Skip to main content
ཤེས་རིག་ལས་ཁུངས།

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

བསྟན་འཛིན་བདེ་ལྡན།འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། འབྲོག་པ་ཚོས་སེམས་ཅན་འཚོ་སྐྱོང་གི་སྐོར་དང་ཁོར་ཡུག་སྐོར་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད་པ་རེད། བོད་མི་བརྒྱ་ཆ་བཅུ་ལྷག་ཙམ་འབྲོག་པ་རེད། འབྲོག་པ་དག་གི་ཁ་ལག་དགའ་ཤོས་ནི་ཤ་མར་ཐུད་གསུམ་དང་རྩམ་པ་རེད། ཁོ་ཚོ་བོད་ཇ་དང་འབྲོག་ཇ་འཐུང་རྒྱུར་དགའ། འབྲོག་པ་ནི་བོད་ཀྱི་ཆེས་གདོད་མའི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གལ་གནད་ཆེ་ཤོས་རེད། ཁོ་ཚོའི་འཚོ་བ་སྐྱེལ་ས་གཙོ་བོ་བྱང་ཐང་རེད། འབྲོག་པས་སྒོ་ཕྱུགས་སེམས་ཅན་གཡག་དང་འབྲི། ར་དང་ལུག མཛོ་ཕོ་མོ་སོགས་བདག་སྐྱོང་བྱེད་ཀྱི་ཡོད། ཁོང་ཚོ་དབྱར་ཁ་ས་མཐོ་ས་དང་དགུན་ཁ་ས་དམའ་སར་གནས་སྡོད་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོས་བོད་དུ་བཙན་འཛུལ་བྱས་ནས་བོད་ས་ཡོངས་རྫོགས་བཟུང་རྗེས། བོད་ཀྱི་ཆོས་དང་རིག་གཞུང་དང་། གནས་རྩ་ཆེན་མང་པོ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པའི་ཐོག །བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་ཡང་དོ་ཕོག་ཆེན་པོ་བཏང་ཡོད། རྒྱ་དམར་གྱིས་བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་བཏང་སྟེ་གྲོང་དང་གྲོང་རྡལ་ལ་མར་གནས་སྤོ་བྱེད་དུ་འཇུག་གི་ཡོད། རྒྱུ་མཚན་ནི་དེ་ལྟར་བྱེད་པ་ནི་རྒྱ་དམར་གྱིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་ཆ་ཤས་ཤིག་རེད། ཕྱི་ལོ་ ༡༩༦༠ ནས་ད་བར་ཚོད་རྩིས་བྱས་ན་བོད་ཀྱི་འབྲོག་པའི་གྲངས་བརྒྱ་ཆ་ལྔ་བཅུ་ལས་ལྷག་ཇེ་ཉུང་དུ་ཕྱིན་ཡོད། འབྲོག་པའི་སེམས་ཅན་རྣམས་རྒྱ་མིས་ཉོས་ནས་བཤས་རར་ཁྲིད་དེ་ཤ་ཡིས་ཐོན་རྫས་འདྲ་མིན་བཟོས་ཏེ་རྒྱ་ནག་གིས་གཙོས་ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འགྲེམས་བྱེད་ཀྱི་ཡོད། འབྲོག་པ་ཚོར་འཚོ་སྡོད་བྱེད་སའི་ས་གནས་སམ་ཁང་པ་གཏན་འཇགས་མེད་པར་ས་གནས་གཅིག་ནས་གཞན་ལ་ཡང་ཡང་གནས་སྤོ་བྱེད་ཅིང་། སྦྲ་གུར་ནང་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། སྦྲ་གུར་ཟེར་བ་ནི་སྤྱིར་བཏང་གི་གུར་དང་མི་འདྲ་བར་རྒྱུ་གཡག་གི་རྩིད་པ་ལས་བཟོས་པའི་གུར་ཁྱད་པར་འཕགས་པ་ཞིག་ཡིན། དེ་ལ་དབྱར་ཁ་ཆར་པ་ཁོག་པ་དང་། དགུན་ཁ་གནམ་གཤིས་གྲང་དུས་རླུང་པོ་ཁོག་པའི་ནུས་པ་ཡོད་ཅིང་། ཆེ་ཆུང་སྣ་ཚོགས་ཡོད་དེ་ཆེ་བ་ལ་མི་ཉི་ཤུ་རྩ་གྲངས་ཤོང་བ་དང་། ཆུང་བ་ལ་མི་གཉིས་གསུམ་སྡོད་ས་ཡང་ཡོད། སྔོན་དུས་བོད་ས་མ་ཤོར་གོང་འབྲོག་པ་ཚོའི་འཚོ་བ་རང་འདོད་དང་། ས་གནས་གར་སྤོ་རང་དབང་ཡིན་ཡང་། ད་ཆ་འབྲོག་པས་རྒྱ་དམར་གཞུང་ལ་འབྲོག་ཁྲལ་ཁྱོན་ཆེ་སྤྲོད་དགོས་ཐོག། རྩ་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