གདུགས་དཀར་བུདྷ། བཅུ་གཉིས།བོན་གཞིས་སཾ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ། ༸གོང་ས་མཆོག་གི་ཐུགས་རེ་ཆེན་པོ།།བོད་ཕྲུག་ཡོངས་ལ་བཅངས་པ་འདི་ནི།།ཕ་ཡིས་རང་གི་བུ་ཕྲུག་ཡོངས་ལ།།རེ་བ་བཅངས་པ་མཚུངས་པ་ཡིན་ནོ།། རང་རེའི་ཤེས་རིག་ལས་ཁུངས་ནས་དུས་རྟག་ཏུ་བཙན་བྱོལ་ནང་གནས་པའི་བོད་ཕྲུག་ཚོའི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་དུ། འབྲི་རྩོམ་གྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། ད་ལན་གོ་སྐབས་འདིའི་བརྒྱུད་ནས་གུས་པས་རྩོམ་ཡིག་གི་བརྗོད་གཞི་ཇི་ལྟར་གསལ་བ་བཞིན་གོ་སྐབས་དམ་འཛིན་བརྒྱུད་ནས་ཐོག་མ་ཤེས་རིག་ལས་ཁུངས་ལ་སྙིང་དབུས་ནས་བཀའ་དྲིན་བསམ་བཞིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་ལ་བསམ་བློ་གཏོང་དུས། བོད་ཕྲུག་ང་རང་གི་ཕ་མའི་བསླབ་བྱ་རྣམས་སེམས་ལ་དྲན་པ་ལྟར། ཁོང་ཚོས་ང་ལ་རེ་བ་བྱེད་པ་བཞིན། གལ་ཏེ། ༸གོང་ས་མཆོག་གིས་བོད་ཕྲུག་ལ་རེ་བ་བཅངས་ན་གང་འདྲ་ཞིག་བཅངས་སྲིད་དམ། ཞེས་དྲི་བ་འདི་ངས་སེམས་ནང་ཡང་ཡང་འཁོར་རྗེས་བསམ་བློ་གཏོང་དུས། ༸གོང་ས་མཆོག་གི་བཀའ་སློབ། དགེ་རྒན་གྱི་བསླབ་བྱ། ཕ་མའི་སྙིང་གཏམ་ཚང་མ་དུས་གཅིག་ཏུ་དྲན་བཞིན། རྩོམ་ཡིག་འདི་ལྟར་བྲིས་པ་ཡིན། ང་རང་བོད་ཕྲུག་ཞིག་ཡིན་པ་སོང་ཙང་། ༸གོང་ས་མཆོག་གིས་བོད་རྒྱལ་ཁབ་ཀྱི་གནས་སྟངས་དང་བོད་མིའི་དཀའ་ངལ་རྣམས་ཕྱོགས་ཡོངས་ནས་ལེགས་པོ་མཁྱེན་གྱི་ཡོད་པས། ཁོང་གིས་བོད་ཕྲུག་ང་ཚོ་ལ་བཅངས་པའི་ཐུགས་རེ་དང་པོ་དེ་ནི། བོད་ཕྲུག་ཆ་ཚང་དུས་རབས་ཉེར་གཅིག་པའི་ཤེས་ཡོན་ཡོད་མཁན་ཞིག་ཡོང་བའི་རེ་བ་གནང་གི་ཡོད། གཞན་ཡང་། ཁོང་གིས་བོད་ཕྲུག་རྣམས་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཙམ་མ་ཡིན་པར། གཞན་ཕན་གྱི་བསམ་བློ་དང་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཡོང་ན་དགོངས་པའི་ཐུགས་རེ་ཆེན་པོ་གནང་གི་ཡོད། དེ་འདྲ་ཡིན་དུས། བོད་གཞིས་བྱེས་གཉིས་ཀྱི་བོད་ཕྲུག་ན་གཞོན་ང་ཚོ་ཚང་མས། ཁོང་གི་ཐུགས་རེ་ཇི་ལྟར་གནང་བ་བཞིན། རང་ཉིད་ཤེས་ཡོན་ཡོད་པའི་མི་བཟང་པོ་ཞིག་ཡོང་ཆེད་སློབ་སྦྱོང་ལ་ཤུགས་རྒྱག་དགོས་པ་དང་། ཁོང་གི་བཀའ་སློབ་ཇི་བཞིན་ཕེབས་པ་ལྟར་ལག་བསྟར་གནང་མཁན་གྱི་བོད་ཕྲུག་བཟང་པོ་ཞིག་ཡོང་བ་བྱེད་དགོས། ཁོང་གིས་བོད་ཕྲུག་ང་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་ངོས་འཛིན་གནང་གི་ཡོད་པས། ང་ཚོར་གནའ་དེང་གི་ཤེས་ཡོན་ཡོད་པ་ཙམ་མ་ཡིན་པར། མ་འོངས་བོད་མི་རིགས་ཀྱི་སོན་རྩ་ཚད་ལྡན་ཞིག་ཡོང་བར་བོད་ཀྱི་སྐད་དང་རིག་གཞུང་བཟང་པོ་རྣམས་བདག་གཅེས་དང་རྒྱུན་འཛིན་ལེགས་པོ་གནང་མཁན་གྱི་བོད་མི་རིགས་ཤིག་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས། ༸གོང་ས་མཆོག་ནི་སྙིང་རྗེའི་རང་གཟུགས་ལྡན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཡིན་པས། ཁོང་གིས་ང་ཚོ་བོད་ཕྲུག་རྣམས་ཀྱང་གཞན་ཕན་སྙིང་རྗེ་དང་འཚེ་མེད་ཞི་བའི་ལམ་ནས་རང་ཉིད་ཀྱི་མི་ཚེ་སྐྱེལ་མཁན་གྱི་བོད་ཕྲུག་ཞིག་ཏུ་འགྱུར་ན་དགོངས་པའི་རེ་བ་གནང་གི་ཡོད། ཁོང་གིས་ང་ཚོ་བོད་ཕྲུག་རྣམས་མ་འོངས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་ལྡན་པ་ཞིག་ཡོང་བའི་རེ་བ་ཆེན་པོ་གནང་གི་ཡོད། གང་ཡིན་ཟེར་ན། ཁོང་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་བོད་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་ཕུལ་ཟིན་པ་སོང་ཙང་། མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་ཡོང་བ་ལ། ངེས་པར་དུ་མ་འོངས་པའི་འགོ་ཁྲིད་ནུས་པ་ལྡན་པའི་བོད་ཕྲུག་གསོ་སྐྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་མཁྱེན་གྱི་ཡོད། དེ་འདྲ་ཡིན་དུས། ང་ཚོ་བོད་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་ཡག་པོ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚད་ལྡན་ཞིག་ཡོང་བ་ལ་ཁོང་གི་བཀའ་སློབ་ལམ་སྟོན་བཞིན་ཐབས་ཤེས་དང་དཀའ་ལས་རྒྱག་དགོས། ང་ཚོ་བཙན་བྱོལ་སླེབས་ནས་༸གོང་ས་མཆོག་དངོས་སུ་མཇལ་རྒྱུའི་གོ་སྐབས་བཟང་པོ་འཐོབ་ཀྱི་ཡོད་པ་མ་ཟད། ཁོང་གི་བཀའ་སློབ་གསན་རྒྱུ་ཡོད་པ། དུས་རྒྱུན་དུ་ཁོང་གི་གསུང་པའི་བཀའ་སློབ་ལམ་སྟོན་རྣམས་སེམས་ལ་ཉར་ནས། བོད་ཕྲུག་དང་བོད་མི་ཁྱད་དུ་འཕགས་པ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས། ༸གོང་ས་མཆོག་གིས་ད་བར་བོད་མི་རིགས་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་མ་ཟད། འདི་ལོ་ཁོང་དགུང་ལོ་དགུ་བཅུར་ཕེབས་ཡོད་པས། བོད་ཕྲུག་ང་ཚོས་ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་འདོད་ཡོད་ན། ཁོང་གིས་བོད་ཕྲུག་ང་ཚོ་ལ་བཅངས་པའི་ཐུགས་རེ་ཆ་ཚང་ཆུད་ཟོས་སུ་མ་སོང་བར་བྱས་ནས། རང་ཉིད་སློབ་ཕྲུག་གི་རྣམ་པའི་ཐོག་ནས་སློབ་སྦྱོང་ལ་སྔར་ལས་ལྷག་པའི་དོ་སྣང་དགོས་པ་དང་། ང་ཚོ་བོད་ཕྲུགས་རྣམས་ལ་སློབ་ཕྲུག་གཞན་དང་མི་འདྲ་བར་དམིགས་བསལ་གྱི་འགན་ཁྲིད་འཕར་མ་ཞིག་ཡོད་པ་སེམས་ལ་དུས་རྟག་ཏུ་གཞག་དགོས། བོད་ཕྲུག་ང་ཚོ་༸གོང་ས་མཆོག་གི་རྗེས་འབྲང་པ་ཚད་ལྡན་ཞིག་ཡིན་ན། ཁོང་གི་ལམ་སྟོན་ཇི་བཞིན་ཕེབས་པ་སེམས་ལ་གཞག་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་སེམས་ལ་བཞག་ནས་རང་མི་རིགས་ཀྱི་མ་འོངས་པའི་བོད་ཕྲུག་ཚད་ལྡན་ཞིག་དང་། ༸རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་གྱི་བོད་མི་ཞིག་ཡོང་བ་བྱེད་རྒྱུ་ནི། ཁོང་གིས་ང་ཚོ་བོད་ཕྲུག་ན་ཆུང་རྣམས་ལ་བཅངས་པའི་ཐུགས་རེ་གཡོ་བ་མེད་པ་ཡིན། […]
༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ།
༸གོང་ས་མཆོག་གིས་བོད་ཕྲུག་ལ་
སྤེན་པ་ཚེ་རིང་། བཅུ་གཉིས།བོན་གཞིས་སཾ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ། འཛམ་གླིང་ཡོངས་ཀྱི་དབུ་ཁྲིད།།ཞི་བདེའི་དེད་དཔོན་ཆེན་པོ།།བོད་མི་ཡོངས་ཀྱི་སྐྱབས་མགོན།།རྒྱལ་དབང་བསྟན་འཛིན་རྒྱ་མཚོ།། དགུང་ལོ་བཅུ་དྲུག་ནས་བཟུང་།།འདི་ལོ་དགུ་བཅུའི་བར་དུ།།བོད་མིའི་རྩ་དོན་ཆེད་དུ།།སྐུ་ལས་ཚད་མེད་བསྐྱོན་ཡོད།། ཁོང་གིས་བོད་ཕྲུག་ང་ཚོ།།ཤེས་ཡོན་ཕོངས་པར་གཟིགས་ནས།།བཙན་བྱོལ་འབྱོར་མ་ཐག་ཏུ།།སློབ་གྲྭ་གསར་འཛུགས་གནང་ཡོད།། བོད་ཕྲུག་ད་ཕྲུག་མང་པོ།།མ་རིག་མུན་པའི་ཁྲོད་ནས།།ཤེས་རབ་སྒྲོན་མེ་བཞིན་དུ།།ཤེས་རིག་འོད་སྣང་བསྐྲུན་ཡོད།། བོད་ཕྲུག་ང་རང་ལྟ་བུ།།དབུ་ཁྲིད་ཁོང་གི་འོག་ནས།།ཤེས་ཡོན་གོ་སྐབས་ཐོབ་པ།།ཚེ་འདི་སྐལ་བ་བཟང་སོང་།། ༸གོང་ས་ཐམས་ཅད་མཁྱེན་པའི།།ཐུགས་བསྐྱེད་དམ་བཅའ་བཞི་པོ།།བོད་ཕྲུག་ན་ཆུང་ང་ཚོས།།ཤེས་ཡོན་ལམ་ནས་བསྒྲུབ་ཆོག། བཅས་སེམས་ཚོར་གྱི་ཡིག་འབྲུ་རྣམས་གུས་ཕྱག་དང་བཅས་སྔོན་དུ་ཕུལ་ཏེ། ༸གོང་ས་མཆོག་འདི་ལོ་དགུང་གྲངས་ ༩༠ ཕེབས་པར་སྒོ་གསུམ་གུས་པ་ཆེན་པོའི་འཚམས་འདྲི་གྲངས་མེད་ཞུ་བ་མ་ཟད། ཁོང་གིས་བོད་ཕྲུག་ང་ཚོ་ལ་བཅངས་པའི་ཐུགས་རེ། ཞེས་པའི་བརྗོད་གཞི་ཐོག་རང་ཉིད་ཀྱི་བསམ་པ་དང་ནུས་པ་གང་འོས་ཀྱིས་འབྲི་རྩོམ་གོ་བདེ་ཞིག་འབྲི་བར་འབད་བརྩོན་བྱ་རྒྱུ་ཡིན། ༸གོང་ས་མཆོག་ནི་དུས་དང་རྣམ་པ་ཀུན་ཏུ་བོད་མི་ཙམ་མིན་པར་འགྲོ་བ་སེམས་ཅན་ཀུན་གྱི་བདེ་སྐྱིད་ཀྱི་དོན་དུ་བསམ་པ་རྒྱ་ཆེན་པོ་བཞེས་མཁན་གྱི་སྐྱེ་བོ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཚང་མས་གཡོ་བ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་དགུང་ལོ་བཅུ་དྲུག་ནས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ། འདི་ལོ་དགུང་ལོ་དགུ་བཅུ་བར་བཙན་བྱོལ་ནང་བོད་མིའི་རྩ་དོན་དང་འགྲོ་བ་མིའི་བཟང་སྤྱོད། ཆོས་ལུགས་མཐུན་འབྲེལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་མཛད་པ་ཧ་ལས་པ་མང་པོ་བསྐྱངས་གནང་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་རྗེས། ཁོང་གིས་བོད་མིའི་མངོན་འདོད་གྲུབ་ཆེད་མཛད་པ་མང་པོའི་ནང་ནས་ཐོག་མ་ནི། བོད་ཕྲུག་ཚོར་སྲོལ་རྒྱུན་ཙམ་མིན་པར་དེང་དུས་ཀྱི་ཤེས་ཡོན་ཀྱང་དགོས་མཁོ་ཆེན་པོ་ཡིན་པ་གཟིགས་ཏེ་མ་སུ་རིའི་སློབ་གྲྭ་ཐོག་མ་གསར་འཛུགས་གནང་ཡོད། དེ་ནས། རིམ་བཞིན་བོད་ཕྲུག་མང་པོ་ཞིག་ལ་ཤེས་ཡོན་གྱི་གོ་སྐབས་མ་ཟད། འཛམ་གླིང་ནང་བོད་ཀྱི་གནད་དོན་སྐོར་དོ་སྣང་དང་བོད་ཀྱི་རྩ་དོན་གལ་ཆེན་ཡིན་པའི་བསམ་བློ་དེ་ཤུགས་ཆེ་རུ་ཕྱིན་ཡོད། བོད་ཕྲུག་ཞིག་ཡིན་པའི་ཆ་ནས་བཤད་ན། ཁོང་ནི་ད་ལྟའི་འཆར་དགུང་གྲངས་ ༩༠ ཕེབས་ཡོད་པས་སྐུ་ན་ཤིན་ཏུ་མཐོ་ལ། བོད་ཀྱི་རྩ་དོན་ནི་ད་དུང་མུ་མཐུད་ནས་གནས་དགོས་ཀྱི་ཡོད་པས། ང་ཚོ་བོད་ཕྲུག་ན་ཆུང་ཡོངས་ནས་ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེ་ཇི་ཡོད་པ་དེ་དག་ངེས་པར་དུ་བསྒྲུབ་ཐུབ་པ་བྱ་རྒྱུའི་དམ་བཅའ་བརྟན་པོ་འཇོག་པའི་དུས་ལ་སླེབས་ཟིན་པས། ཚང་མས་ཤུགས་རྒྱག་དགོས། ནུས་པ་མཉམ་དུ་སྤུང་དགོས། རྡོག་རྩ་ཅིག་སྒྲིལ་གྱིས་གྲུབ་འབྲས་ཐོན་པ་བྱེད་དགོས། ༸གོང་ས་མཆོག་གིས་བོད་ཕྲུག་ང་ཚོར་བཅངས་པའི་ཐུགས་རེ་བ་མང་པོའི་ནང་ནས་ཐོག་མ་དེ། ཤེས་ཡོན་དང་ལྷག་བསམ་ལྡན་པའི་བོད་ཕྲུག་ཚད་ལྡན་ཞིག་ཡོང་རྒྱུར་དུས་རྟག་ཏུ་ཐུགས་ལ་དགོངས་ཀྱི་ཡོད། གང་ཡིན་ཟེར་ན། བོད་ཀྱི་རྩ་དོན་བསྒྲུབ་དགོས་ན་བོད་མི་ཤེས་ཡོན་ཅན་ངེས་པར་དུ་དགོས་པ་དང་ཤེས་ཡོན་གྱི་ཕོངས་པའི་མི་རིགས་ལ་རང་ཉིད་ཀྱི་རྒྱལ་ཁབ་ཡར་རྒྱས་མ་ཟད། ཆོས་དང་རིག་གཞུང་། སྐད་ཡིག་རྒྱུན་འཛིན་སྤེལ་གསུམ་ལེགས་པོ་ཡོང་མི་ཐུབ་པས་བོད་ཕྲུག་ང་ཚོ་ཤེས་ཡོན་ཚད་ལྡན་ཞིག་ཏུ་ཡོང་ཐབས་ནི་༸གོང་ས་མཆོག་གི་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་ཐོག་མ་དེ་ཡིན་པས། ང་ཚོས་དུས་རྟག་ཏུ་ཁོང་གི་བཀའ་དྲིན་སེམས་ལ་བཅངས་ཏེ་ཤེས་ཡོན་དང་ལྷག་བསམ་ལྡན་པའི་བོད་ཕྲུག་བཟང་པོ་ཞིག་བྱེད་དགོས། གཉིས་པ་ནི། བོད་ཀྱི་རྩ་དོན་ཆེད་དུ་རང་ཉིད་ཀྱི་ནུས་པ་གཟེངས་སུ་སྟོན་ཐུབ་མཁན་ཞིག་ཡོང་ན་ཐུགས་ལ་དགོངས་ཀྱི་ཡོད། གང་ཡིན་ཟེར་ན། ཤེས་ཡོན་ཡོད་པ་ཙམ་གྱི་མི་འགྲིག་པར། ང་ཚོ་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པས་བོད་ཀྱི་རྩ་དོན་ཆེད་དུ་རང་ཉིད་ཀྱི་ནུས་པ་གང་ཡོད་སྤུངས་ཏེ་བོད་ཕྱི་ནང་གཉིས་ཀྱི་རེ་བ་སྐོང་ཐུབ་ན། ༸གོང་ས་མཆོག་གི་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་གཉིས་པ་དེ་བསྒྲུབས་པ་དང་ཁྱད་མེད་ཡིན་པ་བསམ་གྱི་ཡོད། དེ་ན་བོད་ཕྲུག་ང་ཚོས་ཤེས་ཡོན་དེ་ལག་ཆ་ལྟ་བུར་བེད་སྤྱོད་བྱས་ནས་བོད་ཀྱི་རྩ་དོན་བསྒྲུབ་ཐུབ་པ་ཞིག་ཡོང་ཐབས་སུ་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོ་ཡིན། རང་ཉིད་ཀྱི་རྒྱལ་ཁབ་མེད་པ་གཞན་ཡུལ་དུ་སྡོད་དགོས་ན། མི་ཚེ་ལས་སླ་པོ་ཞིག་མེད་པས་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། ༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་གསུམ་པ་ནི། བྱམས་སྙིང་རྗེ་ལྡན་པའི་བོད་ཕྲུག་ཞིག་ཡོང་རྒྱུ་དང་དེའི་བརྒྱུད་ནས་སྤྱི་ཚོགས་ལ་ཕན་པའི་མི་བཟང་པོ་ཞིག་ཡོང་རྒྱུར་ཐུགས་ལ་དགོངས་ཀྱི་ཡོད། གང་ཡིན་ཟེར་ན། […]
༸གོང་ས་མཆོག་གིས་སློབ་ཕྲུག་ལ
ཀརྨ་དབྱངས་ཅན་ཆོས་འཛོམས། དགུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། བྱམས་དང་སྙིང་རྗེ་ལྡན་པའི་༸གོང་ས་མཆོག།ཁོང་གིས་ཆོས་ལུགས་ཐམས་ཅད་བཀུར་བར་བྱེད།།ཆུང་དུས་ཉིད་ནས་བྱམས་བརྩེའི་བདག་ཉིད་ཅན།།འཛམ་གླིང་ཞི་བདེའི་དེད་དཔོན་ཁྱེད་རང་ཡིན།། ཁོང་གི་བྱམས་བརྩེ་ཡུལ་གྲུ་ཡོངས་ལ་ཁྱབ།།མུན་ནག་གསེལ་ཀྱི་འོད་ཟེར་ཁྱེད་རང་ཡིན།།བོད་མི་ཚང་མས་ཁོང་ལ་སྙིང་ནས་འདུད།།བོད་མི་ཚང་མས་ཁྱེད་ཀྱི་རྗེས་སུ་འབྲང་།། རྒྱ་མི་ཧམ་ཆེན་དེ་ཚོས་བོད་ཡུལ་འཕྲོག།བཙན་པོའི་གདུང་རྒྱུད་རྣམས་ལ་མནར་སྤྱོད་བཏང་།།འོན་ཀྱང་ཁོང་གིས་རྒྱ་ཡི་མི་རིགས་ལ།།བྱམས་དང་སྙིང་རྗེས་ཞི་བདེའི་ངང་ནས་གཟིགས།། ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་བོད་ནང་བཙན་འཛུལ་གྱིས་བོད་མི་རིགས་རྣམས་ལ་གདུག་རྩུབ་ཚད་མེད་བཏང། རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་འཇིགས་སྐུལ་ཡང་ཡང་བྱས། རྗེས་སུ་ཁོང་ལ་གདམ་ཀ་གཞན་མེད་པ་མཁྱེན་ནས་བདེ་འཇགས་ཀྱི་ཆེད་དུ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དུས་རྒྱ་ནག་གཞུང་ནས་ཁོང་ལ་སྐྱོན་བརྗོད་བྱས། བཙན་བྱོལ་དུ་འབྱོར་མ་ཐག་ད་དུང་ཡང་༸གོང་ས་མཆོག་གིས་བོད་མི་རྣམས་ཀྱི་ཆེད་དུ་སྐུ་ལས་ཚད་མེད་སྐྱོན་གནང་ཡོད། ཁོང་གིས་ང་ཚོ་སློབ་ཕྲུག་ཚོར་ཐུགས་རེ་བཅངས་བ་ཁག་ནི་གཤམ་གསལ་དོན་ཚན་དུ་བཀོད་ཡོད། ༡། བོད་ཀྱི་སྐད་ཡིག་དང། རིག་གནས། ལོ་རྒྱུས་སོགས་རིག་གཞུང་ཕྱུག་པོ་རྣམས་ཉམས་པ་སླར་གསོ་དང། མི་ཉམས་གོང་སྤེལ་ཆེད་དུ་བོད་པའི་སློབ་གྲྭ་ཁག་ཟུར་དུ་གསར་འཛུགས་གནང་ཡོད། ང་ཚོ་སློབ་ཕྲུག་རྣམས་ནས་ཀྱང་ཁོང་གི་བོད་པའི་སློབ་གྲྭ་གསར་འཛུགས་གནང་བའི་དམིགས་ཡུལ་རྣམས་ཤེས་པར་བྱས་ཏེ། ང་ཚོས་སོ་སོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྣམས་ལ་སློབ་སྦྱོང་དང་དོ་སྣང་ཡག་པོ་བྱེད་དགོས། ༢། བོད་པའི་དགོན་པ་ཁག་ཏུ་ཚན་རིག་ངོ་སྤྲོད་གནང་བ་རེད། གང་ཡིན་ཟེར་ན། ཁོང་གིས་ནང་ཆོས་དང་དེང་རབས་ཀྱི་ཚན་རིག་ཟུང་འབྲེལ་གྱིས་ཕན་ཚུན་ཡར་རྒྱས་གཏོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ནང་ཆོས་ཟེར་བ་དེ་ཁ་ནས་མ་ཎི་འདོན་པ་དང། དཔེ་ཆ་ཀློག་ཐུབ་པ་ཙམ་མ་ཡིན་པར། ཚན་རིག་ནང་བཞིན་རིགས་ལམ་གྱི་ཐོག་ནས་རྒྱུ་མཚན་ཤེས་ཏེ་སློབ་སྦྱོང་བྱེད་དགོས། ༣། བོད་པའི་གཞོན་སྐྱེས་རྣམས་ལ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གནང་། ང་ཚོ་སློབ་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་སྦྱང་བ་དང་མཉམ་དུ་དེང་རབས་ཀྱི་ཤེས་ཡོན་རྣམས་ལ་ཡང་སྦྱང་བརྩོན་བྱས་ཏེ་འདབ་གཤོག་གཉིས་ལྡན་གྱི་སློབ་མ་ཞིག་ཆགས་པར་བྱེད་དགོས། ༤། ༸གོང་ས་མཆོག་གིས་འཛམ་གླིང་གི་དོ་སྣང་དེ་བོད་ནང་དུ་འབྱུང་བཞིན་པའི་འཐབ་རྩོད་ཀྱི་ཕྱོགས་ལ་ཁ་སྒྱུར་ཏེ། དེའི་རྐྱེན་གྱིས་བོད་ལ་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་དང་སྲུང་སྐྱོབ་ཐོབ་ཡོད། ང་ཚོ་སློབ་ཕྲུག་ཚོས་ཀྱང་བོད་ཀྱི་འཐབ་རྩོད་སྐོར་ལ་འཛམ་གླིང་གི་ས་ཆ་གང་སར་གོ་རྟོགས་སྤེལ་དགོས། ༥། ༸གོང་ས་མཆོག་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་ཕེབས་ཏེ་ཡ་རབས་བཟང་སྤྱོད་སྐོར་བཀའ་སློབ་གནང་གི་ཡོད། ཁོང་རང་ཉིད་ནས་ཀྱང་མི་རིགས་གང་ཡིན་ཡང་། ཚང་མ་ལ་དབྱེ་བ་མེད་པའི་ཐོག་བྱམས་དང་སྙིང་རྗེ་གནང་གི་ཡོད། ང་ཚོ་བོད་པའི་ཕྲུ་གུ་རྣམས་ནས་ཀྱང་༸སྐུ་མདུན་གྱི་བཀའ་སློབ་ལམ་སྟོན་གནང་བ་ལྟར་སོ་སོ་མི་བཟང་པོ་ཞིག་ཆགས་ཏེ་ཚང་མ་ལ་ཕན་ཐོགས་བྱེད་མཁན་ཞིག་ཡོང་བ་བྱེད་དགོས། ༦། ༸གོང་ས་མཆོག་ནས། “ང་ཚོས་བོད་དོན་འཐབ་རྩོད་བྱེད་དགོས། ཡིན་ཡང་བདེན་པ་དང་ཞི་བདེའི་ངང་ནས་བྱེད་དགོས། སྟོབས་ཆེན་པོ་ཆགས་དགོས། ཡིན་ཡང་། ཞེ་སྡང་ཅན་ཞིག་མ་ཆགས།” ཞེས་གསུངས་པ་བཞིན། ང་ཚོས་བོད་ཀྱི་བདེན་མཐའ་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ལམ་ནས་འཐབ་རྩོད་བྱས་ནས་གསལ་དགོས། མཐའ་དོན། ༸གོང་ས་མཆོག་ནས་ང་ཚོ་བོད་མི་རྣམས་ལ་བཀའ་དྲིན་ཚད་མེད་བསྐྱངས་པ་དེ་རྗེས་སུ་འབྲང་བའི་ཐོག་ནས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུས་ཏེ་ཁོང་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུ།
གོང་ས་མཆོག་གིས་བོད་ཕྲུག་ལ་བ
ཡོན་ཏན་ཚང་ཡངས་བསྐྱར་སྒྲོལ་མ། དགུ་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ༄༅། །བརྩེ་བའི་ཀློག་པ་པོ་རྣམ་པ་ལགས། ཁྱེད་རྣམས་ལ་རང་ཉིད་ལ་སྙིང་ཉེ་བའི་དགའ་སའམ་གཡང་ཞིག་ཡོང་ངེས་རེད། གཡང་ཟེར་བ་ནི་ང་ཚོས་བརྗེད་ཐབས་མེད་པའི་དངོས་པོའམ་ཡང་ན་དྲན་རྟེན་གྱི་ཚུལ་དུ་ཉར་བའི་དངོས་པོ་རེད། དེ་ཡང་རང་ཉིད་ཀྱི་གཡང་ལ་ཁྱད་ཆོས་མི་འདྲ་བ་རེ་ངེས་པར་དུ་ཚང་དགོས། ང་ཚོ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཏེ། ཕ་ཡུལ་བོད་ཀྱི་གཡང་ཡོད་ན་མེད་ན་དེ་ད་ལྟ་འཚར་ལོངས་བྱེད་བཞིན་པའི་མ་འོངས་བོད་ཀྱི་སོན་རྩ་རྣམས་ཡིན། དེ་སྔོན་ངས་ཞུས་པ་བཞིན། གཡང་ཚང་མ་ལ་ཁྱད་ཆོས་རེ་ཚང་དགོས་པ་ལྟར། དེ་རིང་ཤེས་རིག་ལས་ཁུངས་ནས་གནང་བའི་རྩོམ་གྱི་བརྗོད་གཞི་སྟེ་༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེའི་ཐོག་ཏུ་བོད་ཀྱི་སོན་རྩའམ་གཡང་རྣམས་ལ་ཚང་དགོས་པའི་བསམ་ཚུལ་གསུམ་ཙམ་ཞིག་འབྲི་རྒྱུ་ཡིན། དང་པོ། བོད་མི་ཡག་པོ་ཡོང་བར་ཐུགས་རེ་ཡོད་པ། ཡུལ་གངས་རིས་བསྐོར་བའི་གཞོན་ནུ་དག།སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།རང་གཅེས་འཛིན་སྤོང་ནས་སྤྱི་སེམས་སྒྲུབ།།མི་བཟང་པོ་བྱོས་ཤིག་གངས་ཕྲུག་ཚོ།། རྒས་སྐྲ་དཀར་རྣམས་ལ་གུས་ཞབས་དང་།།ཆུང་སོ་དཀར་རྣམས་ལ་བྱམས་ཀྱིས་སྐྱོངས།།དུས་ཀུན་ཏུ་སུ་དང་འགྲོགས་པའི་ཚེ།།རང་དམའ་སར་བཟུང་ནས་བྱ་བ་རྩོམ།། སྤྱིར་རྒྱུན་གཏན་དུ་མི་བཟང་པོ་བྱེད་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཀྱིས་འདུག གང་ཡིན་ཟེར་ན་ཕན་ཚུན་འཆམ་མཐུན་དང་གཞན་ཕན་གྱི་བསམ་བློ་ནི་མི་བཟང་པོ་ཞིག་བྱས་ན་འགྲུབ་ཀྱི་རེད། དེ་ཡང་གླིང་འདིར་མི་སུ་ཞིག་ཡིན་རུང་ཕན་ཚུན་འཆམ་མཐུན་ངང་འདུན་མི་འདོད་མཁན་སུ་ཡོད། ད་དུང་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཕ་ཡུལ་དེ་རྒྱ་དམར་པོས་འཕྲོག་པ་དང་། གལ་ཏེ་ང་ཚོས་བཟང་པོ་མ་བྱས་ན། བོད་མི་རིགས་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། བཟང་སྤྱོད་དེ་བརླག་ངེས་ཡིན། ཁྱད་ཆོས་དེ་ཚོ་རིམ་གྱི་མེད་པར་འགྱུར་ན། རིམ་གྱིས་བོད་པ་དང་། བོད་མི་རིགས་ཟེར་བ་དེ་བརླག་ངེས་ཡིན། བྱས་ཙང་ང་ཚོ་བོད་མི་བཟང་པོ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཡང་བོད་མི་ཡག་པོ་ལབ་ན་སེམས་པ་བཟང་པོ་གཅིག་པུ་ལ་མི་གོ་བར་བསམ་བློ་ཡག་པོ་གཏོང་མཁན་ལའང་གོ་དགོས། བསམ་བློ་ཡག་པོ་རེ་བཏང་ཤེས་ན། གནས་སྟངས་ཅི་འདྲ་ཞིག་ལྷག་རུང་རང་ཉིད་དེ་ནས་མགྱོགས་མྱུར་ཐར་ཐུབ་ཀྱི་ཡོད། ད་དུང་བསམ་བློ་དེ་ཡང་གཞན་ཕན་གྱི་བསམ་བློ་རྩེར་བཟུང་ནས་བཏང་ཚེ། གླིང་འདིའི་མི་མཆོག་ཏུ་གྱུར་བ་ཞིག་ཆགས་ངེས་པར་མ་ཟད། རང་ཉིད་ཀྱི་ཕ་མ་དང་མི་རིགས་འདིའི་རྒྱན་ཆ་ཡག་ཤོས་དེ་ཡིན་པས། བརྩེ་བའི་སློབ་གྲོགས་ཆུང་ཆུང་ཚོས་རང་ཉིད་དང་མི་རིགས་ལ་བསམ་བློ་བཏང་སྟེ་བོད་མི་ཡག་པོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་མ་ཟད། ༸གོང་ས་མཆོག་གིས་ཀྱང་ང་ཚོ་བོད་མི་ཚོ་མི་ཡག་པོ་ཞིག་དང་ལྷག་པར་བོད་མི་ཡག་པོ་ཞིག་ཡོང་བར་ཐུགས་རེ་གནང་གི་ཡོད་པ་རེད། བྱས་ཙང་། ང་ཚོས་ཁོང་ཉིད་ཀྱི་ཐུགས་རེ་དེ་ཆུད་ཟོས་སུ་བཏང་ན་ག་ལ་འགྲིག་གམ། གཉིས་པ། བོད་མི་ཤེས་ཡོན་ཅན་ཞིག་ཡོང་བར་ཐུགས་རེ་ཡོད་པ། ཡུལ་གངས་རིས་བསྐོར་བའི་གཞོན་ནུ་དག།སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།དེང་ཤེས་ཡོན་ཚན་རིག་གནས་ལ་བརྩོན། །གནའ་རང་གི་རིག་གཞུང་སྲུང་སྐྱོབ་གྱིས།། གནའ་མེས་པོས་བཞག་པའི་རིག་གཞུང་དང་།།དེང་དུས་ཀྱི་ཤེས་ཡོན་ལག་རྩལ་དག།མི་ང་ཚོས་ལེགས་པར་སྦྱངས་ནས་ནི།།དུས་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱིས།། དེང་དུས་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདི་ལ་ཤེས་ཡོན་དགོས་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད། དེང་སང་སྤྱི་ཚོགས་ནང་ཤེས་ཡོན་མེད་མཁན་ནི་སྔར་དང་རྩིས་ན་བརྒྱ་ཆ་ཧ་ཅང་གི་ཉུང་བ་ཡོད། དེར་བརྟེན་ང་ཚོ་བོད་མི་ལ་མཚོན་ན་ད་ལྟའི་འཆར་ཕ་ཡུལ་མེད་དུས་བཙན་བྱོལ་ལ་གནས་ཡོད་སྟབས་ཤེས་ཡོན་དགོས་རྒྱུ་དེ་གལ་གནས་ཆེན་པོ་ཡིན། ཤེས་ཡོན་དེ་ཡང་ཚན་རིག་དང་ཨང་རྩིས་ནི་དེང་དུས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་དང་ང་ཚོ་བོད་པ་རྣམས་རྗེས་ལུས་མ་ཐེབས་པའི་ཆེད་དེང་དུས་ཤེས་ཡོན་དེ་ཚོ་སྦྱངས་རྒྱུ་གལ་ཆེན་པོ་ཡིན། ང་རང་ཚོ་མི་རིགས་གཞན་དང་ལྷན་དུ་དཔུང་པ་མཉམ་སྦྲེལ་གྱི་ཐོག་སླེབས་ཆེད་གཞན་ལས་ལྷག་པའི་སློབ་ལ་འབད་དགོས། དེང་དུས་སྤྱི་ཚོགས་ལ་མཁོ་བའི་ཤེས་ཡོན་དགོས་པ་དེ། ཨ་ཅང་ཅང་། ཡིན་ཡང་གནའ་རབས་ཀྱི་ང་ཚོ་བོད་མིའི་གོམས་སྲོལ་དང་རིགས་གཞུང་མི་ནུབ་པའི་ཆེད་བོད་ཀྱི་སྐད་དང་ཡི་གེ་ལ་ཧུར་ཐག་བྱས་ཏེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ང་ཚོས་མ་བྱས་ན་སུས་བྱེད། བྱས་ཙང་ང་ཚོ་བོད་པ་ཚོས་གནའ་དེང་ཟུང་འབྲེལ་གྱི་ཐོག་བོད་མི་ཤེས་ཡོན་ཅན་ཞིག་ཆགས་དགོས། གསུམ་པ། འགོ་འཁྲིད་བཟང་པོ་ཞིག་ཡོང་བར་ཐུགས་རེ་ཡོད་པ། ཡུལ་གངས་རི་བསྐོར་བའི་གཞོན་ནུ་དག།སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།རང་འགོ་འཁྲིད་བཟང་པོ་བྱས་པའི་ཚེ།།མགོན་གོང་ས་མཆོག་གི་ཐུགས་རེ་སྒྲུབ།། ཆུང་དང་པོ་སློབ་གྲྭའི་སྡིངས་ཆ་ལས།།འགན་གང་ཐུབ་འཁུར་ནས་བྱ་བ་རྩོམས།།དུས་རིམ་གྱིས་ནང་དང་སྤྱི་ཚོགས་ཡི།།འགན་དེ་འདྲ་འཁུར་ན་འགོ་འཁྲིད་བཟང་།། […]
