དཔར་སྐྲུན་གསལ་བཤད།

༄༅། །གཏན་ཉིན་སློབ་གྲྭའི་ནང་བོད་ཡིག་འབྲི་ཀློག་དག་གསུམ་གྱི་གཞི་རྩའི་ནུས་རྩལ་གོང་མཐོར་གཏོང་རྒྱུ་དེ་གཙོ་གནད་ཅིག་ཏུ་ངོས་འཛིན་གྱིས་ཉེ་བའི་ལོ་ཤས་ནང་འདི་ག་ལས་ཁུངས་ནས་རང་རེའི་ཕྱི་ནང་རྩོམ་པ་པོ་མང་པོ་ཞིག་གིས་མཛད་པའི་འབྲེལ་ཡོད་བརྩམས་ཆོས་དུ་མ་ཞིག་གཏན་ཉིན་སློབ་གྲྭ་ཡོངས་ལ་རིན་མེད་དཔར་འགྲེམས་ཞུས་ཡོད། ད་ལམ་སིམ་ལ་གཏན་སློབ་ཀྱི་ཆོས་དགེ་ཆོས་མཛད་ཕུན་ཚོགས་དབང་འདུས་ལགས་ཀྱི་ཕྱག་དེབ་འདི་རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཟུར་ལྟའི་ཆེད་དཔར་འགྲེམས་བྱ་རྒྱུ་དང་ཆབས་ཅིག་དེབ་འདིའི་རྩོམ་པ་པོའི་ལྷག་བསམ་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༡༣ ཉིན།

མཚམས་སྦྱོར།

༄༅། །བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་འདི་ཉིད་ཀྱི་འགྲེལ་བ་གཙུག་ལག་འཇུག་སྒོ་ཞེས་པ་ཞིག་རང་རེའི་སློབ་གྲྭའི་ཆོས་དགེ་ཕུན་ཚོགས་དབང་འདུས་མཆོག་ནས་ལོ་མང་རིང་ལས་ཞོར་དུ་བསྐྱར་ཞིབ་ཡང་ཞིབ་བྱས་ཏེ་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་རང་གི་རིག་གཞུང་ལ་སྨན་ཕྱིར། ལྷག་པར་དུ་དེང་དུས་ཀྱི་གཞོན་སྐྱེས་སྤྱི་དང་སློབ་གྲྭ་བའི་དགོས་མཁོར་དམིགས་ཏེ་རྩོམ་འབྲི་གནང་བའི་དག་ཡིག་འགྲེལ་བ་འདི་ཉིད་གོ་བདེ་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང༌། འགྲེལ་སྟངས་ཀྱང་དེང་དུས་དང་མཐུན་པས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱས་ན། སློབ་ཕྲུག་མི་ཉུང་བ་ཞིག་ལ་ཕན་ཐོགས་ངེས་ཅན་ཡོང་བར་སྙམ་སྟེ། རང་གཞུང་ཤེས་རིག་ལས་ཁུངས་ལ་རེ་སྐུལ་ཞུས་པར་བསྐྱར་བཅོས་ཕྲན་བུ་དང་སྦྲགས་དཔར་འགྲེམས་དགོངས་བཞེས་ལེགས་ཐོབ་ཀྱིས་ད་ལམ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་ཐུབ་པ་བྱུང་སོང་བར་འདི་ནས་རྩོམ་པ་པོ་ཁོང་གིས་བྱས་རྗེས་ལ་བསྔགས་བརྗོད་དང་ཡི་རང་ཞུ་རྒྱུ་ཡིན། སིམ་ལ་གཏན་འཇགས་སློབ་གྲྭའི་སློབ་སྤྱི་ཚེ་དབང་ནོར་བུ་ནས། ཕྱི་ལོ ༢༠༠༧ ཟླ་བ་༡ ཚེས་༥ ཉིན།