བདག་པོ་བརྒྱབ་ནས་གནས་སྤོ་གང་བྱུང་བྱ་ཐབས་མེད་པར་གྱུར་ཡོད། སྔ་དུས་བོད་ཀྱི་འབྲོག་པ་ཚོ་རང་འབྱུང་ཁམས་ལ་བརྩེ་ཞེན་ཆེན་པོ་དང་འདོད་ཆུང་ཆོག་ཤེས་ཀྱིས་འཚོ་ཐབས་ལ་གོམས་ཡོད་པས་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་མེད། ཁོ་ཚོས་རང་བྱུང་ཁམས་དང་འདྲེས་ནས་འཚོ་བཞིན་ཡོད། དེ་ཡང་སྐྱེས་པ་ཚོས་ཞོགས་པ་ཡར་ལངས་རྗེས་ཁ་འདོན་དགེ་སྦྱོར་དང་། ལྷ་དང་སྲུང་མར་བསངས་མཆོད་དུ་བདུག །དེ་ནས་གནག་ཕྱུགས་འཚོ་རུ་འགྲོ་ཞིང་། དགོང་དྲོ་ནང་ལ་རྩིད་སྐུད་འཁེལ་བ་སོགས་ཀྱི་བྱ་བ་བྱེད། བུད་མེད་ཚོས་འོ་མ་འཇོ་བ་དང་། ཁ་ལག་གཡོ་བ། འོ་མ་དཀྲོག་ནས་མར་ཕྱུར་སོགས་ཐོན་རྫས་བཟོ་བར་བྱེད་ཅིང་། མཚམས་རེ་ཁོང་ཚོས་འབྲོག་ས་བྱུང་བའི་ཅ་དངོས་རྣམས་ཁྱེར་ནས་གྲོང་དང་གྲོང་རྡལ། ཁྲོང་ཁྱེར་སོགས་ལ་འཚོང་བར་འགྲོ་གི་ཡོད། འོན་ཀྱང་ད་ཆ་རྒྱ་དམར་གྱི་སྡུག་རྩུབ་ཆེ་བའི་སྲིད་བྱུས་འོག་འབྲོག་ས་ཕལ་ཆེ་བ་གཏེར་གྱི་ཆེད་སྔོག་འདོན་དང་། རྩ་ས་སྦོམ་ནས་རྒྱ་མི་གནས་སྤོས་སུ་སླེབས་པ་ཁག་གི་ཞིང་སར་བསྒྱུར་དང་སྒྱུར་གྱིན་ཡོད་པས་བོད་ཀྱི་འབྲོག་པའི་འཚོ་བ་རླུང་ཁྲོད་ཀྱི་མར་མེར་གྱུར་ཡོད། ངས་རྩོམ་ཡིག་འདི་འབྲི་སྐབས་བོད་ཀྱི་འབྲོག་པའི་སྐོར་རྩོམ་ཡིག་དང་གསར་འགྱུར་སོགས་མང་པོ་ཞིག་བལྟས་པ་ཡིན། དེ་དག་ཚང་མའི་བརྗོད་བྱ་ནི་གཅིག་འདྲ་རེད་འདུག །དེ་ཡང་ད་ལྟའི་བོད་ཀྱི་འབྲོག་པ་ནི་མེས་ཚིག་མེར་ཐུག་གི་གནས་སུ་གྱར་ཡོད་པ་དེ་རེད། དེ་ནི་བོད་ཀྱི་རིག་གཞུང་དང་ལམ་སྲོལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་གྱོང་གུད་ཚབས་ཆེན་ཞིག་རེད་ལ། རྒྱ་ཆེ་ས་ནས་བཤད་ན་གོ་ལ་ཧྲིལ་པོར་གྱོང་གུད་ཆེན་པོ་ཞིག་རེད། དེར་བརྟེན་ང་ཚོས་ངེས་པར་བོད་ཀྱི་འབྲོག་པ་རྩ་མེད་བཟོ་བའི་རྒྱ་དམར་གྱི་སྲིད་བྱུས་ངན་པ་དེ་ལ་མཐའ་གཅིག་འགོག་རྒོལ་བྱ་དགོས་སོ།།

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

བསྟན་འཛིན་ཆོས་འཛོམས།འཛིན་རིམ་བཅུ་གཅིག སཾ་བྷོ་ཊ་ཧར་པ་པུར་ཉིན་སློབ། ང་ཚོ་བོད་མི་རྣམས་ནི་བྱམས་སེམས་ཆེ་བ་དང་། ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན། བོད་མིའི་འཚོ་ཐབས་གཙོ་བོ་གསུམ་ཡོད་པ་ནི། ཞིང་ལས་དང་། འབྲོག་ལས། ས་མ་འབྲོག་བཅས་གསུམ་ཡིན། སྐབས་འདིར་གུས་མོ་ངས་ང་ཚོ་བོད་ཀྱི་འབྲོག་པའི་འཚོ་ཐབས་སྐོར་རང་ཤེས་གང་དྲན་ཞིག་སྙིང་ཉེ་བའི་བོད་ཕྲུག་རྣམས་ལ་བསམ་ཚུལ་བརྗེ་ལེན་གྱི་ཚུལ་དུ་འབྲི་རྒྱུ་ཡིན། ནོར་ལུག་སོགས་གཉེར་སྐྱོང་གཙོ་བོ་བྱེད་པ་དང་། རྟ་ནོར་ལུག་གསུམ་ལ་བརྟེན་པའི་འཚོ་ཐབས་ནི་འབྲོག་ལས་ཤིག་ཡིན། འབྲོག་པ་རྣམས་ནི་ས་ཆ་གཅིག་ཏུ་གནས་སྡོད་བྱེད་ཀྱི་མེད། བོད་ཀྱི་འབྲོག་པ་རྣམས་དཔྱིད་ཀ་དང་། དབྱར་ཁ། དགུན་ཁ་སོགས་ནམ་དུས་སྐྱིད་ས་དང་། རྩྭ་ཆུ་འཛོམས་ས། ཚ་དྲོད་སྙོམས་ས་ལ་བརྟེན་ནས་དུས་ནས་དུས་སུ་སྦྲ་གུར་སྤོ་ཡི་ཡོད། འབྲོག་པ་རྣམས་ཀྱི་འཚོ་རྟེན་གཙོ་བོ་ནི་རྟ་ནོར་ལུག་གསུམ་ཡིན་སྟབས། འབྲོག་པ་རྣམས་ཀྱི་རྟ་ནོར་ལུག་གསུམ་ལ་གཅེས་སྐྱོང་དང་། བདག་གཅེས་དམིགས་བསལ་བྱེད་ཀྱི་ཡོད། རྟ་ནོར་ལུག་གསུམ་རང་བྱུང་ཁོར་ཡུག་ལ་བརྟེན་ནས་འཚོ་ཡི་ཡོད་སྟབས། འབྲོག་པ་རྣམས་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་། བདག་གཅེས་བྱེད་ཀྱི་ཡོད། མཛེས་པའི་རྩྭ་ཐང་དང་། དྭངས་ཤིང་གཙང་བའི་རྒྱུགས་ཆུ་ནི་རྟ་ནོར་ལུག་གསུམ་གྱི་ཚེ་སྲོག་གི་ཟུངས་ཁྲག་ལྟ་བུ་ཡིན་པས། འབྲོག་པ་རྣམས་ནས་དེ་དག་ལ་རང་བཞིན་ལྷན་སྐྱེས་ནས་བརྩེ་སེམས་དང་དུང་ཞེན་ཟབ་མོ་ཞིག་ཡོད། རྟ་ནོར་ལུག་གསུམ་རྩྭ་ཐང་སྟེང་དུ་ཞི་བདེ་བག་ཕེབས་ངང་གནས་ཤིང་། གནམ་མཆོང་ས་མཆོང་བྱེད་དུས་འབྲོག་པ་རྣམས་ཀྱི་བཞིན་རས་དགའ་བའི་འཛུམ་མདངས་ཀྱིས་ཁེངས་བཞིན་ཡོད། མ་ཟད། སྤང་རི་དང་། རྫ་རི་དེ་དག་ལས་འཐུལ་ཡོང་བའི་དྲི་ཞིམ་ནི་སྨན་གྱི་དྲི་ཞིམ་དང་གཉིས་སུ་མེད་པས་རྟ་ནོར་ལུག་གསུམ་གྱི་ཤ་ཤེད་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། འབྲོག་པ་རྣམས་རང་བཞིན་གྱི་གཤིས་ཀ་བཟང་པོ་དང་། དྲང་བདེན་ཅན་ཞིག་གི་མི་ཞིག་ཡིན་ལ། བོད་མི་རིགས་ནས་མིག་དཔེ་ལྟ་ས་ཞིག་ཀྱང་ཡིན། ཁོ་ཚོས་རྒྱུན་དུ་གཞན་ལ་རོགས་རམ་དང་། ནང་ཁུལ་ཕན་ཚུན་འཆམ་པོ། མགོ་སྐོར་བསླུ་ཁྲིད་ཀྱི་བསམ་བློ་གཏན་ནས་མེད་མཁན་ཞིག་ཡིན། རྟག་ཏུ་རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་དེད་དེ་རྩྭ་ཐང་དང་། རི་ལུང་། སྤང་གཤོངས་སོགས་སུ་སྐྱོད་བཞིན་ཡོད། འབྲོག་པ་རྣམས་ཀྱི་རོགས་པ་ཡག་ཤོས་ནི་རྟ་ནོར་ལུག་གསུམ་དང་། ནམ་མཁའ་ཡི་ཉི་ཟླ་སྐར་གསུམ། རྩྭ་ཐང་གི་སྣ་ཚོགས་མེ་ཏོག་ཡིན། འགྲོ་བ་མིའི་ལུས་སྟོབས་འཚར་ལོངས་བྱེད་སྟངས་ནི་ཟས་བཅུད་དང་ཁོར་ཡུག་ལ་རག་ལུས་ཡོད་སྟབས། འབྲོག་པ་རྣམས་ཀྱི་ཁ་ལག་གཙོ་བོ་ནི་ཤ་མར་ཐུད་གསུམ་ཡིན། ཁོ་ཚོའི་གྱོན་གོས་ཡང་གཙོ་བོ་ནོར་ལུག་གི་རྩིད་པ་དང་། བལ། སྤུ་སོགས་ཡིན། འབྲོག་པ་རྣམས་ཀྱི་ཟས་བཅུད་ནི་ཧ་ཅང་བཅུད་ཆེ་བས་ཁོ་ཚོའི་གཟུགས་པོའི་སྟོབས་ཀྱང་ཆེན་པོ་ཡོད། རྒྱུན་གཏན་བོད་ཕྲུག་ང་ཚོའི་ཁ་ལ་གླུ་གཞས་ཤིག་གོམས་ཡོད་པ་ནི། ང་ཚོ་བོད་ཀྱི་འབྲོག་པ། ཟ་རྒྱུ་འཐུང་རྒྱུ་ཞིམ་ལ། ཕྱུ་ར་མར་དང་གཡག་ཤ། ཟེར་བ་ལྟར་འབྲོག་པ་རྣམས་ཀྱི་འཚོ་རྟེན་ནི་སྟབས་བདེ་ཞིང་། ཟས་བཅུད་ཆེ་བ་ཞིག་ཡིན། […]

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

བསྟན་འཛིན་ཆོས་བཟང་།འཛིན་རིམ་བཅུ་གཅིག མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། འབྲོག་པ་ཞེས་པ་ནི་གནའ་བོའི་མི་རྣམས་ཀྱི་འཚོ་བའི་གནས་སྟངས་ཀྱི་བརྒྱུད་ལམ་ཡིན་ཞིག་རེད། ཡང་གཅིག་བཤད་ན་གོ་ལ་འདིའི་ཐོག་འཚོ་སྡོད་བྱེད་པའི་མི་རིགས་ཡོངས་ཀྱི་ཕ་མེས་ཚོས་འབྲོག་པའི་འཚོ་བ་མ་བརྒྱུད་པ་མེད་པར་སེམས། ཐོག་མར་འབྲོག་པ་རྣམས་ཀྱིས་སེམས་ཅན་བདམས་ནས་གསོ་སྐྱོང་བྱེད་པའི་འགོ་བཙུགས་ཤིང་། རིམ་པས་སེམས་ཅན་དེ་དག་ལ་སྒོ་ཕྱུགས་སེམས་ཅན་ཞེས་པའི་ཐ་སྙད་འདི་བཏགས་པ་རེད། དེ་ནས་ལོ་རབས་སྟོང་ཕྲག་མང་པོའི་རིང་མིའི་འཚོ་ཐབས་ལ་འགྱུར་བ་ཆེན་པོ་བྱུང་བ་དང་། མི་རྣམས་ཀྱིས་རང་རང་གི་མོས་ཕྱོགས་དང་འཇོན་ནུས་ལ་བརྟེན་ནས་འཚོ་ཐབས་སྣ་ཚོགས་སྤྱད་མྱོང་བ་རེད། འོན་ཀྱང་འཛམ་གླིང་གི་ས་ཕྱོགས་གང་སར་འབྲོག་པའི་སྲོལ་རྒྱུན་མ་ཉམས་པར་གཅེས་འཛིན་བྱས་ཏེ་འཚོ་བ་སྐྱེལ་མཁན་ཡང་ཧ་ཅང་མང་པོ་ད་ལྟ་ཡང་ཡོད་པ་རེད།  འབྲོག་པས་གཙོ་བོ་སེམས་ཅན་ལས་བྱུང་བའི་ཐོན་ཁུངས་ཁག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། རང་རེ་བོད་ལ་ཆ་བཞག་ན་བོད་ཀྱི་དཔལ་ཡོན་དར་བ་ནས་འཚོ་ཐབས་སྣ་ཚོགས་བྱུང་ཡོད་རུང་། བོད་ས་སྟོད་སྨད་གང་སར་འབྲོག་པ་མང་པོ་ཡོད། འབྲོག་པ་རྣམས་ནི་སེམས་ཅན་ལ་བརྟེན་དགོས་གཤིས་སེམས་ཅན་གྱི་ཆེད་རྩ་དང་ཆུ་བཟང་སར་གནས་དགོས་ཤིང་། ས་གནས་གཅིག་ལ་རྩྭ་ཆུ་ཉུང་དུ་འགྲོ་སྐབས་རྩྭ་ཆུ་འབེལ་སར་གནས་སྤོ་བྱེད་དགོས་ཀྱི་ཡོད། དེར་བརྟེན་འབྲོག་པར་གཏན་སྡོད་ཁང་པ་མེད་པར་སྦྲ་གུར་ནང་སྡོད་ཀྱི་ཡོད། སྦྲ་གུར་ནི་གནས་སྤོ་སྐབས་འཁྱེར་རྒྱུ་སྟབས་བདེ་ལ། རྒྱུ་ཆ་ཚང་མ་འབྲོག་པ་རང་གིས་བཟོ་གི་ཡོད་པས་སྟབས་བདེ་ལ་ལས་སླ་བའི་ཁྱད་ཆོས་ལྡན་ཡོད། བོད་ཀྱི་འབྲོག་པས་སྒོ་ཟོག་གཡག་དང་། འབྲི། ལུག །ར། མཛོ། མཛོ་མོ། རྟ་བཅས་ཉར་གྱི་ཡོད། འབྲོག་པ་ཕལ་ཆེ་བས་རྟ་ལ་དང་འདོད་ཆེན་པོ་བྱེད་པ་རེད། རྟ་ལས་འབྲོག་པར་ཐོན་སྐྱེས་གཅིག་ཀྱང་མི་སྟེར། འོན་ཀྱང་རྟ་ཞེས་པ་ནི་བཞོན་བྱ་དང་ཁལ་དགལ་ས་སོགས་ལ་བེད་སྤྱོད་བྱེད། འབྲོག་པ་འགའ་རེར་རྟ་བཅུ་གྲངས་ཡོད། ཁོང་ཚོས་ཕན་ཚུན་རྟ་བཟང་ལོས་འགྲན་བསྡུར་དང་། མཚམས་རེར་རྟ་རྒྱུགས་འགྲན་བསྡུར་ཡང་བྱེད་པ་རེད། ཁོང་ཚོས་རྟ་རྣམས་ལོ་རྒས་པའམ་ནད་ཀྱིས་མ་ཤི་བར་བདག་ཉར་བྱེད་ཀྱི་ཡོད། ཤི་རྗེས་བྱ་རྒོད་ལ་སྟེར་བ་ལས་བོད་མིས་རྟ་ཤ་ནམ་ཡང་མི་ཟ།  འབྲོག་པ་རྣམས་ཀྱི་ཐོན་ཁུངས་གཙོ་བོ་ནི་ཚགས་ཤ་དང་། ལུག་ཤ། འོ་མ། མར། ཕྱུར་བ། བལ། རྩིད་པ། ཀོ་བ། ཁུ་ལུ་སོགས་ཡིན། ཁོང་ཚོས་ཐོན་རྫས་དེ་དག་ཞིང་པ་དང་། ཚོང་པར་ཚོང་འབྲེལ་བྱས་ཏེ་རྒྱུན་མཁོའི་ཟ་ཆས་དང་གྱོན་ཆས་ཉོ་སྒྲུབ་བྱེད་ཀྱི་ཡོད། སྔོན་མ་བོད་ཀྱི་འབྲོག་པ་རྣམས་འབྱོར་ཕྱུག་ལྡན་པ་ཡོད་ཀྱང་། འཚོ་བ་སྐྱེལ་སྟངས་ཉམ་ཆུང་དང་སེམས་པ་བཟང་པོ། ཆོས་དད་ཆེན་པོ་བཅས་ཡོད། བོད་ཀྱི་འབྲོག་པས་གྱོན་ཆས་ཕལ་ཆེ་བ་རང་ས་ནས་བཟོས་པ་གྱོན་གྱི་ཡོད། དེ་དག་ནི་བལ་དང་། ཁུ་ལུ་སོགས་ཡོགས་ནས་བཏགས་ཏེ་བཟོས་པ་རྐྱང་རེད། ལ་ལས་གྱོན་གོས་དང་མལ་ཆས་བཟོས་ནས་ཕྱི་ལ་འཚོང་གི་ཡོད། དེ་ལྟར་བྱེད་པ་ལ་འབྲོག་པ་དག་ལ་ལས་འགན་མང་པོ་ཡོད། བུད་མེད་ཚོས་ཞོགས་པ་སྔ་པོ་ཡར་ལངས་ཏེ་ཞོགས་ཇ་བཟོ་དགོས་ཤིང་། དེ་ཟིན་རྗེས་འབྲི་དང་མཛོ་མོ་འོ་མ་འཇོ་བ་དང་། ཞོ་དང་འོ་མ་ལས་མར་འདོན་པ། ཕྱུར་བ་དང་ཐུད་བཟོ་བ་སོགས་བྱེད་དགོས། […]

