Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག་གི་ལམ་སྟོན།

ངག་དབང་སྐལ་བཟང་། འཛིན་གྲྭ་དྲུག་པ།སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ།    ༸གོང་ས་མཆོག་ནི་ང་ཚོའི་བླ་མ་ཡིན། དབུ་ཁྲིད་ཡིན། སངས་རྒྱས་དང་ཚང་མ་ཡིན། ཁོང་གི་བཀའ་དྲིན་གྱིས་ང་ཚོ་སྐྱིད་པོ་བྱས་ནས་བསྡད་ཡོད། ངའི་གཡས་གཡོན་ཁྱིམ་མཚེས་ཚང་མ་བོད་པ། སློབ་གྲྭའི་ནང་སློབ་གྲོགས་དང་དགེ་རྒན་ལས་བྱེད་ཚང་མ་བོད་པ། ཞོགས་པ་ནས་དགོང་དག་བར་ང་རང་དང་འདྲ་བའི་མི་རིགས་གཅིག་པའི་སྤྱི་ཚོགས་ནང་བསྡད་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་ཚོ་ཚང་མ་སུའི་བཀའ་དྲིན་རེད། ངའི་ཕ་མ་ཡང་༸གོང་ས་མཆོག་ལ་དད་པ་ཡོད། ཞོགས་པ་རྟག་པར་སྐུ་པར་ལ་ཕྱག་དང་མཆོད་མེ་ཡོན་ཆབ་ཕུལ་ནས་སྨོན་ལམ་བྱེད་ཀྱི་འདུག དགོང་དག་མ་ཉལ་གོང་ཡང་ཕྱག་འཚལ་སྨོན་ལམ་བྱེད་ཀྱི་འདུག ང་ལ་ཡང་དེ་ནང་བཞིན་བྱེད་བཅུག་གི་འདུག ཕ་མས་༸གོང་ས་མཆོག་གི་བཀའ་སློབ་ཉན་བཅུག་གི་ཡོད་ཙང་། དེ་རིང་ངས་༸གོང་ས་མཆོག་གི་ལམ་སྟོན་མང་པོ་གནང་བའི་ནང་ནས་སློབ་ཕྲུག་ཚོ་ལ་གནང་བའི་སྐོར་ལ་འབྲི་ཐབས་བྱེད་ཀྱི་ཡིན། ང་ཚོ་བོད་རང་བཙན་ཤོར་ནས་རྒྱ་གར་དུ་བཙན་བྱོལ་བའི་དཀའ་ངལ་ཆེན་པོ་ཡོད་ན་ཡང་། རྒྱ་གར་གཞུང་དམངས་གཉིས་ནས་སློབ་གྲྭ་བཙུགས་ཐུབ་པའི་གོ་སྐབས་བཟང་པོ་ཐོབ་པ་དེ་རྩ་ཆེན་པོ་ཡིན་ཙང་། ང་ཚོ་སློབ་ཕྲུག་དང་དགེ་རྒན་ཚོས་དེ་འདྲའི་གོ་སྐབས་བཟང་པོ་ཆུད་ཟོས་སུ་མ་གཏང་བར་སློབ་སྦྱོང་ལ་ཧུར་ཐག་བྱས་ཏེ་གྲུབ་འབྲས་བཟང་པོ་ཡོང་བར་འབད་བརྩོན་བྱེད་དགོས་པ་དང་། བོད་པའི་སློབ་ཕྲུག་ཚོས་མི་རིགས་གཞན་གྱི་སློབ་ཕྲུག་ཚོའི་སློབ་སྦྱོང་བྱེད་སྟངས་དང་མི་མཚུངས་ཚུལ་གསུངས་དགོས་པའི་རྒྱུ་མཚན་ནི། མི་རིགས་གཞན་དང་སྐྱབས་བཅོལ་བ་གཞན་དག་ཚོས་སོ་སོའི་ལྟོ་གོས་དང་མི་ཚེ་འགྲིག་ཙམ་བྱུང་ན་འགྲིགས། ཡིན་ན་ཡང་བོད་པའི་སློབ་ཕྲུག་ཚོ་ལ་རང་གི་མི་ཚེ་མ་ཟད། རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ལས་འགན་ལྕི་མོ་ཞིག་སྒྲུབ་དགོས་ཞེས་གསུངས། དེ་ཡང་ང་ཚོ་རྒྱ་གར་ནང་རང་དབང་གི་མ་ཡིན་པར་མི་འདོད་དབང་མེད་དུ་བྲལ་ཏེ་བཙན་བྱོལ་བ་ཆགས་ཙང་སློབ་ཕྲུག་ཅིག་ལ་ལས་འགན་གཙོ་བོ་གཉིས་ཡོད་པའི་ལམ་སྟོན་གནང་ཡོད།    དང་པོ་དེར་རྒྱ་དམར་གྱིས་ང་ཚོའི་ཕ་ཡུལ་དུ་བཙན་འཛུལ་བྱས་ཏེ་མནར་གཅོད་དབང་སྒྱུར་གྱིས་བོད་པའི་ཆོས་དང་རིག་གཞུང་ཕྱུག་པོ་དེ་དག་རྩ་བརླག་ཏུ་གཏོང་གི་ཡོད་པ་དང་།    གཉིས་པ་དེར་མི་རིགས་རྩ་མེད་དུ་གཏོང་བའི་ཐབས་སུ་རྒྱ་མི་རིགས་འབོར་ཆེན་བོད་དུ་གནས་སྤོས་བྱེད་ཀྱི་ཡོད།    