Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག

བསྟན་འཛིན་གཅུང་ལགས། འཛིན་གྲྭ་གསུམ་པ།ཧར་པ་པུར་སཾ་བྷོ་ཊ་ཉིན་སློབ།    ༸གོང་ས་མཆོག་ནི་ཕྱི་ལོ་ ༡༩༣༥ ཟླ་བ་ ༧ པའི་ཚེས་ ༦ ཉིན་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་ཨ་མདོ་སྟག་འཚེར་གྱི་ས་ཁུལ་དུ་སྐུ་འཁྲུངས་པ་དང་། ཁོང་གི་ཡུམ་ལ་རྟགས་དང་མཚན་མ་ཧ་ཅང་མང་པོ་བྱུང་དང་ས་ཁུལ་འདིར་དཀའ་ངལ་མི་འདྲ་བ་མང་དག་བྱུང་ཡོད། ཁོང་ཞིང་པ་དཀྱུས་མ་ཞིག་གི་ཕྲུ་གུ་ཡིན། ང་ཚོས་༸གོང་ས་མཆོག་སངས་རྒྱས་དང་རྩ་བའི་བླ་མ་ངོས་འཛིན་ཞུ་གི་ཡོད། ཁོང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དེད་དཔོན་དང་ཕྱི་ལོ་ ༡༩༨༩ ལོར་ནོ་ཝེལ་ཞི་བདེའི་གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་གནང་མཛད་ཡོད། བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་མང་དག་བསྐྱོན་གནང་མཛད་ནས་ད་ལྟ་བོད་མི་རྣམས་ས་ཁུལ་གང་དུ་ཡོད་ཀྱང་ཞི་བདེའི་ངང་གནས་ཡོད། ཁོང་ནི་བོད་མི་རིགས་ཀྱི་བརྗེད་ཐབས་མེད་པའི་སྐྱེ་བོ་དམ་པ་ཞིག་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད།    ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་འབྱོལ་དུ་ཕེབས་ནས་སློབ་གྲྭ་གལ་ཆེན་ཞིག་ཡིན་པ་དགོངས་ནས་ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་སློབ་གྲྭ་ཐོག་མར་གསར་འཛུགས་གནང་། ད་ལྟའི་ཆར་བོད་ཕྲུག་མང་པོ་ཞིག་ལ་ཤེས་ཡོན་དང་གང་ཅིའི་ཐད་ཕུན་སུམ་ཚོགས་པོ་ཡོད། ཕྱི་ལོ་ ༢༠༡༡ ལོ་ནས་ཁོང་གིས་སྲིད་ཀྱི་ལས་དོན་ནས་རྩ་དགོངས་གནང་བ་དང་ཆོས་ཀྱི་ལས་དོན་མང་པོ་ཞིག་སྤེལ་གནང་མཛད་ཡོད། ༸གོང་ས་མཆོག་ལ་གཟེངས་རྟགས་མི་འདྲ་བ་བརྒྱ་དང་ལྔ་བཅུ་ལྷག་ཙམ་འབུལ་བཞེས་མཛད་ཡོད། ད་ལྟ་༸གོང་ས་མཆོག་དགུང་ལོ་ ༩༠ ལ་ཕེབས་པའི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ལོ་ཧྲིལ་པོ་སྲུང་བརྩི་མི་འདྲ་བ་ཞུས་དང་ཞུ་བཞིན་ཡོད། ང་དང་ཕ་མ་ལྷན་དུ་༸གོང་ས་མཆོག་ཞལ་མཇལ་ཐོབ་པ་ཧ་ཅང་གི་སྐལ་བཟང་གི་ཉིན་མོ་ཞིག་ཡིན་པ་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་ནང་མི་ཚང་མས་༸གོང་ས་མཆོག་ལ་དད་གུས་ཆེན་པ་ཡོད། མཐའ་དོན། ༸གོང་ས་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་གནས་པ་དང་གཞིས་བྱིས་མཉམ་འཛོམས་ཡོངས་བའི་སྨོན་ལམ་ཤུགས་དྲག་ཞུ་བོ།།

༸གོང་ས་མཆོག

བསྟན་འཛིན་དཔལ་མཚོ། འཛིན་གྲྭ་བཞི་པ།སུ་ཇཱ་བོད་ཁྱིམ་སློབ་གྲྭ། འཛམ་གླིང་ཡོངས་ཀྱི་སྲོག་ཤིང་།།༸སྐྱབས་མགོན་ཡིད་བཞིན་ནོར་བུ།།ང་ཡི་སྐྱབས་སུ་འགྲོ་ས།།ཡིད་བཞིན་ཁྱེད་ལས་མེད་དོ།། བོད་ཡུལ་ཆོས་ལྡན་ཞིང་གི།།མི་རྣམས་བསོད་ནམས་ཆེ་བ།།༸སྐྱབས་མགོན་ཡིད་བཞིན་ནོར་བུ།།བོད་མི་མགོན་དུ་བྱོན་ཡོད།། ས་སྟོང་འཛམ་བུ་གླིང་ལ།།ནོར་བུ་གཅིག་འདྲ་གཉིས་འདྲ།།ཡིད་བཞིན་ནོར་བུ་ལྟ་བུ།།ནོར་བུ་གང་ཡང་མི་འདུག། ཕྱི་ལོ་གཅིག་དགུ་སོ་ལྔའི།།བདུན་པའི་ཚེས་དྲུག་ཉིན་མོར།།༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི།།སྟག་འཚེར་ཡུལ་དུ་འཁྲུངས་སོང་།། ང་ཚོའི་བོད་པའི་གཞུང་ལ།།ཉིན་ཟླ་སྐར་གསུམ་དེ་རེད།།ཐུགས་བརྩེ་གཟིགས་རྒྱ་ཆེན་པོོས།།ཆོལ་གསུམ་བོད་མི་ཡོངས་ལ།། འདི་དང་ཕྱི་མར་ཕན་པའི།།བླང་དོར་ལམ་སྟོན་གནང་བྱུང་།།འཛམ་གླིང་ཡོངས་ཀྱི་སྲོག་ཤིང་།༸སྐྱབས་མགོན་ཡིད་བཞིན་ནོར་བུ།། ༸སྐྱབས་མགོན་ཁྱེད་དང་འདྲ་བའི།།བྱིན་རླབས་གཞན་ལ་མི་འདུག།

༸གོང་ས་མཆོག

པདྨ་ཚེ་རྟ། འཛིན་གྲྭ་གསུམ་པ།སུ་ཇཱ་བོད་ཁྱིམ་སློབ་གྲྭ། ༸རྒྱལ་བ་ཡིད་བཞིན་ནོར་བུ།།ང་ཡི་ཕ་མ་འདྲ་བྱུང་།།ང་ཡིས་བཀའ་སློབ་ཀློག་དུས།།ཡིད་བཞིན་ནོར་བུ་དྲན་བྱུང་།། ཡིད་བཞིན་ནོར་བུ་དྲན་ནས།།མིག་ནས་མིག་ཆུ་ཤོར་བྱུང་།།མིག་ནང་མིག་ཆུ་འཁོར་ནས།།སེམས་ནང་དད་པ་སྐྱེས་བྱུང་།། བཀའ་སློབ་སྙིང་གི་ནོར་བུ།།ང་ཡིས་མང་པོ་བཀླགས་ནས།།བསམ་བློ་ཡང་ཡང་གཏོང་དུས།།སེམས་ནང་བདེ་སྐྱིད་ཐོབ་བྱུང་།། བཀའ་སློབ་སྙིང་གི་ནོར་བུ།།ང་ཚོའི་སེམས་ནང་བཞག་ཡོད།།ང་ཡིས་བཀའ་སློབ་ཀློག་དུས།།ཞལ་རས་སེམས་ནང་ཤར་བྱུང་།།

༸གོང་ས་མཆོག

བསྟན་འཛིན་པདྨ། འཛིན་གྲྭ་བཞི་པ།སཾ་བྷོ་ཊ་གྷོ་ལ་ཐ་ལ་བོད་སློབ།    འཛམ་གླིང་ནང་ལ་སྙན་གྲགས་ཅན་གྱི་མི་སྣ་མང་པོ་ཡོད། ཡིན་ཡང་ང་ཡི་དགའ་བའི་སྙན་གྲགས་ཅན་ནི་ང་ཡི་བླ་མ་༸གོང་ས་མཆོག་ཡིན། ཁོང་ནི་བོད་ལྗོངས་ཁ་བའི་ཡུལ་དུ་ཨ་མདོ་སྟག་འཚེར་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་སྤྱི་ལོ་ ༡༩༣༥ ཟླ་བ་ ༧ ཚེས་ ༦ ཉིན་བཟང་པོར་འཁྲུངས། ད་ལོ་ནི་ཁོང་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པས་གོ་སྟོན་གྱི་རྟེན་འབྲེལ་ཞེས་སྲུང་བརྩི་གནང་གི་ཡོད་པ་རེད། ཁོང་དགུང་ལོ་ཆུང་དུས་ན་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་རེད། ཁོང་ནི་ང་ཚོ་བོད་མི་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན། ཁོང་ནི་ང་ཚོ་བོད་མི་རྣམས་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་སྐྱབས་མགོན་ཡིན། ཁོང་ནི་དུས་རྒྱུན་དུ་ནས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བྱམས་དང་བརྩེ་བའི་ངང་ནས་ལམ་སྟོན་དང་བཀའ་ཆོས་བཟང་པོ་གནང་གི་ཡོད། ད་ལོ་དམིགས་བསལ་གྱི་གུས་མོ་ང་རང་ངོས་ནས་གོ་སྟོན་རྟེན་འབྲེལ་དང་སྟབས་བསྟུན་ནས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཕྱིར། ཉིན་གྲངས་ལྔ་བཅུའི་གུང་སེང་སྐབས་དེབ་གྲངས་དགུ་བཅུ་ཀློག་རྒྱུའི་དམ་བཅའ་བཞག་པ་ཡིན། ང་རས་དུས་ཚོད་དང་མཉམ་དུ་དཔེ་ཀློག་དགུ་བཅུ་ལྷག་ལྷོད་ལྷོད་ངང་ཀློག་ཐུབ་པ་བྱུང་། དེ་ནི་སྐལ་བཟང་ཞིག་དུ་ངོས་འཛིན་བྱེད་བཞིན་ཡོད་དོ།། ༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས། ཁྱེད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ།

༸གོང་ས་མཆོག

རཏྣ་རྒྱལ་མཚན་ལྕང་ར། འཛིན་གྲྭ་བཞི་པ།སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ།    ལུང་པ་ཚང་མ་ལ་དབུ་ཁྲིད་ཡོད། དབུ་ཁྲིད་ཁ་ཤས་ནི་སློབ་སྦྱོང་ཧ་ཅང་པོ་ཡག་པོ་ཡོད་པ་དང་ཀུན་སྤྱོད་ཡག་པོ་མེད་པ་ཡོད། དབུ་ཁྲིད་ཁ་ཤས་ནི་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཀ་ཡག་པོ་ཡོད། དབུ་ཁྲིད་ལ་རིགས་སྣ་ཚོགས་ཡོད། ང་ཚོ་བོད་མི་རྣམས་ནི་བསོད་ནམས་ཆེན་པོ་ཡིན། ང་ཚོ་ལ་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཀ་ལྡན་པའི་དབུ་ཁྲིད་ཡོད། ང་ཚོའི་དབུ་ཁྲིད་༸གོང་ས་མཆོག་ནི། སངས་རྒྱས་བྱམས་སེམས་ཅན་ཞིག་ཡིན། ཁོང་གིས་རྒྱལ་ཁབ་གཞན་སུ་ལ་ཡང་འཚེ་བ་བྱེད་ཀྱི་མེད། ཁོང་ནི་གཞན་ལ་བདེ་བ་འདོད་མཁན་གྱི་དབུ་ཁྲིད་ཞིག་ཡིན། ཁོང་གིས་གཞན་ལ་ཕན་པའི་ཕྱག་ལས་ཧ་ཅང་མང་པོ་གནང་གི་ཡོད། ༸གོང་ས་མཆོག་ནི་འཛམ་གླིང་ནང་གི་དབུ་ཁྲིད་ཡག་ཤོས་དེ་ཡིན།    དང་པོ་དེ་ལ། ༸གོང་ས་མཆོ་གིས་བོད་མི་རྣམས་ལ་ལམ་སྟོན་དང་རོགས་པ་མང་པོ་གནང་ཡོད། ང་ཚོ་བོད་མི་རྣམས་ཀྱིས་ལས་ངན་པ་མ་བསགས་པའི་ཆེད་དུ་བཀའ་སློབ་མང་པོ་གནང་གི་ཡོད། ཁོང་གིས་བོད་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ནང་ཡ་རབས་ཀྱི་མིག་དཔེ་བཟང་པོ་ཞིག་སྟོན་དགོས་པ་ཡང་ཡང་གསུང་གནང་གི་ཡོད། དཔེར་ན། མི་གཞན་ལ་མཐོང་ཆུང་མ་བྱེད་རྒྱུ། རང་ལས་སྐྱོ་བ་རྣམས་ལ་རོགས་པ་བྱེད་རྒྱུ། སྤྱོད་པ་བཟང་པོ་རིགས་བྱས་ན། ང་ཚོ་འཛམ་གླིང་འདིའི་ནང་ལ་། མིག་དཔེ་ཡག་པོ་ཞིག་ཆགས་ཀྱི་རེད་གསུང་གི་ཡོད། ཁོང་གིས་བོད་མི་ཚོ་ལ་དམིགས་བསལ་གྱིས་དཀའ་ལས་མང་ཙམ་རྒྱག་དགོས་པ་གསུང་གནང་གི་ཡོད། གང་ཡིན་ཟེར་ན། ང་ཚོ་སོ་སོའི་ལུང་པ་སྟོན་རྒྱུ་མེད་པས། རང་བཙན་ཡོད་མཁན་གྱི་དཀའ་ལས་བརྒྱབ་པ་ལས་ལྡབ་བཞི་མང་བ་རྒྱག་དགོས་གསུང་གནང་གི་ཡོད། དེ་འདྲ་སོང་ཙང་། ང་ཚོ་བོད་མི་རྣམས་ཀྱིས་སེམས་ཤུགས་མ་ཆག་ནས་དཀའ་ལས་མང་པོ་རྒྱག་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་དུང་ང་ཚོ་སློབ་ཕྲུག་རྣམས་ཀྱིས་རང་ལ་དགོས་པའི་སློབ་སྦྱོང་བྱེད་སྐབས། ལེ་ལོ་དང་རྣམ་གཡེང་མ་བྱས་པར། སློབ་སྦྱོང་ལ་དུས་ཚོད་མང་ཙམ་གཏོང་དགོས་རེད། ང་ཚོ་རྒན་གཞོན་ཚང་མས་༸གོང་ས་མཆོག་གི་བཀའ་རྣམས་ཡག་པོ་ཉན་ནས་ཁོང་གིས་གསུངས་པའི་ལམ་དུ་སོང་ན། ཉིན་མ་གཅིག་ང་ཚོ་བོད་ལ་ལོག་ཐུབ་པའི་རེ་བ་ཆེན་པོ་ཡོད།    ༸གོང་ས་མཆོག་གིས་འཛམ་གླིང་ནང་ཡོད་པའི་མི་ཚང་མས་ཁས་ལེན་བྱེད་ཐུབ་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་བཟོས་གནང་ཡོད། ཁོང་གིས་བོད་མི་ཙམ་མ་ཡིན་པ། འཛམ་གླིང་ཡོངས་ཀྱི་མི་རྣམས་ཡ་རབས་བཟང་སྤྱོད་ཞིག་འགྱུར་རྒྱུའི་རེ་བ་གནང་གི་ཡོད། འགྲོ་བ་མི་དང་དུད་འགྲོ་ཚང་མ་ལ་བདེ་སྐྱིད་དགོས་པ་དེ་གཅིག་པ་ཡིན། ང་ཚོས་སྡུག་བསྔལ་གྱི་རྒྱུ་རྣམས་སྤོང་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་། ༸གོང་ས་མཆོག་གིས་ང་ཚོ་ལ་དགོས་པའི་བདེ་སྐྱིད་དེ་ག་འདྲ་བྱས་ནས་འཚོལ་དགོས་པ་དེབ་དེའི་ནང་གསུངས་ཡོད། དེང་སང་ཕྱི་རྒྱལ་མི་དང་ཆོས་ལ་དད་པ་མེད་མཁན་ཚོས་སློབ་ཚན་དེ་ལ་དགའ་པོ་བྱེད་ཀྱི་ཡོད། ང་ཚོ་སློབ་གྲྭའི་ནང་དུ་སློབ་ཚན་དེ་སྦྱོང་གི་ཡོད། ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ནང་ལ། རྗེས་སུ་ཡི་རངས། མི་གཞན་གྱི་ལས་ཀ་ཡག་པོ་བྱེད་པ་ལ་རང་གི་སེམས་ལ་དགའ་བ་སྐྱེས་པའི་ཐོག་ནས་ང་ཡང་མི་དེ་ནང་བཞིན་གྱི་ལས་ཀ་ཡག་པོ་བྱེད་ཀྱི་ཡིན་ཞེས་དམ་བཅའ་བཞག་ན་ང་ཚོ་ཡང་མི་ཡག་པོ་ཞིག་ཆགས་རྒྱུ་རེད། ང་ཚོ་ཚང་མས་དེ་འདྲ་བྱས་ན། ང་ཚོའི་འཛམ་གླིང་འདིའི་ནང་ལ་ཡོད་པའི་མི་ཚང་མར་ཞི་བདེ་ཐོབ་ཀྱི་རེད།    ང་ཚོའི་རྒན་ལགས་ཀྱིས་སློབ་ཁྲིད་དེ་གནང་བའིརྗེས་སུ།ང་ཚོའི་འཛིན་གྲོགས་རྣམས་སྔོན་ལས་སེམས་དེ་བཟང་དུ་ཕྱིན་པ་དང་འཛིན་གྲོགས་ཚང་མ་འཆམ་པོའི་ངང་སྡོད་ཐུབ་ཀྱི་ཡོད། ད་དུང་། ང་ཚོས་དྲན་ཤེས་ཐོག་སྦྱོང་བརྡར་མང་པོ་བྱས་པ་དྲན་གྱི་འདུག ང་ཚོའི་འཛིན་གྲྭའི་སློབ་གྲོགས་མང་པོ་ཞིག་གིས་ལེ་ལོ་ཉུང་དུ་ཕྱིན་ནས་ནང་ལས་དུས་ཐོག་བྲིས་པ་བྱུང་ཡོད། ང་ཚོའི་དགེ་ལགས་ཀྱང་ཧ་ཅང་དགའ་པོ་བྱུང་འདུག ང་ཚོ་སེམས་མྱོང་གི་ཐོག་སློབ་སྦྱོང་བྱས་པ་ཡིན། […]

༸གོང་ས་མཆོག

བསྟན་འཛིན་རབ་དཀར། འཛིན་གྲྭ་ལྔ་པ།བོན་གཞིས་སཾ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ།    ངས་བོད་མིའི་མགོན་སྐྱབས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞལ་མངོན་སུམ་ལ་མཇལ་མྱོང་མེད་ཀྱང་ཁོང་གི་མཛད་རྣམ་ཤེས་ཀྱི་ཡོད། ༸གོང་ས་མཆོག་ནི་བོད་མི་ཞིག་ཡིན་པ་དང་གྲྭ་བ་ཡང་རེད་ལ་བླ་མ་ཡང་རེད། དེ་མ་ཟད་དགེ་བཤེས་ལྷ་རམས་པ་ཡང་རེད་ལ་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་ཀྱང་རེད། ཕྱི་ལོ་ ༡༩༨༩ལོར་༸གོང་ས་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པས་ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་ཡིན། ༸གོང་ས་མཆོག་འཁྲུངས་ཡུལ་བོད་ཨ་མདོ་སྟག་འཚེར་རེད་ལ་ཡོངས་འཛིན་དྲུང་ནས་སློབ་སྦྱོང་གནང་ཡོད་དེ་བོད་ལ་དེ་ཙམ་མང་པོ་བཞུགས་མེད། རྒྱ་གར་དུ་བཙན་བྱོལ་ཕེབས་ནས་མཛད་པ་འཕྲིན་ལས་རྒྱས་པོ་བྱུང་ཡོད། ༸གོང་ས་མཆོག་ནི་བོད་མི་གཅིག་པུ་མིན་པར་འཛམ་གླིང་ཡོངས་ལ་ཐུགས་འཁུར་བཞེས་མཁན་ཞིག་ཡིན། འཛམ་བུ་གླིང་ལ་ཞི་བདེ་ཡོང་བར་རྒྱལ་ཁབ་ཕན་ཚུན་འཆམ་མཐུན་ངང་གནས་དགོས་པའི་བཀའ་སློབ་མང་པོ་གནང་ཡོད།    ང་ཚོའི་སློབ་གྲྭའི་ནང་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་བྲིས་པའི་འཕྲེད་དར་ཞིག་རྩིག་པར་སྦྱར་ཡོད་པ་དེ་ངས་ཉིན་ལྟར་ཀློག་གི་ཡོད། ངས་ཐུགས་བསྐྱེད་དམ་བཅའ་གཉིས་པ་དེ་གྲུབ་ཐུབ་པ་ལ་འབད་བརྩོན་བྱེད་ཀྱི་ཡོད། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་སྐད་དང་ཡི་གེ། རིག་གཞུང་བདག་གཅེས་བྱ་རྒྱུ་དེ་ངས་ལས་འགན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་བོད་ཡིག་སྒྲུང་དེབ་ལ་དགའ་པོ་ཡོད་ལ་བྱམས་བརྩེ་ས་བོན་ཞེས་པའི་དེབ་དེ་དགའ་ཤོས་ཡིན།