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

བསྟན་འཛིན་འཆི་མེད།འཛིན་རིམ་བཅུ་པ། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། ཡངས་ཤིང་རྒྱ་ཆེའི་སྤང་ལྗོངས་སྟེང་། །གནག་ཕྱུགས་རྩི་ཤིང་ལ་བརྟེན་ནས། །འཚོ་བ་སྐྱེལ་བར་ཆེས་མཁས་པ། །གངས་ལྗོངས་བོད་ཀྱི་འབྲོག་པ་ཡིན། ། ང་ཚོ་བོད་པ་ཕལ་ཆེ་བ་ཞིང་པ་དང་འབྲོག་པའི་འཚོ་བ་གང་རུང་ལ་བརྟེན་ནས་མི་ཚེ་སྐྱེལ་གྱི་ཡོད། འབྲོག་པའི་མི་ཚེ་ནི། རང་བྱུང་ཁམས་དང་མཐུན་པར་གནས་ཤིང་། ཁོ་ཚོའི་ཁོར་ཡུག་དེའང་གནག་ཕྱུགས་ཆེད་རྩྭ་བཟང་ས་དང་ཆུ་བཟང་སར་གནས། དེའི་ཆེད་ས་གནས་གང་སར་ཡང་ནས་ཡང་དུ་གནས་སྤོ་བྱེད། གནའ་མོའི་བོད་ཀྱི་འབྲོག་པ་རྣམས་ནི་མཐུན་རྐྱེན་འཛོམས་པོ་མེད་ལ། རྒྱལ་ཁབ་གཞན་དང་འབྲེལ་བ་མེད་པ་ལྟ་ཅི་སྨོས། ལུང་པའི་མི་གཞན་དང་འབྲེལ་བ་ཉུང་། འོན་ཀྱང་གཙང་ཞིང་གྲང་བའི་གཙང་ཆུ་དང་། ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ལ་བརྟེན་ནས་འཚོ་བ་ཡིན་ལུགས་ཚུལ་དང་ལྡན་པ་དང་། ཞི་བདེའི་ངང་སྐྱེལ་གྱི་ཡོད། བོད་ཀྱི་འབྲོག་པ་ཚོའི་འཚོ་བ་གཙོ་ཆེ་བ་སྤང་ལྗོངས་བཟང་སར་བསྐྱལ་ནས་གནས་ཤིང་། ཁོ་ཚོར་གནག་ཕྱུགས་གྲངས་ལས་འདས། བོད་ནང་འབྲོག་པས་གནག་ཕྱུགས་གསོ་ཉར་བྱས་པ་དག་ནི། ར་ལུག་དང་། གཡག མཛོ། འབྲི། རྟ་སོགས་ཧ་ཅང་མང་ལ། གནག་ཕྱུགས་དེ་དག་གི་ཁ་གྲངས་ཡང་ཉུང་ཉུང་མིན། གནག་ཕྱུགས་ནང་ནས་གཙོ་བོ་གཡག་ཡིན་ཞིང་། གཡག་ལ་དབྱེ་བ་མང་སྟེ། གཡག་ཁམ་པ་དང་། གཡག་གྭ་པ། ཨ་ཡུ་སོགས་ཡོད་ལ། དེ་བཞིན་རྨོན་གཡག་དང་ཁལ་གཡག་ཅེས་བྱ་བའི་ཆ་ནས་ནས་དབྱེ་བ་འབོད་སྲོལ་ཡོད། འབྲི་ལས་འོ་མ་འཇོ་བར་ཕན་ཐོགས་ཡོད་ལ། རྟ་རྣམས་ཕར་ཚུར་ས་ཆ་ཞིག་ནས་གཞན་ཞིག་ཏུ་ལན་བསྐྱལ་རྒྱུའམ་འབྲེལ་གཏུག་ཆེད་བཞོན་གྱི་ཡོད། དེ་ལྟ་བུའི་བདེ་སྐྱིད་ལྡན་པའི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་དེང་གི་ཆར་ཞེ་དྲག་ཉུང་དུ་ཕྱིན་ཡོད། རྒྱ་དམར་གཞུང་ནས་བོད་ཀྱི་འབྲོག་པ་ཚོར་ཁང་པ་གཡར་བའི་གན་རྒྱ་བཞག་ཅིང་། ཁོ་ཚོའི་གནག་ཕྱུགས་བཙོང་དུ་བཅུག མཐར་འབྲོག་པ་ཚོར་ཤེས་ཡོན་མེད་པས་ལས་ཀ་རག་པ་དཀོན་པས་ཁང་གླ་སྤྲོད་མ་ཐུབ་པར་བུ་ལོན་སྤྲད་དགོས་པ་སོགས་དཀའ་སྡུག་གང་མང་ཕྲད་ཅིང་། རྒྱ་གཞུང་ནས་འབྲོག་པའི་ས་ཆ་རྣམས་སྔོག་འདོན་བྱས་ཏེ་གཏེར་ཁ་མང་པོ་བཏོན་ཡོད་ལ། དེར་བརྟེན་སའི་བཅུད་ཉམས་པ་སོགས་གནོད་སྐྱོན་ཆེན་པོ་བཏང་ཡོད། ང་ཚོ་བོད་ཀྱི་ས་ཆུ་སོགས་པའི་རང་བྱུང་ཁམས་དང་། ཐུན་མོང་མིན་པའི་རིག་གཞུང་དང་ལུགས་སྲོལ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་སྟངས་དེ་དག་རྒྱ་མིས་ག་ལེར་རྩ་མེད་བཟོས་ཏེ། ཕྱིས་སུ་བོད་ཅེས་པ་དཔང་རྟགས་མེད་པ་དང་། རིག་གཞུང་མེད་པ། ས་མེད་པར་འགྱུར་བ་སོགས་ཆགས་ས་བརྟེན་ས་མེད་པའི་ཉེན་ཁ་ཡོད་ཅིང་། དེ་རྣམས་མི་ཉམས་རྒྱུན་འཛིན་སླད་ང་ཚོས་བོད་ཀྱི་ལོ་རྒྱུས་རིག་གནས་དང་གནའ་བོའི་བོད་ཀྱི་ལུགས་སྲོལ་