དེ་འདྲ་སོང་ཙང་ང་ཚོ་བཙན་བྱོལ་དུ་ཡོད་པའི་སློབ་ཕྲུག་ཚོས་རང་རེ་ཁོ་ནའི་ཁེ་ཕན་ལ་མ་བལྟས་པར་མི་རིགས་དང་རྒྱལ་ཁབ་ཀྱི་འཕྲལ་ཕུགས་ཀྱི་ཁེ་གྱོང་ལ་བལྟས་ནས། དཀའ་ངལ་ལ་གདོང་ལེན་དང་བཟོད་བསྲན་གནང་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཆེད་དུ་འབད་བརྩོན་གནང་དགོས་པ་ནི་ང་ཚོ་བོད་མི་ཚང་མ་དང་ལྷག་པར་སློབ་ཕྲུག་ཚོའི་ལས་འགན་དང་པོ་ཡིན།    ཤེས་ཡོན་སྦྱང་དགོས་དོན་ནི། མི་ལ་ཤེས་བྱ་ཡོན་ཏན་ཞིག་བྱུང་ན་དེ་ནི་མི་ཚེ་སྐྱེལ་རྒྱུའི་ལག་ཆ་གལ་ཆེ་ཤོས་ལྟ་བུ་ཡིན། ཤེས་བྱ་ཡོན་ཏན་དེ་བེད་སྤྱོད་གང་གཏང་མ་གཏང་རྩ་བ་བསམ་པ་ལ་རག་ལས་ཡོད་ཙང་། ང་ཚོ་ཆུང་དུས་ནས་བསམ་བློ་དེ་གོམས་གཤིས་ལ་འཇགས་དགོས། ཤེས་བྱ་ཡོན་ཏན་ཡོད་པ་དེ་ལྷག་བསམ་གྱིས་བེད་སྤྱོད་བྱེད་ཐུབ་ན་སོ་སོ་ཡང་མི་ཚེ་སྐྱིད་པོ་མ་ཟད། ཚེ་ཕྱི་མ་ལ་ཡང་བདེ་བ་ཞིག་ཡོང་ཐུབ། སོ་སོ་གང་དུ་གནས་སམ། བྱ་བ་ཆེ་ཆུང་གང་ཞིག་བྱས་ཀྱང་གཞན་ལ་ཕན་ཐོགས་ཐུབ་པའི་སེམས་པ་དགོས། ཁོང་གི་ལམ་སྟོན་བཞིན་སློབ་སྦྱོང་དང་མཉམ་དུ་སེམས་པ་ཡང་ག་ཚོད་ཐུབ་ཐུབ་བཟང་པོ་བྱེད་དགོས།།

༸གོང་ས་མཆོག་གི་ལམ་སྟོན།

བསྟན་འཛིན་བཞིན་བཟང་། འཛིན་གྲྭ་དྲུག་པ།སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ།    ༸གོང་ས་མཆོག་གི་ལམ་སྟོན་སྐོར་ལ་རྩོམ་འབྲི་རྒྱུའི་གོ་སྐབས་བཟང་པོ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་མཆོག་གིས་ད་བར་དུ་འཛམ་གླིང་ཡོངས་ལ་ལམ་སྟོན་རྩ་ཆེན་པོ་མང་པོ་གནང་ཡོད་རེད། ལམ་སྟོན་ཚང་མ་ཁོང་སྒེར་གྱི་མཚན་དང་ཁེ་ཕན་ཀྱི་ཆེད་དུ་མ་རེད། འཛམ་བུ་གླིང་མི་ཚང་མ་ཕན་ཚུན་འཆམ་མཐུན་དང་། ཞི་བདེ། ཚང་མར་བདེ་སྐྱིད་བྱུང་ན་དགོངས་ཀྱི་ཡོད། མི་ཚང་མ་དངུལ་རྗེས་སུ་རྒྱུགས་ན་བདེ་སྐྱིད་གང་ནས་འབྱུང་གི་རེད། དེ་འདྲ་བསམ་བློ་གཏོང་བའི་དུས་ཚོད་མེད། རྒྱུ་མཚན་འདི་ལ་བརྟེན་ནས་ཚང་མ་སྡུག་བསྔལ་མ་གཏོགས་བདེ་སྐྱིད་མེད། ཡོད་པ་ལ་ཡོད་པའི་སྡུག་བསྔལ། མེད་པ་ལ་མེད་པའི་སྡུག་བསྔལ། སྡུག་བསྔལ་མེད་པ་བཟོ་རྒྱུའི་ཆེད་དུ་མི་མང་ཚོ་ལ་སེམས་བཟང་པོ་དང་། རྒྱལ་ཁབ་ཀྱི་དཔོན་རིགས་ཚོ་ལ་མི་མང་གི་དཀའ་ངལ་དང་རེ་བ་བསྒྲུབ་དགོས་པ་དང་། ཕྱུག་པོ་རྣམས་ཀྱིས་སྐྱོ་བོ་ཚོ་ལ་རོགས་པ་བྱེད་དགོས་པ་དང་། སྨན་པ་ཚོ་ལ་ནད་པ་ལ་སྙིང་རྗེ་དང་། ཆོས་པ་རྣམས་ལ་ཆོས་ཉམས་ལེན་ཡག་པོ་གནང་དགོས་པ་དང་། སློབ་ཕྲུག་ཚོ་ལ་སློབ་སྦྱོང་དང་སྤྱོད་ལམ་དང་། ཚོང་པ་ཚོ་ལ་ཁེ་བཟང་མང་ཉུང་ཏག་ཏག་དང་། ཆབ་སྲིད་པ་ལ་རྒྱལ་ཁབ་ཕན་ཚུན་འབྲེལ་བ་བཟང་པོ་དང་། དམིགས་བསལ་བོད་མི་རྒན་པ་རྣམས་ལ་ཆོལ་ཁ་གསུམ་འཆམ་པོ་དང་། དགེ་རྒན་ལས་བྱེད་རྣམས་ལ་རང་གི་ལས་འགན་ཧུར་ཐག་དང་། བོད་པའི་སློབ་ཕྲུག་ཚོ་ལ་བོད་པའི་སྐད་ཡིག་དང་དེང་དབྱིན་ཇི་སོགས་སྦྱོང་དགོས་པ་གསུང་ཡོད། ཁོང་གིས་འཛམ་གླིང་ཡོངས་ལ་ལམ་སྟོན་གནང་བ་ཚང་མ་ངས་འབྲི་མི་ཐུབ།    མདོར་བསྡུས་ན། འཛམ་བུ་གླིང་འདི་སྐྱིད་པོ་ཞིག་ཡོང་བའི་ལམ་སྟོན་གནང་ཡོད། བསླབ་བྱ་གཙོ་བོ་ནི། གཞན་ལ་སྙིང་རྗེ་བྱེད་དགོས་པ་རེད། ང་ཚོས་ཁོང་ལ་དད་པ་ཡོད་ན་ཁོང་གི་ལམ་སྟོན་དེ་ཚོ་ལག་ལེན་དུ་འཁྱེར་དགོས། ང་རང་ལ་ཆ་བཞག་ན། ངས་སློབ་ཚན་གཞན་ལས་བོད་ཡིག་ལ་དོ་སྣང་ཆེ་བ་བྱེད་ཀྱི་ཡོད། སློབ་གྲྭའི་དཔེ་མཛོད་ཁང་ནས་བོད་ཡིག་སྒྲུང་དེབ་དང་༸གོང་ས་མཆོག་གི་དེབ་མང་པོ་ཀློག་གི་ཡོད། ༸གོང་ས་མཆོག་གི་ལམ་སྟོན་དེ་ཚོ་དེང་སང་རྒྱ་གར་དང་ཕྱི་རྒྱལ་མི་ཚོས་ཀློག་གི་ཡོད། མཐའ་མ་དེ་ལ་ཁོང་གིས་བཀའ་སློབ་དང་ལམ་སྟོན་གནང་བ་ཚང་མ་ང་ཚོའི་ཆེད་དུ་ཡིན་དུས་ང་ཚོ་སོ་སོས་བཀླགས་ནས་ལག་ལེན་བྱེད་དགོས། ཐུགས་རྗེ་ཆེ།

༧གོང་ས་མཆོག་གི་ལམ་སྟོན།

དྷེ་ནི་རོ་ཀ་ཡ། འཛིན་གྲྭ་བརྒྱད་པ།བོན་གཞིས་སཾ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།།   དགུང་ལོ་དགུ་བཅུ་ཕེབས་པར།།སྒོ་གསུམ་གུས་པ་ཆེན་པོའི།།   ཁྱེད་ལ་གུས་ཕྱག་ཕུལ་ལོ།།སྐུ་གསུང་ཐུགས་ཀྱི་མཛད་པ།།   གང་ཟག་གཞན་དང་མི་འདྲ།།མགོན་པོ་ཁྱེད་ཀྱི་ལམ་སྟོན།།   བླ་མ་གཞན་དང་མི་འདྲ།། དྲིན་ཆེན་བླ་མའི་མཛད་པ།།   ཉི་མའི་འོད་ཟེར་བཞིན་དུ།།འགྲོ་བ་སེམས་ཅན་དོན་དུ།།   གཡོ་བ་མེད་པར་འཕྲོ་ཞིང་།།འཛམ་གླིང་ཡོངས་ཀྱི་དབུ་ཁྲིད།།   ཐུགས་གཤིས་སྙིང་རྗེ་ཆེ་བ།།གཞན་ཕན་བྱང་ཆུབ་སེམས་པ།།   ཆོས་ལུགས་མཐུན་སྒྲིལ་མཁས་པ།། བོད་དང་བོད་མིའི་ཆེད་དུ།།   བཀའ་སློབ་ལམ་སྟོན་མཁས་ཤིང་།།མི་རིགས་དབྱེ་འབྱེད་མེད་པར།།   ཀུན་ལ་གཟིགས་ཚུལ་སྙོམས་པ།།༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི།།   བཀའ་སློབ་ལམ་སྟོན་ནང་དུ།།བོད་ཕྲུག་ཆུང་ཆུང་ང་ཚོས།།   ཤེས་ཡོན་སློབ་སྦྱོང་བརྩོན་དགོས།། བོད་ཕྲུག་ང་ཚོའི་དོན་དུ།།   སློབ་གྲྭ་འདྲ་མིན་བཙུགས་ཡོད།།ཤེས་ཡོན་ལམ་སྟོན་བཟང་བ།།   མཁས་དབང་ཁྱེད་ལས་མི་འདུག།སློབ་སྦྱོང་བྱེད་པའི་དུས་སུ།།   ལེ་ལོ་རྣམ་གཡེང་མ་གནང་།།ཛིན་གྲོགས་ཕན་ཚུན་བར་ལ།།   འཆམ་མཐུན་ཡ་རབས་གནང་དགོས།། ཅ་དངོས་ཆུང་ཆུང་ཡིན་ཡང་།།   རྐུ་མ་རྒྱག་རྒྱུ་མེད་རེད།།ལོ་ན་ཆུང་ཆུང་ཡིན་ཡང་།།   ཕན་ཚུན་དྲང་པོ་གནང་དགོས།།བོད་ཕྲུག་ཆུང་ཆུང་ཚང་མས།།   ༸གོང་ས་མཆོག་གི་ལམ་སྟོན།།&མ་བརྗེད་སེམས་ལ་བཅངས་ནས།།   མི་ཚེ་བཟང་པོ་བསྐྱེལ་དགོས།། ཆུང་བ་རྣམས་ལ་བྱམས་སྐྱོང་།།   རྒན་པ་རྣམས་ལ་གུས་ཞབས།།༸གོང་ས་མཆོག་གི་ལམ་སྟོན།།   མི་ཚེར་ཕན་པའི་སྨན་རེད།།༸རྒྱལ་བ་བསྟན་འཛིན་རྒྱ་མཚོས།།   