༸གོང་ས་མཆོག་གིས་བོད་ཕྲུག་ལ་
བསྟན་འཛིན་དབྱངས་སྒྲོན། བཅུ་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ། བོད་ཀྱི་སློབ་ཕྲུག་ནོར་བུའི་ཕྲེང་བ་ཡིས།།རིག་གཞུང་སྐད་ཡིག་གཙང་མའི་རྒྱུན་ཞིག་འཛིན།།བྱམས་དང་སྙིང་རྗེ་ཕྱི་ནང་ཤེས་བྱའི་གཏེར།།༸གོང་ས་ཡབ་རྗེའི་ཐུགས་ཀྱི་རེ་བ་ཡིན།། ད་ལྟའི་འཛམ་གླིང་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་ཆག་འགྲོ་བཞིན་པའི་དུས་སྐབས་འདིར། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བཅངས་པའི་ཐུགས་རེ་གང་གནང་གི་ཡོད་པ་རྣམས་གལ་འགངས་ཆེན་པོ་ཆགས་ཡོད། ཁོང་གི་ཐུགས་རེ་རྒྱ་ཆེ་གཏིང་གཟབ་ཡོད་པ་དེ་དག་ནས་མདོར་ཙམ་ཞུས་ན། ༡༽ བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐུགས་རེ། ༸གོང་ས་མཆོག་གིས་རྟག་ཏུ་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉིས་ཀ་ལེགས་པར་སློབ་སྦྱོང་བྱེད་དགོས་པ་ཡང་ནས་ཡང་དུ་ནན་སྐུལ་གནང་གི་ཡོད། ཁོང་གིས་བཙན་བྱོལ་དུ་འབྱོར་མ་ཐག་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་བོད་ཕྲུག་རྣམས་ལ་དམིགས་བསལ་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་སྐྲུན་གནང་ཡོད། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་རྩ་ཆེའི་ནོར་བུ་རིན་ཆེན་ལྟ་བུ་ཞིག་རེད། བོད་ཀྱི་དཔེ་ཆ་རྙིང་པ་རྣམས་ཀྱི་ནང་ནང་དོན་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚན་མ་རིག་པ་སོགས་གཞུང་ལུགས་མང་པོ་ཞིག་བཞུགས་ཡོད། དེ་དག་ནི་མི་རིགས་གཞན་གྱི་རིག་གཞུང་ནང་དུ་མེད་པའི་ཁྱད་ཆོས་ཤིག་ཡིན་པས། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཤེས་ན། དེའི་ནང་གི་ནོར་བུ་ལྟ་བུའི་ཤེས་བྱ་ཁག་ལ་ཐད་ཀར་སྦྱོང་བརྡར་བྱེད་ཐུབ། ༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་མཉམ་དུ་དེང་རབས་ཀྱི་རིག་གནས་གསར་པ་རྣམས་ལ་སྦྱོང་བརྡར་དང་འབད་བརྩོན་བྱེད་དགོས་པ་གསུངས་ཡོད། དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་ནི་དེང་གི་དུས་རབས་འདིར་མེད་དུ་མི་རུང་བ་ཞིག་ཆགས་ཡོད། དེ་ཡང་ཚན་རིག་དང་། ཨང་རྩིས། རྒྱལ་སྤྱིའི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས་ན། འཛམ་གླིང་གི་ས་ཆ་གང་དུ་ཡིན་ཡང་བོད་པའི་གནད་དོན་སྐོར་སྐད་ཆ་ཤོད་ཐུབ་པ་དང་། དཀའ་ངལ་སེལ་ཐུབ་པའི་ནུས་པ་ཐོན་ངེས་ཡིན་པས། ཁོང་གིས་བོད་ཕྲུག་རྣམས་ལ་རྒྱལ་སྤྱིའི་གནས་བབ་ཤེས་པའི་ཤེས་ཡོན་ཅན་ཞིག་ཆགས་དགོས་པའི་རེ་བ་གནང་གི་ཡོད། ༢༽ བྱམས་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐུགས་རེ། བོད་པའི་སློབ་ཕྲུག་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་སྦྱོང་བརྡར་བྱེད་པ་ཙམ་མ་ཟད། བྱམས་པ་དང་སྙིང་རྗེ། གཞན་ཕན་གྱི་བསམ་པ་བཅས་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་༸གོང་ས་མཆོག་གིས་ནན་གྱིས་གསུངས་ཡོད། འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རྣམས་ཀྱི་རྩ་བ་ནི་སེམས་ནང་གི་འཁོན་འཛིན་དང་། ཞེ་སྡང་། ང་རྒྱལ། ཆགས་སྡང་སོགས་ཀྱི་ཉོན་མོངས་པ་ལས་བྱུང་བ་ཡིན་པས། དེ་དག་ཞི་བའི་ཐབས་ལམ་ནི་བྱམས་པ་དང་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཤེས་རབ་གོང་སྤེལ་གཏོང་རྒྱུ་དེ་ཡིན། ང་ཚོས་ནང་གི་སྙིང་རྗེའི་ས་བོན་འདི་གསོ་སྐྱོང་བྱས་ཏེ་ལྷན་སྐྱེས་ཀྱི་ནུས་པ་དེའི་ཐོག་ནས་ལས་སུ་འཇུག་པ་ནི་གཞི་རྩའི་བདེ་སྐྱིད་