Skip to main content
ཤེས་རིག་ལས་ཁུངས།

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

བསྟན་འཛིན་ཆོས་དབྱངས་ནས། འཛིན་གྲྭ་བརྒྱད་པ། སྦེལ་ཀོབ་སམ་བྷོ་ཊ། ང་ཚོ་ཚང་མ་ད་ལྟའི་ཆར་གནས་བཞིན་པའི་འཛམ་གླིང་འདིའི་ནང་ལ་འཛམ་གླིང་གི་དམག་ཆེན་དང་པོ་ནས་དུས་ད་ལྟ་བར་འཛམ་གླིང་ལ་འགྱུར་བ་ཧ་ཅང་འགྲོ་ཡོད་ཀྱང། ཕན་སེམས་དང་། བྱམས་བརྩེས་བྱེད་པ་དེ་འགྱུར་ལྡོག་མེད་པའི་ཐོགས་རང་སོར་གནས་ཡོད། སའི་གོ་ལའི་ཁོར་ཡུག་བག་ཕེབས་པོ་ཞིག་བསྐྲུན་པ་ལ་ང་ཚོས་གཞན་ལ་བྱམས་སེམས་དང་བརྩེས་སེམས་བྱེད་དགོས་པ་དེ་གལ་ཆེ། གཞན་ལ་བྱམས་བརྩེས་བྱེད་ན་མི་དེ་ལ་ཕན་ཐོགས་པ་དང། སོ་སོའི་སེམས་ལ་ཞི་བདེའི་བག་ཕེབས་ཚོར། ངའི་ཕ་མ་དང། དགེ་རྒན། ནང་མི། གཞན་རོགས་པ་རྣམས་ངའི་མི་ཚེ་ནང་ལ་བཀའ་དྲིན་ཅན་གྱི་མི་སྣ་ཞིག་ཆགས་ཡོད་ཀྱང་། ཁོང་ཚོ་ཚང་མ་ཡང་མི་སྣ་གཅིག་གིས་བཀའ་དྲིན་ལ་བརྟེན་ཡོད། ངའི་མི་ཚེ་ནང་གི་བཀའ་དྲིན་ཆེ་ཤོས་ནི་ང་ཚོའི་བོད་ཀྱི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དད་དཔོན། བོད་མི་རྣམས་ལ་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་མཆོག་ཡིན། ཁོང་ནི་ང་དང་ང་འདྲ་བའི་བོད་པའི་སློབ་ཕྲུག་མང་པོ་དང། ལྷག་པར་དུ་བོད་མི་རྣམས་ལ་རོགས་རམ་བྱེད་ཀྱི་ཡོད་པས་ཁོང་ནི་ང་ཚོ་ཚང་མའི་མི་ཚེ་ནང་ལ་མི་སྣ་རྩ་ཆེན་ཞིག་རེད། ང་ཚོ་བོད་པའི་ཆེད་དཀའ་ལས་བརྒྱབ་པ་དང་བོད་པའི་སློབ་ཕྲུག་གི་ཆེད་དུ་ཤེས་རིག་ལས་ཁུངས་ལ་རོགས་པ་ཕོན་ཆེན་པོ་གནང་གི་ཡོད་པ་མ་ཟད། ངས་བསམ་ན་ད་ལྟ་ང་ཚོ་འཛམ་གླིང་ནང་བོད་ཞེས་པའི་རྒྱལ་ཁབ་ཞིག་ཡོད་པ་རྒྱལ་ཁབ་གཞན་གྱི་མི་རྣམས་ངོས་འཛིན་ཐུབ་པ་དེ་ཡང་༸གོང་ས་མཆོག་གི་བཀའ་དྲིན་ཡིན་པར་ངས་ཤེས། ཁོང་གི་བཀའ་སློབ་ཉན་བའི་ཆེད་འཛམ་གླིང་ཡུལ་གྲུ་མང་ཆེ་བའི་མི་རྣམས་རྒྱ་གར་དུ་ཁོང་མཇལ་བར་ཕེབས་ཀྱི་ཡོད། ང་ཚོ་བོད་པ་ཁ་ཤས་རྒྱ་གར་ནང་གནས་སྡོད་བྱེད་ཀྱང་༸གོང་ས་མཆོག་གི་བཀའ་སློབ་གནང་གིས་ཡོད་པ་ཡང་བོད་པ་ཁ་ཤས་ཀྱི་མ་ཤེས། ང་ཚོའི་དབུ་འཁྲིད་ཀྱི་རྒྱ་གར་ནང་དུ་བོད་པ་རྣམས་བསྡད་པའི་ཆོག་ཆན་ཐོབ་དུས་དང་པོ་ཤེས་ཡོན་ལ་དོ་སྣང་བྱེད་པ་རེད། གང་ཡིན་ཟེར་ན། ད་ལྟའི་དུས་ཚོད་ལ་ཤེས་ཡོན་མེད་པའི་མི་ལ་ལས་ཀ་དང་གང་ཡང་མཐོང་མེད་པ་དེ་ཁོང་གི་མཁྱེན་གྱིས་ཡོད་ཙང་བོད་པའི་སློབ་གྲྭ་ཁག་ཟུར་དུ་བཙུགས་པ་རེད། དེ་ནས་སློབ་གྲྭ་ཁག་ལ་དགེ་རྒན་བཏང་ནས་བོད་པའི་སློབ་ཕྲུག་རྣམས་ལ་སྤུས་ཀ་ལྡན་པའི་སློབ་སྦྱོང་གནང་བ་རེད། ཁོང་གིས་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བར་བོད་པའི་སློབ་ཕྲུག་མང་པོས་མཐོ་སློབ་ཐོན་ཏེ་དགེ་རྒན། སྨན་པ། ཚན་རིག་པ། འཆར་འགོད་པ། རྩིས་པ། དྲུང་ཡིག་ལ་སོགས་པའི་ཆེད་ལས་ཀྱི་ཕྱག་ལས་གནང་གི་ཡོད། བོད་པའི་སློབ་ཕྲུག་མང་པོས་མཐོ་སློབ་ལ་སློབ་ཡོན་ཐོབ་ནས་སློབ་སྦྱོང་བྱེད་ཀྱི་ཡོད། དེ་དག་ཚང་མར་༸གོང་ས་མཆོག་གི་བཀའ་དྲིན་ཁོ་ན་ཡིན། དེང་སང་ང་ཚོ་ཤེས་རིག་ལས་ཁུངས་ཀྱི་སློབ་ཕྲུག་རྣམས་ལ་སློབ་ཡོན་འདྲ་མིན་གནང་གི་ཡོད་པ་དང། དགའ་ལྡན་ཕོ་བྲང་གི་སློབ་ཡོན། སྲིད་སྐྱོང་སློབ་ཡོན་ལ་སོགས་སློབ་ཕྲུག་རྣམས་ལ་མུ་མཐུད་སློབ་སྦྱོང་བྱ་བར་རོགས་རམ་མཐུན་འགྱུར་གནང་གི་ཡོད། དེ་མ་ཟད་ཡིག་འགྲུལ་མཐོ་རིམ་སློབ་ཡོན། ཉམ་ཐག་སློབ་མར་སློབ་ཡོན་ལ་སོགས་པའི་སློབ་ཡོན་མང་པོ་ཞིག་ཤེས་རིག་ལས་ཁུངས་བརྒྱུད་ནས་ང་དང་ང་འདྲ་བའི་བོད་པའི་སློབ་ཕྲུག་རྣམས་ལ་རོགས་རམ་བཀའ་དྲིན་སྩོལ་གྱི་ཡོད་པར་བཀའ་དྲིན་ཆེན་པོ་ཡིན། དེ་ཡང་མཐུན་རྐྱེན་གཙོ་བོ་གནང་མཁན་གྱིས་ལམ་སྟོན་པ་པོ་ནི་བོད་ཀྱི་བླ་ན་མ་མཆིས་པ་༸གོང་ས་མཆོག་ཡིན། ཁོང་ལ་དྲིན་ལན་འཇལ་བ་དེ་ང་ཚོ་སློབ་ཕྲུག་དང་བོད་མི་ཚང་མའི་ལས་འགན་རེད། ང་ཚོས་མི་ཚང་མ་ལ་ཡ་རབས་བཟང་སྤྱོད་བྱེད་པ་དང། སློབ་ཕྲུག་ཞིག་ཡིན་ན་སོ་སོའི་སློབ་སྦྱོང་ལ་དོ་སྣང་བྱེད་པ་དེ་ཡིན། གཙོ་བོ་སོ་སོའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ༸གོང་ས་མཆོག་གིས་“བོད་ཕྲུག་བོད་མིའི་མཚན་ཉིད་ཚང་བ་ཞིག་ཡོང་བ་ལ་ངེས་པར་དུ་བོད་པའི་ཤེས་ཡོན་ཡོད་དགོས། “ ཞེས་གསུངས་སོ། རྒྱལ་ཁབ་གཞན་གྱི་སྐད་ཡིག་ལ་དོ་སྣང་བྱེད་པ་ན་དེ་ནི་ཕུན་སུམ་ཚོགས་པ་ཡིན་པ་དང། ཡིན་ནའང་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཤེས་པ་དང་སོ་སོའི་སྐད་ཡིག་ལ་དོ་སྣང་མེད་ན་ངོ་ཚ་དང་ཞབས་འདྲེན་རེད། ཅེས་པཎ་ཆེན་རིན་པོ་ཆེས་གསུངས། བོད་ལ་སྐྱིད་པའི་ཉི་མ་ཤར་བའི་རེ་བ་ཆེན་པོ་དང་བོད་རང་བཙན་མགྱོགས་མྱུར་ཐོབ་པ་དང་། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད་བཅས། བོད་རྒྱལ་ལོ། །

ང་ལ་བྱམས་སྙིང་རྗེས་བསྐྱངས་བ

ང་ལ་བྱམས་སྙིང་རྗེས་བསྐྱངས་བའི་བཀའ་དྲིན་ཅན།

བསྟན་འཛིན་མཚུངས་མེད། འཛིན་གྲྭ་བདུན་པ། སྦེལ་ཀོབ་སཾ་བྷོ་ཊ། གངས་ཅན་བོད་ཀྱི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་གུས་ཕྱག་དང་བཅས་གུས་པར་༸གོང་ས་༸སྦྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་ས་བཅད་ལྔ་ཡི་འགོ་ནས་ཞུ་རྒྱུ་ཡིན། དང་པོ། བྱམས་བརྩེས་སྐྱོང་ཚུལ་ནི། གུས་པ་རང་ཉིད་སྐྱེས་པ་ནས་ད་ལྟ་བར་ཕ་མ་གཉིས་ཀྱིས་གཙོ་བོ་འགན་འཁུར་བའི་སྒང་ལ་སྤོ་སྤོ་དང་། རྨོ་མོ། ཨ་ཞང་། སྲུ་མོ། གྲོང་པ་ཁྱིམ་མཚེས་བཅས་ནས་ང་ལ་བྱམས་པོ་དང། བརྩེ་བ་ཆེན་པོའི་འགོ་ནས་གསོ་སྐྱོང་གནང་བྱུང་བ་དེ་ཚང་མ་༸གོང་ས་མཆོག་གི་བྱིན་རླབས་ལ་བརྟེན་ནས་བྱུང་བ་རེད། གཉིས་པ། ཤེས་ཡོན་སློབ་སྦྱོང་གནང་བ། ང་རང་ལོ་ལྔ་ཙམ་ནས་ད་བར་སློབ་གྲྭར་ཕྱིན་ནས་ཤེས་ཡོན་གང་ལ་གང་མཚམས་ཞིག་ཐོབ་ཡོད། དེ་དག་ཀྱང་༸གོང་ས་མཆོག་གིས་ཐོག་མར་སློབ་གྲྭ་འཛུགས་རྒྱུ་དང། དགེ་རྒན་ཚད་ལྡན་གོ་སྒྲིག་གནང་རྒྱུ། ཡང་ཡང་རྒྱ་ཆེ་བའི་བཀའ་སློབ་ལམ་སྟོན་གནང་རྒྱུ་ལ་སོགས་པ་ལས་བྱུང་བ་ཞིག་ཡིན། གསུམ་པ། དཔལ་འབྱོར་མཐུན་རྐྱེན་འཛོམས་པ། གུས་པ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་༸གོང་ས་མཆོག་དང་། ཁོང་གིས་བཙུགས་གནང་བའི་བཙན་བྱོལ་བོད་གཞུང། དེ་བཞིན་དྲིན་ཅན་ཕ་མ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་བྱེད་པའི་སྐབས་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དག་ནི། ་འཛིན་ཁང་དང། ཁོར་ཡུག་གཙང་ལ་ཡིད་དུ་འོང་བའི་སློབ་གྲྭ། བྱམས་བརྩེ་དང་ལྷག་བསམ་གྱིས་ཕྱུག་པའི་དགེ་རྒན། ལྟ་སྐྱོང་གནང་མཁན་གྱི་མ་མ་ལ་སོགས་པ་དང། དེ་བཞིན་སྨྱུ་གུ་དང། འབྲི་དེབ། སློབ་དེབ་སོགས་མཐུན་རྐྱེན་ཆ་ཚང་བ་འཛོམས་ཡོད་པ་དག་ཀྱང་མཐར་ཐུག་༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཡིན། བཞི་པ། འཕྲོད་བསྟེན། སེམས་ཅན་ཞིག་ཡིན་ཕྱིན་ཆད་སྐྱེས་པ་ནས་མ་འཆི་བར་མ་ན་བར་བདེ་ཐང་ངང་གནས་ཐུབ་ཐབས་ཤིན་ཏུ་ཁག མི་སུ་ཡིན་ཡང་ན་བའི་རྗེས་ལ་སྨན་ཁང་དུ་འགྲོ་དགོས་ཀྱི་ཡོད། དེར་བརྟེན་གུས་པ་དང་། གུས་པའི་འཛིན་གྲོགས་རྣམ་པ། ཕ་མ་སྤུན་མཆེད་བཅས་ཆམ་པ་ལ་སོགས་པ་ནད་ཆུང་ཆུང་ཞིག་ན་སྐབས་སེམས་ཁྲལ་མེད་པར་སྨན་ཁང་སྤྱི་དང། ལྷག་པར་དུ་བོད་གཞུང་འཕྲོད་བསྟེན་སྨན་ཁང། སྨན་རྩིས་ཁང་བཅས་སོ་སོའི་འདོད་པ་ལྟར་བསྟེན་ཆོག་ཡོད་པ་དེ་ཡང་༸གོང་ས་མཆོག་གི་ཐུགས་རྗེའི་འོད་ཟེར་ལས་བྱུང་བ་ཞིག་ཡིན། ལྔ་པ། སྡོད་གནས་ཀྱི་སྐོར། རང་གི་ལུང་པ་དགྲ་ལག་ཏུ་ཤོར་ཡང། མི་ཡུལ་དུ་རང་ཡུལ་དུ་ཡོད་པ་ལྟར་རང་ལ་དག་པའི་ནང་དང་ཞིང་ཁ་ཡོད་པ། ད་དུང་དགོན་པ་མཇལ་རྒྱུ་ཡོད་པ། གང་ལྟར་རྒྱུན་གཏན་གྱི་འཚོ་གནས་བྱེད་པའི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ་དེ་འདྲ་ཞིག་གི་ནང་དུ་ང་རང་འཚོ་གནས་བྱེད་རྒྱུ་ཡོད་པ་ནི་༸གོང་ས་མཆོག་གི་བཀའ་དྲིིན་ཉག་ཅིག་གོ། ། མདོར་ན་གོང་གི་ས་བཅད་ལྔ་པོ་དེ་དག་གཙོ་བོ་ཆུ་མགོ་གངས་ལ་ཐུག་པ་ལྟར། ༸གོང་ས་མཆོག་གི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས་འབྱུང་བས། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་། དེ་བཞིན་གཞུང་ཞབས་ལས་བྱེད་རྣམ་པ། དགེན་ལགས་རྣམ་པ། དྲིན་ཆེན་གྱི་ཕ་མ་སྤུན་མཆེད་བཅས་ལ་ཐུགས་རྗེ་ཆེ་ཞུ། མཐར་༸གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང། མཛད་པ་འཕྲིན་ལས་གོང་ནས་གོང་དུ་འཕེལ་བའི་གསོལ་བ་སྨོན་ལམ་འདེབས་སོ། །