དུས་དང་རྣམ་པ་ཀུན་དུ།།བོད་དང་བོད་མི་དགོངས་ནས།།   སྐུ་ལས་ཚད་མེད་བསྐྱོན་ཡོད།། སློབ་སྦྱོང་བྱེད་པའི་དུས་སུ།།   མི་ཚེ་ཆུ་ཟོས་མ་གཏོང་།།གོ་སྐབས་ད་ལན་ཐོབ་པ།།   ཡང་ཡང་ཐོབ་མིན་མི་ཤེས།།བོད་ཕྲུག་ཆུང་ཆུང་ང་ཚོས།།   ཁྱེད་ཀྱི་བཀའ་དྲིན་བསམ་བཞིན།།ཁྱེད་ཉིད་སྐུ་ཚེ་བརྟན་པའི།།   སྨོན་ལམ་གྲངས་མེད་འདེབས་ཡོད།། ༸གོང་མཆོག་གི་ལམ་སྟོན།།   བོད་ཕྲུག་ཆུང་ཆུང་རྣམས་ལ།།བོད་ཀྱི་སྐད་དང་རིག་གཞུང་།།   སྲུང་སྐྱོབ་ལེགས་པོ་གནང་དགོས།།དགུང་ལོ་དགུ་བཅུར་ཕེབས་ཀྱང་།།   གཞན་དོན་ནམ་ཡང་མ་དོར།།འགྲོ་བ་སེམས་ཅན་ཀུན་ལ།།   ཐུགས་བརྩེ་གཟིགས་པ་ཆེ་སོང་།།

༸གོང་ས་མཆོག་གི་ལམ་སྟོན།

བསྟན་འཛིན་ཕུལ་བྱུང་། འཛིན་གྲྭ་བརྒྱད་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ།    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་བདག་གིས་སེམས་སུ་བཅངས་ཡོད། ཁོང་གི་མཛད་འཕྲིན་སྤེལ་བ་རྣམས་ཁོང་གི་གསུངས་པ་དང་དགོངས་པ་གཅིག་མཚུངས་ཡིན། ཁོང་གི་ལམ་སྟོན་སྙིང་པོ་ནི་བྱམས་དང་བརྩེ་བ་ཡིན། ལམ་སྟོན་ཕུན་སུམ་ཚོགས་པ་རྣམས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ཞིག་ཡིན། ཁོང་གིས་གཞན་ལ་གནོད་པ་མི་བྱེད་པ་དང། དགྲ་མི་བྱེད་པ། ཕྲག་དོག་མི་བྱེད་པ་བཅས་བརྗོད་གཞི་དུ་མ་ལ་བཀའ་སློབ་ལམ་སྟོན་གནང་ཡོད། ཁོང་གི་ཞལ་རས་འཛུམ་མདངས་ཀྱིས་ཁེངས་ཤིང་ཚང་མ་ལ་དགའ་སྤྲོ་གནང་གི་ཡོད། ཁོང་གིས་དུས་ནམ་ཡང་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་མི་ཡག་པོ་ཡོང་བའི་ཆེད་དུ་བཀའ་སློབ་གནང་གི་ཡོད། ཁོང་གི་བཀའ་སློབ་ཀྱི་ནང་དོན་སྙིང་པོ་ནི། སེམས་ཅན་ཐམས་ཅད་གཅིག་པ་ཡིན་པ་དང། ཚང་མར་དགོས་པ་གཙོ་བོ་ནི་བྱམས་དང་བརྩེ་བ་ཡིན། ཁོང་གིས་ཆོས་ལུགས་ཐམས་ཅད་ལ་དབྱེ་བ་མེད་པར་གུས་བརྩི་ཐོག་ནས་གཟིགས་ཀྱི་ཡོད། རང་ཉིད་སོ་སོའི་བདེ་སྐྱིད་དང་དཔལ་འབྱོར་གྱི་ཆེད་དུ་གཞན་ལ་ཞེ་སྡང་གིས་གནོད་པ་དང་ཚིག་རྩུབ་མི་བྱེད་པ་དང། བྱམས་དང་སྙིང་རྗེའི་ཐོག་ནས་བྱ་བ་སྒྲུབ་ཐུབ་པ་ཡིན་ན། གཞན་ལ་ཡང་བདེ་སྐྱིད་སྤེལ་བ་དང། སོ་སོ་ཡང་དགེ་བ་བསགས་པའི་ཁེ་ཕན་ཆེན་པོ་ཞིག་ཡོད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་དཔེར་བཞག་པ་ཡིན་ན། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། དེ་ནི་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་དམ་བཅའ་དང་པོ་ཡིན། དེ་མི་ཚང་མས་ལག་ལེན་བསྟར་བ་ཡིན་ན་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཆགས་ཐུབ། ཁོང་གི་དམ་བཅའ་གཉིས་པ་ནི་ཆོས་ལུགས་མཐུན་སྒྲིལ་ཡིན། དམ་བཅའ་འདི་ལས་ཁོང་གིས་ཆོས་ལུགས་ཚང་མ་ལ་གཅིག་མཚུངས་གུས་བཀུར་བྱེད་དགོས་པ་གསུངས་ཡོད། ཁོང་གིས་འཛམ་གླིང་འདི་ནང་ཆོས་ལུགས་ག་ཚོད་ཡོད་ཀྱང་ཚང་མས་སེམས་ཅན་ལ་བདེ་སྐྱིད་སྐྲུན་པའི་དམིགས་ཡུལ་གཅིག་པ་བཟུང་བའི་སྐོར་གསུངས་ཡོད། ཁོང་གི་ཐུགས་བསྐྱེད་དམ་བཅའ་གསུམ་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཡིན། དམ་བཅའ་འདི་ནི་༸གོང་ས་མཆོག་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་སྐོར་གསུངས་པ་ཞིག་རེད། བོད་ནི་ད་ལྟའི་ཆར་རྒྱ་ནག་གི་འོག་ཏུ་ཡོད་པས་བོད་ནང་དུ་བོད་ཡིག་སྦྱང་མི་ཆོག་པའི་དང་། སོ་སོའི་རིག་གཞུང་སྦྱོང་བརྡར་བྱེད་མི་ཆོག་པ་བཅས་སོ་སོར་རང་དབང་མེད་པས། རྒྱ་གར་གཙོས་བོ་འགྱུར་པའི་་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་སྦྱང་རྒྱུའི་རང་དབང་དང་མཐུན་རྐྱེན་ཆ་ཚང་ཡོད་པས། གོ་སྐབས་རྩ་ཆེན་པོ་དེ་ལ་དམ་འཛིན་བྱེད་པའི་ཐོག་ནས་སོ་སོའི་རིག་གཞུང་དང། ཆོས། ངོ་བོ་གསུམ་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། དམ་བཅའ་འདི་ནི་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བ་ཆེན་པོ་ཆགས་ཡོད། ཁོང་གི་དམ་བཅའ་བཞི་པ་ནི། རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་བྱ་རྒྱུ་ཡིན། དམ་བཅའ་འདི་ནི་བོད་ཀྱི་རྩ་ཆེ་བའི་རིག་གཞུང་ཕྱུག་པོ་དེ་རྒྱ་གར་གྱི་གནའ་བོའི་ཤེས་རིག་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་བསྟན་པ་མ་ཟད། རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན་པ་དང། རྒྱ་གར་གཞུང་དང་རྒྱ་གར་གྱི་མི་དམངས་རྣམས་ང་ཚོ་བོད་མི་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པས། དམ་བཅའ་དེས་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་ཡང་མཚོན་ཐུབ་ཀྱི་ཡོད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་དབུ་ཁྲིད་དམ་པ་༸གོང་ས་མཆོག་གི་དམ་བཅའ་དེ་དག་སྒྲུབ་ཐུབ་པར་འབད་བརྩོན་བྱེད་དགོས།  རང་ཉིད་མི་ཞིག་ཡིན་པའི་ཆ་ནས་ཡག་པོ་དང་སྡུག་པོ་གཉིས་ཀྱི་དབྱེ་བ་འབྱེད་ཐུབ་ཀྱི་ཡོད་པས་༸གོང་ས་མཆོག་གི་བཀའ་སློབ་རྣམས་ང་ཚོ་ལ་བདེ་བ་ཐོབ་པའི་ཆེད་དུ་གསུངས་ཀྱི་ཡོད་པས། ངས་ཁོང་གི་བཀའ་སློབ་རྣམས་སེམས་ལ་ཉར་བ་མ་ཟད། ལག་ལེན་ཡང་བྱེད་ཀྱི་ཡིན། མཐར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པའི་གོ་སྟོན་གྱི་རྟེན་འབྲེལ་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་དང་བཅས། བོད་རྒྱལ་ལོ།།

༸གོང་ས་མཆོག་གི་ལམ་སྟོན།

