Skip to main content
ཤེས་རིག་ལས་ཁུངས།

ང་ཚོ་བོད་ལ་ལོག་ན་འདོད།

ང་ཚོ་བོད་ལ་ལོག་ན་འདོད།

ང་ཚོ་བོད་ལ་ལོག་ན་འདོད།

མིག་དམར་ལྷ་མོ།འཛིན་གྲྭ་བཅུ་གཉིས། སེ་ལ་ཀུའི་བོད་ཁྱིམ། སྤྱིར་བལྟས་ན་སྐྱིད་སྐྱིད་འདྲ་བའི་ཡངས་ཤིང་རྒྱ་ཆེ་བའི་གླིང་ཆེན་འདིའི་སྟེང་དུ་སྟོབས་ཆེན་རྒྱལ་ཁབ་ཧ་ཅང་མང་པོ་ཡོད། འོན་ཀྱང་གངས་རི་དཀར་པོ་སྤྲིན་དང་མཉམ་པའི་བོད་བསིལ་ལྡན་ལྗོངས་ནི་ཡུལ་ལུང་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡོད། རླུང་ཁམས་གཙང་ལ་ནམ་མཁའ་བཞིན་ཡངས་པའི་རྩྭ་ཐང་ལྗང་ཐིང་ཐིང་གི་སྟེང་ནས་རྟ་ནོར་ལུག་གསུམ་ཕྱོགས་མཐར་ཁེངས། དེ་བཞིན་མཚོ་དང་མཚེའུ་སོགས་ཆུ་ཕྲན་དང་གཏེར་ཁ་འདྲ་མིན་ཡོད་པས་རང་བཞིན་གྱི་ཁོར་ཡུག་མཛེས་སྡུག་ལྡན་པའི་ཡུལ་ལུང་ཞིག་ཆགས་ཡོད། ཡིན་ནའང་རྩམ་པ་དེད་པ་བཞིན་ཕྱི་ལོ་ང་དགུའི་ལོ་ནས་བཟུང་འཇིགས་སྣང་གི་སྤྲིན་མ་ནག་པོས་བོད་ཡུལ་དུ་འཁྲིགས་ཏེ་བོད་ཀྱི་ཞི་བདེ་སྤྲོ་སྐྱིད་ཀྱི་ཉི་མ་བསྣུབས་ཡོད་པས། ཕྱི་ལོ་ང་དགུའི་སྔོན་གྱི་བོད་ཀྱི་གནས་སྟངས་དང་དེང་དུས་བོད་ནང་གི་གནས་སྟངས་དབར་ཁྱད་པར་ཅི་འདྲ་ཡོད་པའི་སྐོར་ཤེས་པའི་ཆེད་དུ་གུས་མོ་བོད་ལ་ལོག་ན་འདོད། ལྷག་པར་གངས་རི་བརྒལ་ཏེ་ཆ་རྒྱུས་མེད་པའི་ཡུལ་གྲུ་ཆེན་པོ་རྒྱ་གར་འཕགས་ཡུལ་དུ་སླེབས་ནས་ཁོང་༸རྒྱལ་བའི་བཀའ་དྲིན་འོག་ཏུ་ཉིན་རེའི་འཚོ་བའི་ཐོག་དཀའ་ཁག་སྤུ་ཙམ་ཡང་བསྟན་རྒྱུ་མེད་ལ། དེ་བཞིན་གནམ་གཤིས་ལ་མཚོན་ན་དེ་བས་ཀྱང་གནས་སྟངས་ཁག་པོ་ཆགས་ཡོད། བྱས་ཙང་ང་ཚོ་བོད་ལ་ལྷག་པར་ལོག་ན་འདོད། དེ་ཡང་བོད་ཀྱི་ཁ་རྒྱུན་ལ་མེ་ནི་གྲང་བར་འགྱུར་ཡང་སྲིད། རླུང་ཡང་ཞགས་པས་ཟིན་ཡང་སྲིད། ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། ལས་ཀྱི་རྣམ་སྨིན་བསླུ་མི་སྲིད་ཅེས་གསུངས་པ་བཞིན་སྤྱིར་རྒྱ་དམར་པོའི་མཁྲེགས་འཛིན་གྱི་སྲིད་གཞུང་གིས་བོད་གངས་ཅན་ལྗོངས་བཙན་བཟུང་བྱས་ནས་ཡོད་ཀྱང་། ལས་ཀྱི་རྣམ་སྨིན་གྱིས་ཉིན་གཅིག་རྒྱ་མི་རྣམས་བོད་ཡུལ་བཞག་ནས་རང་ཡུལ་དུ་ལོག་དགོས་པའི་དུས་ཤིག་འཆར་མ་སྲིད་པ་མིན། དེ་ཡིན་དུས་ཉིན་རེར་འུ་ཚོ་བོད་མི་རྣམས་ཕ་ཡུལ་དུ་ལོག་ནས་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་རྫོགས་མཉམ་འཛོམས་བྱུང་ན་ཅི་མ་རུང་སྙམ། དེ་དང་ལྷན་དུ་ཆེ་ས་ནས་མི་རིགས་ཤིག་གི་འགན་ཁུར་དང་ཆུང་ས་ནས་བཤད་ན་རང་སྒེར་ཞིག་གི་རང་དབང་ཆེད་འུ་ཅག་བོད་ལ་ལོག་པར་འདོད། མི་རིགས་ཞིག་གི་ཐུན་མོང་མ་ཡིན་རིག་གཞུང་ནི་མི་རིགས་དེའི་ཚེ་སྲོག་ལྟ་བུ་ཡིན་ལ། གལ་ཏེ་རིག་གཞུང་དེ་རྒྱུན་བསྐྱངས་ནས་གནས་མ་ཐུབ་ན་གང་ཟག་ཅིག་ཚེ་སྲོག་དང་བྲལ་ནས་འཇིག་རྟེན་ཕྱི་མའི་ཡུལ་དུ་ཕྱིན་པ་དང་གཉིས་སུ་མ་མཆིས་དེར་བརྟེན་འུ་སྐོལ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡུལ་ལུགས་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་ཆེད་ང་ཚོ་བོད་ལ་ལོག་ནས་ལུགས་སྲོལ་དེ་དག་ཐོག་དོ་སྣང་བྱ་རྒྱུ་གལ་འགངས་ཆེན་པོ་མཐོང་གི་འདུག།མདོར་ན་ང་ཚོ་བོད་ལ་ལོག་ནས་ཆོལ་གསུམ་བོད་རིགས་སྤུན་ཟླ་ཚོས་བློ་སེམས་གཅིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་བྱས་ཏེ་རང་མི་རིགས་སྲུང་སྐྱོབ་བྱེད་པར་འདོད། མ་འོངས་བོད་ཀྱི་སོན་རྩ་རྣམས།།རྒྱུས་མེད་ཡུལ་དུ་ཡོད་ན་ཡང་།།རང་གི་རིག་གཞུང་གོམས་གཤིས་སོགས།།ཉམས་པ་གསོ་ཆེད་མི་ཉམས་གོང་འཕེལ་དགོས།།

ང་བོད་ལ་ལོག་ན་འདོད།

ང་བོད་ལ་ལོག་ན་འདོད།

ལས་སྐྱིད་ཆོས་འཛོམས།འཛིན་གྲྭ་བཅུ་གཉིས། མ་སུ་རི་སཾ་བྷོ་ཊ་གཏན་སློབ། མི་སུ་འདྲ་ཞིག་ཡིན་རུང་རང་རང་སོ་སོའི་ཕ་ཡུལ་དུ་ལོག་འདོད་མེད་པ་མེད། ང་ཚོ་བོད་པ་ལྟ་བུ་ལ་མཚོན་ན། སོ་སོའི་ཕ་ཡུལ་དུ་ལོག་འདོད་ཡོད་ཀྱང་ལས་སླ་པོའི་ངང་ནས་ལོག་ཐུབ་པ་མེད། རྒྱུ་མཚན་ནི་ང་ཚོའི་ཕ་ཡུལ་བོད་དེ་རྒྱ་དམར་གྱིས་བཙན་འཛུལ་བྱས་ནས་བསྡད་ཡོད། ངའི་ཕ་ཡུལ་བོད་དེ་སའི་གོ་ལའི་སྟེང་གི་གླིང་ཆེན་ཨེ་ཤི་ཡའི་ནང་ཡོད་པ་དང། དེ་ཡི་ས་ཁྲའི་དབྱིབས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བར་ང་ཚོ་བོད་ཀྱི་ལྷམ་སྤུ་མའི་དབྱིབས་ལྟར་ཡོད། དེ་འདྲ་སོང་ཙང་ས་ཁྲའི་སྟེང་ནས་བོད་དེ་མཐོང་བདེ་བོ་ཡོད། ཁྱིམ་མཚེས་རྒྱལ་ཁབ་མང་པོས་བསྐོར་བའི་ངའི་ཕ་ཡུལ་བོད་ནི་འཛམ་གླིང་གི་མཐོ་སྒང་ཡིན་པ་དང། ང་ཚོ་བོད་མི་རྣམས་ཀྱི་ནང་ནས་མི་འབོར་མང་པོ་ཞིག་འབྲོག་པ་རེད། འབྲོག་པ་རྣམས་དགུན་ཁའི་དུས་སུ་ས་ཆ་མཐོ་ས་ནས་དམའ་སར་ཡོང་བ་དང། དབྱར་ཁའི་དུས་སུ་ས་ཆ་མཐོ་སར་གནས་སྤོ་ཡི་ཡོད། བོད་ཀྱི་གནམ་གཤིས་སྐོར་ཅུང་ཟད་འགྲེལ་བཤད་བརྒྱབ་ན། སྤྱིར་བཏང་ནས་རྒྱ་གར་ལྟར་མིན་པར་བོད་ཀྱི་གནམ་གཤིས་ནི་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་ཁ་གསལ་བའི་དམིགས་བསལ་ཞིག་རེད། ལོ་ལྟར་ནམ་དུས་དབྱེར་མེད་ལ་གངས་རི་དཀར་པོས་བོད་ཀྱི་མཐའ་ཡོངས་རྫོགས་བསྐོར་བ་དང་དགུན་ཁའི་དུས་སུ་ཁ་བ་ཤུགས་ཆེན་བབས་ཏེ་གྲང་ངར་ཆེན་པོ་ཡོད་ན་ཡང་མཛེས་སྡུག་ལྡན་པ་ཞིག་ཡོད། དཔྱིད་ཀའི་དུས་སུ་གནམ་གཤིས་བསིལ་པོ་དང་རྩ་ལྗང་ཐིང་ངེར་དང་མེ་ཏོག་ཁྲ་ཆིམ་ཆིམ་སྐྱེས་ནས་མིག་ལ་མཛེས་པོ་ཞིག་ཡོད། བྱ་བྱིའུའི་སྐད་སྙན་ཞིང་སེམས་ཅན་རི་དྭགས་འདྲ་མིན་ཞི་བདེའི་ངང་རྩ་ཆུར་རོལ་ནས་གནས་པ་མཐོང་རྒྱུ་ཡོད། དབྱར་ཁའི་དུས་སུ་རྩ་ཆུ་བཟང་ཞིང་ནོར་ལུག་ཤ་ཤེད་རྒྱས་པས་འོ་མ་སོགས་དཀར་ཟས་དང་དམར་ཟས་འདྲ་མིན་ལ་རོལ་རྒྱུ་ཡོད། དབྱར་དུས་ཆར་ཆུ་ཡག་པས་མཚོ་དང་མཚེའུ་རྣམས་རྒྱས་ཏེ་ཆུའི་དཀའ་ངལ་འཕྲད་པའི་ལུགས་སྲོལ་མེད། ཡུལ་ལུང་གཞན་ལྟར་ཆུ་གཙང་མ་བཟོ་ཆེད་ཀྱི་འཕྲུལ་ཆས་མི་དགོས་པར་གང་དུ་སོང་ཡང་ཆུ་གཙང་མ་འཐུང་རྒྱུ་