ཀྱི་མངོན་འདོད་དེ་སྒྲུབ་པ་ལ་གནད་ཤིན་ཏུ་ཆེ། འགྲོ་བ་རིག་དྲུག་སེམས་ཅན་ཐམས་ཅད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ནི་བྱམས་སྙིང་རྗེ་ཟེར་བ་དེ་རེད། བྱམས་སྙིང་རྗེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པས། གལ་ཏེ་བྱམས་བརྩེ་དང་ཁ་བྲལ་བ་ཡིན་ན་ཁྲག་དྲི་དྲོ་བའི་དམག་འཐབ་ཀྱི་ཁྲོད་དུ་གནས་དགོས་ཀྱི་རེད། བྱམས་སྙིང་རྗེ་ཟེར་བ་དེ་ནི་ངེས་བར་དུ་ཆོས་ལུགས་དང་འབྲེལ་ཡང་རུང་མ་འབྲེལ་ཡང་རུང་། ཤེས་ཡོན་ལྡན་ཡང་རུང་། མ་ལྡན་ཡང་རུང་། གང་ལྟར་མེད་ཐབས་མེད་པའི་རང་བཞིན་ཡིན་པ་ཚང་མས་ཚོར་ཐུབ་ཀྱི་ཡོད། ང་ཚོ་ཐོག་མར་ཨ་མའི་མངལ་ནས་ཐོན་པ་ནས་བཟུང་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་ང་ཚོ་གནས་ཐུབ་པ་བྱུང་ཡོད། སོང་ཙང་ང་ཚོས་འགྲོ་བ་མི་ཞིག་ཡིན་པ་ཆ་ནས་བདེ་སྐྱིད་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་མི་སྒེར་གཅིག་གིས་འོས་འགན་མ་ཡིན་པར་མི་རིགས་ཚང་མའི་འོས་འགན་ཡིན། ༣༽ མི་རིགས་ཀྱི་ཆིག་སྒྲིལ་གྱི་ཐུགས་རེ། ༸གོང་ས་མཆོག་གིས་བཙན་བྱོལ་ནང་གི་བོད་པའི་སློབ་ཕྲུག་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་ཆིག་སྒྲིལ་ལ་དམ་འཛིན་བྱེད་དགོས་པ་གསུངས་ཡོད། སོ་སོའི་མི་རིགས་ཀྱི་གནས་སྟངས་ཤེས་ནས། དེའི་ཐོག་ཕྱག་ལས་གནང་ཐུབ་པའི་ནུས་པ་ཡོད་པའི་ན་གཞོན་རྣམས་ཀྱིས་བོད་པའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ལ་ཕན་ཐོགས་ཡོང་བའི་ཕྱག་ལས་གནང་དགོས། དེ་ཡང་བོད་ནང་གི་བོད་མི་རྣམས་ལ་སེམས་ཐག་ཉེ་བོ་དང་། ཁོང་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད། […]
༸གོང་ས་མཆོག་གིས་བོད་ཕྲུག་ལ་
བསྟན་འཛིན་བདེ་སྐྱིད། བཅུ་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ། ༄༅། །ད་ལོའི་ལོ་འདི་བོད་མི་རིགས་ཀྱི་ཆེད་དུ་གལ་ཆེ་བའི་ལོ་ཞིག་རེད། ད་ལོའི་ལོ་འདི་༸གོང་ས་མཆོག་གི་གོ་སྟོན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དམིགས་བསལ་གྱི་ལོ་ཞིག་རེད། སྔོན་མ་ནས་ད་ལྟ་བར་དུ་༸གོང་མཆོག་གིས་བོད་ཕྲུག་རྣམས་ལ་ཐུགས་རེ་མང་པོ་ཞིག་བཅངས་གནང་ཡོད། ཁོང་གི་ཐུགས་རེའི་ནང་ནས་ཁ་ཤས་ཤིག་ཞུས་པ་ཡིན་ན། ༸གོང་ས་མཆོག་གིས་བོད་ཕྲུག་རྣམས་ལ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་ཐུགས་རེ་གནང་གི་ཡོད། ཁོང་གི་གསུངས་པ་ལྟར་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། མ་འོངས་པར་ང་རང་ཚོ་བོད་རང་བཙན་ཐོབ་པའི་སྐབས་སོ་སོའི་མི་རིགས་ཀྱི་གཞི་རྩ་སྐད་ཡིག་དང་། རིག་གཞུང་མེད་པ་ཡིན་ན། མི་རིགས་ཀྱི་ངོ་བོ་བརླགས་པ་རེད། མི་རིགས་གཞན་གྱིས་ང་ཚོ་བོད་མི་རྣམས་ལ་མཐོང་ཆུང་དང་འཕྱ་སྨོད་བྱེད་ཀྱི་རེད། དེར་བརྟེན། ང་ཚོས་སློབ་སྦྱོང་ལ་ཧུར་བཙོན་བྱས་ནས་རང་གི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་དགོས། དེ་བཞིན་ཕན་ཚུན་བར་དྲང་བདེན་དང་མཐུན་འབྲེལ་བྱེད་དགོས་གསུངས་ཡོད། ཕན་ཚུན་བཀའ་མོལ་གནང་སྐབས་གུས་ཞབས་ལྡན་པའི་ཐོག་ནས་བཤད་དགོས་ གལ་སྲིད་བཞན་ལ་ཕན་ཐོགས་དང་རོགས་རམ་བྱེད་མི་ཐུབ་པ་ཡིན་ན་ཡང་གནོད་རྩ་བ་ནས་བསྐྱལ་རྒྱུ་མེད། དེ་ནི་ཁོང་གི་ཐུགས་རེའི་སྙིང་པོ་ཞིག་རེད། ཁོང་ནི་ང་ཚོའི་བོད་མི་ཚང་མའི་བླ་མ་རྩ་ཆེ་ཤོས་དེ་རེད། ཁོང་གིས་གསུངས་བའི་བཀའ་སློབ་རྣམས་ང་ཚོས་རྒྱུན་དུ་ལག་ལེན་བསྟར་དགོས། ང་ཚོ་བོད་པ་ཚོས་༸གོང་ས་མཆོག་མཇལ་བའི་སྐབས་སུ་དད་གུས་ཆེན་པོས་ཕྱག་འཚལ། མིག་ཆུ་བཏང་ནས་ཁོང་གིས་གསུངས་པའི་ཐུགས་རེ་རྣམས་ལག་ལེན་མ་བསྟར་བ་ཡིན་ན་ངོ་ཚ་དགོས། དེང་སང་ཕྱི་ཡི་མི་རྣམས་ཀྱང་ཁོང་ལ་དད་པ་སྐྱེས་ནས་བཀའ་སློབ་རྣམས་ཡང་ཡང་ཉན་ནས་ཉམས་ལེན་བྱེད་ཀྱི་འདུག ༸གོང་ས་མཆོག་ནི་ང་ཚོ་བོད་པ་ཡོངས་ཀྱི་དབུ་ཁྲིད་ཡིན་པ་གང་ཞིག་རྩ་བའི་བླ་མ་ཡང་ཡིན། ཁོང་གི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད། ང་ཚོ་བོད་པ་ཚང་མས་ཁོང་གི་བཀའ་སློབ་ཐུགས་རེ་རྣམས་ལག་བསྟར་བྱེད་དགོས་པ་ནི་ང་ཚོ་བོད་པ་རྩམ་ཟན་པ་ཡོངས་ཀྱི་ལས་འགན་རེད། ང་ཚོ་བོད་ཕྲུག་ཚོས་ཁོང་གིས་གསུངས་བའི་བཀའ་སློབ་དང་ལམ་སྟོན་རྣམས་ཉན་དགོས་པ་མ་ཟད་ལག་ལེན་ཡང་བསྟར་དགོས། ༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་ནས་བཟུང་བོད་མི་རིགས་ཀྱི་བླ་སྲོག་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་སྐོར་ཡང་ཡང་གསུང་ཀྱིན་ཡོད། ཁོང་གིས་དགོངས་པ་རྒྱ་ཆེན་པོས་བོད་ཕྲུག་ཚོའི་ཆེད་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་གནང་བ་རེད། ཁོང་གིས་བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་རྒྱ་གར་ཡུལ་མི་ལས་བཟང་བ་བསྐྲུན་ཡོད། དེ་ཚོ་ང་ཚོ་བོད་ཕྲུག་ཚོས་ཧ་གོ་ནས་ཁོང་གིས་ཐུགས་རེ་གང་དང་གང་བཅངས་བ་རྣམས་བསྒྲུབ་ཐུབ་པ་བྱེད་དགོས། ཁོང་གི་བཀའ་སློབ་ནང་བོད་རང་དབང་སླར་གསོ་ཡོང་ཆེད་རྒྱ་ནག་དམར་གཞུང་ལ་དམག་བརྒྱག་མི་དགོས་པར་རྒྱ་བོད་གཉིས་དབུ་མའི་ལམ་གྱི་ཐོག་ནས་དཀའ་རྙོག་བསལ་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད། ཁོང་གི་དགོངས་པ་ཆེ་བཞེས་ཀྱི་ཐུགས་རེ་དེ་ང་ཚོ་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་ལག་བསྟར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། ༸གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་ལམ་སྟོན་གནང་བའི་སིའི་ཤེས་ཡོན་གྱི་སློབ་གསོ་རྒྱ་ཁྱབ་འགྲོ་བཞིན་འདུག སིའི་ཤེས་ཡོན་གྱི་སློབ་གསོ་འདི་༸གོང་ས་མཆོག་གིས་གསུངས་གནང་བ་རེད། ཚང་མས་མཁྱེན་གསལ་བཞིན་བོད་པའི་སློབ་གྲྭ་ཚང་མའི་ནང་སིའི་ཤེས་ཡོན་སློབ་ཁྲིད་གནང་གི་ཡོད། ང་ཚོའི་སློབ་གྲྭར་བདུན་ཕྲག་གཅིག་གི་ནང་ཚོགས་ཐུན་གཅིག་སིའི་ཤེས་ཡོན་ཆེད་དུ་བཞག་ཡོད། ཚོགས་ཐུན་དེའི་རིང་སིའི་ཤེས་ཡོན་གྱི་བྱེད་སྒོ་སྣ་ཚོགས་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ཡ་རབས་སྤྱོད་བཟང་ཤ་སྟག་ཅིག་ཡོང་རྒྱུར་ཐུགས་རེ་གནང་གི་ཡོད་པར་ཐེ་ཚོམ་མེད། ༸གོང་ས་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་སྐོར་ལ་བོད་ཕྲུག་ཚོར། མི་ཕན་ཚུན་དབར་འཆམ་པོ་དང་མཐུན་པོ་བྱས་ནས་བསྡད་དགོས་པ་དང་། ཕན་ཚུན་དབར་འབྲེལ་བ་བཟང་པོ་ཞིག་བཟོ་རྒྱུའི་ཐབས་ཤེས་བྱ་དགོས་པ་སོགས་སྐོར་བཀའ་སློབ་མང་པོ་གསུངས་ཡོད། ༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་རེད། ཁོང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་ཐོག་མར་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། སོ་སོའི་སྐད་ཡིག་སྦྱང་རྒྱུ་དེ་གལ་ཆེན་ནང་ནས་དོན་ཆེན་དགོངས་ནས་བོད་ཕྲུག་ཚོར་བོད་པའི་སློབ་གྲྭ་ཟུར་དུ་གསར་བཙུགས་གནང་བ་ནས་སྐད་ཡིག་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་ཡོད། དེ་ནི་༸གོང་ས་མཆོག་གིས་བོད་ཕྲུག་ཚོར་བཅངས་པའི་ཐོག་མའི་ཐུགས་རེ་ཞིག་རེད། དེེར་བརྟེན། ང་རང་ཚོའི་སོ་སོའི་སྐད་ཡིག་ལ་དོ་སྣང་དང་བརྩོན་འགྲུས་བྱས་ནས་སྦྱང་དགོས། བོད་མི་རིགས་འདི་རྒྱ་མིའི་བཙན་གནོན་འོག་ནས་ཐར་ཐབས་སུ་བོད་ཕྲུག་ཚོས་སོ་སོའི་སྐབས་བབ་ཀྱི་རང་ཁྲིའི་སློབ་སྦྱོང་ལ་དོ་སྣང་བྱས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་ནི་༸གོང་ས་མཆོག་གིས་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ་ཞིག་རེད། གལ་སྲིད་རང་ཉིད་ལ་སློབ་སྦྱོང་མེད་ན་བོད་དོན་ཕར་བཞག་ནས་སོ་སོའི་མི་ཚེའི་དཀའ་ངལ་ཡང་སེལ་མ་ཐུབ་ནས་ལྷག་རྒྱུའི་ཉན་ཁ་ཡོད། ༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་རེད། ཁོར་ཡུག་ཟེར་བ་དེ་ང་རང་ཚོའི་འཚོ་སྡོད་བྱེད་སའི་རང་བྱུང་ཁམས་ཀྱི་དངོས་པོ་ཡོད་ཚད་ལ་ཟེར་བ་རེད། དངོས་པོ་འདི་དག་ཆ་ཚང་ཞིག་གཅིག་ལ་གཅིག་བརྟེན་ནས་གནས་ཡོད། ང་རང་ཚོའི་ཉེ་འཁོར་ཀྱི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་སྟངས་ཁ་ཤས་ཞིག་བཤད་ན་ཐོག་མར་རང་ཉིད་ཀྱི་གནས་སའི་ཉེ་འཁོར་དང་སྤྱི་སྤྱོད་ཀྱི་གནས་གཞི་གང་དུའང་གད་སྙིགས་སོགས་མ་གཡུགས་པར་ཤིང་ནག་དང་། མེ་ཏོག་བཅས་འདེབས་འཛུགས་བྱེད་དགོས། […]