བ་ཕྱུགས།

བ་ཕྱུགས།

བསྟན་འཛིན་ཡེ་ཤེས། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། བ་ཕྱུགས་ནི་སྒོ་ཕྱུགས་སེམས་ཅན་ཞིག་ཡིན། སེམས་ཅན་འདི་ནི་ང་རང་ཚོའི་སྤྱི་ཚོགས་ནང་སེམས་ཅན་ཡག་ག་གྲས་སུ་བརྩི་བཞིན་ཡོད། སེམས་ཅན་འདིས་མི་རྣམས་ལ་ཕན་ཐོགས་ཆེན་པོ་བྱེད་ཀྱི་ཡོད། ཐོན་སྐྱེད་ཐོག་བ་ཕྱུགས་གིས་ངོ་རང་ཚོར་འོ་མ་སྤྲོད་ཀྱི་ཡོད། འོ་མ་དེའི་བརྒྱུད་ནས་ཕྱུ་ར་དང་། ཞོ། མར། ཟ་སྣུམ་ལ་སོགས་ཐོན་སྐྱེད་སྣ་ཚོགས་རག་ཐུབ་ཀྱི་ཡོད། སེམས་ཅན་འདི་ནི་རྒྱལ་ཁབ་ཕལ་པོ་ཆེའི་ཁྱིམ་ཚང་མང་པོས་མི་རབས་མི་རབས་གསོ་སྐྱོང་བྱེད་ཀྱི་ཡོད་པ་ཡིན། ཆོས་ལུགས་ཀྱི་ཐོག་ནས་རྒྱ་གར་ཧིན་རྡུ་ཚོས་བ་ཕྱུགས་ནི་ཁོང་ཚོའི་སྐྱབས་གནས་དཀོན་མཆོག་ལྟ་བུ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཧིན་རྡུའི་སྤྱི་ཚོགས་ནང་གལ་ཏེ་བ་ཕྱུགས་ལ་འཚེ་བ་བྱས་པ་ཡིན་ན། སྡིག་པ་ཆེན་པོ་དང་། ཁྲིམས་ཀྱི་ཐོག་ནས་ནག་ཉེས་ཆེན་པོ་ཞིག་ལ་བཙུགས་ཀྱི་ཡོད་པས་ཉེས་ཆད་ཆེན་པོ་འགེལ་གྱི་ཡོད་པ་ཡིན། དེ་བཞིན་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་རྩ་ཆེན་སེམས་ཅན་ལ་བརྩི་བཞིན་ཡོད། ཡུལ་ལུང་ཆེ་ཆུང་ཕལ་མོ་ཆེའི་གཞུང་འབྲེལ་ཚོགས་པ་ཁག་ནས་བ་ཕྱུགས་ལ་སོགས་སེམས་ཅན་ལ་གནོད་འཚེ་བྱས་པ་ན་ངོ་རྒོལ་དང་། བཀག་བསྡོམས་ཀྱི་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་ཡོད། བ་ཕྱུགས་ནི་མིག་གཉིས་དང་། ཨ་མཚོག་གཉིས། རྔ་མ་རིང་པོ་གཅིག སུག་ལག་བཞི་ཅན་གྱི་སེམས་ཞིག་ཡིན། སེམས་འདི་ལ་བཟོ་ལྟ་དང་ལུས་ཚད། ཚོན་མདོག་ལ་སོགས་འདྲ་མིན་སྣ་ཚོགས་ཡོང་གི་ཡོད། འཛམ་བུ་གླིང་གི་མི་མང་པོ་ཞིག་གི་འཚོ་བ་བ་ཕྱུགས་ལ་བརྟེན་ནས་ཡོད། རང་ཉིད་ཀྱི་འཚོ་བ་ལ་ཕན་པ་བ་ཕྱུགས་གསོ་སྐྱོང་བྱེད་ཀྱི་ཡོད། བ་ཕྱུགས་གསོ་སྐྱོང་བྱེད་དེ་འོ་མའི་ཐོན་སྐྱེད་སྣ་ཚོགས་བྱུང་བཞིན་ཡོད་པ་ཚོང་འགྲེམས་བྱེད་ཀྱི་ཡོད། འོ་མའི་རིགས་ཀྱི་ཟས་བཅུད་ནི་ཟས་བཅུད་ཚད་ལྡན་ལ་ངོས་འཛིན་བྱེད་ཀྱི་ཡོད་ཙང་། རིན་གོང་ཆེན་པོ་གནས་ཀྱི་ཡོད། འོ་མའི་བཅུད་ལས་ཚར་ལོངས་ལ་ཕན་གྲོགས་བྱེད་ཀྱི་ཡོད། ཕྲུ་གུ་ཚར་ལོངས་མགྱོགས་པོ་ཡོང་ཆེད་ཕ་མས་ཟས་བཅུད་འཕྲོས་སུ་འོ་མ་ངེས་པར་སྤྲོད་ཀྱི་ཡོད། འོ་མའི་ནང་དཀར་རྫས་ཟེར་བའི་བཅུད་སྨན་སི། Vitamin C མང་པོ་ཡོད་དུས་དེས་རུས་ཚིགས་ན་ཚ་ལ་ཕན་ཐོགས་ཡོད། བ་ཕྱུགས་ཀྱི་འོ་མ་ཙམ་མིན་པར་བ་ཕྲུུགས་ཀྱི་གཅིན་པ་ཡང་སྨན་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ན་ཚ་མང་པོ་ཞིག་དྲག་སྐྱེད་ཐུབ་པའི་ནུས་པ་ཡོད་པ་ཡིན། བ་ཕྱུགས་ཀྱི་གཙོག་གཅིན་ནས་སྣུམ་བཟོ་བ་དང་། ཞིང་པའི་སྟོན་ཐོག་ཡག་པོ་སྐྱེས་ཆེད་ལུད་ལ་ཡང་བེད་སྤྱོད་བྱེད་ཀྱི་ཡོད། བ་ཕྱུགས་ཀྱི་གཙོག་པ་ལ་ལྕི་བ་ཟེར་བ་ཡིན། ལྕི་བ་སྐམ་སྟེ་མེ་ཤིང་ལ་བེད་སྤྱོད་བྱེད་ཀྱི་ཡོད། དེས་མེ་ཤུགས་ཆེ་བ་དང་མེ་དྲོད་ཡག་པོ་ཡོང་གི་ཡོད། བ་ཕྱུགས་ཕོ་ལ་གླང་གོག་ཟེར་བ་ཡིན། གླང་ཁོག་ནི་ཞིང་ལས་ཆེད་བེད་སྤྱོད་ཀྱི་བྱེད། བ་ཕྱུགས་ཀྱིས་རྩྭ་རིགས་དང་། ཤིང་འབྲས། ཚལ་རིགས་ཟ་གི་ཡོད། སེམས་ཅན་འདི་ནི་རྩྭ་གཟན་སེམས་ཅན་དང་། གཞན་ལ་གནོད་འཚེ་བ་བྱེད་ཀྱི་མེད། སེམས་ཅན་བཟང་པོ་ཞིག་ལ་བརྟེན་མི་རྣམས་ཀྱི་དགའ་བོ་བྱེད་ཀྱི་ཡོད།

མ་འོངས་བོད་ཀྱི་སོན་རྩ།

མ་འོངས་བོད་ཀྱི་སོན་རྩ།

བསྟན་འཛིན་བློ་གསལ། འཛིན་གྲྭ་བཞི་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། བོད་ནི་འཛམ་གླིང་གི་ཡང་རྩེར་གནས་པའི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་ཕྱི་ལོ་༡༩༥༩ ལོར་རྒྱ་མིའི་དམག་མིས་བོད་རྒྱལ་ཁབ་བཙན་བཟུང་བྱས་པ་རེད། དེར་བརྟེན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མི་ཧ་ཅང་མང་པོ་རྒྱ་གར་ནང་ལ་སྐྱབས་བཅོལ་དུ་འབྲོ་དགོས་བྱུང་བ་རེད། དེ་ནས་བོད་ཀྱི་སྐད་དང་ཡི་གེ་མ་ཉམས་པའི་ཆེད་དུ་རྒྱ་གར་ནང་སློབ་གྲྭ་དང་། དགོན་པ། བོད་གཞུང་། གཞིས་ཆགས་སོགས་གསར་འཛུགས་གནང་པ་རེད། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་མ་འོངས་བོད་ཀྱི་སོན་རྩ་སྐྱེད་སྲིང་བྱ་རྒྱུའིི་ཆེད་དུ་རེད། མ་འོངས་བོད་ཀྱི་སོན་རྩ་ནི་ང་ཚོའི་བོད་ཀྱི་མ་འོངས་པའི་བདག་པོ་རྒྱག་མཁན་ཡིན། དེང་སང་འཚར་ལོངས་བྱེད་བཞིན་པའི་ཕྲུ་གུ་རྣམས་མ་འོངས་བོད་ཀྱི་སོན་རྩ་ཞིག་ཡིན་པས། ཁོང་ཚོས་བོད་ཀྱི་རིག་གཞུང་བདག་པོ་ཡག་པོ་མ་བརྒྱབ་ན། ས་བོན་རུལ་པ་ཞིག་གིས་འབྲས་བུ་ཡག་པོ་མི་སྐྱེ་བ་ནང་བཞིན་བོད་བདག་པོ་རྒྱག་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོ་ཕྲུ་གུ་ཚོས་བོད་མི་ཡག་པོ་ཞིག་ཆགས་རྒྱུར་ཆུང་དུས་ནས་སློབ་གྲྭར་འགྲོ་བཞིན་པའི་སྐབས་རྒན་ལགས་དང་ཕ་མ་སོགས་ཀྱི་ཞལ་ལ་ཉན་པོ་བྱེད་དགོས་པ་དང་། ཆབས་ཅིག་ཉིན་ལྟར་མི་གཞན་དང་སྐད་ཆ་ཤོད་དུས་ཞེ་ས་རྒྱག་རྒྱུ་དང་། ལུས་ཀྱི་སྤྱོད་པ་ཡག་པོ་བྱེད་རྒྱུ། བསམ་བློ་ཡག་པོ་གཏོང་རྒྱུ་བཅས་ནི་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ནས་ང་ཚོ་བོད་མིའི་སྤྱི་ཚོགས་ནང་བོད་མི་མང་པོས་བོད་སྐད་རྒྱག་སྐབས་བོད་སྐད་གཙང་མ་མ་བརྒྱབ་པར་གཞན་གྱི་སྐད་ཡིག་མང་པོ་བསྲེས་ལྷད་བྱེད་ཀྱི་འདུག །བྱས་ཙང་ང་ཚོས་མུ་མཐུད་ནས་བོད་སྐད་གཙང་མ་མ་བརྒྱབ་ན། ང་ཚོའི་སྐད་ཡིག་དེ་ནམ་ཞིག་མེད་པར་འགྱུར་ངེས་ཡིན། སྐད་ཡིག་མེད་པ་ཆགས་ན་བོད་ཅེས་པའི་མི་རིགས་དང་ལུང་པ་མེད་པ་ཆགས་ཀྱི་རེད། མ་འོངས་བོད་ཀྱི་སོན་རྩ་ཡག་པོ་ཞིག་ཆགས་རྒྱུ་གལ་ཆེན་པོ་ཡིན་ཙང་། ༸པན་ཆེན་རིན་པོ་ཆེས། ཁྱེད་ཀྱིས་བོད་སྐད་ཤེས་ན་ཡག་པོ་རེད། བོད་སྐད་མི་ཤེས་པར་ལུང་པ་གཞན་གྱི་སྐད་ཡིག་སྦྱངས་ན་ངོ་ཚ་དགོས་ཀྱི་རེད། འོན་ཀྱང་ཁྱེད་ཀྱིས་བོད་ཡིག་དང་ལུང་པ་གཞན་གྱི་སྐད་ཡིག་གཉིས་ཀ་ཤེས་ན་ཡག་ཤོས་རེད་ཅེས་གསུངས་ཡོད། འོན་ཀྱང་དེང་སང་བོད་ཀྱི་རིག་གཞུང་དང་བོད་ཡིག་བེད་སྤྱོད་གཏོང་མཁན་ཧ་ཅང་ཉུང་ཉུང་ཡོད། རྒྱ་མིས་ཀྱང་བོད་པ་ལ་བོད་ཡིག་སྦྱང་མི་ཆོག་པའི་བཀའ་གཏོང་ནའང་། བོད་མི་ཁ་ཤས་ཀྱིས་ཡིབ་ཀྱིན་ཡིབ་ཀྱིན་བོད་ཡིག་སྦྱོང་གི་ཡོད་པ་མ་ཟད་བོད་གཞས་བཟོ་ཡི་ཡོད། བྱས་ཙང་ཁོང་ཚོར་རྒྱ་མིས་ཉེས་པ་ཆེན་པོ་གཏོང་གི་ཡོད། འོན་ཀྱང་དེང་སང་རྒྱ་གར་ནང་དུ་ཡོད་པའི་བོད་ཕྲུག་རྣམས་དབྱིན་ཇི་དང་རྒྱ་སྐད་ལ་བརྩོན་པ་དང་། བོད་ཡིག་ལ་སྣང་མེད་གཏོང་གི་འདུག དེར་བརྟེན་བོད་མི་རྣམས་ཀྱིས་བོད་ཡིག་ཡག་པོ་སྦྱོང་བ་དང་༸གོང་ས་མཆོག་གི་བཀའ་སློབ་ལ་ཡག་པོ་བྱས་ནས་གསན་ན་མ་འོངས་པར་ང་ཚོ་ཚང་མ་བོད་ལ་ལོག་ཐུབ་པའི་ཉིན་མོ་ཞིག་མགྱོགས་པོ་འཆར་གྱི་རེད་དོ།

བདག་གི་གྲོགས་མོ་ཡག་ཤོས།

བདག་གི་གྲོགས་མོ་ཡག་ཤོས།

བསྟན་འཛིན་པད་དཀར། འཛིན་གྲྭ་གསུམ་པ། སཾ་བྷོ་ཊ་གུ་རུ་པུ་ར་ཉིན་སློབ། ༄༅།། བདག་གི་གྲོགས་མོ་ཡག་ཤོས་ཀྱི་མཚན་ལ་པད་མ་དབྱངས་འཛོམས་རེད། ཁོང་ནི་སློབ་གྲོགས་ཡག་པོ་ཞིག་རེད། ང་ཚོ་གཉིས་འཛིན་གྲྭ་གཅིག་གི་ནང་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་ལ་ནང་མི་བཞི་ཡོད་པ་ནི་ཨ་མ་ལགས་དང་། པཱ་ལགས། གཅེན་མོ་དང་ཁོང་རང་བཅས་རེད། བདག་ཁོང་གི་གཉམ་དུ་ཉིན་ལྟར་སློབ་སྦྱོང་བྱེད་པ་དང་། ཕན་ཚུན་རྔན་པ་དང་ཤིང་ཏོག་སྤྲོད་རེས་བྱེད་ཀྱི་ཡོད། ང་ཚོ་གཉིས་ཕན་ཚུན་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་སྡོད་ཀྱི་ཡོད། ང་ཚོས་འཁྲུག་པ་གཅིག་ཀྱང་རྒྱག་གི་མེད། ད་དུང་ང་ཚོས་ཕན་ཚུན་ཅ་ལག་གཡར་རེས་དང་། རོགས་པ་བྱེད་རེས། སྒྲུང་ཤོད་རེས་སོགས་ཀྱང་བྱེད་ཀྱི་ཡོད། བདག་གི་ཁོང་ལ་སྒྲུང་འདྲ་མིན་སྣ་ཚོགས་ཤོད་ཀྱི་ཡོད་པ་དང་། ཁོང་གིས་ཀྱང་བདག་ལ་སྒྲུང་སྣ་ཚོགས་ཤོད་གནང་གི་འདུག སྐབས་རེ་རྩེད་ཐང་སྟེང་ངུ་བདག་ཁོང་གི་མཉམ་དུ་རྩེད་མོ་མང་པོ་རྩེ་ཡི་ཡོད། ང་ཚོ་གཉིས་ག་ཚོད་ཐུབ་ཐུབ་ཀྱི་འཆམ་པོ་དང་མཐུན་སྒྲིལ་ཡག་པོ་བྱེད་ཀྱི་ཡོད། མི་གཞན་གྱི་ཁོང་ལ་སྡུག་ཅག་བྱེད་ན་ངས་རོགས་པ་བྱེད་པ་དང་བྱམས་སྐྱོང་ཡག་པོ་བྱེད་ཀྱི་ཡོད། ང་ཚོ་གཉིས་ཕན་ཚུན་ལག་པ་མཐུད་ནས་ག་བ་ག་ས་ལ་འགྲོ་ཡི་ཡོད། བར་སེང་སྐབས་དཔེ་མཛོད་ཁང་དུ་སྒྲུང་དེབ་ཀློག་ཏུ་འགྲོ་ཡི་ཡོད། བདག་གི་ཁོང་ལ་བསླབ་བྱ་མང་པོ་རྒྱག་གི་ཡོད། ང་ཚོ་གཉིས་ཀྱི་མི་ཚང་མ་ལ་སྐད་ཆ་ཡག་པོ་ཤོད་ཀྱི་ཡོད། མི་ཚང་མས་པད་མ་དབྱངས་འཛོམས་ལགས་ནི་སྙིང་རྗེ་པོ་དང་ཡག་པོ་འདུག་ཅེས་གསུང་གནང་གི་འདུག