བསྟན་འཛིན་ཆོས་བཟང་། འཛིན་གྲྭ་བརྒྱད་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།    ༄༅། །༸གོང་ས་མཆོག་གིས་ང་ཚོ་ལ་ལམ་སྟོན་ཧ་ཅང་མང་པོ་གནང་ཡོད། ༸གོང་ས་མཆོག་ནི་ང་ཚོ་བོད་པའི་དབུ་ཁྲིད་རེད། ༸གོང་ས་མཆོག་གིས་ནམ་རྒྱུན་དུ་བོད་ཕྲུག་ལ་བོད་ཀྱི་སྐད་ཡིག་སྦྱོངས་གསུང་གི་ཡོད། ང་ཚོ་བོད་པ་ཡིན་པར་བརྟེན་བོད་ཀྱི་སྐད་ཡིག་ཤེས་དགོས། གལ་སྲིད་བོད་པས་བོད་ཀྱི་སྐད་ཡིག་མ་ཤེས་པ་ཡིན་ན་ང་ཚོ་ངོ་ཚ་དགོས་ཀྱི་རེད། ༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་ཚོ་ལ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་ནས་ཉར་དགོས་གསུངས་ཀྱི་ཡོད། ད་ལྟ་བོད་པའི་ཕྲུ་གུ་ཆུང་ཆུང་དེ་ཚོ་ནི་མ་འོངས་བོད་ཀྱི་སོན་རྩ་རེད་གསུང་གི་ཡོད། དེ་འདྲ་སོང་ཙང་། བོད་ཕྲུག་དེ་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ཡག་པོ་སྦྱོང་དགོས། བོད་ལ་ཡོད་པའི་བོད་ཕྲུག་ཚོ་བོད་ཀྱི་ཆོས་དང་རིག་གཞུང་སྦྱང་རྒྱུའི་འདོད་པ་ཡོད་ན་ཡང་གོ་སྐབས་མེད་པ་རེད། བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་རྒྱུའི་གོ་སྐབས་ཡོད་ཀྱང་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག ༸གོང་ས་མཆོག་གིས་ལམ་སྟོན་གནང་བ་བཞིན། སོ་སོ་འགྲོ་བ་མི་ཡིན་པའི་ཆ་ནས་སེམས་པ་བཟང་པོ་བྱེད་དགོས། ཆོས་ལུགས་དང་རིག་གཞུང་སོགས་ཀྱི་སྒོ་ནས་གཞན་ལ་དབྱེ་བ་མ་བྱེད། ༸གོང་ས་མཆོག་གིས་སཱི་ཤོས་ཡོན་གྱི་སློབ་གསོ་ལམ་སྟོན་གནང་བ་དེ་དག་ང་ཚོ་བཙན་བྱོལ་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱེད་ཀྱི་ཡོད། ཆོས་ལ་ཡིད་ཆེས་མེད་ན་ཡང་སེམས་པ་བཟང་པོ་དང་། གཞན་ཕན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ཡོང་ཐབས་ལ་བཀའ་སློབ་ལམ་སྟོན་མང་པོ་གནང་གི་ཡོད། ཆུང་ས་ཁྱིམ་ཚང་ནས་ཆེ་ས་རྒྱལ་ཁབ་བར་འཆམ་མཐུན་བྱེད་དགོས། སྲིད་བློན་མོ་ཏི་དང་། སྲིད་འཛིན་ཊོ་ནལ་ཊོམ་སུ་ཡིན་ན་ཡང་སྤྱི་ཚོགས་ལ་ཕན་མ་ཐོགས་པ་ཡིན་ན་ཆོ་མེད་རེད། དམག་བརྒྱག་རྒྱུ་དེ་ཕྱོགས་གཉིས་ཀར་ཕན་ཐོགས་མེད་པ་དང་ཉེན་ཁ་རེད། དམག་བརྒྱག་རྒྱུ་དེ་ཐབས་ལམ་མ་རེད། མཐུན་ལམ་ནི་ཞི་བདེའི་ཐབས་ལམ་རེད། ཞི་བདེ་ནི་རང་གཞན་ཀུན་ལ་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཞི་བདེ་ཡོང་ཐབས་དེ་འབད་བརྩོན་དང་ལག་ལེན་བསྟར་དགོས། སོ་སོས་གཞན་ལ་ཕན་མ་ཐོགས་ན་ཡང་གནོད་མ་སྐྱེལ་གསུངས་ཡོད། ཞི་བདེ་ཡོང་བར་བཟོད་སྒོམ་བྱེད་དགོས། བཟོད་སྒོམ་བྱས་ན་ཞི་བདེ་ལྷིང་འཇགས་ཡོང་གི་རེད། ཞི་བདེ་ལྷིང་འཇགས་ཡོད་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོད།  