དག་ཤེས་དགོས་པ་གལ་ཆེན་ཡིན། འབྲོག་པ་ཚོས་བལ་གྱི་ལས་དང་། འོ་མ་འཇོ་བ་སོགས་ཟས་རིགས་ཀྱི་ལས་བྱེད། འབྲོག་ཕྲུག་ཚོས་ར་ལུག་སོགས་རི་མགོར་བརྫི་བའམ་རྩེད་མོ་རྩེ་བ་སོགས་བྱེད་ཀྱི་ཡོད། དེ་བཞིན་ཁོ་ཚོས་ཁུ་ལུ་དང་རྩིད་པ་ལས་ཐག་པ་དང་། ཕད་སྒྱེད། གདན་སོགས་ཀྱང་བཟོ་ཡི་ཡོད། སྒོ་ཕྱུགས་ཀྱི་ལྕི་བ་ནི་དགུན་དུས་ཐབ་ལ་མེ་གཏོང་ཆེད་དགོས་མཁོ་ཆེན་པོ་ཡོད། འབྲོག་པ་ཚོའི་ཟས་གཙོ་ཆེ་བ་ནི། […]

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

བཀྲ་ཤིས་བཟང་པོ།འཛིན་རིམ་བཅུ་པ། སཾ་བྷོ་ཊ་ཧར་པ་པུར་ཉིན་སློབ། བོད་མཐོ་སྒང་དུ་འཚོ་བ་སྐྱེལ་མཁན་གྱི་འབྲོག་པ་རྣམས་ནི་བོད་གངས་ལྗོངས་ཀྱི་བདག་པོ་མཛེས་སྡུག་དང་ལྡན་པ་ཞིག་ཡིན། འབྲོག་པ་རྣམས་ལོ་ལྟར་དབྱར་ཁའི་སྐབས་སུ་རི་བོ་མཐོ་ས་སྒང་ལ་འཚོ་བ་སྐྱེལ་བ་དང་དགུན་ཁའི་སྐབས་མར་བབས་ནས་མཚེར་ས་བརྗེ་བོ་བརྒྱབ་སྟེ་ས་ཆ་གཅིག་ནས་གཅིག་ལ་འཚོ་བ་སྐྱེལ་གྱི་ཡོད། དེ་ལྟར་ནོར་ལུག་རྣམས་ལ་གཟན་རྩྭ་གང་བཟང་འགྲོ་གི་ཡོད། འབྲོག་པའི་འབྲོག་གླུ་ནི་སྙན་པོ་ཡོད་ལ། འབྲོག་མོའི་འབྲི་མོའི་བཞོ་དབྱངས་ནི་དེ་བས་ཀྱང་སྙན་འཇེབས་དང་ལྡན་པ་ཞིག་རེད། ཟས་རྣམས་བཅུད་ཆེ་ལ་ཧ་ཅང་ཞིམ་ཞིང་དེ་ནི་འབྲོག་མོའི་ལག་པ་དང་ལག་ཆ་སོགས་ལ་བརྟེན་ནས་བཟོས་པ་རེད། དཔེར་ན། སྦྲ་ནག་གི་སྒོ་ཁར་བུ་མོ་རྣམས་ཀྱིས་ཟོ་བ་ནང་འོ་མ་དང་ཞོ་འདྲེས་མ་བླུགས་ཏེ་དཀྲོག་ནས་མར་ལེན་པ་དང་། མར་ལེན་ཚར་རྗེས་ད་ར་ནི་སླ་ང་ནང་དུ་བླུགས་ནས་བསྐོལ་བ་རེད། དེ་ལྟར་བསྐོལ་བ་ནི་ད་ར་ནང་གི་ཕྱུར་བ་དང་ཕྱུར་ཁུ་ལོགས་སུ་ཐོན་ཆེད་ཡིན། དེ་རྗེས་ཕྱུར་སྒྱེ་ནང་བླུགས་ཏེ་ཕྱུར་བ་བཙགས། ཕྱུར་ཁུ་སྣོད་གཞན་ཞིག་གི་ནང་དུ་ལེན། ཕྱུར་ཁུ་ནི་འབྲོག་ཁྱི་སོགས་ཀྱི་ཁྱི་ལྟོ་ལ་བེད་སྤྱོད་བྱེད། འབྲོག་པ་བྱ་རྒྱུ་དེ་ལས་སླ་པོ་ཞིག་ཡང་མ་ཡིན་པས། མི་མང་པོ་ཞིག་འབྲོག་པའི་འཚོ་བ་སྐྱེལ་རྒྱུ་དགའ་བོ་དེ་ཙམ་མེད་པ་རེད། ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ། ཉིན་གང་བོར་སེམས་ཅན་མང་པོ་ཞིག་ལ་ལྟ་སྐྱོང་བྱ་རྒྱུ་སོགས་ལས་ཀ་དཀའ་ལས་ཁག་པོ་མང་པོ་ཞིག་ཡོད་ལ། དེ་ལས་ཀྱང་ཉོབ་སྣང་ཆེ་བ་ཞིག་ནི་ཉིན་གང་པོར་ཕྱུགས་ཟོག་གི་རྗེས་དེད་ནས་འགྲོ་དགོས་པ་དེ་རེད། འབྲོག་པ་རྣམས་ནི་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལུང་འདིའི་ཁྲུས་ན་ཡང་མ་དག་པའི་གདོད་མའི་མི་རིགས་ཤིག་ཡིན། བོད་ཀྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ནི་གདོད་མའི་མི་རིགས་གཞན་དང་འདྲ་བའི་ཁུ་སིམ་སིམ་ཐོག་འཚོ་བ་སྐྱེལ་བ་དང་། གཞན་ལ་གནོད་སེམས་བྱ་རྒྱུའི་བསམ་བློ་ཡེ་ནས་མེད། ད་དུང་འབྲོག་པ་རྣམས་ལ་དཀའ་ངལ་དངངས་སྐྲག་གཞན་ཞིག་ཡོད་པ་ནི། ནོར་ལུག་རྣམས་ལ་སྤྱང་ཀི་སོགས་གཅན་གཟན་སེམས་ཅན་གྱི་གནོད་འཚེ་ལ་གདོང་ལེན་དང་གྲ་སྒྲིག་བྱེད་དགོས་པ་དེ་རེད། ནོར་ལུག་རྣམས་ར་བ་དང་ལྷས་ནས་ཕྱི་རུ་དེད་ནས་རི་མགོ་དང་སྤང་ཐང་སོགས་ལ་འཚོ་སྐྱོང་བྱས་ཏེ་དགོང་མོ་ལུག་ཁྱུ་དང་ནོར་ཁྱུ་རྣམས་སླར་ཡང་ར་བ་ལ་བསྐྱིལ་ནས་ལྟ་སྐྱོང་ཡག་པོ་བྱ་དགོས་པ་དེ་རེད། འབྲོག་པའི་འཚོ་བ་སྐྱེལ་སྟངས་མཐོང་ཐོས་ལ་སྐྱིད་པོ་ཡོད་བསམ་ན་མ་འགྲིག་པ་ཞིག་རེད། རྒྱུ་མཚན་ནི་ཁོང་ཚོ་སོ་སོ་ལ་དངང་སྐྲག་དང་ནོར་ལུག་སོགས་ལྟ་སྐྱོང་བྱ་རྒྱུ་ལ་ཡང་དཀའ་ངལ་ཞེ་དྲག་ཡོད། དཔེར་ན་ནོར་ལུག་ལ་གཟན་རྩྭ་སྤྲད་རྒྱུ་དང་ནད་པ་ཆགས་ན་སྨན་བཅོས་ཀྱི་འགྲོ་སོང་དང་། དུས་ཚོད་ཟིན་བར་ར་བ་ནང་དུ་བསྐྱིལ་རྒྱུ་སོགས་མང་པོ་ཡོད། འབྲོག་ཁྱིམ་རེ་ལ་འབྲོག་ཁྱི་རེ་ཡོད། འབྲོག་ཁྱི་དེ་འབྲོག་པའི་གཡང་ལྟ་བུ་ཞིག་ཀྱང་ཡིན། ཁྱིའི་སྐད་གོ་བ་དང་གཅན་གཟན་དང་སེམས་ཅན་རྣམས་ཡོང་གི་མེད་ལ། ཁྱི་དེ་རྣམས་ནི་ནོར་ལུགས་སོགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན། འབྲོག་པ་རྣམས་ནི་ང་ཚོ་བོད་ཀྱི་མཛེས་སྡུག་གི་ཞིང་ཁམས་འདིའི་བདག་པོ་ལྟ་བུ་ཡིན་པས་གནའ་སྔ་མོའི་དུས་སྐབས་འབྲོག་པའི་ཚོང་པ་རྣམས་གཞན་དུ་ཚོང་རྒྱག་པའི་སྐབས་སོ་སོའི་ཅ་དངོས་དཔེར་ན། མར་དང་གཡག་ཤ་དང་ཕྱུར་བ་སོགས་སོ་ནམ་པ་དང་། གཉམ་དུ་གྲོ་དང་ནས་འབྲས་སོགས་ལ་ཚོང་ཕན་ཚུན་བརྗེ་ལེན་བྱེད་ཀྱི་ཡོད། དེང་གི་དུས་རབས་ལ་བལྟས་ན། ང་ཚོ་བོད་ཀྱི་འབྲོག་པའི་གྲངས་ཀ་ཡང་ཉམས་ཆག་དུ་འགྲོ་ཡི་ཡོད། གང་ཡིན་ཟེར་ན། སྤྱི་ཚོགས་རྒྱུད་ལམ་ལ་ཡར་རྒྱས་ཕྱིན་ཡོད་པས། དེང་གི་མི་རྣམས་འཕྲུལ་ཆས་སོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་དགའ་པོ་ཡོད་ཀྱང་། ང་ནི་མ་འོངས་པར། ང་རང་གི་གཅེས་པའི་ཕ་ཡུལ་བོད་ལ་ལོག་ནས། སྲོལ་རྒྱུན་གྱི་ཞག་རྩི་མ་ཡལ་བའི་འབྲོག་པའི་འཚོ་བ་ལ་དགའ་པོ་ཡོད། དེར་བརྟེན་ང་གངས་ཅན་ལྗོངས་སུ་འགྲོ་ནས་བོད་ཀྱི་འབྲོག་པ་ལྟར་འཚོ་བ་སྐྱེལ་རྒྱུ་ཡིན། །མཐའ་དོན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ། །

ང་ཚོ་བོད་ཀྱི་འབྲོག་པ།

ང་ཚོ་བོད་ཀྱི་འབྲོག་པ།

ཤེས་རབ་བློ་གྲོས།འཛིན་རིམ་བཅུ་གཉིས། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། འཛམ་གླིང་གོ་ལ་ཆེན་པོ་འདིའི་སྟེང་རྒྱལ་ཁབ་འདྲ་མིན་ཡོད་པའི་ནང་ནས་བོད་ནི་ས་མཐོ་ཤོས་ཡིན་པས། ང་ཚོའི་བོད་ལ་མཐོ་སྒང་ཟེར། ཕྱོགས་བཞི་གངས་རི་བསྐོར་ཡོད་པས་གནམ་གཤིས་སྤྱི་ཡོངས་ནས་གྲང་མོ་ཡོད། མཁའ་རླུང་སིལ་པོ་དང་ཁོར་ཡུག་གཙང་མ་ཡིན་པས་ནད་དང་ན་ཚ་ཡང་ཉུང་བ་ཡོད། བོད་མི་ཚོས་རང་རང་གི་འཚོ་བ་འདྲ་མིན་སྐྱེལ་གྱི་ཡོད། མང་ཆེ་བ་ཞིང་པ་དང་དེ་ནས་འབྲོག་པ། ཚོང་པ། ཨར་ལས། བཟོ་རིགས་ཀྱི་ལག་ཤས་རིགས་དང་སྨན་པ། གཞུང་ཞབས་པ། དམག་མི་སོགས་ཀྱང་ཡོད། བོད་མི་ཡི་འཚོ་བའི་རིགས་འདྲ་མིན་ནང་ནས་ད་ལན་གུས་པས། ང་ཚོ་བོད་ཀྱི་འབྲོག་པའི་སྐོར་རང་རྩོམ་ཚིག་ལྷུག་ཞིག་སེམས་ལ་གང་དྲན་པ་དང་སྔ་མ་གང་ཐོས་པ་སོགས་ཡིག་ཐོག་ཏུ་འགོད་རྒྱུ་ཡིན། སྤྱིར་འབྲོག་པ་ཞེས་པ་ནི། སྒོ་ཕྱུགས་སེམས་ཅན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་དང་ས་གནས་གཅིག་ནས་གཞན་ལ་སོ་སོའི་དགོས་མཁོ་བཞིན་གནས་སྤོས་བྱེད་མཁན་ལ་གོ་དགོས། འབྲོག་པའི་མི་ཚེ་ནི་འཚོ་རྟེན་གཞན་དང་མི་འདྲ་བ་སེམས་ཅན་གྱི་གནས་སྟངས་དང་བསྟུན་དགོས་ཀྱི་ཡོད། སེམས་ཅན་གསོ་སྐྱོང་ཡག་པོ་བྱུང་ན་འབྲོག་པའི་འཚོ་བ་ཡང་བདེ་སྐྱིད་ངང་ཡོང་གི་ཡོད། ཁོ་ཚོས་ཉིན་གྱི་ཟས་རིགས་ནི་མང་ཆེ་བ་རྩམ་པ་དང་ཤ མར། བོད་ཇ། པགས། ཞོ། ཕྱུ་ར། འོ་མ་སོགས་སེམས་ཅན་ལས་ཡོང་གི་ཡོད། དབྱར་དགུན་གྱི་གནམ་གཤིས་འགྱུར་སྐབས་ས་ཆ་ཡང་དགོས་མཁོ་བཞིན་འགྱུར་བ་གཏོང་གི་ཡོད་པས། ལོ་གཅིག་ནང་གནས་སྤོས་ཐེངས་གཉིས་གསུམ་བྱེད་དགོས་ཀྱི་ཡོད། བོད་ཀྱི་འབྲོག་པ་ནི་བོད་ཀྱི་ས་ཆ་འདྲ་མིན་མ་ཟད་རྒྱ་གར་གྱི་ས་མཚམས་སོགས་སུ་ཡང་མཐོང་རྒྱུ་ཡོད། ད་ལྟ་རྒྱ་གར་གྱི་ས་མཚམས་ལ་དྭགས་སོགས་སུ་ཡོད་པའི་འབྲོག་པ་དེ་ཚོ་སྔ་མོ་བོད་ཀྱི་ས་མཚམས་ཀྱི་འབྲོག་པ་དེ་དག་ཡིན། འབྲོག་པའི་ཁྱིམ་ཚང་སོ་སོ་ལ་རང་རང་གི་ནོར་ལུག་མང་ཉུང་གི་ཁྱད་པར་ཡོད། ནོར་ལུག་གཡག་གཅིག་ལ་རིན་པ་རྒྱ་སྒོར་འབུམ་གཅིག་ལྷག་ཡིན་པས། འབྲོག་པ་སུ་ལ་ནོར་ལུག་སེམས་ཅན་མང་བ་དེ་ཚོ་ངོ་མ་ཕྱུག་པོ་ཡིན། འབྲོག་པ་ཚོས་རང་གི་བུ་ཕྲུག་ལ་སེམས་ཅན་གསོ་སྐྱོང་གི་སློབ་སྦྱོང་རང་ཁྱིམ་དུ་སློབ་ཀྱི་ཡོད་པས། འབྲོག་པའི་ཕྲུག་གུ་ཆུང་ཆུང་མང་ཆེ་བས་ནོར་ལུག་དང་གྲོགས་པོ་སྒྲིག་ཐུབ་པ་མ་ཟད། ཁོ་ཚོས་ནོར་ལུག་གི་ལུས་ཀྱི་རྣམ་འགྱུར་ལས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ཚོ་ང་ཚོའི་སློབ་གྲྭའི་ཁོར་ཡུག་ནང་སྦྱོང་རྒྱུའི་གོ་སྐབས་མེད། འབྲོག་པའི་ཁྱིམ་ཚང་ནང་གི་ནང་མི་རྒན་གཞོན་ཚང་མས་ལས་ཀ་གང་ཡིན་ཡང་མཉམ་རུབ་ཐོག་བྱེད་ཀྱི་ཡོད། ཚང་མ་གཅིག་མཐུན་དང་ཕན་ཚུན་གུས་བཀུར་ཆེན་པོ་ཡོད། འབྲོག་པ་མང་ཆེ་བ་ལ་དེང་དུས་ཀྱི་ཤེས་ཡོན་མེད་ཀྱང་རང་ཉིད་ཀྱི་མི་ཚེ་ལ་སྟངས་འཛིན་དང་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་པ། ཁྱིམ་ཚང་ཇི་ལྟར་སྐྱོང་དགོས་པ་སོགས་ཀྱི་སྐོར་ལ་ལེགས་པོ་ཤེས་ཀྱི་ཡོད། འབྲོག་པས་རང་རང་གི་སེམས་ཅན་ལ་ལྟ་ལྟོགས་བྱེད་སྟངས་དེ་ཕ་མ་ཞིག་གི་རང་གི་ཕྲུག་གུ་ལ་ལྟ་ལྟོགས་དང་གསོ་སྐྱོང་བྱེད་པ་བཞིན་བྱེད་ཀྱི་ཡོད། ཁོ་ཚོའི་མི་ཚེ་ནི། སྤངས་རྩ། རྒྱུགས་ཆུ། ཐང་། རི། ཆུ་མིག སེམས་ཅན། བཅས་ཕྱིའི་ཁོར་ཡུག་དང་ཤིན་ཏུ་ཐག་ཉེ་བོའི་འཚོ་བ་སྐྱེལ་གྱི་ཡོད་པས། བོད་ཀྱི་འབྲོག་པ་མང་ཆེ་བའི་ལུས་སྟོབས་ཆེ་བ་དང་གཟུགས་པོ་བེད་ཐང་ངང་ལས་ཀ་དུས་ཡུན་རིང་པོ་བྱེད་ཐུབ་ཀྱི་ཡོད། འབྲོག་པས་མེ་ཐབ་གཏོང་ཆེད་ཤིང་གི་ཚབ་ཏུ་སྒོ་ཕྱུགས་སེམས་ཅན་གྱི་ལྕི་བ་བེད་སྤྱོད་ཆེན་པོ་བྱེད་ཀྱི་ཡོད། ཁྱིམ་ཚང་གི་ཕོ་མོ་དབྱེ་འབྱེད་མེད་པར་ཚང་མས་ལས་ཀ་འདྲ་མཉམ་བྱེད་ཀྱི་ཡོད། འབྲོག་ཁྱིམ་ནང་བོད་ཀྱི་ནང་བཞིན་མཆོད་པའི་རྟེན་མཚོན་ཆེད་དུ་སངས་རྒྱས་ཀྱི་སྐུ་པར་དང་སྐུ་འདྲ། ཐང་ཀ […]