སྔོན་གླེང༌།

<<དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་སྙིང་འགྲེལ་བྷོ་ཊའི་གཙུག་ལག་འཇུག་པའི་སྒོ་>> ཞེས་བྱ་བ་འདི་ཉིད་དགུ་བཅུ་གོ་བདུན་ལོར་མོན་གྷོ་གཞིས་གྲོང་གསུམ་པར་པད་མའི་ཚལ་སློབ་གྲྭར་གྲྭ་ཚང་གིས་མངགས་གཏོང་བཞིན་ཟླ་གཅིག་དང་ཕྱེད་ཀའི་རིང་སྤྱིར་བཏང་ནང་ཆོས་ཀྱི་ཤེས་བྱ་ངོ་སྤྲོད་དང༌། དག་ཡིག་འདི་སློབ་ཁྲིད་བྱེད་སྐབས་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་ཟུར་མཆན་བཀོད། ཕྱི་ལོ་༡༩༩༧ ཟླ་བ་༥ ཚེས་༡༥ ཉིན་ལས་མཇུག་གྲུབ། ༢༠༠༣ ལོར་དུས་འཁོར་བཀའ་དབང་ཐེངས་༢༨ པ་མཇུག་གྲུབ་རྗེས་ཟུར་མཆན་འདི་བསྐྱར་ཞིབ་ཀྱིས་སྣོན་འཕྲིའི་ནོར་བཅོས་ཐེངས་འགར་བགྱིས་པས། དཔར་རྩ་འདི་ཅུང་རྒྱས་ཙམ་སོང་གྲོགས་པོ་མི་ཉུང་བ་ཞིག་གིས་དེར་གཟིགས་རྗེས་མཆན་འགྲེལ་འདི་རང་སོར་བསྐྱུར་མི་འཇོག་པར་དེབ་གཟུགས་སུ་བཟོ་བསྐྲུན་བྱ་ཐུབ་ན། རང་རིགས་གཞོན་སྐྱེས་དང༌། ཕྱི་མི་བོད་ཡིག་ལ་གསར་དུ་དོ་སྣང་བྱེད་མཁན་རྣམས་ལ་རམ་འདེགས་མི་དམན་པ་ཞིག་ཐེབས་ངེས་ཞེས་སྐུལ་ལྕག་ལྷུག་སྩོལ་རྒྱུན་མར་གནང་བ་དང༌། ༢༠༠༦ ལོར་སིམ་ལ་གཏན་སློབ་ཀྱི་ཆོས་དགེར་འདེམས་ཐོན་བྱུང་རྗེས་ལས་ཞོར་དུ་འདི་གར་སློབ་གྲྭའི་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་དག་ཡིག་སྐྱ་རེངས་གསར་པ་ཟུར་ཁྲིད་བྱེད་སྐབས་མིང་ཚིག་ཁ་ཤས་ཤིག་ཟུར་འདོན་བྱས་ཏེ་དེབ་འདིའི་མཇུག་ཏུ་དགོད་རྒྱུའི་འཆར་འགོད་བྱས་པ་དང༌། དག་ཡིག་འདི་གློག་ཀླད་དུ་བཅུག་སྟེ་བསྐྱར་ཞིབ་ཐེངས་གསུམ་པ་བྱས། རང་རེ་སློབ་གྲྭའི་སློབ་སྤྱི་ཚེ་དབང་ནོར་བུ་མཆོག་གིས་ཀྱང་དེར་གཟིགས་རྗེས་ཐུགས་དགོངས་ཡངས་མོས་གང་ཅིའི་ཐད་རོགས་རམ་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་བརྟེན་ཀློག་པ་པོ་ཁྱེད་རྣམ་པའི་སྤྱན་ལམ་དུ་གཟིགས་འབུལ་ཞུ་ཐུབ་པར་དགའ་གུས་ཡི་རང་གི་གནས་སུ་གྱུར།
དག་ཡིག་འདི་ནི་ས་པཎ་གྱི་གསུང་ཐོར་བུའི་གྲས་སུ་གཏོགས་པ་ལས་གསུང་འབུམ་ཁྲོད་དུ་མེད། འོན་ཀྱང་འགའ་ཞིག་གིས་གསུང་འབུམ་དུ་མེད་ཚེ་ས་པཎ་གྱི་གསུང་མ་ཡིན་པར་བརྩིས་མོད་ཀྱི་དེ་ནི་མ་ངེས་ཏེ། ས་པཎ་གྱི་གསུང་མིན་པ་གསུང་འབུམ་དུ་བཀོད་པ་དང༌། ཁོང་གི་གསུང་དྲི་མ་མེད་པ་དུ་མ་ཞིག་གསུང་འབུམ་ཁྲོད་དུ་མེད་པ་དེ་འདྲ་མང་དུ་མཆིས།(ས་པཎ་གྱི་གསུང་རྩོམ་ཡོངས་རྫོགས་པོ་ཏི་ཉིས་བརྒྱ་ལས་བརྒལ་བ་ཡོད་ཅེས་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་རྒྱ་མཚོ་ལགས་ནས་གསུངས་བྱུང༌།) རྩ་བ་མི་མཐུན་པ་གཉིས་དང༌། དག་ཡིག་གཞན་དག་ནས་ཞིབ་བསྡུར་བྱས་ཤིང་ཁོ་བོའི་རིག་པས་ཀྱང་དཔོག་ཅི་ནུས་ཀྱིས་ཡིག་ནོར་བྱུང་བའི་མིང་ཚིག་རྣམས་ཀྱི་འོག་ཏུ་ཐིག་(_ )རེ་འཐེན་ཞིང་གང་བཅོས་པ་རྣམས་གུག་རྟགས་སུ་བཀོད་པ་ལས་མཐའ་གཅིག་ཏུ་ཡིག་ནོར་རེད་ཅེས་ཁ་ཚོན་གཅོད་མ་སྤོབས་པར་མཆན་འགྲེལ་སྐབས་གསལ་བཤད་ཞུས་ཡོད། དེབ་འདིའི་ཀླད་དུ་བཀོད་པའི་རྩ་བ་ནི་ཁོ་བོས་བཅོས་པ་ལྟར་ཡིན། ལར་ཡིག་ནོར་འདི་དག་འབྱུང་རྐྱེན་ནི་ཕྱིས་སུ་པར་བཤུས་བྱེད་སྐབས་ཤིང་པར་རྙིང་པ་རུ་ཡིག་འབྲུ་མི་གསལ་བའི་དབང་གིས་བྱུང་བ་ཞིག་ཡིན་སྙམ། དག་ཡིག་འདིའི་རིག་པའི་འགྲོ་སྟངས་ནི། “རྒྱལ་བའི་སྐུ་ནི་ས༵་སྐུ་ལ། །རྐུན་མ་དག་ནི་ར༵་རྐུན་ཡིན། །” ཞེས་སྒྲ་འདྲ་ཡང་མགོ་ཅན་ལ་ཁྱད་པར་ཡོད་པ་དང༌། ཡང་”དྲུང་དུ་མཇལ་བ་མ༵་མཇལ་ལ། །བུ་ལོན་འཇལ་བ་འ༵་འཇལ་ཡིན། །” ཞེས་སྔོན་འཇུག་མི་འདྲ་བ་དང༌། “གོང་མའི་དྲུང་ནི་ད༵་དྲུང་ལ། །སྤྱང་གྲུང་འཛོམས་པ་ག༵་གྲུང་ཡིན། །” ཞེས་མིང་གཞི་མི་འདྲ་བ་སོགས་མིང་ཚིག་གཉིས་གསུམ་སོགས་ཅི་རིགས་སྟབས་གཅིག་ཏུ་སྒྱུ་རྩལ་གྱི་ལམ་དུ་བསྟན་པ་ལ་གཞིགས་ཏེ་ནོར་བ་རྣམས་བློའི་སྟོབས་ཀྱིས་བཅོས་སྤོབས་པའང་རིགས་མཚུངས་ཀྱིས་མི་འགལ་བའམ་སྐྱོན་མེད་པ་ཞིག་བསྒྲུབས་པ་ཡིན་ལ། དག་ཡིག་འདི་འགྲེལ་སྟངས་ནི། མིང་ཚིག་དང༌། བྱ་ཚིག དོན་གྱི་རྣམ་གྲངས་འདྲ་མིན་སྟོན་པའི་མིང་ཚིག་རྣམས་ཀྱི་མགོར་ཨང་ཀི། ༡) ༢) ༣)་་་་་་་་་་ འདི་འདྲ་བཀོད་ཡོད། ད་དུང་བྱ་ཚིག བྱེད་ཚིག འདས་ཚིག སྐུལ་ཚིག་བཅས་སོ་སོར་བཀྲལ་ཏེ། མིང་རོགས་དང༌། ཚིག་སྒྲུབ། མིང་ཚིག་དེ་དང་འབྲེལ་བའི་གཏམ་དཔེ་དང་ལེགས་བཤད་སོགས་གང་ཡོང་ཅི་ནུས་ཀྱིས་རྒྱས་སྤྲོས་བྱས་ཡོད། བསྟན་བཅོས་དང༌། རྩོམ་པ་པོའི་མཚན་ཡང་ཡང་འགོད་མི་དགོས་པར་དཔེར་ན།