ཡོད། སྟོན་ཁའི་དུས་སུ་ཞིང་པ་རྣམས་ལ་མཚོན་ན། སོ་སོས་དཔྱིད་ཀར་བཏབ་པའི་ཞིང་ཁའི་སྟོན་ཐོག་སྨིན་པ་དག་གླུ་གཞས་གཏོང་གིན་བསྡུ་བ་མཐོང་རྒྱུ་ཡོད་པ་ནི་ཞིང་པའི་སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་རེད། དེ་བཞིན་ང་ཚོའི་བོད་དེ་ཆོལ་ཁ་གསུམ་ལ་དབྱེ་ཡོད་པ་ནི་དབུས་གཙང། མདོ་སྟོད། མདོ་སྨད་བཅས་གསུམ་རེད། ཆོལ་ཁ་གསུམ་གྱི་ཡུལ་སྲོལ་གོམས་གཤིས་དང་སྐད་ཆ་བཤད་སྟངས་ཀྱང་མི་འདྲ་བ་ཡོད་ན་ཡང་ཡི་གེ་ནི་བོད་ཡིག་ལས་གཞན་མེད། ང་ཚོ་བོད་ལ་ཡོད་པའི་ཁྱད་ཆོས་གཙོ་བོ་ནི་གནའ་སྔ་མོ་རྒྱལ་པོ་རིམ་བྱོན་གྱིས་བཞེངས་པའི་གཟི་བརྗིད་ཆེ་བའི་ཕོ་བྲང་མང་པོ་ཡོད་པ་དེ་དག་ཡིན། དཔེར་ན། མཁར་གྱི་ཐོག་མ་ཡུམ་བུ་ལྷ་ཁང་དང་ཕོ་བྲང་པོ་ཏཱ་ལ་སོགས་མང་པོ་ཡོད། སྙན་གྲགས་ཆེ་ཤོས་གཉིས་འགྲེལ་བཤད་ཞིག་བྱས་ན། ཡུམ་བུ་ལྷ་ཁང་ནི་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པ་དང་དེའི་ནང་བོད་ཀྱི་རྒྱལ་པོ་སོ་གཉིས་བར་བཞུགས་ཡོད། ཕོ་བྲང་པོ་ཏ་ལར་ཡོད་པའི་ཁྱད་ཆོས་ནི་ཁང་མིག་ཁྱོན་ཆིག་སྟོང་ཙམ་ཡོད་པ་དང། དེའི་ནང་ལས་ཁུངས་འདྲ་མིན་དང་གྲྭ་ཚང་སོགས་སྣ་ཚོགས་མཇལ་རྒྱུ་ཡོད། ཕོ་བྲང་དེའི་ནང་གི་རྟེན་གཙོ་བོ་ནི་ཇོ་བོ་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་དག་རེད། ཕོ་བྲང་དེ་དང་ཐོག་དུས་རབས་བདུན་པའི་ནང་བཞེངས་པ་དང་ད་ལྟ་ཡང་སྤུས་ཚད་ཡག་པོའི་ངང་གནས་ཡོད། གཞན་གྱི་མིག་གིས་མཐོང་ན་མཛེས་པོ་དང་གཟི་བརྗིད་ཆེན་པོ་ཡོད། བོད་དུ་ཡོད་པའི་མི་རྣམས་ལ་མཚོན་ན་གཤིས་ཀ་འཇམ་པོ་དང། ཁྱིམ་ཚང་གང་དུ་སོང་ཡང་བོད་ཇ་ཞིམ་པོ་དང་ཁ་ཟས་སོགས་སྤྲོད་སྲོལ་ཡོད། ང་ཚོ་་བོད་མི་ལ་ཡོད་པའི་ཁྱད་ཆོས་དམིགས་བསལ་ཞིག་ནི་ཕྱིའི་མི་སུ་འདྲ་ཞིག་ཕེབས་རུང་ཁོང་རྣམས་ལ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཕེབས་བསུ་ཞུ་སྲོལ་ཡོད། ང་ཡི་ཕ་ཡུལ་བོད་ནི་རྩ་ཆུ་དང། གཏེར་ཁ་སོགས་བཟང་བའི་མཐོ་སྒང་ཞིག་ཡིན་པས་ང་ས་ཆ་མཛེས་སྡུག་ལྡན་པ་དེར་ལོག་འདོད་མེད་པ་ག་ནས་ཡོང། ཉིན་ཞིག་བོད་ལ་སྐྱིད་པའི་ཉི་མ་ཤར་ནས་བོད་པ་ཚང་མ་མཉམ་འཛོམས་ཡོང་བར་ཤོག ང་མ་ཤི་བར་ལ་ཐེངས་གཅིག་བོད་ལ་ལོག་ཐག་ཆོད་ཡིན།

ང་བོད་ལ་ལོག་ན་འདོད།

ང་བོད་ལ་ལོག་ན་འདོད།

ཡིད་མཛེས་དབང་མོ།འཛིན་གྲྭ་བཅུ་གཉིས། གོ་པལ་པུར་བོད་ཁྱིམ། བོད་ཁ་བའི་ལྗོངས་ཀྱི་ཡུལ་ཁམས་འདི་ནི་གུས་མོ་རང་ཉིད་ཀྱི་རྨི་ལམ་ནང་གི་ཞིང་ཁམས་ཆེན་པོ་ཞིག་དང། ད་བར་གྲུབ་མི་ཐུབ་པའི་ཡུལ་ཞིག་ཏུ་གྱུར་ཡོད། གུས་མོའི་རྨི་ལམ་ནི་དུས་རྟག་ཏུ་བོད་ཅེས་པའི་མིང་དེ་གཅིག་པུ་མ་ཡིན་པར། བོད་གངས་ཅན་ལྗོངས་སུ་ཆགས་པའི་རང་བཞིན་གྱིས་ལྟ་ན་སྡུག་པའི་མཛེས་སྡུག་གིས་ཁེངས་པའི་བརྗིད་ཆགས་ཡིད་འོང་ལྡན་པའི་ས་ཆུ་རི་ཀླུང་སྣ་འཛོམས་དང། ནམ་དུས་བཞིའི་འགྱུར་ལྡོག་མངོན་གསལ་དོད་པའི་རྣམ་པ་དང། ཀུན་གྱི་མིག་ལམ་དུ་ཡིད་དབང་འཕྲོག་པའི་མཛེས་སྡུག། དུས་བཟང་རྟེན་འབྲེལ་ཅི་འདྲ་ཞིག་ཏུ་སྤྲོ་སྐྱིད་ལ་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་ལྷན་དུ་རོལ་ཆོག་པའི་རང་བྱུང་འཁོར་ཡུག་གཅིག ཁ་བའི་ཡུལ་ལྗོངས་སུ་དུས་དང་བསྟུན་ནས་སྤྱི་ཚོགས་ཀྱི་འགྱུར་བ་དེ་ཙམ་དུ་མི་འགྲོ་ཡང། སྔ་མོའི་སྲོལ་ལུགས་ཀུན་མ་བརླག་མ་སྟོར་བར་མིག་གིས་གསལ་ལེར་མཐོང་ཐུབ་པའི་ཡུལ་ཁམས་ཤིག། དེ་བཞིན་སྤྱི་ཚོགས་ཀྱི་སྐོར་ལ་བརྗོད་ན། སྙན་ལ་བརྗོད་མི་ཚར་བའི་གཏམ་རྒྱུད་དང། གཏམ་དཔེ། ཚིག་རྒྱག་སོགས་མང་པོའི་ཁྲོད་ནས་མི་ཚེར་གསོན་ཤུགས་སྟེར། ལག་ཏུ་སྨྱུ་གུ་བཟུང་སྟེ་ཡིད་སེམས་ཁ་བའི་ལྗོངས་ཀྱི་ཡུལ་དུ་བཏང་ནས། ཚོར་བཞིན། སེམས་བཞིན། དྲན་བཞིན། ངས་དེ་ལྟར། བོད་ཁ་བའི་ཡུལ་ལྗོངས་སུ་འགྲོ་འདུན་ཧ་ཅང་ཆེ་ལ། དེང་དུས་ཀྱི་དུས་རབས་དང་བསྟུན་ནས་དེ་བས་འགྲོ་བའི་འདུན་པ་ཆེན་པོ་སྐྱེ་བཞིན་ཡོད། མཚན་མོའི་ཁྲོད་ན་ནམ་མཁའི་སྐར་ཚོགས་དང་ཟླ་བའི་རོགས་ལ་བརྟེན་ནས་ཀྱང་ངའི་ཕ་ཡུལ་ནི་ཤིན་ཏུ་མཇལ་དཀའ་བའི་དུས་ཤིག་ཏུ་གྱུར་འདུག། རང་གཟུགས་མལ་ཁྲིའི་ཐོག་ཏུ་ལྷུང་ཡང། ཡིད་སེམས་ཆུང་ཆུང་ད་དུང་ཕ་ཡུལ་ཕྱོགས་སུ་འཁོར་ཞིང་ཡང་ཡང་འགྲོ་བ་ཉུང་ཉུང་མིན། དྲིན་ཆེ་བའི་ཕ་མ་མིག་གིས་དངོས་སུ་མཐོང་ཡུལ་ལ་གྱུར་ཡོད་ཀྱང། ཕ་རྒྱུད་མ་རྒྱུད་ཀྱི་ཤ་ཁྲག་གཅིག་པའི་གཉེན་ཉེ་རྣམས་བོད་དུ་ལུས་ཡོད་པ་ངས་ཡང་ཡང་སེམས། རྒན་རབས་ཀུན་གྱི་སེམས་ལྷག་ད་དུང་ཡང་བོད་ཁ་བའི་ལྗོངས་སུ་འཁྱམ་བཞིན་ཡོད། གཟུགས་མེད་སེམས་ལྷག་དེ་ཚོས་ང་ཚོར་ཡང་ཡང་འབོད་པ་ངས་ཐོས། ཆོས་དང་འབྲེལ་བའི་དགོན་སྡེ་ཁག་གི་ལྷ་ཆེན་སྲུང་མ་ཚོས་མཐུ་དང་ནུས་པས་གངས་ཅན་ཡུལ་དུ་རང་དབང་སླར་གསོ་ཡོང་བར་འབད་བརྩོན་གནང་བ་ངས་མཐོང། དེ་འདྲའི་སྙིང་རྗེའི་འཁྱིལ་བའི་རྒྱ་མཚོ་ལྟ་བུའི་ཡུལ་ཆེན་འདི་ལ་ལས་ངན་པ་འདི་འདྲ་བྱུང་དགོས་ཅི་ཡིན་ནམ། ངས་ང་རང་ལ་ཡང་ཡང་འདྲི་མྱོང། དེ་ནི་གཙོ་བོ་ཧམ་ཅན་རྒྱ་ནག་དམར་པོས་ཤུགས་རྐྱེན་དང་། ནང་པའི་ལྟ་གྲུབ་ལ་ཤིན་ཏུ་ནས་མི་དགའ་བའི་དམར་པོའི་མི་རིགས་དེ་ཚོས་བཟོས་པ་ཐེ་ཚོམ་ག་ལ་ཡོད། ཉམས་ཆུང་བོད་མིའི་ང་སྒྲ་ཀུན་ངའི་རྣ་བར་ད་ལྟ་ཡང་ཐོས་བཞིན་གདའ། ང་ཚོའི་སྐྱབས་གནས་རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ཡི་བྱིན་རླབས་ལ་རེ་སྒུག་བྱེད་བཞིན་ཡོད་པ་ངས་ཚོར། ང་རང་ཡང་སྐབས་རེ་བོད་དུ་འགྲོ་ཆོག་ན་བསམ་པའི་བསམ་བློ་ཡང་ཡང་འཁོར་བཞིན་འདུག ནམ་ཞིག་ངའི་ཕ་ཡུལ་ངའི་མིག་གཉིས་ཀྱི་དངོས་སུ་མཐོང་འདུན་ཅི་ཡང་ཆེ། ལས་དང་སྐལ་བས་ད་བར་གཞན་ཡུལ་དུ་གྱར་དགོས་བྱུང། ང་ཚོའི་སྐྱབས་གནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཕྱེད་མ་ཟིན་ཙམ་གྱི་ཤུལ་ལྷག་དེ་ད་དུང་ཡང་བོད་དུ་གསལ་ཐིང་ངེར་ལུས་ཡོད། གངས་ལྗོངས་སུ་བཞུགས་པའི་གཞིས་ལུས་སྤུན་ཟླ་དང། དཔའ་བོ་དཔའ་མོ་ཚོས་ཁྱེད་ཉིད་ལ་རེ་བ་ཆེན་པོས་སྒུག་ནས་ཡོད། ང་བོད་ལ་ལོག་ན་འདོད་ཡང་ལོག་མ་ཐུབ་པ་དེ་ཚེ་སྔོན་ལས་ངན་ཅི་ཞིག་བསགས་ཡིན་མིན་མི་ཤེས་ལ། ད་ལྟ་བོད་ལ་འགྲོ་རྒྱུའི་ཐག་པ་དེ་རང་དབང་མེད་པར་ཆད་སོང་སྟེ། ང་བོད་དུ་དངོས་སུ་ད་བར་འགྲོ་ཐུབ་པ་མ་བྱུང་ཡང། ངས་རང་སེམས་རྩེ་གཅིག་ཏུ་བསྒྲིམས་ནས་བོད་དུ་འགྲོ་རྒྱུའི་ལག་ལེན་ཐོག་འབད་རྒྱུ་དང། གུས་མོ་བོད་དུ་ལོག་རྒྱུའི་རྨི་ལམ་དེ་གུས་མོའི་ཕུགས་བསམ་ཞིག་ཏུ་གྱུར། བོད་ལ་འགྲོ་ན་ཅི་ཡང་འདོད།།

ང་བོད་ལ་ལོག་ན་འདོད།

ང་བོད་ལ་ལོག་ན་འདོད།

བསྟན་འཛིན་རྣམ་རྒྱལ།འཛིན་གྲྭ་བཅུ་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། ང་བོད་ལ་ལོག་ན་འདོད་པའི་དུས་ངའི་སེམས་ལ་བཤད་མི་ཐུབ་པའི་ཚོར་བ་སྐྱེས་བྱུང། ང་བོད་ལ་ལོག་ན་ཕོ་བྲང་པོ་ཏ་ལ་མཇལ་གྱི་ཡོད་དམ། ཕྱི་ལོ་༡༩༥ལོར་རྒྱ་ནག་དམར་པོའི་གཞུང་གི་འོག་ལ་བོད་ཤོར་ནས་ལོ་༦༥ ཙམ་ཕྱིན་ཡོད་པ་དུས་ཡུང་རིང་པོ་དེའི་རིང་ལ་བོད་ཀྱི་དངོས་ཡོད་གནས་སྟངས་གང་ཡོད་དམ་སོགས་སེམས་ནང་ལ་དྲི་བ་མང་པོ་ཡོད། ང་བོད་ལ་ལོག་ན་འདོད་པའི་རྒྱུ་མཚན་བཞིའི་སྒོ་ནས་ཞུ་གི་ཡིན། ༡། ང་བོད་ལ་ལོག་ན་འདོད་པའི་རྒྱུ་དང་པོ་ནི། ང་བོད་ལ་ལོག་རྒྱུའི་གོ་སྐབས་བྱུང་ན་དགའ་སྣང་དང་སྐྲག་སྣང་ཟུང་གི་ཚོར་བ་ཞིག་ཡོང་ས་རེད། དགའ་སྣང་གི་ཚོར་བ་ནི། བོད་ལ་ཕྱི་ལོ་༡༩༥༩ ལོ་ནས་བོད་མི་མང་པོ་རྒྱ་ནག་དམར་པོའི་གཞུང་གིས་བཙོན་འཇུག་གདུག་རྩུབ་མི་སྤྱོད་ལས་འདས་པ་སྣ་ཚོགས་བཏང་ཡོད། བཙན་བྱོལ་ལ་ཡོད་པའི་བོད་མི་ཚོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བཙན་བྱོལ་སྒྲིག་འཛུགས་འོག་གནས་ཡོད་ཀྱང་རང་གི་རྒྱལ་ཁབ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཕྲོག་བྱས་ནས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་བྱས་ནས་གནས་ཡོད། འདི་འདྲའི་གནས་སྟངས་འོག་བོད་ལ་ལོག་ནས་གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་བཟང་པོ་བྱུང་ན་དགའ་སྣང་གི་ཚོར་བ་ཞིག་ཡོང་ས་རེད། ང་བོད་ལ་ལོག་ན་ང་ལ་སྐྱོ་སྣང་གི་ཚོར་བ་ནི། བོད་ལ་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་བོད་ནང་བོད་མི་མང་པོ་རྒྱ་ནག་དམར་པོའི་གཞུང་གི་འོག་ལ་དྲག་གནོན་དང་རང་དབང་མེད་པའི་རྐྱེན་གྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག་རང་དབང་གི་དོན་དུ་རང་སྲོག་ཕངས་མེད་དུ་བཏང་ཡོད། རང་དབང་མེད་པར་རྒྱ་མིའི་དྲག་སྤྱོད་ཀྱི་གནས་སྟངས་འདི་འདྲའི་འོག་ལ་བོད་ལ་ལོག་དགོས་བྱུང་ན་སེམས་སྐྱོ་ས་རེད། ༢། ང་བོད་ལ་ལོག་ན་འདོད་པའི་རྒྱུ་མཚན་གཉིས་པ་ནི། ང་བོད་ལ་ལོག་ན་ང་ཕོ་བྲང་པོ་ཏ་ལ་དང་། སེ་ར་འབྲས་སྤུངས་དགའ་ལྡན་དགོན་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པ་སོགས་དགོན་པ་མང་པོ་ལ་རྒྱ་མིས་གཏོར་བཤིག་དང་མཉམ་གསོ་གང་བྱས་ཡོད་མེད་མཇལ་འདོད་འདུག།དེ་བཞིན་རང་གི་འདོད་བཞིན་བོད་ཀྱི་ཞིང་པ་དང་འབྲོག་པའི་ཁ་ཟས་དང་། ཆས་གོས། ཆོས་ལུགས་ཀྱི་རང་དབང་། གནའ་དེང་ཞིང་འབྲོག་གི་འཚོ་བ་སྐྱེལ་སྟངས་སྐོར་ལ་སྐད་ཆ་དྲི་འདོད་འདུག བོད་ལ་ལོག་རྒྱུ་བྱུང་ན་བྱེད་ཡ་མང་པོ་ཡོ་རེད། དཔེར་ན། བོད་ཀྱི་རང་བྱུང་ཁམས་མཛེས་པོ་དེ་དག་ལ་དོ་སྣང་བྱེད་པ་དང། རྒྱལ་གཅེས་ལྷག་བསམ་དང་། སྙན་གྲགས་ཅན་གྱི་མི་སྣ་བཙོན་པ་དང་། རྩོམ་པ་པོ། གཞས་པ་གཞས་མ་ཚོ་དང་མཇལ་ཕྲད་ཀྱིས་ཅི་འཕྲོས་མོལ་འཕྲོས་མང་པོའི་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱེད་འདོད་འདུག ༣། ང་བོད་ལ་ལོག་ན་འདོད་པའི་རྒྱུ་མཚན་གསུམ་པ་ནི། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་ལ་གནས་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྒྱ་མིས་འཕྲོག་པ་རེད། ང་རང་བོད་ལ་ཕྱིན་ནས་ཤ་ཁྲག་གཅིག་པའི་བོད་རིགས་སྤྲུན་ཟླ་ཚོའི་དཀའ་སྡུག་ཇི་ཙམ་མྱོང་བ་ཐག་རིང་ནས་གོ་བ་ཙམ་མིན་པར་རང་གིས་མིག་གིས་མངོན་སུམ་མཐོང་འདོད་འདུག དེ་བཞིན་ང་ཚོ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་ནང་ཡོད་པའི་བོད་མི་ཚོ་དང་མཉམ་དུ་བདག་གཅེས་བྱ་རྒྱུའི་གོ་སྐབས་ཟང་པོ་ཐོབ་ཀྱི་རེད་བསམ་གྱི་འདུག ༤། ང་བོད་ལ་ལོག་ན་འདོད་པའི་རྒྱུ་མཚན་བཞི་པ་ནི། བོད་ལ་དམར་པོའི་གཞུང་གིས་ཕྱི་ལོ་༡༩༥༩ ལོ་ནས་བོད་ཀྱི་དགོན་པ་གྲངས་ལས་འདས་པ་གཏོར་བཤིག་དང་། ཤིང་ནགས་གཅོད་འབྲེག གཙང་ཆུ་རྣམས་ལ་ཆུ་མཛོད་བརྒྱབ་སྟེ་བཀག་པ། རང་བྱུང་ཁོར་ཡུག་ལ་སྦགས་བཙོག་སོགས་བྱེད་ཀྱི་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་བཏང་དང་གཏོང་བཞིན་ཡོད།བོད་རང་ཙན་ཐོབ་ནས་བོད་ལ་ལོག་རྒྱུ་བྱུང་ན་རྒྱ་མིས་གཏོར་བཤི་དང་ཉམས་ཆག་བཏང་བ་རྣམས་ང་ཚོས་སླར་གསོ་བྱས་ནས་བོད་དང་བོད་མི་རིགས་ལ་བདེ་སྐྱིད་སྐྲུན་ཐུབ། ༥། ང་བོད་ལ་ལོག་ན་འདོད་པའི་རྒྱུ་མཚན་ལྔ་པ་ནི། […]

ང་བོད་ལ་ལོག་ན་འདོད།

ང་བོད་ལ་ལོག་ན་འདོད།

བསྟན་འཛིན་འགྲོ་དོན།འཛིན་གྲྭ་དགུ་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། བོད་ལྗོངས་ནི་ང་ཡི་ཁྱིམ་ཡིན། ངས་མི་ཚེ་གང་བོར་བོད་ཅེས་འབོད་པའི་ཕ་ཡུལ་དེར་སླེབས་པའི་རེ་སྒུག་བྱེད་བཞིན་ཡོད། འོན་ཀྱང་ངས་ཕ་ཡུལ་བོད་མཐོང་མྱོང་མེད། ཡིན་ནའང་ཉིན་ལྟར་བོད་ལ་ལོག་རྒྱུའི་ཆེད་དུ་སློབ་སྦྱོང་ལྷོད་གཡེང་མེད་པར་སྦྱོང་གི་ཡོད། ངས་མཚན་མོ་གནམ་ལ་བལྟས་བའི་ཚེ་འོད་ཆེམ་ཆེམ་སྐར་མ་མང་པོ་ཤར་བ་དང། རླུང་བསིལ་པོ་འཇམ་པོ་ངའི་པགས་ལ་རེག་སྐབས་སེམས་ནང་ལ་བོད་དང། བོད་ཀྱི་གངས་རི་དཀར་པོ། ཁ་བ་གངས་རི་ནས་བཞུར་བའི་ཆུ་བོ། བོད་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང་རྒྱལ་བ་ལྔ་པས་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཡུལ་ཕོ་བྲང་པོ་ཏ་ལ། དེ་བཞིན་བོད་ཀྱི་སྒོ་ཕྱུགས་སེམས་ཅན་གཡག།བོད་གངས་ཅན་གྱི་རླུང་བསིལ་པོ་དེ་ཅི་འདྲ་ཞིག་ཡོད་ན་བསམ་གྱི་འདུག། ཕྱི་ལོ་༡༩༥༩ ལོར་བོད་དེ་རྒྱ་གཞུང་གིས་བཙན་བཟུང་བྱས་ནས་བཟུང་བོད་མི་སྟོང་ཕྲག་མང་པོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བ་རེད། ཁོང་གི་བཀའ་དྲིན་གྱིས་ད་ལྟ་ང་ཚོ་བོད་པ་བཙན་བྱོལ་བ་ཚང་མ་རྒྱ་གར་སོགས་རྒྱལ་ཁབ་གཞན་དུ་ཞི་བདེའི་ངང་འཚོ་བ་རོལ་བཞིན་ཡོད། དུས་དེ་ནས་བཟུང་བོད་མི་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་དུ་བོད་ནས་བཙན་བྱོལ་དུ་རྒྱུན་མ་ཆད་པར་འབྱོར་ཡོད། ང་རང་ནི་རྒྱ་གར་དུ་སྐྱེས་པ་རེད། རང་བཙན་ཡོད་པའི་རྒྱལ་ཁབ་གཞན་གྱི་ཡུལ་མི་ཚོ་རང་གི་རྒྱལ་ཁབ་ནང་བདེ་སྐྱིད་ངང་འཚོ་བ་སྐྱེལ་བཞིན་པ་མཐོང་སྐབས་སེམས་སྡུག་ཆེན་པོ་ཡོང་གི་འདུག ང་ཡང་རྒྱལ་ཁབ་གཞན་གྱི་ཡུལ་མི་ཚོ་ནང་བཞིན་རང་བཙན་ཡོད་ན་བསམ་ནས་བོད་ལ་ལོག་རྒྱུ་བྱུང་ན་བསམ་པའི་འདོད་པ་ཆེན་པོ་ཡོད། དེང་སང་བོད་རིགས་རྒན་གྲས་ཚོ་མ་ཟད་བོད་རིགས་གཞོན་ནུ་ཚོ་ཡང་ཕྱི་རྒྱལ་དུ་འགྲོ་རྒྱུ་དང་གནས་རྒྱུར་དམིགས་ནས་མི་ཚེའི་ནང་དཀའ་ལས་ཧ་ཅང་རྒྱག་གི་འདུག དེ་ནི་སྡུག་བསྔལ་གྱི་འཚོ་བ་ཞིག་རེད། གང་ཡིན་ཟེར་ན། ང་ཚོ་བོད་པ་ཚོ་རང་བཙན་མེད་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་སོ་སོའི་རང་བཙན་ཆེད་དུ་སེམས་ཤུགས་ནམ་ཡང་མ་ཆག་པར་དཀའ་ལས་དང་འབད་བརྩོན་མུ་མཐུད་ནས་སྔར་ལས་ལྷག་པ་རྒྱག་དགོས། ཉིན་ཞིག་བོད་རང་བཙན་ཐོབ་ནས་ང་ཚོ་ལ་སྐྱིད་པའི་ཉི་མ་ཤར་གྱི་རེད། ང་ཚོ་བོད་པ་བཙན་བྱོལ་བ་ཚང་མ་བོད་ལ་ལོག་རྒྱུའི་བསམ་བློ་མ་བཏང་བར་བོད་རིགས་མང་ཆེ་བ་ཕྱིའི་རྒྱལ་ཁབ་ཏུ་འགྲོ་རྒྱུའི་བསམ་བློ་མང་པོ་བཏང་ནས་ད་ལྟ་ནང་བཞིན་རྒྱུན་མ་ཆད་པར་ཕྱིན་པ་ཡིན་ན། དེའི་རྐྱེན་གྱིས་ང་ཚོ་བོད་ཀྱི་རིན་ཐང་བྲལ་བའི་ཆོས་དང་རིག་གནས། ང་ཚོའི་སྐད་ཡིག ང་ཚོའི་གོམས་གཤིས་བཟང་པོ་སོགས་མྱུར་དུ་མེད་པར་གྱུར་ནས་ག་ལེར་ང་ཚོའི་བོད་ཅེས་པའི་རྒྱལ་ཁབ་དེ་ཡང་མེད་པར་འགྱུར་སྲིད། འོན་ཀྱང་ད་ལྟ་ང་ཚོའི་བླ་མ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་གྱིས་ང་ཚོར་རྒྱ་གར་ལུང་པའི་ནང་བོད་ཀྱི་སྐད་ཡིག་དང། རིག་གནས་ཚང་མ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད། ང་རང་བོད་རིགས་ཤིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་རྒྱལ་ཁབ་ཏུ་དྲོ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་གོ་སྐབས་མ་ཐོབ་ཀྱང་། ངས་དེའི་ཆེད་དུ་ཉིན་ལྟར་སློབ་སྦྱོང་ལ་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་ཧུར་ཐག་འབད་བརྩོན་བྱེད་ཀྱི་ཡོད། ངས་རང་གི་ཕ་ཡུལ་བོད་ལྗོངས་དྲན་མ་མྱོང་བ་དང། བོད་ནང་དུ་ལྷག་པའི་བོད་རིགས་དེ་ཚོ་ལ་སྨོན་ལམ་འདེབས་མ་མྱོང་བ་ཉིན་གཅིག་ཀྱང་ཕལ་ཆེར་བྱུང་མྱོང་མེད། འོན་ཀྱང་རང་དབང་ལུང་པར་ཡོད་པའི་བོད་མི་དེ་ཚོ་བོད་ཀྱི་སྐད་ཡིག་དང་རིག་གནས་ཆ་ཚང་སྦྱང་རྒྱུའི་གོ་སྐབས་ཡོད་ཀྱང་། བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། བོད་སྐད་བརྒྱབ་པའི་སྐབས་སུ་ཕྱེད་ཀ་བོད་སྐད་ཕྱེད་ཀ་སྐད་རིག་གཞན་མཉམ་བསྲེས་བྱས་ནས་བརྒྱག་གི་ཡོད། བོད་སྐད་རྒྱག་མི་ཤེས་མཁན་ཡང་མང་པོ་ཡོད། བོད་ནང་རྒྱ་མིའི་བཙན་འོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་བྱེད་མི་ཆོག བོད་ཀྱི་ཆོས་དང་རིག་གཞུང་ལ་བཀག་འགོག་ཡོད། དེ་བཞིན་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ངན་བྱུས་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་ཀྱང་། སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ལ་བདག་གཅེས་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་ཡོད། དེ་ནི་བོད་ནང་ཡོད་པའི་བོད་མི་ཚོའི་རྒྱལ་གཅེས་ལྷག་བསམ་དང་། ཞུམ་པ་མེད་པའི་སྙིང་སྟོབས་ཡོད་པའི་རྐྱེན་གྱིས་རེད། དེ་འདྲ་སོང་ཙང་ང་བོད་ལ་ལོག་ནས་བོད་ལ་ཡོད་པའི་བོད་ཚོ་མཉམ་དུ་མཉམ་ཞུགས་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་སྐད་ཡིག་སྐྱོབ་འདོད་ཀྱི་འདུན་པ་ཆེན་པོ་ཡོད།

