ཀརྨ་གཡུ་འབྲུགའཛིན་རིམ་ལྔ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། ཕྱི་ལོ་དུས་རབས་བདུན་པའི་སྐབས་སུ་བོད་ཀྱི་རྒྱལ་པོ་སོ་གསུམ་པ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཁབ་དབང་དུ་འདུས་ནས་པོ་ཏ་ལ་རིའི་སྟེང་དུ་བཞེངས་ཤིང། བཞེངས་འགོ་ཚུགས་པ་ནས་ད་ལྟ་བར་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་ཕྱིན་ཡོད་པ་རེད། ཕོ་བྲང་པོ་ཏ་ལ་ལ་དབྱེ་བ་གཉིས་ཡོད། གཅིག་ལ་ཚོན་མདོག་དཀར་པོ་བྱུགས་ཡོད་པ་དང་གཞན་དེ་ལ་དམར་པོ་བྱུགས་ཡོད། དཀར་རག་བྱུགས་པ་ན་ཕོ་བྲང་དཀར་པོ་དང་བཙག་དམར་པོ་བྱུགས་པ་ནི་ཕོ་བྲང་དམར་པོ་རེད། དེའི་མཚོན་དོན་ནི་བོད་ཀྱི་ཆོས་སྲིད་ཉི་ཟླ་ཟུང་འབྲེལ་གྱི་རྣམ་པ་མཚོན་གྱི་ཡོད། བེད་སྤྱོད་ཀྱི་ངོས་ནས་བཤད་ན་ཕོ་བྲང་དཀར་པོ་ནི་སྲིད་གཞུང་གི་བྱ་བ་གཉེར་སའི་ཚོམས་ཆེན་དང་། གྲྭ་ཤག་བང་མཛོད་སོགས་དང་། ཕོ་བྲང་དམར་པོ་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སའི་མཆོད་ཁང་དང་ལྷ་ཁང་སོགས་ཡིན། ད་དུང་ཕོ་བྲང་པོ་ཏ་ལར་ཐོག་རྩེག་བཅུ་གསུམ་ཡོད་པ་དང། མཐོ་ཚད་ལ་མི་ཊར་ ༡༡༧ ལྷག་ཙམ་ཡོད། ཤར་ནུབ་གྱི་རིང་ཚད་ལ་མི་ཊར་ ༤༠༠ ལྷག་ཙམ་ཡོད། ལྷོ་བྱང་གི་རིང་ཚད་ལ་མི་ཊར་ ༢༧༠ ཙམ་ཡོད། ཤར་གྱི་རྩིག་པ་ནི་ལྷ་སའི་ཕྱོགས་ཀྱི་རྡོ་མཁན་གྱིས་བརྩིགས་ཤིང་རྩིག་རྡོང་ནི་གྲི་ལྟར་རྣོ་ཞིང་འདྲོང་པོ་ཡོད་པ་དང། ནུབ་ཀྱི་རྩིག་པ་ནི་གཙང་ཕྱོགས་ཀྱི་རྡོ་མཁན་གྱིས་བརྩིགས་ཡོད། རྩིག་པ་ཟླུམ་ཞིང་ངོས་འཇམ་པོ་ཡོད། ཕོ་བྲང་པོ་ཏ་ལར་ཁྱོན་བསྡོམས་ཁང་མིག་སྟོང་ལྷག་ཙམ་ཡོད་པ་དང། ཕལ་ཆེར་ཚང་མའི་རྩིག་ངོས་སུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལྡེབས་རིས་དང་ཐང་ཀ སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཤིང་བརྐོས་རི་མོ་སོགས་ཀྱིས་ལེགས་པར་རྒྱན་ཡོད་ལ། དེ་སྔོན་གསེར་དངུལ་གཡུ་བྱུར་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་དང་རིན་ཐང་གཞལ་དུ་མེད་པའི་གསེར་གྱི་བྲིས་པའི་བཀའ་འགྱུར་རིན་པོ་ཆེ་སྣ་བརྒྱད་ལས་བྲིས་པའི་བསྟན་འགྱུར་སོགས་ཧ་ཅང་མང་པོ་བཞུགས་ཡོད། ཕོ་བྲང་དཀར་པོ་བཞེངས་མཁན་ནི་༸རྒྱལ་དབང་ལྔ་པ་ཆེན་པོ་ཡིན་ཞིང་། ཕོ་བྲང་དཀར་པོ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ལྟེ་གནས་ཡིན། དེའི་ནང་ཚོམས་ཆེན་ཞིག་ཡོད། དེ་ནི་ཆོས་སྲིད་ཀྱི་མཛད་སྒོ་ཆེ་ཁག་གནང་ཡུལ་ཡིན། དེའི་རྩེ་ཐོག་གི་ནུབ་ཏུ་༸རྒྱལ་བ་སྐུ་ཕྲེང་གསུམ་པ་ཆེན་པོའི་གཟིམ་ཆུང་ཉི་འོད་བསོད་ལེགས་འཁྱིལ་དང། ། ཤར་དུ་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་པོའི་གཟིམ་ཆུང་ཤར་རྒྱུད་ཉི་འོད་གཉིས་ཡོད། ཕོ་བྲང་དཀར་པོའི་ནང་གི་ལྡེབས་རིས་ཀྱི་ནང་དོན་ནི་བོད་མིའི་འབྱུང་ཁུངས་དང་། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས། དེ་བཞིན་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་བར་གྱི་རྣམ་ཐར་མདོར་བསྡུས་སོགས་བྲིས་ཡོད། ཕ་བྲོང་དམར་པོ་བཞེངས་གནང་མཁན་ནི་སྲོང་བཙན་སྒམ་པོ་ཡིན་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཇུས་བཀོད་འོག་སླར་ཕོ་བྲང་དམར་པོའི་ནུབ་དང་ལྷོ་ཤར་བཅས་ནས་རྒྱ་བསྐྱེད་གནང་ཞིང་། དེའི་གྲུབ་ཆ་གཙོ་བོ་ནི་རྒྱལ་དབང་རིམ་བྱོན་གྱི་སྐུ་གདུང་ལྷ་ཁང་དང་མཆོད་ཁང་ཁག་རེད། དེར་ཁྱོན་བསྡོམས་སྐུ་གདུང་ཁག་བརྒྱད་ཡོད་པའི་ནང་ནས་རྒྱལ་དབང་ལྔ་པའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ནི་གདུང་རྟེན་ཆེ་ཤོས་དང་སྔ་ཤོས་དེ་རེད། གསེར་གདུང་ཁང་དེའི་མདོང་དུ་ཚོམས་ཆེན་ཞིག་ཡོད་ཅིང། ཚོམས་ཆེན་དེའི་ཕྱོགས་བཞིའི་སྐུ་སྡེབསས་སུ་རྒྱལ་མཆོག་ལྔ་པའི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་བཀོད་ཡོད། ཕོ་བྲང་པོ་ཏ་ལ་ནི་ཕྱོ་ལོ་གཅིག་སྟོང་དྲུག་བརྒྱ་བཞི་བཅུ་ཞེ་དགུ་ནས་བོད་རང་བཙན་མ་ཤོར་བར་དུ་༸གོང་ས་སྐྱབས་མགོན་སྐུ་ཕྲེང་སོགས་ཀྱིས་དགུན་དུས་ཀྱི་བཞུགས་ས་རེད། སྔོན་མ་ཡིན་ན་ཕོ་བྲང་པོ་ཏ་ལ་དེ་རྒྱལ་ཁང་ཆེ་ཤོས་དེ་ནི་ཡིན་པ་མ་ཟད་ང་ཚོ་བོད་པ་ཚོས་ཕོ་བྲང་པོ་ཏ་ལ་མཇལ་དུས་སོ་སོའི་ཆོས་དང་རིག་གཞུང་དྲན་གྱི་ཡོད། ཕོ་བྲང་པོ་ཏ་ལ་ཡི་ཐོག་ནས་མར་ལྟ་དུས་ལྷ་སའི་ས་ཆ་ཆ་ཚང་མཐོང་གི་ཡོད། ཕོ་བྲང་པོ་ཏ་ལ་ནི་ང་ཚོ་བོད་ཀྱི་མཚོན་རྟགས་ཤིག་རེད། ཕོ་བྲང་པོ་ཏ་ལའི་མདུན་ཕྱོགས་སུ་རྡོ་རིང་ཞིག་ཡོད། དེ་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བློན་ཆེན་སྟག་སྒྲ་ཀླ་གོང་གི་སྣེ་འཁྲིད་པའི་བོད་དམག་གི་རྒྱ་ནག་རྒྱལ་ས་ཁྲང་ཧན་བླངས་པར་བརྟེན། ཁོང་གི་མཛད་རྗེས་ལ་བསྟོད་བསྔགས་ཆེད་དུ་བཞེངས་པ་རེད། དེང་སང་ང་ཚོ་བོད་ཀྱི་ཕོ་བྲང་པོ་ཏ་ལ་དེ་རྒྱ་མི་ཡི་འགྲེམས་སྟོན་ཁང་ཞིག་ཏུ་བཟོས་ཡོད་པ་དང་དེའི་ནང་གནས་རྩ་ཆེ་ཡང་མཇལ་ཡ་ཡོད། ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་ནང་ནས་ཕོ་བྲང་སྐད་གྲགས་ཆེ་ཤོས་དེ་ཡིན། སྔོན་ལ་དམག་རྒྱག་དུས་ཕོ་བྲང་པོ་ཏ་ལར་སྨས་སྐྱོན་ཏོག་ཙམ་ཞིག་བྱུང་ཡོད་པས་༸རྒྱལ་བ་ལྔ་པས་བསྐྱར་བཟོ་བྱས་པ་རེད། ༸གོོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་དགུང་ལོ་ལྔ་ལ་ཕེབས་སྐབས་གསེར་ཁྲིར་བཞུགས་པ་རེད། […]
ང་ཚོ་བོད་པའི་ཕོ་བྲང་པོ་ཏ་ལ།
བརྗེད་དཀའ་བའི་དོན་རྐྱེན།
གསལ་ལྡན་དོན་གྲུབ།འཛིན་རིམ་བཞི་པ། བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། དེ་རིང་ནི་རེས་གཟའ་སྤེན་པ་རེད། དགེ་སློབ་རྣམས་སྤེན་པ་གཉིས་པའི་གུང་གསེང་ཉིན་རང་རང་སོ་སོའི་ཁྱིམ་དུ་དགའ་སྐྱིད་ངང་བསྡད་ཡོད་མོད། ང་དང་ཕ་མ་གཉིས། ནུ་བོ། གཅུང་མོ་བཅས་མཉམ་དུ་སློབ་གྲྭར་འགྲོ་བཞིན་ཡོད། ང་ནི་ལོ་འཁོར་ཡིག་རྒྱུགས་གཏོང་དུ་འགྲོ་དགོས། ངའི་མིང་ལ་གསལ་ལྡན་དོན་གྲུབ་ཟེར་ཞིང་། ང་ཕྱི་ལོ་ ༢༠༡༤ ལོར་སྐྱེས་པ་རེད། ད་ལྟ་ང་ལོ་དགུ་ཡིན་ལ་སྦེལ་ཀོབ་སཾ་བྷོ་ཊ་(CVP) ལ་སློབ་སྦྱོང་བྱེད་བཞིན་ཡོད། ཟླ་བ་གཅིག་སྔོན་དུ། ངའི་མི་ཚེའི་ནང་བརྗེད་དཀའ་བའི་དོན་དག་ཅིག་བྱུང་སོང་། དེ་ཡང་ཕྱི་ཟླ་ ༡༠ པའི་ཚེས་ ༢༢ ཉིན་སྟེ། རེས་གཟའ་ཉི་མའི་ཕྱི་དྲོར། ང་རྐང་འོག་པང་ལེབ་འཁོར་ལོ་(Waving board) རྩེ་སྐབས། སྟབས་མ་ལེགས་པར་ང་ས་ལ་བརྡབས་སོང་། ངའི་ལག་པ་གཡས་པར་ན་ཟུག་ཆེན་པོ་ཞིག་རྒྱག་གིན་འདུག ངས་ཨམ་གཙུགས་བསྡམས་ནས་ཡར་ལངས་སྐབས། ཟུག་གཟེར་དྲག་པོས་ང་ཡང་བསྐྱར་ས་ལ་འགྱེལ། ཡིད་སྐྱོ་བ་ཞིག་ལ། ངའི་ལག་པ་གཡས་པའི་རུས་པ་ཆགས་འདུག ངས་ན་ཟུགས་མ་བཟོད་པར་སྐད་ཤུགས་ཆེན་པོ་བརྒྱབ་ནས་ངུས་པ་ཡིན། གནས་དེ་ན་རྩེད་མོ་རྩེ་བཞིན་པའི་སློབ་གྲོགས་འགའ་འདུག་པ་དེ་ཚོས་ངའི་སྤུན་མཆེད་ཨ་ནེ་དགེ་བཤེས་མ་སྐད་བཏང་སོང་། ཨ་ནེ་ལགས་དངངས་སྐྲག་ཆེན་པོའི་ངང་རྒྱུགས་ནས་སླེབས་བྱུང་། ངའི་སེམས་སུ་ཨ་ནེ་ལགས་ཀྱིས་ང་ལ་བཀའ་བཀྱོན་བཏང་ཡོང་བསམ། “ག་རེ་བྱས་སོང་། ག་རེ་བྱས་སོང་།” ཞེས་ལབ་ནས་ཨ་ནེ་ལགས་ཀྱིས་ང་པང་དུ་བཟུང་སོང་། དེ་ནས་ཨ་ནེ་ལགས་ཀྱིས་ “ད་ག་རེ་བྱས་པ་རེད། ཨ།” ཞེས་ལབ་དུས། ཁོ་མོས་སྐྲག་སྣང་ངང་ངའི་ལག་པ་གཡས་པ་འཕུར་འཕུར་གནང་བྱུང་། ངས་ཟུག་གཟེར་མ་བཟོད་པར་སྐད་ཆེན་པོས་ངུས། ངའི་ལག་པའི་རུས་པ་ཆགས་ས་དེ་ཀྱོག་ཀྱོག་ཆགས་འདུག ཨ་ནེ་ལགས་ཀྱིས་གང་མགྱོགས་ང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་ཁྲིད། ཁོ་ཚོས་ངའི་ལག་པ་གློག་པར་བརྒྱབ་ནས། “རུས་ཀོག་ཆགས་འདུག་པས་ཀུ་ཤི་ན་སྒར་ལ་འཁྲིད་དགོས་འདུག” ཟེར། ཨ་ནེས་རྒྱ་གར་བ་རྐང་གསུམ་ཁ་ལོ་བ་ཞིག་སྐད་བཏང་། ཨ་ཁུ་འཇམ་དབྱངས་དང་ང་ཚོ་རྐང་གསུམ་ལ་བསྡད་དེ་ཀུ་ཤི་ན་སྒར་རྒྱ་གར་སྨན་ཁང་དུ་སོང་། དུས་ཚོད་ཅི་ཙམ་སོང་བ་མ་ཤེས། མཚན་མོ་ཡིན་ལ་སྨན་ཁང་དུ་མི་མང་པོ་མི་འདུག ང་ཚོས་གློག་པར་དེ་རྒྱ་གར་སྨན་པ་འགའ་ལ་བསྟན། སྨན་པ་འགས་ངའི་ལག་མགོ་ནས་བཟུང་སྟེ་འཐེན། ང་དྲན་པ་འཐོར་གྲབ་བྱས་ནས་ངུས། ན་ཟུགས་དེ་དངོས་གནས་བཟོད་ཐབས་མི་འདུག ངས་ན་ཟུགས་མ་བཟོད་པར་མུ་མཐུད་ནས་ངུས་པ་ཡིན། ཁོང་ཚོས་ངའི་ལག་པར་འདམ་བག་དཀར་པོ་ཞིག་གཡོག “མེའེ་སོར་དུ་སྨན་ཁང་ཆེན་པོ་ཞིག་ལ་ཁྱེར་དགོས་ཀྱི་འདུག རུས་ཀོག་གཉིས་ཆགས་འདུག་” ཟེར། སྐབས་དེར་ང་ཞེད་སྣང་ཆེ་རུ་སོང་། […]
མི་མངོན་པའི་འཆིང་ཐག
ལྷུན་འགྲུབ་རྡོ་རྗེ། བོད་དགེ།སེར་བྲེས་འབྲིང་རིམ་སློབ་གྲྭ། རྩོམ་པ་པོ། ལྷག་པ་དོན་གྲུབ། ནང་དོན་གནད་བསྡུས། བརྩམས་སྒྲུང་འདི་ལ་ལེའུ་དགུ་ཡོད་ཅིང་། དེ་དག་རེ་རེའི་བརྗོད་སྙིང་མདོར་བསྡུས་ནི། དང་པོ། རྒྱུ་ནོར་ལ་འདོད་རྔམ་ཆེ་བའི་ཨ་ཅག་སྐྱིད་འཛོམས་རྫོང་སྨན་ཁང་དུ་འོངས་ཏེ་ཨེམ་ཆི་མཁས་མཆོག་ལ། ཁྱིམ་མཚེས་ཅོ་ཚེ་རིང་ནང་བཞིན་རྒས་ཡོལ་ཞུ་དགོས་པའི་བསམ་འཆར་བཏོན་པ་མ་ཟད། བུ་མོ་དབྱངས་ཅན་དཔལ་གྱིས་ཀྱང་ཁོང་ཕ་ཡུལ་དུ་ཕེབས་ན། མོས་ཞབས་ཕྱི་ལེགས་པ་ཞུ་ཐུབ་པའི་དགེ་མཚན་ཡོད་ཚུལ་ཞུས་པས་ཨེམ་ཆི་མཁས་མཆོག་ལྷ་རྗེ་རྡོ་རྗེ་དང་སྨན་པ་ཡེ་ཤེས་གཉིས་ཀྱི་རྩར་ཕེབས་ཏེ། རང་གི་དགུང་ལོའི་བབ་དང་། ནང་མིའི་རེ་འདོད་ལྟར་རང་ཡུལ་དུ་ཕེབས་འདུན་ཡོད་སྐོར་གསུངས་ཤིང། ཁོང་གཉིས་ཀྱིས་སླད་མར་ཁོང་ལ་གསོ་སྨན་མཐུན་སྦྱོར་གང་དགོས་ཞུ་ཆོག་པའི་ཁས་ལེན་བྱས་པར་བརྟེན། ཁོང་གིས་རང་གི་བདོག་པ་ཡོད་ཚད་བསྣམས་ནས་རང་ཡུལ་དུ་ཕེབས། གཉིས་པ། ཨེམ་ཆི་མཁས་མཆོག་གིས་ནད་པའི་ཕྱག་རྟགས་ཀྱང་མ་བཞེས་པར་ནད་གསོ་སྨན་བཅོས་གནང་སྟབས། ནད་པ་མང་དུ་ཕྱིན་ནས་གསོལ་སྨན་རྫོགས་དུས། ཁོང་གིས་བུ་མོ་རྫོང་སྨན་ཁང་ལ་སྨན་ལེན་དུ་མངགས། བུ་མོ་དབྱངས་ཅན་དཔལ་དང་། སྨན་པ་ཡེ་ཤེས་གཉིས་ཀྱི་བར་བརྩེ་དུང་གི་མེ་ཏོག་བཞད་དེ་ཕན་ཚུན་ལག་པ་འཇུས་ནས་འགྲོ་དུས། རྒྱབ་ནས་རིན་ཆེན་གླིང་དུ་འགྲོ་མཁན་གྱི་སྣུམ་འཁོར་ཞིག་བསླེབས། མོས་ལག་ཏུ་ཡོད་པའི་ཡི་གེ་སྨན་པ་ཡེ་ཤེས་ལ་སྤྲད་ནས་ཕྱིན། ཨ་ཅག་སྐྱིད་འཛོམས་ཀྱིས་ནད་པ་འཁོས་ཀ་ཞན་པ་རྣམས་ཕྱིར་ཕུད་དང་། ཕྱག་རྟགས་བཟང་བ་རྣམས་གུས་བརྩི་ཆེན་པོས་ནང་དུ་བསུས། གསུམ་པ། སྨན་པ་ཡེ་ཤེས་ཀྱིས་ཅོ་ཉི་མའི་བརྒྱུད་ནས་ཡི་གེ་ཞིག་བཏང་ཞིང་། དབྱངས་ཅན་དཔལ་གྱིས་བཀླགས་རྗེས་དགའ་ཚོར་ཆེན་པོས་གནད་དོན་དེ་ཨ་མ་ལ་བཤད་ཀྱང་། ཨ་མས་ཨེམ་ཆི་ཞིག་དང་གཉེན་བསྒྲིགས་ན་ཁང་པ་གསར་རྒྱག་དང་། སྒོ་ཕྱུགས་ཉོ་ཚགས་མི་ཐུབ་པ་མ་ཟད། ཐ་ན་ནང་གི་འཚོ་གནས་ཀྱང་དཀའ་བའི་གནས་སུ་ལྷུང་རྒྱུ་ཡིན་པར་བརྗོད། ཨ་ཅག་ཆོས་སྒྲོན་གྱིས་པཱ་ཤེས་རབ་སྤྱི་ཚོགས་འགྲིམས་པའི་ཉམས་མྱོང་ཆེ་བས། ཁོ་ལ་ལམ་སྟོན་ཞུས་ན་ཕན་ཐོགས་ཡོང་ངེས་ཀྱི་བསམ་ཚུལ་སྐྱིད་འཛོམས་ལ་བརྗོད་པ་ལྟར། མོས་ལག་ཏུ་ཁ་བཏགས་ཤིག་ཁྱེར་ནས་སློང་ཆང་བསྐྱལ་དུ་སོང་། དེར་ཁོ་ཚོས་ཁ་བརྡ་ལྷུག་པོར་བྱས་རྗེས་ཁོ་ཚོའི་བུ་ཆུང་བ་འཇམ་དཔལ་མག་པར་བླང་རྒྱུར་ཐག་ཆོད་བྱུང་། བཞི་པ། ཨ་ཅག་སྐྱིད་འཛོམས་ཀྱིས་འཇམ་དཔལ་ནི། རླངས་འཁོར་ཁ་ལོ་བ་ཡིན་ཙང་ཟླ་རེའི་གསོལ་ཕོགས་མཐོ་བ་མ་ཟད། ཁང་པ་གསར་རྒྱག་སྐབས་སྣུམ་འཁོར་གཞན་ལ་ངོམ་ཆོག་པའི་དགེ་མཚན་བཅས་ལ་བརྔམས་ཏེ། ཨེམ་ཆི་མཁས་མཆོག་ལགས་ཀྱི་དགོངས་པ་དང་། བུ་མོའི་གཉེན་སྒྲིག་གི་རང་དབང་རྡོག་པོས་བརྫིས་ནས་མི་ཚང་གཉིས་པོས་བྲེལ་འཚུབ་ཀྱིས་གཉེན་སྒྲིག་སྟ་གོན་བྱས། གཉེན་སྟོན་སྐབས་ཧྲུའུ་ཅི་དང་། རྫོང་དཔོན་རྒན་གཞོན་གཉིས། ཤང་གི་ལས་བྱེད་སོགས་མང་པོ་ཕེབས་ཤིང་། དེ་ཉིན་པཱ་ཤེས་རབ་ལ་འཇམ་དཔལ་ཨེམ་ཆི་མཁས་མཆོག་གི་ཁྱིམ་དུ་མངགས་ཐུབ་པ་ནི། མི་ཚང་བརྡབ་གསིག་གཏོང་མཁན་གྱི་ཟ་འདྲེ་ཞིག་ཕྱི་རུ་ཕུད་ཐུབ་པ་ལྟ་བུའི་དགའ་ཚོར་སྐྱེས། ལྔ་པ། དབྱངས་ཅན་དཔལ་གྱིས་འཇམ་དཔལ་ལ་ངོ་གདོང་ནག་པོ་ཁོ་ན་ལས་འཛུམ་མདངས་ཤིག་མ་བསྟན་ཀྱང་ཨ་ཅག་སྐྱིད་འཛོམས་ཀྱིས་ཁོ་ལ་ཁ་ཡག་ངོ་དགའ་གང་ནུས་བྱས་པ་མ་ཟད། ཕྱི་ཉིན་འཇམ་དཔལ་གྱིས་གྲོགས་པོ་བཞི་ནང་དུ་བོས་ཏེ། ཆང་ཅི་དགར་ལོངས་སུ་སྤྱད་པས་ཁྱིམ་ནང་དྲི་ངན་གྱིས་བརྒྱངས་པར་བརྟེན་ཨེམ་ཆི་མཁས་མཆོག་གསུང་སྐད་ཤོར་བའི་གནས་སུ་གྱར། ཨ་ཅག་དབྱངས་ཅན་ནི་རྒན་པ་སངས་ཀྱི་བུ་མོ་སྒྲོལ་མ་རང་གི་བུ་རྒན་པའི་མནའ་མར་ལེན་ཐུབ་ན་བསམ་པའི་འདོད་རྔམ་སྐྱེས་ཏེ། ཨ་ཅག་སྐྱིད་འཛོམས་ལ་ལས་སྐུལ་བྱས་པ་ལྟར་ཉིན་ཞིག་ཨ་ཅག་སྐྱིད་འཛོམས་རྒན་པ་སངས་ཀྱི་ལས་ཤག་ཏུ་ཕྱིན་ནས། ཁོང་ལ་བུ་མོ་སྒྲོལ་མ་པཱ་ཤེས་རབ་ཀྱི་བུ་རྒན་པ་དང་གཉེན་སྒྲིག་བྱས་ན་ལེགས་ཚུལ་ཞུས། སྐབས་དེར་ཁོང་གིས་རང་གི་བུ་མོ་སློབ་འབྲིང་ཐོན་རྗེས་མུ་མཐུད་ནས་སློབ་སྦྱོང་བྱ་འཆར་ཡོད་པས་བརྡ་ལན་རྗེས་སུ་གནང་ཆོག་ཅེས་གསུངས་ཀྱང་། […]
ཀྱག་ཀྱོག་གི་མི་ཚེ།
བསྟན་འཛིན་དངོས་གྲུབ། བོད་དགེ།སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ། སྙིང་དོན། བརྩམས་སྒྲུང་འདིའི་ནང་དང་པོ། མིའི་མི་ཚེ་ནང་ཟླ་བའི་འཕེལ་གྲིབ་བཞིན་སྐྱིད་པ་སྙན་གྲགས་ཀྱིས་རང་ཉིད་རྒྱལ་ཁ་ཐོབ་སྟེ་ང་མ་གཏོགས་སུའང་མི་འདུག་སྙམ་པའི་དུས་སུ། ང་རྒྱལ་དང་གཞན་གྱི་གདེང་འཇོག་ཆེན་པོའི་ལྟ་སྟངས་རྣམས་ཡིད་དབང་རབ་ཏུ་འཕྲོག་ནའང་རང་མུ་མཐུད་འབད་བརྩོན་ཆུ་བོའི་རྒྱུན་ལྟར་མི་ཞུགས་ཚེ་བསྟོད་བསྔགས་ཐོབ་པའི་མིའི་ཁ་ལས་འཕྱ་དམོད་དང་དམའ་འབེབ་ཀྱང་བྱེད་སྲིད་ཅེས་པའི་གནས་དོན་ཐོག་གླེང་འདུག བཀྲ་རྒྱལ་རང་ཉིད་ཀྱི་ཕ་མའང་དེ་གྲས་སུ་ཚུད་ཡོད། སློབ་ཆུང་སྐབས་བཀྲ་རྒྱལ་གྱི་སྦྱངས་འབྲས་ཤིན་ཏུ་ལེགས་པས་ཕ་དགྲ་འདུལ་ཁྱིམ་ཚང་གི་ནོར་བུ་གཅིག་པོ་དེ་ཡིན་པས་རྒྱུ་ངོམས་བྱེད་རྒྱུ་མེད་ཀྱང་བུ་ནོར་བུ་འདྲ་ཞིག་ཡོད་ལྟ་བུ་ཚང་མར་ངོམས་ཤིང་བུར། ང་དགྲ་འདུལ་གྱི་བུ་ཡིན་རིན་ཆོག་པ་འདུག་ཅེས་བསྙད། འོན་ཀྱང་སློབ་འབྲིང་སྐབས་བྱ་ཕོ་གདང་ལ་འཛེགས་པའི་ཡར་ལྟའི་ཚུལ་མེད་པར། ཞི་མི་སྐས་ཀ་ནས་བབས་པའི་མར་བལྟ་ཚུལ་བཞིན་ཇེ་ཞན་ཇེ་སྡུག་སོང་ཁར་དགེ་རྒན་ཚོས་སློབ་མ་ཚོར། ཁྱེད་ཚོས་བཀྲ་རྒྱལ་ལ་མིག་ལྟོས་གཏན་ནས་བྱེད་མི་རུང་། ཞེས་སློབ་མ་ཐ་གྲས་ཀྱི་གནས་སུ་འགྱུར་བས་དགྲ་འདུག་ཚང་གི་ནོར་བུ་དེས་ནོར་གཅིན་བཏང་ཟིན་ཟེར། སྒྲུང་ནང་མི་སྣ་གཙོ་བོ་བཀྲ་རྒྱལ་ཐོག་མ་ཆང་ཁང་ནས་ཐོན་པ་དེ་སྒྲུང་མགོ་མཇུག་སློག་པའི་རྣམ་པ་ཞིག་གི་ངང་གསལ་པོ་བཀོད་འདུག བཀྲ་རྒྱལ་ཆང་རག་ཚོད་མེད་བཏུང་བའི་བརྒྱུད་རིམ་ཇི་ལྟར་ཆགས་ཡིན་མིན་ཐད་རྩོམ་པ་པོ་འབྲི་རྩོམ་གྱི་གོ་རིམ་བསྒྲིགས་འདུག བཀྲ་རྒྱལ་ཐོག་མར་མིག་དཔེ་བལྟ་ས་ནས་རྐང་འདྲེན་པར་འགྱུར་ནས་ཕ་མའི་ཐུགས་རེ་ལྟར་མ་བྱུང་སྟབས། ཐུགས་ཕམ་པ་མ་ཟད། བུ་བཀྲ་རྒྱལ་དེ་ལྟར་འགྱུར་བའི་རྒྱུ་རྐྱེན་དེ་སྤོ་བོ་དང་རྨོ་བོ་ལགས་ཡིན་པ་ཁག་དཀྲིས་ཏེ་འཆམ་མཐུན་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་དྲག་འཚུབ་རྗེས་ཀྱི་ལྷིང་འཇགས་ལྟར་སྟོང་ལྷང་ལྷང་གྱུར། གང་ལྟར་གཅེས་ལང་སུ་ཡི་རྐྱེན་གྱིས་འགྱུར་མིན་ངེས་པ་མེད་ཀྱང་བུ་བཀྲ་རྒྱལ་མཐའ་མཇུག་དེར་སློབ་གྲྭ་མཐའ་འཁྱོལ་བའི་མི་སྣ་ཞིག་ཆགས་རྒྱུ་མེད་པ་གཏན་འཁེལ་བ་ནི་མཐོ་རིམ་སློབ་འབྲིང་གི་ཡིག་རྒྱུགས་ནང་རྒྱུགས་མ་འཕྲོད་ནས་ཁྱིམ་ལས་དང་ཞིང་ལས་སུ་མི་ཞུགས་ཀ་མེད་གྱུར། རང་ཉིད་ལ་ཤིན་ཏུ་བྱམས་པའི་སྤོ་བོ་ལགས་དང་རྨོ་བོ་ལགས་གཉིས་འདས་གྲོངས་རྗེས་སེམས་ཆགས་ས་མེད་པ་ལྟར་བསམས་ནས། ཕ་ཡུལ་བྲལ་ཏེ་ཡོང་འབབ་བསོག་པར་གྲོང་ཚོའི་ཕོ་གཞོན་གཞན་མཉམ་ཕྱིན། སྐབས་དེར་ལག་ཤེས་མང་པོ་ཞིག་ཤེས་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱང་། བློ་སྙིང་བཅོལ་བའི་དགའ་རོགས་ཤིག་ཐུག་པས་བཀྲ་རྒྱལ་ཁོ་རང་ལ་སེམས་གཏད་ས་གསར་པ་ཞིག་འཕྲད་རྐྱེན་ཁོང་ཡང་ལས་ལ་ཧུར་བརྩོན་དང་ཕུགས་དམིགས་བཟུང་བའི་མི་ཞིག་ཏུ་གྱུར། ཁོང་གཉིས་མཛའ་སེམས་ཀྱི་མདུད་པ་དམ་པོར་འགྱུར་དུས་སྟབས་མ་ལེགས་པ། ཕ་ཡུལ་ལོག་པའི་དུས་ཚོད་འཁེལ་ནས་ལོ་རྗེས་མར་ཐུག་རྒྱུའི་དུས་ཆད་བྱས། འོན་ཀྱང་ཁ་ཆད་བཞིན་ཐུག་འཕྲད་མ་བྱུང་སྐབས་བཀྲ་རྒྱལ་བློ་འཚབ་དང་གང་བྱས་ཆ་མི་འཚལ་བའི་ཐག་སྐུད་ཆད་པའི་ཤོག་བྱ་བཞིན་དུ་གྱུར། མཐར་གྲོགས་པོ་བསྟན་འཛིན་གྱི་གཏམ་ལ་ཉན་ཏེ་གཞིས་ཀ་རྩེར་འཁོར་གསུམ་རྐང་འཁོར་ཞིག་བཏང་སྟེ་ཡུན་རིང་འདུག་རྗེས་གཞུང་ལམ་དུ་འགྲུལ་མི་སྐྱེལ་འདྲེན་སྐབས་གཡང་ལགས་དང་བུ་གཉིས་ཐུག་འཕྲད་དུས་ཁྱེད་གཉིས་གང་དུ་སོང་བ་ཡིན་ཞེས་ཤུགས་ཀྱིས་ངུས་པ་དང་ལྷན་དུ་གཡང་ལགས་རྨི་ལམ་མིན་པ་ཤེས་རྗེས་སེམས་ལ་དགའ་བ་དང་། སྐྱོ་བ། འཁང་ར་དང་སྡུག་ཡུས་སེམས་ངོས་སུ་རླབས་རྒྱུན་བཞིན་འཕྱུར། དེ་རྗེས་བཀྲ་རྒྱལ་གྱི་མི་ཚེ་དྲོ་སྐྱིད་ལྡན་པ་ཞིག་བྱུང་ཡང་གཡང་ལགས་གཤག་བཅོས་སྨན་ཁང་ནས་གསོན་པོ་མི་ལོག་པས་ཁང་པའི་བརྩིག་སྟན་མེད་པར་འགྱུར་བར་སོང་། བཀྲ་རྒྱལ་གྱིས་ངའི་སྙིང་གསོན་པོར་བཏོན་སོང་། དཀོན་མཆོག་གིས་མཁྱེན། ལས་མ་དག་པ་ང་ཡིན་ན། བསོད་བདེ་སྐམ་པོ་ང་ཡིན་ཞེས་རིམ་གྱིས་རྩོམ་འགོ་འཛུགས་པའི་གནས་སྟངས་སུ་འགྱུར་བ་རེད། གསོན་ཉམས་ལྡན་པའི་བརྗོད་ཚིག ༡) ཕོ་དར་མའི་དུས་ལ་ནམ་འཕངས་གཅོད། ། གནམ་ཁ་ཞེང་ཆེ་ཡང་ཡ་མི་ང་། ། ཁྱུང་དར་མའི་དུས་ལ་ནམ་འཕངས་གཅོད། ། གནམ་ཁ་ཞེང་ཆེ་ཡང་ཡ་མི་ང་། ། ༢) རྒྱུགས་ཚར་བའི་རྟ་ཕོ་དང་ཡལ་ཚར་བའི་རྡུལ། ༣) ཨ་མའི་བརྩེ་བ་ཡལ་བའི་བུ་ཆུང་བརླན་གཤེར་དང་བྲལ་བའི་མེ་ཏོག་བཞིན་དུ་བཀྲག་མདངས་ཡལ་སོང་། ༤) ལས་དབང་གིས་རླུང་བུས་འདེད་པའི་མི་རྟག་འཇིག་རྟེན་གྱི་ཁམས་འདི་ཡི་ཐོག་བསམ་ཡུལ་ལས་འདས་པའི་གནས་ཚུལ་གང་དང་ཅི་ཡང་ཐོན་སྲིད་ཅིང་། དགའ་བ་དང་སྐྱོ་བ། མངར་མོ་དང་ཁག་པོ་གང་ཞིག་འཕྲད་ཀྱང་ལས་དབང་གི་ཁ་གཏད་དུ་ལངས་ཏེ་མི་ཚེ་མུ་མཐུད་སྐྱེལ་དགོས། ༥) རིག་པ་ལྕགས་སྐུད་བཞིན་དུ་ཨོ་ལོས་མ་བསྒྲིམ་ཟེར་ན། […]
བཀའ་བློན་རྟོགས་བརྗོད།
འགྱུར་མེད་ཚེ་རིང་། བོད་དགེ།ལ་དྭགས་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོག་མའི་ཀུན་སློང་གི་མྱུ་གུ་འབུས་ཚུལ། ༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་སྙན་ངག་གི་ལེའུ་བར་མ་དོན་རྒྱན་སོ་ལྔའི་བཀའ་ཁྲིད་ཅིག་གི་སྔོན་འགྲོར་སྙན་ངག་གི་ངོ་བོ་དང་ནུས་པའི་ཤུགས་རྐྱེན་ཇི་འདྲ་ཡིན་མིན་གྱི་བཀའ་སློབ་ཤིག་གི་ནང་ན། <<ང་སྔོན་མ་རྡོ་རྗེ་གླིང་དུ་སློབ་གྲྭའི་དགེ་རྒན་བྱེད་ནས་བསྡད་དུས། མཁྲིས་པ་ན་བ་རེད། མིག་དང་ལྤགས་པ་གསེར་པོར་འགྱུར་བའི་ན་ཚ་དེ་ན་བ་རེད། མཁྲིས་པ་དེ་ན་དགོས་པའི་རྒྱུ་རྐྱེན་གང་རེད་ཟེར་ན། མི་དབང་རྟོགས་བརྗོད་དེ་རགས་པ་རེད། མི་དབང་རྟོགས་བརྗོད་དེ་ནོ་ཝལ་(Novel)ཆ་ཚང་ཞིག་རེད། དེ་ངས་དགོང་མོ་གཉིས་ཀྱི་རིང་མཚམས་བཞག་མ་ཐུབ་པར་བཀླགས་པ་རེད། བྱས་ཙང་སྙན་ངག་ལ་ནུས་པ་ག་རེ་ཡོད་རེད་ཅེ་ན། ནམ་རྒྱུན་ཆུ་ཚོད་དགུ་པ་ཡོལ་མ་ཐག་གཉིད་ལ་ཤོར་འགྲོ་མཁན་གྱི་མི་གཅིག་གིས་སྙན་ངག་ཀློག་དུས། སེམས་ལ་ཐུན་མོང་མ་ཡིན་པའི་འགྱུར་བ་ཞིག་བྱུང་བ་རེད། ཐུན་མོང་མ་ཡིན་པའི་འགྱུར་བ་དེས་དུས་ཚོད་ག་ཚོད་ཕྱིན་མིན་ཧ་མ་གོ་བར་ལྷག་པ་རེད།>> ཅེས་གསུངས། དེས་ངའི་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་བག་ཆགས་སྟུག་པོ་ཞིག་བཞག་འདུག བག་ཆགས་དེས་མི་དབང་རྟོགས་བརྗོད་ཀྱི་དཔེ་དེབ་ཅིག་ཨེ་ཐོབ་མི་ཐོབ་བལྟས་བལྟས་ནས། ལོ་གཉིས་གོང་བལ་ཡུལ་ལ་བསྐྱོད་མཁན་གྲོགས་པོ་ཞིག་ལ་ཆེད་གཉེར་རེ་སྐུལ་ཡང་ཡང་བྱས་ནས་བླུ་ཉོ་བྱས་པ་ཡིན། རྗེས་སུ་ཕྱིར་སློབ་གྲྭར་འཁོར་རྗེས་དུས་ཚོད་ཀྱི་བར་གསེང་ཡོད་ཚད་ལ་གང་ཐུབ་ལྟ་ཁུལ་ཡིན་ནའང་། རང་བློ་ཁབ་མིག་ལས་དོག་ཅིང་ལོ་རྒྱུས་ཀྱི་བྱུང་རིམ་ལ་འདྲིས་ཆ་ཞན་པས། སེམས་ངོས་སུ་ད་ལྟ་བག་ཆགས་རྡོག་རྡོག་ཅིག་མེད་པ་ལྟ་བུ་རེད་འདུག ཡིན་ནའང་རིན་པོ་ཆེས་གསུངས་པའི་བཀའ་སློབ་ཀྱི་བྲག་ཆ་ད་དུང་ཡང་དུས་སྐབས་ནམ་ཡིན་ལ་བརྗེད་མེད་གཡེང་བའི་རླུང་གི་མ་འཁྱེར་བར་ཡང་ཡང་ཡིད་ངོས་སུ་དབྱར་མཚོའི་རྦ་རླབས་བཞིན་འཇགས་མ་མྱོང་།། ངས་ད་ལྟ་ཀློག་བཞིན་པའི་ཡོངས་གྲགས་<<བཀའ་བློན་རྟོགས་བརྗོད་>>དམ། མཚན་ཆ་ཚང་<<དཱིརྒ་ཡུརིནྡྲ་ཛིནའི་བྱུང་བ་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་ཨསྟི་>>ཞེས་བྱ་བའི་དཔེ་དེབ་དེ་ཉིད་ནི། མདོ་མཁར་བ་རང་ལོ་དོན་དྲུག་ལ་ཕེབས་དུས་དང་། དགུང་ལོ་སུམ་ཅུ་སོ་གྲངས་ཙམ་ལ་གོང་གསལ་<<མི་དབང་རྟོགས་བརྗོད་>>དང་། དགུང་ལོ་ཉུ་ཤུ་རྩ་གྲངས་ཙམ་ལ་<<གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་>>བཅས་གསུམ་པོ་ནི་དུས་སྐབས་མི་གཅིག་གནས་སྟངས་སོ་སོ་བ་རྣམས་བརྗོད་སྙིང་དུ་བྱས་པའམ་རྩོམ་པ་པོ་གཅིག་གི་སྨྱུག་རྩེ་ནས་བཞུར་བའི་དཔེ་དེབ་འབའ་ཞིག་ཡིན། ལྷག་དོན་<<བཀའ་བློན་རྟོགས་བརྗོད་>>ནི་རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་སྐུ་ཚེ་སྨད་ལ་ལྗགས་རྩོམ་གནང་བའི་སྲོལ་རྒྱུན་རྩོམ་གཤིས་ལྡན་པའི་བརྩམས་ཆོས་ཤིག་ཡིན་འདུག ནམ་རྒྱུན་བཤད་སྒྲོས་ལ་རྩོམ་པ་པོ་ཞིག་གིས་སྐུ་ཚེའི་སྔ་ཕྱི་གཉིས་ལས་སྐུ་ཚེའི་སྨད་ལ་བརྩམས་གནང་བའི་གསུངས་དང་སྐུ་ཚེའི་སྟོད་ལ་ལྗགས་རྩོམ་གནང་བའི་གསུངས་གཉིས་ལས་སྐུ་ཚེའི་སྨད་ཀྱི་བརྩམས་ཆོས་ནི། བཙོ་སྦྱང་གི་རང་བཞིན་ཤུགས་ཆེ་བས། སྤུས་ཀ་དང་བརྗོད་བྱ་གཉིས་ཀ་ནས་རྩེར་སོན་ཡོད་པས། དེ་ལ་ཆ་འཇོགས་དང་རིན་ཐང་གི་འདུ་ཤེས་ལྷག་པ་དགོས་ཚུལ་གྱི་གསུང་སྒྲོས་ལ་གཞིགས་ནས། ངས་དེ་རིང་ཅི་ནས་ཀྱང་<<བཀའ་བློན་རྟོགས་བརྗོད་>>ལ་ཞིབ་ལྟ་ཞིག་བྱས་ཏེ། བློ་སྐྱེད་ལྷག་པོ་ཞིག་འཐོབ་རེ་ཡིད་ལ་བཟུང་ནས། ཉིན་ཤས་བསྟུད་བསྟུད་བྱས་ནས་ཀློག་ཁུལ་ཡིན།། རྩོམ་པ་པོའི་སྐུ་ཚེའི་ལོ་རྒྱུས་ལ་ལམ་ཙམ་རྒྱུས་ལོན་བྱེད་པ། ཀ) ཆུང་གཞོན་ནུའི་དུས་སུ་ཀློག་པ་ཐོས་བསམ་གྱི་བྱ་བར་ཇི་ལྟར་ཞུགས་པའི་ཚུལ། གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་མི་སྣ་ཇི་སྙེད་ཅིག་ཡོད་པ་ལས། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་(༡༦༩༧ – ༡༧༦༣)ནི། འཛམ་གླིང་གི་ཡང་རྩེར་ཆགས་པའི་བོད་ཡུལ་ཁ་བའི་ལྗོངས་སུ་མི་ལོ་དྲུག་ཅུ་རེ་བདུན་ཙམ་བཞུགས་རིང་། ཆབ་སྲིད་ཀྱི་རྦ་ཀློང་ཡ་ཡོ་སྣ་ཚོགས་ཀྱི་ཁྲོད་ན། མཐོ་རིམ་གྱི་གོ་གནས་ལ་བཞུགས་མྱོང་བའི་མྱོང་ཅན་གྱི་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན།། རྩོམ་པ་པོ་ཁོང་ནི། ཡབ་ངག་དབང་ཚངས་པ་དང་། ཡུམ་མདང་དྲུང་གཉིས་ཀྱི་རིགས་སྲས་སུ་མེ་མོ་གླང་(༡༦༩༧)ལོར་སྐུ་འཁྲུངས། ནར་མ་སོན་པའི་དུས་ཁོང་ལ་ཀུན་གྱིས་ཆས་ཁོག་ཅེས་འབོད་ཀྱི་ཡོད་ཚུལ་རང་རྣམ་དེ་ཉིད་ལས། བཞིན་སྟབས་སྙིང་དུ་སྡུག་པར་བརྟེན་ཚང་མས་ཁ་སྦྱོར་བ་བཙོག་པའི་ཚད་དུ་བ་ཕྱུགས་ཀྱི་ལྟོ་སྣོད་ལ་དཔེ་བྱས་ནས་ “ཆས་ཁོག་” གི་མིང་བཏགས་པས་རེ་ཞིག་དེ་ཁ་འབད་ཅེས་པ་ལས་རྟོགས་སླ། […]
ནགས་ཚང་གཞོན་ནུའི་རང་མཚང་།
བཀྲ་ཤིས་ཚེ་རིང་། གཞི་གོང་བོད་དགེ།སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། རྩོམ་པ་པོ། ནགས་ཚང་རྒད་པོའམ་ནགས་ཚང་ནུས་ལྡན་བློ་བཟང་། དཔེ་དེབ་ཀྱི་ནང་དོན་གནད་བསྡུས། སྤྱི་ལོ་ ༡༩༥༩ ལོའི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ནགས་ཚང་ནུས་བློ་ཆུ་དམར་ལེབ་ཀྱི་ཕྱུགས་ཟོག་འཚོ་སྐྱོང་བྱ་སའི་ཕྱུགས་ལས་ཁང་ཞིག་ལས་ཐོན་ཏེ། སློབ་གྲྭའི་ཕྱོགས་གསུམ་པོ་ཐོ་ཡིས་བརྩིགས་པའི་ཆུ་དམར་རྫོང་སློབ་འབྲིང་ཁང་དུ་སློབ་ཞུགས་བྱས་པའི་ཉིན་དང་པོ་ཡིན། བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་དགེ་རྒན་ལིའི་ཚེ་བརྟན་སོགས་ཀྱིས་བྱམས་སྐྱོང་འོག་ཏུ་འཚར་ལོངས་བྱས་པའི་གོ་སྐབས་བཟང་པོ་འདི་ནི་སྔོན་བསགས་ཀྱིས་བསོད་ནམས་ལས་གཞན་ཅི། སྐབས་དེར་བོད་རྒྱ་གཉིས་ཀྱི་དབར་དུ་འཐབ་འཛིང་བྱས་པའི་དུས་ཤིག་ཡིན་ལ་ཁྱད་པར་དུ་རྩོམ་པ་པོ་ནགས་ཚང་ནུས་བློ་སོགས་ཀྱི་ཕ་མ་ཕལ་མོ་ཆེ་གུང་ཁྲན་དམག་གིས་དམར་གསོད་བཏང་ཟིན་པས། བྱིས་པ་མང་པོ་ཞིག་དྭ་ཕྲུག་གི་འཚོ་བར་རོལ་དགོས་བྱུང་ཡོད་ཅིང་། ཕ་མ་མེད་མཁན་གྱི་དྭ་ཕྲུག་དུ་མ་ཞིག་ཆུ་དམར་རྫོང་སློབ་འབྲིང་ཁང་དུ་སྐྱེལ་བཞིན་ཡོད། ཆུ་དམར་རྫོང་སློབ་འབྲིང་ཁང་འདི་ནི་དྭ་ཕྲུག་ཚོ་ལ་མཚོན་ན་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་དང་། ལྷག་པར་དུ་དགེ་རྒན་ལས་བྱེད་རྣམས་ཀྱིས་ཕ་མ་བཞིན་བྱིས་པ་ཚོར་བརྩེ་སེམས་བཅངས་ནས་གསོ་སྐྱོང་གནང་ཞིང་། དེ་དུས་འཚོ་བ་ལ་དཀའ་ཁག་ཆེ་ཞིང་སེམས་ཁམས་ལ་ན་ཟུག་ལྕི་མོ་ཞིག་གིས་དུས་རྟག་ཏུ་འགུལ་བརྡ་གཏོང་གིན་ཡོད་ཀྱང་། འཁང་ར་དང་ཞེ་འགྲས་གཏིང་ནས་སྐྱེས་མ་མྱོང་། ཉིན་ཞིག་དགེ་རྒན་གྱིས་དེ་རིང་ལོ་སར་རེད་གསུངས་ཏེ་སྔ་དྲོ་སློབ་མ་རེ་ལ་གོ་རེ་(བག་ལེབ་)ཆེན་པོ་རེ་བྱིན་ཞིང་། ད་དུང་དགེ་རྒན་ལིའི་ཚེ་བརྟན་གྱིས་སློབ་མ་རེ་ལ་བུ་རམ་ཉ་བྱི་རིལ་དང་། སིལ་རྟོག་དམར་རིལ་འགའ་རེ་བྱིན་ནས་གང་དགའ་ལོངས་སུ་སྤྱད་པ་ཡིན། སྐབས་དེར་སློབ་གྲྭར་སློབ་མ་བརྒྱ་ལྷག་ཡོད་ཟེར་མོད། དོན་དངོས་སུ་སློབ་མ་བརྒྱད་ཅུ་གྱ་ལྔ་ཙམ་ལས་མེད། འོན་ཀྱང་སློབ་མ་མང་ཆེ་བ་ནི་བླ་དཔོན་གྱི་ཁྱིམ་ཚང་དང་། ཕྱུག་བདག།ས་བདག་སོགས་ཀྱི་ཁྱིམ་མི་ཆེ་བ་ཚོ་ཚང་མ་བཙོན་ལ་བཅུག་པ་དང་དམར་གསོད་བཏང་བ་སོགས་ཀྱི་རྗེས། བྱིས་པ་ཚོ་བདག་པོ་མེད་པའི་དྭ་ཕྲུག་ལྟ་བུ་ཡིན་པས། སློབ་གྲྭ་འདིར་བསྐྱལ་ཡོང་བ་ཤ་སྟག་རེད་འདུག།ང་ཚོ་ཉིན་རེ་བཞིན་དགེ་རྒན་རྣམས་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་སློབ་སྦྱོང་བྱེད་པ་དང་རྩེད་མོ་རྩེ་བ་སོགས་ལས། གཞན་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པའི་ངང་ནས་འཚོ་བ་ལ་རོལ་བཞིན་ཡོད། སྤྱི་ཚོགས་ལ་དུས་འགྱུར་བྱུང་བའི་རྐྱེན་གྱིས་རང་ཉིད་ཀྱི་ཁྱིམ་ཚང་མེད་སོང་བ་དང་། ཕ་མ་སྤུན་མཆེད་སོགས་ཚེ་ལས་འདས་པའི་སེམས་སྡུག་སོགས་ནི་ཡེ་ནས་བརྗེད་སོང་བ་འདྲ་ཞིག་རེད། དགུན་ཁའི་གུང་སེང་སྐབས་སུ་སློབ་མ་མང་པོ་ཁྱིམ་ནང་དུ་བཏང་རྗེས། སློབ་མ་མང་ཙམ་ཕྱིར་སློབ་གྲྭའི་ནང་དུ་ལོག་མ་ཐུབ་བྱུང་སོང་བས། དགེ་རྒན་གྱིས་ད་ཉེ་ས་ཚོས་ཡོང་མ་བཅུག་པ་ཡིན་རྒྱུ་རེད། ད་ལྟ་སློབ་གྲྭའི་ནང་དུ་ཐོན་ཡོད་པའི་སློབ་མ་ཚོ་ནི་དྭ་ཕྲུག་བདག་མེད་ཁོ་ན་རེད་གསུངས། དེ་ནས་གུང་ཁྲན་ཏང་གི་སྲིད་ཇུས་འོག་ཏུ་ཉིན་རེ་བཞིན་སློབ་གྲྭ་དང་མི་དམངས་སོགས་ལ་འཚོ་བའི་དཀའ་ཚེགས་ཛ་དྲག་ཅན་དུ་གྱུར་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཉི་མ་སྤྲིན་འཁྲིགས་ལྟ་བུའི་གནས་བཅས་པ། རིམ་བཞིན་སྲིད་ཇུས་གུ་ཡངས་ཤིག་སླེབས་ནས་བོད་ས་ཡོངས་ལ་དམར་གསོད་ཀྱི་བྱ་བ་མཚམས་བཞག་རྗེས་སུ་སློབ་གྲྭའི་འཚོ་གནས་དང་། ཤེས་ཡོན་སྲིད་ཇུས་སོགས་ཀྱི་ལམ་ལུགས་ཀྱང་བཟང་དུ་ཕྱིན་པས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་མ་འོངས་པའི་རེ་འདུན་ཁྲི་མ་འབུམ་གྱི་ལམ་འཕྲང་ལ་བསྐྱོད་པར་བྱས་ཁར། སྤྱི་ལོ་ ༡༩༦༤ ལོའི་ཟླ་ ༨ པའི་ཉིན་ཞིག་ལ་དགེ་བཀྲ་བྷོས་བཀོད་མངགས་འོག་ཏུ་སྐྱེད་དགུ་དགེ་ཐོན་སློབ་གྲྭར་འགྲོ་དགོས་བྱུང་སོང་། དགེ་རྒན་དང་ཇ་མ། སློབ་མ་ཡོངས་ཀྱིས་སློབ་གྲྭའི་རྒྱ་སྒོས་ནས་ང་ཚོ་སྐྱེལ་མ་བྱས་སོང་ལ། སློབ་གྲོགས་དུ་མ་ཞིག་ངུ་བཞིན་འདུག། རང་རོགས་གཉིས་ཀ་སེམས་སྐྱོ་ནས་ཁ་བྲལ་ཐབས་མེད་པ་འདྲ་ཞིག་རེད་མོད། འོན་ཀྱང་མ་སོང་ན་ཐབས་མེད་ཡིན་པས། ཅི་བྱ་གཏོལ་མེད་གྱུར་སོང་། ལྷད་མེད་ཀྱི་མཛའ་བརྩེ་གཏིང་ཟབ་པའི་དགེ་སློབ་རྣམ་པ་དཀའ་ཚེགས་ཧ་ཅང་ཆེ་བའི་སྐབས་སུ། རྒྱགས་ན་མཉམ་རྒྱགས་དང་། ལྟོགས་ན་མཉམ་ལྟོགས་ངང་། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་། […]