ཉིན་ལྟར་བདག་ཁོང་དང་མཉམ་དུ་སྒྲུང་དེབ་མང་པོ་ཀློག་གི་ཡོད། ཁོང་གི་སྒྲུང་དེབ་དགའ་ཤོས་ནི་རྨོ་རྨོ་དང་ཁྭ་ཏ་རེད། ཁོང་གི་སྒྲུང་འདི་ཧ་ཅང་སྙན་པོ་འདུག་གསུངས་བྱུང་། ང་ཚོ་གཉིས་གདོན་འདྲེའི་སྒྲུང་ལ་ཡང་དགའ་པོ་ཡོད་པས། ཕན་ཚུན་གདོན་འདྲེའི་སྒྲུང་མང་པོ་ཤོད་རེད་བྱེད་ཀྱི་ཡོད། ང་ཚོ་གཉིས་ཀས་ཁན་ཊར་ཝི་ལིའི་ཕ་གཞིས་ཀྱི་གདོན་འདྲེ་ཞེས་པ་སྒྲུང་དེབ་དེ་ཏོག་ཙམ་བཀླགས་པ་ཡིན། བདག་གིས་ཁོང་དང་མཉམ་དུ་ཐག་མཆོང་དང་སྤོ་ལོ་སོགས་མང་པོ་རྩེ་ཡི་ཡོད། ཁོང་གི་ཚོན་མདོག་དགའ་ཤོས་ནི་སྔོན་པོ་རེད། ཁོང་ནི་སྦ་ལན་ཆེན་པོ་གྱོན་ཡ་དགའ་པོ་ཡོད། ཁོང་གིས་བདག་ལ་གཞས་འཁྲབ་སྟངས་དང་གཏོང་སྟངས་སློབ་གནང་གི་ཡོད། ང་ཚོ་གཉིས་གླིང་བུ་དང་སྒྲ་སྙན་མཉམ་དུ་སྦྱོང་གི་ཡོད། སྐབས་རེ་ང་ཚོ་གཉིས་ལས་འཆར་ཡང་མཉམ་དུ་བཟོ་ཡི་ཡོད། ཁོང་ནི་རི་མོ་ལ་དགའ་པོ་ཡོད་པས་ང་ཚོ་གཉིས་མཉམ་དུ་བསྡད་ནས་རི་མོ་མང་པོ་བབྲི་ཡི་ཡོད། ཁོང་གིས་བདག་ལ་ཡིག་སྣོད་ནང་དུ་ཤོག་བུ་བླུག་རོགས་གནང་གི་ཡོད། བདག་ཁོང་དང་མཉམ་དུ་སི་ཤེས་ཡོན་དང་། རིག་ལམ། ཀམ་པུ་ཊར་སོགས་སྦྱོང་གི་ཡོད། ཁོང་གི་སློབ་ཚན་དགའ་ཤོས་ནི་བོད་ཡིག་རེད། ང་ཚོ་གཉིས་རྩོམ་འབྲི་རྒྱུ་དགའ་པོ་ཡོད་པས་ཉིན་ལྟར་རྩོམ་མང་པོ་འབྲི་ཡི་ཡོད། ཉིན་ཞིག་ང་ཚོ་གཉིས་གཅན་གཟན་ཁང་ལ་ཕྱིན་པ་ཡིན། དེར་ང་ཚོས་གླང་ཆེན་དང་། བྱིའུ། ཆུ་སྲིན། རྨ་བྱ། དོམ། ཆུ་ཕག སྦྲུལ། ཤ་ཁྲ་སྐེ་རིང་སོགས་སྣ་ཚོགས་མཐོང་བྱུང་། […]