ང་བོད་ལ་ཡོད་ན་འདོད།

ང་བོད་ལ་ཡོད་ན་འདོད།

བསྟན་འཛིན་ཚེ་འཕེལ།འཛིན་གྲྭ་དགུ་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། རྩོམ་འདི་འགོ་མ་ཙུགས་གོང་ལ་བོད་ཀྱི་སྐོར་ཏོག་ཙམ་བཤད་པ་ཡིན་ན། བོད་ནི་ཨེ་ཤེ་ཡའི་ནང་ནས་རྒྱལ་ཁབ་ཆེ་ཤོས་གཉིས་པ་ཆགས་ཡོད་། བོད་ཀྱི་མཐའ་སྐོར་ནི་རི་ཆེན་པོ་ཤ་སྟག་གིས་སྐོར་ཡོད། བོད་ཀྱི་ཆུ་དང་། རླུང་། ཁོར་ཡུག་ཧ་ཅང་གཙང་མ་ཡོད་རེད། བོད་ནང་བརྒྱ་ཆ་ ༥༠ ཙམ་ནང་པ་ཆགས་ཀྱི་ཡོད་རེད།སེམས་པ་བཟང་བའི་ཆོས་དད་པ་ཆེ་བའི་བོད་མི་རྣམས་བོད་དུ་གནས་སྡོད་བྱེད་ཀྱི་ཡོད། བོད་ནང་ལ་རིག་གཞུང་འདྲ་མིན་སྣ་ཚོགས་ཡོད། ང་བོད་ལ་འགྲོ་མྱོང་མེད་ཀྱང་། ངའི་རྨོ་མོ་ལགས་ཀྱི་བོད་སྐོར་དང་། ཁོང་གི་དུས་སྐབས་དཀའ་ལས་བརྒྱབ་སྟེ་ནང་མི་དང། རོགས་པ། སྤུན་མཆེད་བཅས་མཉམ་དུ་སེམས་ཁྲལ་མེད་པའི་ཐོགས་དགའ་དགའ་སྤྲོ་སྤྲོའི་ངང་ཞིང་པ་དང་འབྲོག་པའི་འཚོ་བ་སྐྱེལ་གྱི་ཡོད། བོད་ཀྱི་ལོ་རྒྱུས་ཉན་སྐབས་ང་བོད་ལ་འགྲོ་སྡོད་ཧ་ཅང་ཆེན་པོ་བྱུང་སོང་། ང་ཚོའི་མ་འོངས་བོད་ཀྱི་སོན་རྩ་གཞོན་སྐྱེས་མང་ཆེ་བ་ད་ལྟ་རྒྱ་གར་སོགས་རང་དབང་ལུང་པའི་ནང་སྐྱབས་བཅོལ་བྱས་ནས་སེམས་ཁྲལ་མེད་པའི་ཐོག་སྐྱིད་པོ་བྱས་ནས་བསྡད་ཡོད། དེ་ནི་བོད་མི་ཚོས་སོ་སོའི་རིག་གཞུང་དང་། ཆོས། སྐད་ཡིག་བཅས་ལ་དོ་སྣང་མེད་པར་སྣང་མེད་འཐུས་ཤོར་ཧ་ཅང་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་མཐོང་གི་འདུག བོད་མི་ཚང་མའི་རེ་འདོད་ནི། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཉམ་དུ་བོད་རང་བཙན་ཐོབ་ནས་བོད་དུ་ལོག་འགྲོ་རྒྱུ་དེ་རེད་། བུ་མོ་ང་རང་བོད་ལ་འགྲོ་འདོད་པའི་རྒྱུ་མཚན་གཅིག བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཕོ་བྲང་པོ་ཏ་ལ་སོགས་དགོན་པ་ཁག་མཇལ་འདོད་ཆེན་པོ་འདུག དེ་བཞིན་གངས་རི་ཆེན་པོ་མཆོད་མཇལ་དང་། དེའི་ཞབས་ནས་རྒྱུགས་པའི་གངས་ཆུ་རྒྱུག་ཆུ་གཙང་མ་འཐུང་རྒྱུ་བྱུང་ན་བསམ་གྱི་འདུག། བོད་ལ་རང་དབང་གི་ཉི་མ་ཤར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བཙན་བྱོལ་བོད་མི་ཚང་མ་བོད་དུ་ལོག་ནས་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཀྱིས་དགའ་བོ་སྐྱིད་པོའི་ངང་ནས་གནས་ཐུབ་ཀྱི་རེད། དེ་འདྲའི་དུས་བཟང་བྱུང་ན། བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག རྒྱལ་ཁབ་ཀྱི་སྐོར་དམིགས་བསལ་དངོས་སུ་སྦྱང་རྒྱུའི་གོ་སྐབས་རག་གི་རེད་བསམ་གྱི་འདུག། འཛམ་གླིང་འདིའི་ནང་མི་སུ་ཡིན་པ་ཡིན་ན་ཡང་སོ་སོའི་མཛའ་ཞིང་བརྩེ་བའི་སྤུན་ཟླ་དང་། བདེ་ཞིང་སྐྱིད་པའི་ཕ་ཡུལ་ལ་འགྲོ་རྒྱུ་འདོད་པ་ཡོད་མཁན་ཧ་ཅང་མང་པོ་ཡོད་རེད། ང་རང་ལས་དབང་གིས་ཕ་ཡུལ་དང་ཁ་བྲལ་ཏེ་བཙན་བྱོལ་ལ་སྐྱེ། ས་གཙང་བ། རླུང་དྭངས་མ། རང་འབྱུང་གི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅན་གྱི་བོད་ལ་ང་སྐྱེས་ཡོད་ན་སྐྱིད་པ་ལ་ཨང། དམ་པའི་ཆོས་དར་ས། ངའི་ཕ་མེས་ཡང་མེས་འཁྲུངས་ས། བོད་མི་རིགས་ཀྱི་འབྱུང་ས། ཇོ་བོ་ཡིད་བཞིན་ནོར་བུ་སོགས་རྩ་ཆེན་གྱི་རྟེན་དང་ལྷ་ཁང་གི་བྱིན་རླབས་ཡོད་སའི་བོད་ལ་ལོག་ན་འདོད། སྦགས་བཙོག་གིས་མ་འགོས་པའི་ཟས་ཞིམ་ལ་བཅུད་ཆེ་བ། ཤ་མར་ཐུད་དང་། ནས་རྩམ་བྲོག་མ་སོགས་ཟ་རྒྱུ་ཡོད་ས་ཡོད་པའི་བོད་ལ་ལོག་ན་འདོད། འབྲི་གཡག་ར་ལུག་སོགས་ཀྱིས་ཐུན་མིན་སྲོག་ཆགས་སྙིང་རྗེ་པོས་གང་བའི་བོད་ལ་ཡོད་ན་འདོད། མི་རྒྱུད་བྱམས་པས་ཕྱུག་ཅིང་། ཡ་རབས་བཟང་སྤྱོད་བྱམས་བརྩེས་ཁྱབ་པའི་ཞིང་ས་བོད་ལ་ཡོད་ན་འདོད་། བོད་ཀྱི་རྩ་ཐང་ལ་རྩེད་མོ་དང་། གཙང་ཆུ་ལ་རྐྱལ་རྒྱག་ཅིག རྟ་རྒོད་བཞོན་ནས་གནས་མཇལ་དུ་འགྲོ་བར་འདོད། བཙན་རྒྱལ་རྒྱ་ནག་དམར་པོའི་དབང་ཤུགས་ཉམས་ནས་བོད་ལ་རང་དབང་བདེན་པའི་ཉི་མ་གསར་པ་ཤར་བའི་སྨོན་ལམ་འདེབས་ཀྱི་ཡོད། སྐྱབས་མགོན་རྒྱལ་བའི་དབང་པོ་དང་ལྷན་བོད་རང་ཡུལ་ལ་ལོག་ནས་རང་སྐད་བརྒྱབ། […]