བཟོད་སྒོམ་གྱིས་སོ་སོ་ལ་ཕན་ཐོགས་ཀྱི་རེད། ༸གོང་ས་མཆོག་གིས་ཁ་ཡི་ལྕེ་བདེ་བོ་མེད་བ་དེ་ཚོ་ཨོཾ་ཨ་ར་པ་ཙ་ན་དྷི་ཡང་ཡང་སྐྱོར་འདོན་བྱེད་དགོས་གསུངས་ཡོད། བྱམས་བརྩེ་དང་སྙིང་རྗེ་ལག་བསྟར་བྱས་ན་སོ་སོ་ལ་ཞི་བདེ་དང་བདེ་སྐྱིད་ཐོབ་ཀྱི་རེད། གཞན་ལ་རོགས་པ་བྱེད་དུས་སོ་སོ་ལ་ཁེ་བཟང་ཐོབ་ཀྱི་རེད་བསམས་ནས་རོགས་པ་བྱེད་རྒྱུ་ཡོད་མ་རེད། རྫུན་མ་མ་བཤད་དྲང་པོ་བྱོས། སོ་སོའི་ཁོང་ཁྲོ་ནི་སོ་སོའི་དགྲ་རེད། སོ་སོའི་ཁོང་ཁྲོ་ནི་སོ་སོའི་ཞན་ཆའི་རྟགས་རེད། སོ་སོ་ནམ་རྒྱུན་དུ་ཁོང་ཁྲོ་བྱས་ན་སོ་སོའི་སེམས་ཁམས་འཕྲོད་བསྟེན་ལ་ཡག་པོ་མེད། སོ་སོ་ལ་གྱོང་རགས་ཀྱི་རེད།  ཁ་ནས་གཞན་ཕན་དང་སྙིང་རྗེ་གཅིག་པོ་ལབ་ན་ཕན་ཐོགས་མེད། སྙིང་རྗེ་ཡོད་ན་དངོས་སུ་གཞན་ལ་རོགས་པ་བྱེད་དགོས་གསུངས་ཡོད། ༸གོང་ས་མཆོག་མཆོག་གི་བཀའ་སློབ་ལམ་སྟོན་ལ་བོད་མི་མཚན་ཉིད་ཚང་བ་ཞིག་བྱེད་དགོས་གསུངས་ཡོད། ༸གོང་ས་མཆོག་བཙན་བྱོལ་ལ་འབྱོར་སྐབས། རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་བོད་པའི་ཕྲུ་གུའི་ཆེད་དུ་བོད་པའི་སློབ་གྲྭ་ཟུར་དུ་དགོས་ཞེས་ཞུས་པ་བཞིན། བོད་ཕྲུག་ཚོ་ལ་བོད་པའི་སྐད་ཡིག་དང་རིག་གཞུང་སྦྱོང་སའི་སློབ་གྲྭ་བཙུགས་ཏེ་གོ་སྐབས་བཟང་པོ་ཞིག་གནང་ཡོད། དེ་ནས་རིམ་བཞིན་དགོན་པ་དང་སྨན་ཁང་། སློབ་གྲྭ། གཞིས་ཆགས་སོགས་འཛུགས་བསྐྲུན་མང་པོ་གནང་ཡོད། མི་ཚེ་ནང་གི་དུས་ཚོད་རྩ་ཆེ་ཤོས་དེ་ཤེས་ཡོན་སློབ་སྦྱོང་བྱེད་པའི་དུས་ཚོད་དེ་རེད།  ༸གོང་ས་མཆོག་གིས་ས་སྟེང་མ་རབས་ཀྱིས་ཁེངས་ན་ཡང་རང་ཉིད་ཡ་རབས་བྱེད་དགོས་གསུངས་ཡོད། སོ་སོ་གྲོགས་པོ་ཡ་རབས་མཉམ་དུ་བསྡད་ན་སོ་སོ་ཡང་ཡ་རབས་ཆགས་ཀྱི་རེད། […]

༸གོང་ས་མཆོག་གི་ལམ་སྟོན།

བསྟན་འཛིན་སྒྲོལ་གསལ། འཛིན་གྲྭ་བདུན་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།    ༄༅། །ད་ལོ་ང་ཚོའི་རྩ་བའི་བླ་མ་༸གོང་ས་མཆོག་གི་གོ་སྟོན་རེད། ཁོང་གིས་ཡ་རབས་བཟང་སྤྱོད་དང་ཤེས་ཡོན་སློབ་སྦྱོང། གཞན་ཕན། ལྷག་བསམ། འཛམ་གླིང་ཞི་བདེ་སོགས་ཀྱི་སྐོར་ལམ་སྟོན་མང་པོ་གནང་ཡོད། ང་ཚོས་ལམ་སྟོན་དེ་དག་གང་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་དགོས་ལ། དེ་བཞིན་དེ་དག་ནི་ཁོང་གི་ཐུགས་རེ་རེད། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ནས་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང་། གཉིས་པ་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། གསུམ་པ་བོད་ཀྱི་སྐད་ཡིག་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ། བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་གནང་རྒྱུ་བཅས་རེད། ང་ཚོ་བོད་མི་ཡོད་དོ་ཅོག་གིས་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་བསྒྲུབ་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཆགས་ཡོད་པ་ཀུན་མཁྱེན་ནས་ལག་བསྟར་གནང་དགོས། གལ་སྲིད་ང་ཚོས་༸གོང་ས་མཆོག་གི་ལམ་སྟོན་རྣམས་ལག་ལེན་བསྟར་བ་ཡིན་ན་ང་ཚོ་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་ལས་འགན་འགྲུབ་པ་རེད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་རེ་རེ་བཞིན་བརྗོད་ན།    ༡༽ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་ནི། ཡ་རབས་བཟང་སྤྱོད་ཟེར་ན་ཡ་རབས་ཀྱི་སྤྱོད་པ་ལ་ཟེར། བཟང་སྤྱོད་ཀྱི་སྙིང་པོ་ནི་བྱམས་བརྩེ་རེད། ང་ཚོས་སཱི་ཤེས་ཡོན་སྦྱངས་པ་ཡིན་ན་ཡ་རབས་བཟང་སྤྱོད་རང་ཞིན་གྱིས་སླེབ་ཀྱི་རེད། སཱི་ཤེས་ཡོན་ནང་ཡ་རབས་དང། ལྷག་བསམ།  གཞན་ཕན། བྱམས་བརྩེ། འཛམ་གླིང་ཞི་བདེ་སོགས་སློབ་སྟོན་གནང་ཡོད།  ལྷག་བསམ་ཟེར་ན་རང་ལ་ལྷག་པ་གཞན་ལ་བསམ་པ་ལ་ཟེར། གཞན་ཕན་ཟེར་བ་ནི་གཞན་ལ་ཕན་ཐོགས་བྱེད་པ་ལ་ཟེར། བྱམས་བརྩེ་ནི་བྱམས་དང་བརྩེ་བ་ལ་ཟེར། འཛམ་གླིང་ཞི་བདེ་ཟེར་ན་འཛམ་བུ་གླིང་ལ་ཞི་བདེ་ཡོང་བ་ལ་ཟེར། ༸གོང་ས་མཆོག་གིས། “སེམས་ཁྲལ་བྱས་ནས་དཀའ་ངལ་དེ་མེད་པ་ཆགས་ཀྱི་ཡོད་ན་སེམས་ཁྲལ་བྱེད་དགོས།  གལ་སྲིད་སེམས་ཁྲལ་བྱས་ནས་དཀའ་ངལ་དེ་མེད་པ་མ་ཆགས་ན་སེམས་ཁྲལ་བྱས་ན་ཕན་ཐོགས་མེད།” ཅེས་གསུངས་ཡོད། ཁོང་གིས་འཛམ་བུ་གླིང་སློབ་གྲྭ་ཚང་མའི་ནང་སཱི་ཤེས་ཡོན་སློབ་ཁྲིད་བྱེད་དགོས་པའི་བཀའ་སློབ་གནང་ཡོད། ༸གོང་ས་མཆོག་གིས། “སྐྱོན་གཅིག་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་མི་དེ་ནག་པོ་ནག་རྐྱང་དང་། དགེ་མཚན་གཅིག་ཡོད་པའི་རྒྱུ་མཚན་གྱིས་མི་དེ་དཀར་པོ་དཀར་རྐྱང་ལ་བཏང་ན་ནོར་འཁྲུལ་རེད།” ཞེས་གསུངས་ཡོད།  ཁོང་གིས་ད་དུང་གྲོང་སྡེའི་ནང་མི་མ་རབས་གཅིག་ཡོད་ཀྱང་མང་དྲགས་པ་དང་ཡ་རབས་བརྒྱ་ཡོད་ཀྱང་ཉུང་དྲགས་པ་རེད་གསུངས་ཡོད། ང་ཚོས་ག་དུས་ཡིན་ཡང་ང་རང་ང་རང་དང་ང་ང་ལབ་རྒྱུ་མེད། དེས་རང་ལ་སྡུག་བསྔལ་མང་པོ་ཡོང་གི་ཡོད། སྤྱི་ཚོགས་ནང་སྡོད་དུས་གཞན་ལ་བསམ་བློ་མང་ཙམ་བཏང་ན་བདེ་སྐྱིད་ཡོང་གི་རེད། ༸གོང་ས་མཆོག་གིས། “ཞི་བདེ་དེ་གནམ་ནས་འབབ་པ་དང་ས་ནས་སྐྱེ་ཡི་མེད། ཞི་བདེ་དེ་རང་གི་སེམས་ནས་བཟོ་དགོས་ཀྱི་ཡོད།” ཅེས་གསུངས་ཡོད། ཁོང་གི་མི་ཕན་ཚུན་བར་ལ་འཆམ་མཐུན་བྱས་ན་ཞི་བདེ་ཡོང་གི་རེད་གསུངས་ཡོད། ༸གོང་ས་མཆོག་གིས་གཞན་ལ་བདེ་སྐྱིད་འདོད་ན་སྙིང་རྗེ་ལག་བསྟར་དང་། རང་ལ་བདེ་སྐྱིད་འདོད་ན་སྙིང་རྗེ་ལག་ལེན་བསྟར་དགོས་གསུངས་ཡོད། སློབ་གསོ་འདི་དག་བྱིས་བཅོལ་ཁང་དང་། འབྲིང་རིམ་སློབ་གྲྭ། གཙུག་ལག་སློབ་ཆེན་ཁག་ཏུའང་ངེས་པར་དུ་ལག་བསྟར་བྱེད་དགོས་པ་གསུངས་ཡོད། […]