  • མདོ་ལུང་ལ་(ད )
  • སྤྱོད་འཇུག་ལ་(པ)
  • ས་སྐྱ་ལེགས་བཤད་ལ་(ས)
  • ཁོ་བོས་བྲིས་པར།(རང་གིས་ )

ཞེས་འདི་ལྟ་བུར་བྲིས་ཡོད། དག་ཡིག་འདིར་མཆན་འགྲེལ་འགོད་སྐབས་མིང་ཚིག་འཚོལ་སྡུད་ཀྱི་གཞི་བཅོལ་ས་དང༌། དཔྱད་གཞིའི་ཡིག་ཆ་ནི། <<དག་ཡིག་ངག་སྒྲོན།>> <<བོད་རྒྱ་ཚིག་མཛོད་ཆེན་མོ།>> <<དག་ཡིག་གསར་སྒྲིག>> <<བྲག་གཡབ་བློ་ལྡན་ཤེས་རབ་ཀྱི་ཚིག་མཛོད།ཡ <<བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།>> <<བྱིས་པ་དག་ཡིག་ཁག་ཅིག>> <<མུ་ཏིག་ཕྲེང་མཛེས།>> <<ཀུན་བཟང་དགོངས་རྒྱན།>> <<ཐོན་མིའི་ཞལ་ལུང༌།>> <<གཟུར་གནས་དགྱེས་པའི་གཏམ།>> <<དཀའ་འགྲེལ་གནད་ཀྱི་སྒྲོན་མེ།ཡ <<དཀར་ལེབས་དྲུང་ཡིག་གི་སུམ་རྟགས།ཡ <<བློ་གསལ་འཇུག་ངོགས།>> <<མཁས་པའི་ཁ་རྒྱན།>> <<ལམ་རིམ་ཆེན་མོ།>> <<སྤྱོད་འཇུག་ཆེན་མོ།>> <<ཐུབ་པ་དགོངས་གསལ།>> <<ས་སྐྱ་ལེགས་བཤད།>> <<སྡེ་བདུན་ཡིད་ཀྱི་མུན་སེལ།>> <<དབུ་མ་དགོངས་པ་རབ་གསལ།ཡ <<འཇུག་པ་རང་འགྲེལ།>> <<འཇུག་འགྲེལ་གསལ་བའི་མེ་ལོང༌།>> སོགས་གཞུང་ཆེན་མོ་མི་ཉུང་བ་ཞིག་ཏུ་ཡང་འཚོལ་བསྡུར་དག་སྒྲིག་བྱས་ཡོད། འོན་ཀྱང་རྩོམ་འབྲིའི་རྒྱབ་ལྗོངས་དང༌། རྩོམ་བྱེད་ཀྱི་རྒྱུ་ཚོགས། དུས་ཚོད་ཀྱི་གནས་བབ་བཅས་གང་ཅིའི་ཐད་འདོད་བློ་ཁེངས་པ་ཞིག་མ་བྱུང་སྟབས་ཆད་ལྷག་ནོར་གསུམ་གྱི་སྐྱོན་ཆའི་རིགས་འབྱུང་ངེས་པས། གཟུར་གནས་མཁས་དབང་རྣམ་པས་ཡོ་བསྲང་མཛད་རྒྱུའི་རེ་བ་དང་དགའ་བསུ་ཡོད། སྤྱི་ལོ་༢༠༠༦ ཟླ་བ་༩ ཚེས་༢༥ ཉིན།

དེབ་ཀྱི་དཀར་ཆག

  • ས་པཎ་གྱི་རྣམ་ཐར་སྙིང་བསྡུས།
  • དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།
  • མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
  • དང་པོ། གཞུང་སྤྱིའི་ཡན་ལག་མཚན་དོན་སོགས་བཤད་པ།
  • གཉིས་པ། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་ཅུང་ཟད་བཤད་པ།
  • གསུམ་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ།(དང་པོ)
  • གསུམ་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ།(གཉིས་པ)
  • གསུམ་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ།(གསུམ་པ)
  • ཟུར་བཀོད།
  • མཇུག་གི་གཏམ།

ས་པཎ་གྱི་རྣམ་ཐར་སྙིང་བསྡུས།

བོད་ཀྱི་འཇམ་དབྱངས་རྣམ་གསུམ་སྟེ། རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དང༌། ས་པཎ་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཙོང་ཁ་པ་ཆེན་པོ་བཅས་གསུམ་གྱི་ཡ་གྱལ་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ནི། ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར། ཕྱི་ལོ་༡༡༨༢ ལོར་གཙང་དུ་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་འགྲུབ་ཅེས་ཟེར། ཁུ་བོ་རྗེ་བཙུན་རིན་པོ་ཆེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་རྗེས་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜིཏ་དང་པོའམ་པཎྜིཏའི་སྲོལ་འབྱེད་དུ་གྱུར། དགུང་ལོ་ཉེར་བདུན་པར་ཁ་ཆེ་པཎ་ཆེན་གྱིས་མཁན་པོ་མཛད། སྤྱི་ལྷས་པས་ལས་སློབ། ཞུ་སྟོན་རྡོར་སྐྱབས་ཀྱིས་གསང་སྟོན་མཛད་དེ་དགེ་འདུན་གྲངས་དང་མཚན་ཉིད་ཕུན་སུམ་ཚོགས་པ་ཚང་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་ཏེ་མཁན་པོའི་མཚན་ཀྱི་མཐའ་དཔལ་བཟང་པོ་ཞེས་པའི་མཚན་གསོལ། ངུར་སྨྲིག་འཆང་བ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་མཛད་ཅིང་གངས་ཅན་པ་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་ཆེས་གཙོ་བོར་འཛིན་ཅིང་གུས་པའི་རྒྱུ་མཚན་ཡང་འདི་ལ་འཛིན་པར་གྲགས་སོ། །དེ་བཞིན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་ཡང་རིམ་བཞིན་བཞེས་ཏེ་སྡོམ་གསུམ་འཛིན་པའི་མཆོག་ཏུ་གྱུར་ཏོ། །དེ་ལྟར་རང་ཉིད་ཤེས་བྱ་རིག་པའི་གནས་ཆ་ལག་དང་བཅས་པ་རྣམས་ལ་མཁྱེན་པ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་ནས་གཞན་དོན་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་བཟང་པོ་ས་ཆེན་པོར་ཁྱབ་པ་ལས།

དང་པོ་འཆ༵ད་པ་ལུང་རིགས་ཀྱི་སྒྲོན་མེས་སྐལ་ལྡན་གྱི་བློ་གྲོས་གསལ་བ་ནི། བཤད་པའི་བཀའ་བབས་འུ་ཞང་ཤར་གསུམ། ཁང་གཉེན་ཞང་གསུམ། ཤར་ནུབ་གུང་གསུམ་ལ་སོགས་པ་དང༌། མན་ངག་གི་བཀའ་བབས་རྨར་སྟོན་ཆོས་རྒྱལ། ལྷོ་པ་ཀུན་མཁྱེན་ལ་སོགས་པ་དང༌། རྟོགས་པའི་བཀའ་བབས་ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བསྟན་པ། གྲུབ་ཐོབ་དཔལ་བ་ལ་སོགས་པ་སྟེ་མདོར་ན་རྒྱ་བོད་ཧོར་སོག་ལ་སོགས་པའི་ཡུལ་ཁམས་ཀུན་ཏུ་མཁས་གྲུབ་ཀྱི་བུ་ཆེན་པོ་བགྲང་ལས་འདས་པ་ཞིག་མཆིས་སོ། །