ངའི་ཕ་ཡུལ་བོད།

ངའི་ཕ་ཡུལ་བོད།

བསྟན་འཛིན་མི་དབང་། འཛིན་གྲྭ་བཞི་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ངའི་ཕ་ཡུལ་བོད་ཀྱི་མཐའ་སྐོར་ཚང་མ་གངས་རིས་སྐོར་ཡོད་པ་དང་དེ་ནི་འཛམ་གླིང་གི་ས་ཆ་མཐོ་ཤོས་སྟེང་གནས་ཡོད། དེར་བརྟེན་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་ཆུའི་ཡོངས་ཁུངས་ཀྱང་བོད་ཡིན། ངའི་ཕ་ཡུལ་བོད་ཀྱི་ཡུལ་ལྗོངས་ནི་ཧ་ཅང་མཛེས་ལ་གནམ་གཤིས་ཀྱང་གྲང་ངར་ཆེན་པོ་ཡོད། དེར་བརྟེན་བོད་ཀྱི་མཁའ་རླུང་། ཆུ། ཁོར་ཡུག་རྣམས་ཧ་ཅང་གཙང་མ་ཡོད། བོད་ནང་སྲོག་ཆགས་འདྲ་མིན་སྣ་ཚོགས་འཚོ་གནས་བྱེད་ཀྱི་ཡོད། དེ་དག་གི་ནང་ནས་གཡག་ནི་ང་ཚོའི་བོད་ཀྱི་མཐུན་མོང་མ་ཡིན་པའི་སྲོག་ཆགས་ཤིག་ཡིན། བོད་པའི་འཚོ་བ་ནི་ཞིང་པ་དང་། འབྲོག་པ། ས་མ་འབྲོག་ཡིན། ངའི་ཕ་ཡུལ་གྱི་མི་རྣམས་ནི་སེམས་པ་བཟང་པོ་དང་གཤིས་ཀ་ཡང་ཧ་ཅང་འཇམ་པོ་ཡོད། ངའི་ཕ་ཡུལ་བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན། དེའི་ནང་འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཕོ་བྲང་པོ་ཏ་ལ་གནས་ཡོད། དེར་བརྟེན་ཕྱི་རྒྱལ་ནས་ཡུལ་སྐོར་སྤྲོ་འཆམ་བ་མང་པོ་ཕོ་བྲང་པོ་ཏ་ལ་ལྟ་བར་ཡོང་གི་ཡོད། ང་ཚོ་བོད་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན། ཁོང་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཞི་བདེའི་དེད་དཔོན་དང་ང་ཚོ་བོད་མིའི་དབུ་ཁྲིད་ཀྱང་ཡིན། སྟབས་མ་ལེགས་པ་ཞིག་ལ་རྒྱ་མིས་བོད་ལ་བཙན་འཛུལ་བྱེད་སྟབས་ཕྱི་ལོ་༡༩༥༩ ལོར་༸གོང་ས་མཆོག་དང་བོད་མི་མང་པོ་ཞིག་རྒྱ་གར་ལ་བཙན་འབྱོལ་དུ་ཕེབས་དགོས་བྱུང་བ་རེད། ངའི་ཕ་ཡུལ་བོད་ལ་རང་བྱུང་གཏེར་མང་པོ་ཡོད། དཔེར་ན་གསེར། དངུལ། ཟངས། ལྕགས་སོགས་མང་པོ་ཐོན་གྱི་ཡོད། ངའི་ཕ་ཡུལ་ནི་རང་བཙན་དང་ཞི་བདེ་ཡོད་པའི་རྒྱལ་ཁབ་ཅིག་རེད། ངའི་ཕ་ཡུལ་ནི་ད་ལྟ་རྒྱ་ནག་གིས་བཙན་གནོན་བྱས་ནས་བསྡད་ཡོད། ངའི་པ་ལགས་ཀྱང་ཕ་ཡུལ་བོད་ནས་སླེབས་པ་ཞིག་རེད། ཁོང་གི་ང་ལ་ཕ་ཡུལ་བོད་ཀྱི་སྐོར་ལ་སྒྲུང་མང་པོ་བཤད་གནང་གི་འདུག། ངའི་སྐྱེས་ས་ནི་རྒྱ་གར་ལུང་པ་རེད། ཡིནའང་ངའི་ཕ་ཡུལ་ནི་བོད་ཡིན། ངས་ཕ་ཡུལ་བོད་དེ་དངོས་སུ་མཐོང་འདོད་ཧ་ཅང་ཆེན་པོ་འདུག། ངའི་རེ་བ་ནི་ཕ་ཡུལ་བོད་ལ་རང་བཙན་མགྱོགས་པོ་ཐོབ་སྟེ་ང་ཚོ་བོད་མི་ཚང་མ་གང་མྱུར་བོད་ལ་ལོག་ཐུབ་པ་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད།