Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ།

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་ཟླ་འོད། བཅུ་གཉིས།མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།    ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་རེའི་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ། ཞེས་པའི་བརྗོད་གཞི་འདིའི་ཐོག་གུས་པའི་བསམ་ཚུལ་ལམ་མཐོང་ཚུལ་དོན་ཚན་བཞི་རུ་དབྱེ་ནས་གང་ནུས་ཞུ་རྒྱུ་ཡིན། དོན་ཚན་དང་པོ། མ་འོངས་བོད་ཀྱི་སོན་རྩ།    ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་ཁོང་གི་ཕེབས་རྗེས་སུ་བསྙེགས་པའི་བོད་འབངས་འབུམ་གཅིག་མ་ཟིན་ཙམ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་འབྱོར་སྐབས། ཐོག་མར་མ་སུ་རིར་ན་གཞོན་ ༥༠ ཐམ་པ་ཞིག་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་གསར་འཛུགས་བསྐྱངས་ནས། དུས་དེ་ནས་བཟུང་། རང་རེའི་བོད་ཕྲུག་རྣམས་ལ་༸གོང་ས་མཆོག་ནས། “ཁྱེད་ཚོ་ནི། མ་འོངས་བོད་ཀྱི་སོན་རྩ་ཡིན།” ཞེས་ན་གཞོན་རྣམས་ལ་ཐུགས་རེ་དང། འདེང་འཇོག་ཆེན་པོ་གནང་ནས་གལ་ཆེའི་རང་བཞིན་ལྡན་པའི་མིང་ཚིག་འདི་གསོལ་རས་སྩལ་ཏེ། དུས་དེ་ནས་བཟུང་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་མིང་ཚིག་འདི་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད། མིང་ཚིག་འདི་བེད་སྤྱོད་ཀྱང་མུ་མཐུད་ནས་གནང་དང་གནང་བཞིན་པ་རེད། ས་བོན་ནི་མྱུ་གུ་དང་སྡོང་པོའི་ཡལ་ག་ལོ་འདབ་འབྲས་བུ་ཡོངས་སུ་རྫོགས་པའི་ཉེར་ལེན་གྱི་རྒྱུ་ཡིན་པ་ལྟར། རང་རེའི་ན་གཞོན་རྣམས་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོར་གྱུར་ནས། རྒྱལ་ཁབ་ཀྱི་ངོ་བོ་དང། ཆོས་དང་ཆབ་སྲིད། སྒྲིག་དང་ཁྲིམས། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། ཁོར་ཡུག་སོགས་རྒྱལ་ཁབ་གཅིག་གི་ཆ་ལག་ཡོངས་སུ་རྫོགས་པའི་རྒྱུ་རྐྱེན་གཅིག་པུ་དེ་ཡིན་སྟབས། ༸གོས་ས་མཆོག་ནས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ཐུགས་རེ་བཅངས་ནས། བཙན་བྱོལ་དུ་འབྱོར་མ་ཐག་དགོན་པ་སོགས་མ་བཙུགས་པར། རྒྱ་གར་སྲིད་བློན་ནེ་ཧ་རུ་དང་བཀའ་བསྡུར་མང་པོ་གནང་ནས། ན་གཞོན་ཚོར་སློབ་གྲྭ་གསར་འཛུགས་བསྐྱངས་པ་དེ་ནི། ང་ཚོ་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ་རྣམས་མཚོན་ཐུབ་པ་རེད། དོན་ཚན་གཉིས་པ། ན་གཞོན་འདབ་གཤོག་གཉིས་ལྡན།    མ་འོངས་བོད་ཀྱི་སོན་རྩ། ཞེས་ཐུགས་རེ་ཆེན་པོས་གལ་ཆེའི་མཚན་གནས་འདི་འདྲ་ཞིག་གསོལ་རས་སྩལ་བ་དང་ཆབས་ཅིག ས་བོན་དེ་མ་སྐམ་པར་གསོས་པར་གནས་ན། མྱུ་གུ་དང་སྡོང་པོ་སོགས་རང་བཞིན་གྱིས་རྒྱས་ཡོང་བ་ལྟར། རང་རེའི་ན་གཞོན་ཚོ་མ་འོངས་རྒྱལ་ཁབ་འཛིན་སྐྱོང་བྱེད་པ་ལ། བྱེད་ཐུབ་མཁན་གྱི་མི་ཞིག་བཟོ་ཐབས་སུ། འདབ་གཤོག་གཉིས་ལྡན་དགོས་པར་གཟིགས་ནས་གནའ་རབས་རྒྱ་ཆེ་ལ་གཏིང་ཟབ་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང། དེང་རབས་ཀྱི་ཤེས་ཡོན་ཚན་རིག་གིས་མཚོན་པའི་སློབ་སྦྱོང་ཕུན་སུམ་ཚོགས་པ་ཡོད་པའི་སློབ་གྲྭ་ཁག་བཅུ་ཕྲག་མང་པོ་གསར་འཛུགས་བསྐྱངས་ནས། མ་འོངས་རྒྱལ་ཁབ་འཛིན་སྐྱོང་བྱེད་ཐུབ་ཐབས་སུ་ཐུགས་རེ་ཆེན་པོ་གནང་ནས་སྐུ་ལས་མང་པོ་བསྐྱོན་ཡོད། དེ་དག་མ་བརྗེད་པར་རྟག་ཏུ་དྲན་དགོས་པ་རེད་སྙམ། དོན་ཚན་གསུམ་པ། ཡ་རབས་བཟང་སྤྱོད་འཇགས་ཐབས།    གཞི་རྩ་སངས་རྒྱས་རྩ་ཆེའི་ཆོས་ཀྱི་བསླབ་བྱ་ལས་འབྱུང་བའི་མི་རབས་གོང་མའི་ཡ་རབས་བཟང་སྤྱོད་རྣམས། མི་རབས་གཞོན་པ་ཚོར་གོམས་གཤིས་འཇགས་ཐབས་ཐུགས་ལ་བཅངས་ནས་ཐུགས་རེ་ཆེན་པོ་གནང་བཞིན་པ་རེད་ལ། ཐུགས་རེ་ཙམ་མ་ཡིན་པར་དངོས་སུ་བཀའ་སློབ་སྔ་ཕྱི་རིམ་པར་གནང་ཞིང། ཕྱག་དེབ་བརྒྱ་ཕྲག་བརྒལ་བ་འཛམ་གླིང་ཡུལ་གྲུ་སྤྱིའི་གཞོན་སྐྱེས་དང་ལྷག་པར་བོད་ཕྲུག་ཚོར་དམིགས་ཏེ་འགྲེམས་སྤེལ་གནང་ཡོད་ལ་ལྷག་པར་ཕྱག་དེབ་སི་ཤེས་ཡོན་(SEE Learning) ཞེས་བྱམས་སྙིང་རྗེ་རྩ་བར་བྱས་པས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཤེས་བྱའི་དཔལ་ཡོན་ལྡན་པའི་མི་ཞིག་ཡོང་ཐབས་སུ་ཐུགས་རེ་དང་སྐུ་ལས་དུ་མ་བསྐྱོན་ཡོད། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་བདེ་ཆེན། བཅུ་གཉིས།མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།    སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ནི། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་ཁུལ་གྱི་གྲོང་གསེབ་ཆུང་ཆུང་ལྟག་འཚེར་ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཁོང་ལོ་གཉིས་ལ་ཕེབས་སྐབས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་ ༡༦ ཙམ་ལ་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་བོད་ཡོངས་རྫོགས་འཛིན་སྐྱོང་གནང་བ་རེད། ཟླ་གཅིག་ལོ་གཅིག་སོང་བའི་དུས་ན་རྒྱ་དམར་གཞུང་གིས་བོད་ལ་བཙན་དབང་དྲག་པོས་བོད་ཁ་བ་ཅན་གྱི་ཡུལ་དེ་བཙན་འཕྲོག་བྱས་པ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་ལ་ཤོར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཡུལ་དུ་བཙན་བྱོལ་དུ་ཕེབས་གནང་མཛད་ནས་ད་ལྟ་བར་རྒྱ་གར་རྡ་རམ་ས་ལར་བཞུགས་ནས་ཡོད། ཁོང་རྒྱ་གར་བཙན་བྱོལ་དུ་ཕེབས་ནས་རྒྱ་གར་འཕགས་པའི་ཡུལ་དུ་བོད་མི་རིགས་ཀྱི་སོན་རྩ་རྣམས་ཀྱི་ཆེད་དུ་ས་གནས་མང་པོར་བོད་པའི་སློབ་གྲྭ་དང་བོད་མི་མང་ཆེད་དུ་གཞིས་ཆགས་སོགས་གསར་འཛུགས་གནང་ཐུབ། དེའི་རྐྱེན་གྱིས་ད་ལྟ་བར་དུ་ང་ཚོ་སེམས་པ་ལྷོད་པོ་དང་སྐྱིད་པོའི་ངང་ནང་མི་གཅིག་གི་ལྷན་དུ་ཁང་པ་ཐོག་བརྩེགས་གཅིག་ནང་དུ་བསྡད་རྒྱུ་བྱུང་བ་དེ་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག། ༸གོང་ས་རྒྱལ་བ་རིན་པོ་ཆེ་ཁོང་བྱམས་སྙིང་རྗེ་དང་བརྩེ་བ་ལྡན་་པའི་གང་ཟག་ཞིག་ཡིན་སྟབས། བོད་པའི་བོད་ཕྲུག་རྣམས་ལ་ཡང་དེའི་གཤིས་ཀ་དེ་འཇགས་ཐུབ་ན་སྙམ་པའི་ཐུགས་རེ་ཆེན་པོ་དང་། ཆབས་ཅིག་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བདག་གཅེས་ཐུབ་ན་དགོངས་ནས་རྒྱུན་དུ་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་དང་། དེའི་ཆེད་དུ་ཁོང་སྐུ་ཉིད་ནས་ཉིན་མཚན་ལྟོས་མེད་དུ་སྐུ་ལས་བསྐྱོན་གནང་མཛད་དང་མཛད་བཞིན་ཡོད། བོད་པའི་བོད་ཕྲུག་རྣམས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་མཐུན་པོ་དགོས་པ་མ་ཟད། ཆོལ་ཁ་གསུམ་ཡོད་པ་ཆ་ཚང་ལྡོག་རྩ་གཅིག་སྒྲིལ་ལམ་ནས་རྒྱལ་ཁབ་གཞན་གྱི་མི་རིགས་ལྷན་དུ་དམག་འཁྲུག་གམ་མི་གཅིག་ལ་ཡང་གནོད་པ་མ་སྐྱེལ་བར་ཕན་ཚུན་སྤུན་མཆེད་ལྟར་འཆམ་པོ་བྱེད་དགོས། ཁོང་གི་གསུངས་པ་བཞིན། གལ་ཏེ་ཁྱེད་རང་མི་གཞན་ལ་ཕན་ཐོགས་པའི་བྱ་བ་བྱེད་མ་ཐུབ་ནའང་། ནམ་ཡང་གནོད་པའི་བྱ་བ་རྩ་བ་ནས་བྱེད་མིང་རུང་། དེང་དུས་བོད་པའི་སྤྱི་ཚོགས་ནང་དུ་ཡང་དར་སྲོལ་ལྟར་སོ་སོ་བོད་པའི་གཞིས་ཆགས་ནང་འཚར་ལོངས་བྱུང་ཞིང་། བོད་པའི་སྤྱི་ཚོགས་དང་སློབ་གྲྭ་ཁག་ནས་སྦྱངས་པའི་ལེགས་བྱ་དང་རིག་གཞུང་། སྐད་ཡིག་སོགས་ཚང་མ་ཤེས་ཀྱི་ཡོད་ཀྱང་། ཕྱིའི་རྒྱལ་ཁབ་ནང་དུ་མི་ཡི་གཡོག་པོ་བྱེད་པར་སོང་སྟེ་སོ་སོའི་སྐད་མ་བཤད་པར་ཡུལ་ལུང་གཞན་གྱི་སྐད་ཡིག་སྦྱངས་ནས་ཨིན་སྐད་སོགས་ལ་དང་འདོད་བྱས་ནས་བོད་མི་འདུ་འཛོམས་སོགས་ལ་ཡང་མི་རིགས་གཞན་གྱི་སྐད་ཡིག་སྤྱོད་ཀྱི་ཡོད་པ་དེ་ཐབས་སྐྱོ་པོ་རེད། དེ་བཞིན་དེང་དུས་བོད་མི་མང་པོས་རང་གི་རིག་གཞུང་བཟང་པོ་དོར་ནས། ཕྱིའི་མི་རིགས་ཀྱི་ལུགས་སྲོལ་དེང་དུས་ཡིན་ཟེར་ནས་དེ་དག་ལ་ཧེབ་ལངས་པའམ་དང་འདོད་ལྟ་བུས་ལད་ཟློས་བྱེད་ཀྱི་ཡོད། དེར་བརྟེན། སོ་སོའི་མི་རིགས་ཀྱི་སྐད་ཡིག་དེ་ལྟར་ཉམས་བཞིན་པ་དང་བརླག་བཞིན་པ་ཤེས་པའི་ཐོག་ནས་དེ་དག་བསྐྱར་གསོ་བྱེད་རྒྱུའི་འོས་འགན་ནི་ང་ཚོ་བོད་ཕྲུག་ཚང་མའི་མགོ་ལ་བབས་ཡོད། ཁོང་གིས་ང་ཚོ་ལ་རིན་གོང་ཆེ་བའི་ཅ་ལག་སོགས་འབུལ་རྒྱུའི་ཐུགས་རེ་མི་གནང་བར། ཡ་རབས་བཟང་སྤྱོད་ཀྱི་གོ་ལ་ཧྲིལ་པོར་མིག་དཔེ་སྟོན་མཁན་ཞིག་གྱུར་ན་དགོངས་ཀྱི་ཡོད། ང་ཚོས་སེམས་ནང་བྱང་ཆུབ་སེམས་སྒོམ་ཐུབ་པ་ཙམ་གྱི་ཁྱད་པར་ཆེན་པོ་འགྱུར་གྱི་ཡོད་དུས། རྒྱུན་དུ་ང་ཚོ་བོད་ཕྲུག་རྣམས་མ་རབས་མ་བྱས་ནས་ཡ་རབས་ངང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་མི་ཞིག་ཆགས་ཐུབ་པ་བྱེད་དགོས། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དེ་སེམས་ལ་བཅངས་ནས། དེ་དག་བསྒྲུབ་རྒྱུར་གང་མང་འབད་བརྩོན་བྱེད་དགོས། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་མཐུན་པར་ང་ཚོ་བོད་ཕྲུག་ཚོས་གཤམ་གསལ་ལྟར་བྱེད་དགོས། ༡། བྱམས་བརྩེའི་ནུས་སྟོབས་གོང་སྤེལ་མཛད་པ། ང་ཚོ་བོད་ཕྲུག་རྣམས་ནང་པ་ཡིན་པ་དང་སོ་སོའི་རྒྱུད་ལ་བྱམས་དང་སྙིང་རྗེ་ལྡན་ཡོད་པས་ནུས་སྟོབས་ཆེན་པོ་གོང་སྤེལ་གཏོང་ཐུབ་ངེས་ཡིན། ༢། ཆོས་ལུགས་མཐུན་སྒྲིལ་དང་གོང་འཕེལ་མཛད་པ། ང་ཚོ་བོད་ཆོལ་ཁ་གསུམ་ཕན་ཚུན་མཐུན་སྒྲིལ་དང་ལྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ངེས་པར་ཤེས་དགོས། ༣། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་གོང་སྤེལ་མཛད་པ། གནའ་སྔ་མོར་བོད་ནང་དུ་དར་བའི་རིག་གཞུང་རྣམས་ད་ལྟའི་དུས་ལ་ཉམས་ཆགས་འགྲོ་གི་ཡོད་པས། ང་ཚོ་བོད་ཀྱི་སོན་རྩ་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། དར་སྤེལ་ཡང་གཏོང་དགོས། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་དགྲ་འདུལ། དགུ་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།    བོད་ཕྲུག་ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་ན་ད་ལྟ་ང་ཚོ་བཙན་བྱོལ་དུ་ཡོད་པ་རེད། བོད་རྒྱལ་ཁབ་དེ་རྒྱ་མིས་བཟུང་ཚར་བ་རེད། འོན་ཀྱང། ༸གོང་ས་མཆོག་གིས་སེམས་ཤུགས་ནམ་ཡང་མ་ཆགས་པར་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་གར་ལུང་པར་སློབ་གྲྭ་དང་གཞིས་ཆགས། དགོན་པ། སྨན་ཁང་སོགས་གསར་འཛུགས་གནང་སྟེ། བོད་མི་ཡོངས་ལ་ཕན་པའི་བྱ་བ་ཧ་ཅང་མང་པོ་གནང་ཡོད། བྱས་ཙང་། ང་ཚོས་༸གོང་ས་མཆོག་གིས་བོད་ཕྲུག་ང་ཚོ་ལ་བཅངས་པའི་ཐུགས་རེ་རྣམས་ངེས་པར་དུ་སྒྲུབ་དགོས། དེ་རིང་ངས་༸གོང་ས་མཆོག་གི་ཐུགས་རེ་འགའ་ཤས་ཤིག་གི་སྐོར་ལ་འབྲི་རྒྱུ་ཡིན།    དང་པོ། ཤེས་ཡོན་དང་འཇོན་ཐང་སྐོར་བཤད་ན། ལུང་པའི་ནང་དུ་ཤེས་ཡོན་དང་འཇོན་ཐང་ཅན་གྱི་མི་ཞིག་མེད་ན་ལུང་པ་དེ་ཡར་རྒྱས་འགྲོ་རྒྱུའི་རེ་བ་མེད། གལ་སྲིད། ལུང་པ་དེའི་ནང་ཤེས་ཡོན་དང་འཇོན་ཐང་ཅན་གྱི་མི་ཤིག་ཡོད་པ་ཡིན་ན། ལུང་པ་དེ་ཉིན་རེ་ནས་ཉིན་རེ་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་ཆེན་པོ་ཡོད། དེ་ནི་ངས་བརྒྱ་ཆ་བརྒྱ་ནས་བརྒྱ་བཤད་ཐུབ་པའི་བསམ་ཚུལ་ཞིག་རེད། ད་དུང་དེ་ནི་ངའི་བསམ་ཚུལ་གཅིག་པུ་མིན་པར་༸གོང་ས་མཆོག་གིས་ཀྱང་། “སོ་སོའི་ལུང་པ་འཛིན་སྐྱོང་བྱ་རྒྱུ་འདི་ཤེས་ཡོན་དང་འཇོན་ཐང་ལ་བརྟེན་ནས་བྱེད་དགོས་པ་ལས། ལྷག་བསམ་གཅིག་པུས་ལུང་པ་འཛིན་སྐྱོང་ཐུབ་པའི་ངེས་པ་མེད།” ཅེས་གསུངས་ཡོད། ཁོང་གི་ཐུགས་རེ་དེ་ལ་ངས་ཁས་ལེན་བྱེད་ཀྱི་ཡོད།    གཉིས་པ། ཆོས་ལུགས་སྐོར། བ་ཕྱུགས་ཚང་མའི་ཁ་མདོག་མི་འདྲ་བ་རེད། འོན་ཀྱང། བ་ཕྱུགས་ཚང་མའི་སྤྲད་པའི་འོ་མ་དེ་ནི་གཅིག་པ་རེད། དེ་ག་ནང་བཞིན་འཛམ་གླིང་ནང་དུ་ཆོས་ལུགས་ཧ་ཅང་མང་པོ་ཡོད། འོན་ཀྱང། ཆོས་ལུགས་ཚང་མས་དམིགས་ཡུལ་དེ་ནི་སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད། བོད་ཕྲུག་ང་ཚོས་སོ་སོའི་ཆོས་ལུགས་གཅིག་པོར་བརྩི་བ་དང་། ཆོས་ལུགས་གཞན་རྣམས་ལ་སྣང་མེད་དང་མི་བརྩི་བ་བྱས་པ་ཡིན་ན། མི་ལེགས་པའི་བྱ་བ་ཞིག་རེད། དེ་ནི་༸གོང་ས་མཆོག་གིས་གསུངས་པ་ལྟར། “ང་ཚོ་ནང་པའི་ངོས་ནས་ཆོས་ལུགས་གཞན་དག་ཚང་མར་དོ་སྣང་དང་གུས་ཞབས་བྱ་རྒྱུ་གལ་ཆེན་པོ་ཡིན་ཞེས་ངོས་ནས་རྒྱུན་དུ་འབོད་སྐུལ་བྱེད་ཀྱི་ཡོད་ལ། ངོས་རང་ནས་ཀྱང་དེ་ལྟར་བྱེད་ཀྱི་ཡོད།” ཅེས་བཀའ་སྩལ་བ་བཞིན་ངས་ཀྱང་ཁོང་གི་ཐུགས་རེ་བཞིན་ཆོས་ལུགས་གཞན་ལ་གུས་ཞབས་བྱེད་ཀྱི་ཡོད།    གསུམ་པ། ཡ་རབས་བཟང་སྤྱོད། “ཀུ་ཤུ་མང་པོའི་ནང་ནས་ཀུ་ཤུ་གཅིག་རུལ་པ་ཡིན་ན། ག་ལེར་ཀུ་ཤུ་གཞན་རྣམས་ཀྱང་རུལ་གྱི་ཡོད།” ཅེས་རྒྱ་གར་གྱི་རྩོམ་འབྲི་མཁན་མཁས་པ་ཞིག་གིས་གསུངས་ཡོད། དེ་ལྟར་མི་མང་པོ་ཡོད་པའི་ནང་ནས་མི་གཅིག་སྡུག་ཅག་དང་། སེམས་གནག་ཅན་གྱི་མི་ཞིག་ཡིན་ན། ག་ལེར་མི་གཞན་རྣམས་ཀྱང་སེམས་གནག་ཅན་ཞིག་ཆགས་སྲིད། ༸གོང་ས་མཆོག་གིས་གསུངས་པ་ལྟར། “ཡ་རབས་སྤྱོད་བཟང་གི་མི་བརྒྱ་ཐམ་པ་ཡོད་ཀྱང་ཉུང་གྲགས་པ་རེད། སེམས་གནག་ཅན་གྱི་མི་གཅིག་ཡོད་ན་མང་གྲགས་པ་རེད།” ཅེས་གསུངས་ཡོད། གང་ལྟར། མདོར་བསྡུས་ནས་བཤད་ན། ༸གོང་ས་མཆོག་གིས་འཛམ་གླིང་ནང་དུ་ཡོད་པའི་མི་ཚང་མ་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་བྱུང་ན་དགོངས་ཡོད། ཁོང་གིས་གསུངས་པ་དེ་ང་ཚོ་བོད་མི་གཅིག་པུ་མིན་པར་སྨྲ་ཤེས་དོན་གོ་བའི་མི་ཚང་མ་ལ་གསུངས་ཡོད། […]

ཆོས་ལུགས་ལ་མ་བརྟེན་པའི་བཟང་

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཀྱི་བཀའ་སློབ་དང་། བཅར་འདྲི། རྩོམ་ཡིག་ཕྱོགས་བསྒྲིགས།