གཉིས་པ་རྩོ༵ད་པ་གནམ་ལྕགས་ཀྱི་མེ་ཆེན་རྒོལ་ངན་ཚར་གཅོད་པ་ནི། བོད་སྔ་རབས་པའི་གྲུབ་མཐའ་རྣམས་ལ་དག་ཐེར་ལེགས་པར་མཛད་པ་ན་མ་དག་དག་ཡུས་ཅན་ཕལ་ཆེར་གྱིས་མ་བཟོད་དེ་རྨར་ཤོས་འཇམ་པའི་རྡོ་རྗེས་འུ་ཡུག་པ་རིགས་སེང་རྩོད་དུ་བཏང༌། ཁོང་ནས་ཆོས་གྲྭར་ཞག་ཁ་ཤས་བསྡད་དེ་འགལ་འདུ་སྒུག་པས་མ་རྙེད་ཅིང་རྩོད་པའི་སྤོབས་པ་ཟད་དེ་ཅུང་ཟད་ཀྱང་མ་ནུས་པའི་ཁར། སྙིང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་པས་མཁས་གྲུབ་ཀྱི་བུ་ཆེན་ཆེས་མཆོག་ཏུ་འགྱུར་བ་བཤད་པའི་བཀའ་བབས་སུ་གྱུར་པ་དང༌། དེ་བཞིན་དུ་མཁས་པ་གཙང་ནག་པས་བདག་ཉིད་ཆེན་པོ་དེ་ལ་སྐུར་བ་མང་དུ་བཏབ་པས་རང་ལ་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་འཕྲོར་སྐུ་རྒྱབ་བསྟན་པ་ན་རྒྱུ་མཚན་ཅི་ཡིན་གསོལ་བས་ཁྱོད་ཀྱིས་ང་ལ་འཐབ་པས་ཡིན་གསུངས། ངས་ས་སྐྱ་པཎ་ཆེན་ལ་སྐུར་བ་བཏབ་པ་ཡིན་ཞུས་པས། ང་དང་འཇམ་དབྱངས་ས་སྐྱ་པཎ་ཆེན་གཉིས། །སྐྱེ་བ་ཉེར་ལྔའི་བར་དུ་དབྱེ་བ་མེད། །ཅེས་གསུངས།

དེ་ནས་ཤིན་ཏུ་ཁུམས་ཏེ། བཤགས་ཐབས་ཞུས་པས་ངེད་ཀྱི་འདྲ་སྐུ་ཞིག་བཞེངས་ལ་བརྟན་བཞུགས་ས་པཎ་ཉིད་ལ་ཞུས་གསུངས། དེ་ནས་ལུང་བཞིན་ནགས་ཕུག་ཏུ་འཇམ་དབྱངས་ཀྱི་སྐུ་བརྙན་བཞེངས་སྐབས། འཇམ་དཔལ་གྱིས་ཞལ་གཟིགས་ཏེ། སྐུ་འདི་ལོངས་སྐུ་མ་ཡིན་སྤྲུལ་སྐུ་ཡིན། །འཇམ་པའི་དབྱངས་དངོས་ས་སྐྱ་པཎ་ཆེན་ཡིན། །ཞེས་གསུངས་བྱོན་པས་ས་པཎ་ཀྱི་སྐུའི་རྣམ་པར་བཞེངས་པ་ཡིན། དེས་ན་ད་ལྟའི་སྐུ་བརྙན་འདི་སྐུ་སྨད་ལོངས་སྐུ་ལ་སྐུ་སྟོད་སྤྲུལ་སྐུའི་རྣམ་པར་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན་པར་གསུངས། གང་ལྟར་སྣང་བརྙན་ལེགས་པར་བཞེངས་ཏེ་ཆོས་རྗེ་ཉིད་ལ་ཕྱག་གནས་སུ་གདན་ཞུས་ཚེ། ང་ཕར་ཡོང་མི་དགོས་ཀྱིས་འདི་ནས་བྱས་པས་འཐུས། སྨལ་བོའི་ཟླའི་ཚེས་བཅུ་གཅིག་གི་ཉིན་རྟེན་དྲུང་དུ་མཆོད་པ་ལེགས་པར་གཤོམས་པ་ཞོགས། འདི་ནས་ཉི་ཤར་ལ་རྒྱལ་འཐུས་ཆོག་གསུངས་པ་བཞིན། སྨལ་ཟླའི་ཚེས་བཅུ་གཅིག་གི་སྔ་དྲོ་ཉི་མ་རྩེ་ཤར་ལ་ཉི་ཟེར་དང་སྦྲགས་ས་སྐྱ་ནས་གནང་སྟེ། ནས་འབྲུ་ཁལ་གཉིས་ཙམ་ཞིག་ནགས་ཕུག་གི་སྐུའི་མདུན་ཅོག་ཐོག་མངོན་སུམ་དུ་བབས་པ་དང་དྲི་བཟང་འཐུལ་ཞིང་འོད་ཟེར་འཕྲོ་བ་སོགས་མངོན་སུམ་དུ་མཐོང་བས་དེ་ནས་བཟུང་སྟེ་རྩོད་སྐུར་ཕར་ཞོག་མི་ཕྱེད་པའི་དད་པ་ལྷག་པར་དུ་སྐྱེས་པ་ཡིན་ནོ། །

