བལྟ་སྐྱོང་ཡག་པོ་དེའི་འོག་ལ་ང་ད་ལྟ་དེ་འདྲ་ཡག་པོ་ཆགས་ཐུབ་ཡོད། ཕ་མའི་བྱམས་བརྩེ་ལ་བརྟེན་ནས་ང་ཚོ་འཚར་ལོངས་བྱུང་བ་ཞིག་རེད། ཕ་མས་ང་ཚོ་ལ་གོམ་པ་རྒྱག་སྟངས་དང་སྐད་ཅ་བཤད་སྟངས་ལ་སོགས་པ་ཐོག་མ་ནས་སློབ་ཀྱི་ཡོད། ཕ་མ་ནི་ང་ཚོའི་དགེ་རྒན་དང་ཤོས་དེ་ཡིན་པ་མ་ཟད། ང་ཚོ་ལ་རོགས་སྐྱོར་གནང་མཁན་རྩ་ཆེ་ཤོས་དེ་ཡང་ཡིན། ང་ཚོར་དཀའ་ངལ་ག་འདྲ་ཞིག་བྱུང་ཡང་དང་པོ་ཉིད་ནས་ཕ་མས་ང་ཚོར་རོགས་པ་བྱེད་དུ་ཡོང་གི་ཡོད། ཕ་མས་ང་ཚོར་ཐོག་མ་ཉིད་ནས་ཡག་སྡུག་གང་ཡིན་བསླབ་བྱ་ཉིན་ལྟར་རྒྱག་གི་ཡོད། ང་ཚོར་དཀའ་ངལ་བྱུང་ན་ཕ་མ་སེམས་ཁྲལ་གྱིས་གཉིད་མ་ཁུག་པ་དེ་འདྲ་འབྱུང་གི་ཡོད། ང་ཚོ་ཕྲུ་གུ་མ་འབྱར་སྐབས་ཕ་མ་གཉིས་ཀྱིས་ཉིན་མཚན་ང་ཚོར་ལྟ་སྐྱོང་བྱེད་ཀྱི་ཡོད་པས། སོ་སོ་རང་ཉིད་ཆེད་དུ་དུས་ཚོད་གཏང་རྒྱུ་མ་རག་པ་མ་ཟད་མཚན་མོ་གཉིད་ཀྱང་ཁུག་རྒྱུ་རག་གི་མེད་པ་དེ་འདྲ་དཀའ་ངལ་མང་པོ་འབྱུང་གི་ཡོད། ང་ཚོར་ཡར་ཏོག་ཙམ་ཆེན་པོ་ཆགས་ན་སློབ་སྦྱོང་མ་སྦྱང་བའི་དཀའ་ངལ་སོགས་ཕ་མ་ལ་དཀའ་ངལ་རྫོགས་རྒྱུ་མེད་པ་དེ་འདྲ་ང་རང་མང་པོ་མཐོང་སོང་། ཕ་མས་སྤྲད་པའི་ཅ་ལག་ཚང་མ་གལ་ཆེན་པོ་རེད། གལ་ཏེ་ཕ་མ་མེད་ན་ང་ཚོ་ཡང་འཚོ་མི་ཐུབ། ཕ་མ་ནང་བཞིན་འཛམ་གླིང་འདིའི་ནང་དུ་གལ་ཆེན་པོ་དང་རྩ་ཆེན་པོ་སུ་གང་ཡང་མེད། ཕ་མས་ང་ཚོའི་ཆེད་དུ་སྐུ་ལས་ཧ་ཅང་མང་པོ་བསྐྱོན་ཡོད། ཕ་མས་ཕྲུ་གུའི་ཆེད་དུ་སོ་སོའི་སྐྱིད་པོ་གཏང་རྒྱུ་ཡང་བློས་གཏོང་གི་ཡོད། ཕ་མས་རང་གི་ཕྲུ་གུའི་ངོ་གདོང་ལ་གད་མོ་མཐོང་ན་སེམས་པ་ཧ་ཅང་དགའ་ཡི་ཡོད། ཕ་མའི་དཔེ་ཁུག་ནང་དངུལ་མེད་ཀྱང་དཀའ་ལས་མང་པོ་བརྒྱབ་ནས་དངུལ་བསགས་ནས་ང་ཚོ་ལ་གང་དགོས་པ་དེ་ཉོས་ནས་སྤྲོད་ཀྱི་ཡོད། ཕ་མས་ཕྲུ་གུ་ལ་གྱོན་ཆས་དང་རྔན་པ་ལ་སོགས་ཆ་ཚང་ཉོ་ཡི་རེད། གང་ཡིན་ཟེར་ན། སོ་སོའི་ཕྲུ་གུ་དེ་རྫིག་པོ་དང་སྙིང་རྗེ་མོ་མཐོང་བའི་ཆེད་དུ་རེད། ཕ་མས་ང་ཚོས་ལས་ཀ་སྡུག་ཅག་བྱས་པ་མཐོང་ན་མ་བྱེད་ལབ་ནས་བསླབ་བྱ་བཟང་པོ་རྒྱག་གི་རེད། ཕ་མ་གཉིས་ཀྱི་སེམས་ནང་ཕྲུ་གུ་རང་སྐྱིད་པོ་བྱུང་ན་དང་ཕྲུ་གུའི་འདོད་པ་བསྒྲུབ་རྒྱུ་ཤ་སྟག་བསམས་ནས་མི་ཚེ་སྐྱེལ་གྱི་ཡོད། ཕ་མས་བརྩེ་བ་དེ་འདྲ་སུ་གང་ལའང་སྤྲོད་མི་སྲིད། དེ་འདྲ་སོང་ཙང་། ཕྲུ་གུ་ང་ཚོའི་ཕ་མ་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད། སོ་སོ་ད་ལྟ་ཕ་མའི་འཁྲིས་ལ་ཡོད་དུས་ཕ་མའི་བཀའ་དྲིན་བསམས་ནས་ཕ་མ་ལ་རོགས་པ་བྱེད་དགོས་པ་དང་ཕ་མ་མཉམ་དུ་དུས་ཚོད་བསྐྱལ་ནས་སེམས་ཀྱི་ཚོར་བ་བཤད་དགོས། ཕ་མས་སོ་སོ་ལ་བསླབ་བྱ་གང་བརྒྱབ་པ་དེ་སེམས་ནང་བཞག་ནས་ལག་ལེན་འཁྱེར་དགོས། ང་ལ་རྨ་ཆུང་ཆུང་གཅིག་བཟོས་ཀྱང་ཕ་མ་ཁོང་གཉིས་ཀྱི་སེམས་ཁྲལ་བྱེད་ཀྱི་འདུག ངའི་ཨ་མ་ལགས་བུ་བཅོལ་ཁང་གི་མ་མའི་ལས་ཀ་བྱེད་ཀྱི་ཡོད། ཨ་མས་ཉིན་ལྟར་བུ་བཅོལ་ཁང་དུ་འགྲོ་ནས་ཕྲུ་གུ་ཆུང་ཆུང་ཚོ་མ་འོངས་བོད་ཀྱི་སོན་རྩ་རེད་ཟེར་ནས་གཅེས་སྐྱོང་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། ཨ་མ་ལ་གླ་ཆ་ཞེ་དྲག་མེད་ཀྱང་ང་ལ་གང་དགོས་པ་ཚང་མ་ཨ་མས་ཉོས་ནས་སྤྲོད་ཀྱི་ཡོད། ངའི་པ་ལགས་ནི་ཁ་ལོ་བ་ཞིག་ཡིན། ཁོང་གིས་ང་ལ་ཧ་ཅང་བྱམས་སྐྱོང་གནང་གི་ཡོད། ང་རང་ཡང་པ་ལགས་དང་ཨ་མ་ལགས་ལ་ཧ་ཅང་བརྩེ་བ་ཡོད། ང་རང་མ་འོངས་པ་ཆེན་པོ་ཆགས་སྐབས་ཕ་མ་ཁོང་གཉིས་སྐྱིད་པོ་ཞིག་གཞག་རྒྱུ་དེ་ངའི་དམིགས་ཡུལ་དང་པོ་དེ་ཡིན། ངའི་ཕ་མའི་ཆེད་དུ་སྙན་ཚིག་ཆུང་ཆུང་ཞིག་བྲིས་ཡོད། ངའི་སྙིང་ནས་བརྩེ་བའི་ཕ་མ་གཉིས།། ཁྱེད་ནི་བདག་ལ་ཤིན་ཏུ་གལ་ཆེ།།ཁྱེད་མེད་ན།། ཉིན་མོ་ནི་ཟླ་བ་ལས་རིང་བ།། ཁེར་རྐྱང་གི་ཚོར་བའི་ཡིད་སེམས་ཞུམ།།ཁྱེད་དང་ང་གཉིས་ཀྱི་བརྩེ་བ་ནི།། དྲི་མེད་ཀྱི་ཙན་དན་བཞིན་ཡིན།།ངས་ཁྱེད་ཀྱི་དཀའ་ངལ་དེ་དག་ནི།། དམར་རྗེན་སེམས་ཀྱི་དབུས་སུ་བཞག་ཡོད།།