སྐུ་བརྙན་འདི་ཉིད་ཧ་ཅང་བྱིན་རླབས་ཆེ་བས་བདག་ཉིད་ཆེན་པོ་དེ་ཉིད་རྒྱ་ནག་ལ་ཆིབས་ཀྱི་ཁ་ལོ་སྒྱུར་སྐབས་ཆོས་རྗེའི་སྐུ་ཚབ་ཏུ་དཔོན་ཆེན་ཤཱཀྱ་བཟང་པོས་ནགས་ཕུག་ནས་གདན་སར་སྤྱན་དྲངས་ཏེ་སྒོ་རུམ་བླ་མ་ལྷ་ཁང་དུ་བཞུགས་སུ་གསོལ་བའི་བྱིན་རླབས་ཅན་དེ་ཡིན་ནོ། །ཁྱད་པར་བདག་ཉིད་ཆེན་པོ་འདི་ཉིད་རང་གིས་བརྩམས་པའི་བསྟན་བཅོས་<<ཚད་མ་རིགས་གཏེར་>>རང་ཉིད་ཀྱིས་རྒྱ་སྐད་དུ་བསྒྱུར་ཏེ་དབུའི་མཆོད་བརྗོད་ཤོ་ལོ་ཀ་གཅིག་ན་ལེནྡྲ་སོགས་པཎྜིཏའི་གྲྭ་ཁང་གི་སྒོའི་ཡ་ཐེམ་ལ་སྦྱར་བས་འབུར་དུ་ཐོན་པ་སོགས་སྙན་པའི་གྲགས་པ་འཛིན་མའི་ཁྱོན་ཀུན་ཁྱབ་པས། དེའི་སྐབས་སུ་རྒྱ་གར་ནུབ་བྱང་ཀུན་ཏུ་འགྲན་གྱི་དོ་མེད་མཁས་པ་ཆེན་པོ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པ་རྣམས་ཕྲག་དོག་གིས་མ་བཟོད་པར་རྩོད་པར་བརྩམ་པ་ན་ཕན་ཚུན་གཉིས་ཀས་དུས་བཏབ་སྟེ་དུས་ལ་བབས་པའི་ཚེ་མང་ཡུལ་སྐྱིད་རོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དུ་ཉིན་བཅུ་གསུམ་གྱི་བར་དུ་རྩོད་པས་ཕམ་པར་མཛད་པ་སོགས་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེའོ། །

གསུམ་པ་རྩོ༵མ་པ་སྡེབ་ལེགས་ཀྱི་ཕྲེང་བ་གདུལ་བྱའི་དོན་དུ་བཞག་པ་ནི། ཆོས་དང་ཆོས་མིན་རྣམ་འབྱེད་<<སྡོམ་གསུམ་རབ་དབྱེ།>> རིགས་དང་མི་རིགས་རྣམ་འབྱེད་<<ཚད་མ་རིགས་གཏེར།>> འཇིག་རྟེན་ཚུལ་དང་ཚུལ་མིན་རྣམ་འབྱེད་<<ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།>> དེ་དག་གི་དབྱེ་འབྱེད་ཕྱོགས་བཅུའིསངས་རྒྱས་ལ་འཕྲིན་དུ་གསོལ་བ་<<སངས་རྒྱས་འཕྲིན་ཞུ།>> ཕ་རོལ་ཏུ་ཕྱིན་པའི་ལམ་བཟང་གསལ་བར་བྱེད་པ་<<ཐུབ་པ་དགོངས་གསལ།>> རྒྱལ་སྲས་ལམ་བཟང་དུ་གྲགས་པ་སྒྲའི་བསྟན་བཅོས་<<མཁས་པ་འཇུག་པའི་སྒོ།>> མངོན་བརྗོད་ཀྱི་བསྟན་བཅོས་<<ཚིག་གི་གཏེར་>> ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང༌། གསང་སྔགས་ལའང་<<བདག་མེད་བསྟོད་འགྲེལ།>> <<ཚོགས་འཁོར་རྩོད་སྤོང་>> གི་གཙོས་པའི་བསྟན་བཅོས་མང་པོ་གནང༌། གཞན་ཡང་མཁས་དབང་དེས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེར་མཆན་ཅན་བཅས་སྒོ་རུམ་དཔེ་མཛོད་ཁང་ཆ་དཔེ་ལྷ་ཁང་དུ་གྲགས་པར་བཞུགས་པ་སོགས་མདོར་ན་མཁས་པའི་དབང་པོ་འདི་ཉིད་ཀྱི་ལེགས་པར་བཤད་པའི་གཞུང་ལུགས་མཐའ་དག་ནི། མཛད་པ་པོ་རང་ཉིད་ཀྱིས། རང་གི་གྲགས་པ་སྒྲོག་པ་འམ། །གཞན་ལ་གནོད་པའི་ཕྱིར་མིན་ཏེ། །གཅིག་ཏུ་བསྟན་ལ་ཕན་ཕྱིར་ཡིན། །ཞེས་གསུངས་སོ།།

རབ་བྱུང་བཞི་པའི་ཤིང་འབྲུག་ལོར་ཧོར་རྒྱལ་གོ་དན་ཁཱང་གིས་གདན་དྲངས་པ་བཞིན་ཁོང་རང་དང༌། སྐུ་ཚ་འགྲོ་མགོན་འཕགས་པ་དང་ཕྱག་ན་གཉིས་ཕྱག་ཕྱིར་ཁྲིད་དེ་སོག་པོ་རྒྱལ་པོའི་དབུ་བླར་ཕེབས་ནས་འགྲོ་དོན་རྒྱ་ཆེར་མཛད། ཕྱི་ལོ་༡༢༥༡ ལོ་སྟེ། རང་ལོ་བདུན་ཅུ་ཐམ་པར་ལང་ཇུ་རུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། །
རྟའུ་ཆོས་མཛད་ཕུན་ཚོགས་དབང་འདུས་ཀྱིས། ཕྱི་ལོ་༢༠༠༦ ཟླ་བ་༡༡ ཚེས་༣ ཉིན་སིམ་ལར་བྲིས།

དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྤྱིར་ན་ཡི་གེ་སུམ་ཅུ་ལ། །སྔོན་འཇུག་ལྔ་དང་མཐའ་རྟེན་བརྒྱད། །ཡི་གེ་ཕྱེད་དང་བཅུ་གསུམ་ཡིན། །ག་ད་བ་མ་འ་རྣམས་ནི། །འཕུལ་ཕྱེད་ལྔ་རུ་གྲགས་པ་ཡིན། །ག་ང་ད་ན་བ་མ་དྲུག །ར་ལ་ས་དང་བཅས་པ་རྣམས། །མཐའ་རྟེན་ཡི་གེ་དགུ་ཡིན་ནོ། །འ་ནི་མཐའ་རྟེན་ཕྱེད་དུ་འདོད། །དགའ་མདའ་དམའ་ལ་སོགས་པའོ། །བུ་དྲུག་ཅན་ལ་འ་མཐའ་སྤངས། །ག་ང་གཉིས་ལ་གི་འོང་སྟེ། །བདག་གི་ཁོང་གི་ལྟ་བུའོ། །ན་མ་ར་ལ་བཞི་པོ་གྱི། །གནམ་གྱི་བར་གྱི་གཞན་གྱི་དང༌། །ད་བ་ས་ཡི་རྗེས་སུ་ཀྱི། ཡོད་ཀྱི་ཆབ་ཀྱི་སེམས་ཀྱི་ནི། །ཁྲུས་ཀྱི་བག་ཡོད་ཀྱི་ཞེས་པ། །དེ་འདྲའི་བྱེ་བྲག་དགོས་པར་བཤད། །ཀ་ར་ཀུ་ཤུའི་ཞལ་ཟས་དང༌། །ཀ་བ་ཀོ་བ་ཀ་རྐྱང་ཡིན། །སྐོར་བ་སྐོར་དང་སྐོར་མཛོད་དང༌། །ས་མཐའ་སྐོར་བ་ས་སྐོར་ཡིན། །རྒྱལ་བའི་སྐུ་ནི་ས་སྐུ་ལ། །རྐུན་མ་དག་ནི་ར་རྐུན་ཡིན། །ཀུ་ཅོ་བྱེད་པ་ཀུ་རྐྱང་ལ། །ལྐུགས་པ་དག་ནི་ལ་ལྐུགས་ཡིན། །བཀྲ་ཤིས་དག་ནི་བ་བཀྲ་ལ། །མགོ་བོའི་སྐྲ་ནི་ས་སྐྲ་ཡིན། །དུས་ལ་སྔ་བ་ས་སྔ་ལ། །ཐུགས་ལ་མངའ་བ་མ་མངའ་ཡིན། །བརྡུང་བའི་རྔ་ནི་ར་རྔ་ལ། །གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན། །གོང་མས་མངག་པ་མ་མངག་ལ། །སྔགས་འདྲེན་པ་དང་སྔགས་པ་རྣམས། །ས་སྔགས་ཡིན་པས་ཤེས་པར་བྱ། །གོང་མའི་དྲུང་ནི་ད་དྲུང་ལ། །སྤྱང་གྲུང་འཛོམས་པ་ག་གྲུང་ཡིན། །དྲུང་དུ་མཇལ་བ་མ་མཇལ་ལ། །བུ་ལོན་འཇལ་བ་འ་འཇལ་ཡིན། །འབྲུ་ཡི་གྲོ་ནི་ག་གྲོ་ལ། །མེ་དང་ཉི་མ་ད་དྲོ་ཡིན། །ཤིང་གི་འཁན་པ་འ་འཁན་ལ། །མཁས་པའི་དབང་པོ་མཁས་གྲུབ་རྣམས། །མཁར་པོ་ལ་སོགས་མ་ཡིས་འཕུལ། །དུས་ལ་འདའ་བ་འ་འདའ་ཡིན། །ལུང་པའི་མདའ་དང་འཕེན་པའི་མདའ། །མ་མདའ་ཡིན་པས་ཤེས་པར་བྱ། །གནམ་གྱི་ཟླ་བ་ཟློ་བ་དང༌། །ཟློག་པ་ཟླུམ་པོ་ཟློ་བ་སོགས། །ཟློས་པ་ལ་སོགས་ཟ་ལ་འདོགས། །གངྒཱའི་ཀླུང་དང་ཆུ་ཀླུང་སོགས། །ཀ་ཀླུང་ཡིན་པས་ཤེས་པར་བྱ། །ས་བདག་ཀླུ་ནི་ཀ་ཀླུ་ལ། །ལེན་པའི་གླུ་ནི་ག་གླུ་ཡིན། །བློན་པོ་དག་ནི་བ་བློན་ལ། །ངན་པས་བསླུ་བ་ས་བསླུ་ཡིན། །བ་ཡིས་འཕུལ་བས་ཤེས་པར་བྱ། །འབྱུང་བའི་རླུང་ནི་ར་རླུང་ལ། །ཡི་གེ་ཀློག་པ་ཀ་ཀློག་ཡིན། །གོན་པའི་སློག་པ་ས་སློག་ལ། །བློ་གྲོས་བློ་ལྡན་བ་བློ་ཡིན། །ལུས་ཀྱི་གློ་བ་ག་གློ་ལ། །གླེགས་བམ་གླེགས་ཤིང་གླེགས་ཐག་དང༌། །གླིང་བུ་གླེན་པ་གློག་དམར་དང༌། །གླ་བ་གླང་མ་གླིང་བཞི་སོགས། །ག་ལ་ལ་འདོགས་ཤེས་པར་བྱ། །ཡིད་དགའ་བ་ནི་ད་དགའ་ཡིན། །དུད་འགྲོའི་སྒ་དང་ལུས་ཀྱི་སྒལ། །ས་སྒལ་ཡིན་པས་ཤེས་པར་བྱ། །རྒོད་མ་རྒན་མོ་ར་རྒན་ལ། །དགོན་པ་དག་ནི་ད་དགོན་ཡིན། །ཆུ་ལ་རྒལ་བ་ར་རྒལ་ལ། །གནན་པ་བྱེད་པ་ག་གནན་ཡིན། །མང་དུ་བསྣན་པ་ས་བསྣན་ལ། །ལུག་པའི་སྣོད་དང་སྣོད་བཅུད་རྣམས། །ས་སྣོད་ཡིན་པས་ཤེས་པར་བྱ། །ནམ་མཁའི་གཟའ་ནི་ག་གཟའ་ལ། །ཁ་རུ་བཟའ་བ་བ་བཟའ་ཡིན། །གོང་མས་གནང་བ་ག་གནང་ལ། །མངོན་སུམ་སྣང་བ་ས་སྣང་ཡིན། །ཡིན་ནམ་སྙམ་པ་ས་སྙམ་ལ། །ས་བདག་གཉན་ནི་ག་གཉན་ཡིན། །གཉེར་པ་དག་ནི་ག་གཉེར་ལ། །བྱད་ཀྱི་སྙེར་མ་ས་སྙེར་ཡིན། །འདིང་བའི་སྟན་ནི་ས་སྟན་ལ། །མི་འགྱུར་བརྟན་ནི་ར་བརྟན་ཡིན། །ནད་འགོ་བ་ནི་འ་འགོ་ལ། །མིག་གིས་བལྟ་བ་ལ་བལྟ་ཡིན། །ཞོན་པའི་རྟ་ནི་ར་རྟ་ལ། །བླ་མའི་བསྟན་པ་ས་བསྟན་ཡིན། །བ་ཡིས་འཕུལ་བས་ཤེས་པར་བྱ། །རྟེན་མཆོད་ལ་སོགས་ར་རྟེན་ལ། །འཕུར་བའི་བྱ་ནི་བ་བྱ་ཡིན། །འཐུང་བའི་ཇ་ནི་ཇ་རྐྱང་ལ། །གྱེན་ལ་འདྲེན་པ་ད་འདྲེན་ཡིན། །ཟ་མ་འགྲེན་པ་ག་འགྲེན་ལ། །འ་ཡིས་འཕུལ་བས་ཤེས་པར་བྱ། །སྣ་བདུན་དག་ནི་ས་སྣ་ཡིན། །སྣམ་བུ་སྣལ་མ་ས་སྣལ་ལ། །ནམ་ལ་དབྱར་ནི་ད་དབྱར་ཡིན། །གཡར་པ་གཡོར་བ་ག་གཡར་ལ། ། །ཁོག་པའི་སྙིང་ནི་ས་སྙིང་ཡིན། །བུ་ལོན་རྙིང་པ་ར་རྙིང་ལ། །གཅོད་པའི་གྲི་ནི་ག་གྲི་ཡིན། །མནམ་པའི་དྲི་ནི་ད་དྲི་ལ། །གཞན་ལ་སྟོར་བ་ས་སྟོར་ཡིན། །མི་ཟད་གཏེར་ནི་ག་གཏེར་ལ། །དངོས་པོ་འཛད་པ་འ་འཛད་ཡིན། །བྱ་བ་མཛད་དང་ཁང་པའི་མཛོད། །མཛོད་དང་མཛེས་དང་མཛེས་མོ་གསུམ། །མཛད་སྤྱོད་ལ་སོགས་མ་ཡིས་འཕུལ། ། །སེམས་ལ་རྟོག་པ་ར་རྟོག་ལ། །ཁུངས་སུ་གཏོགས་པ་ག་གཏོགས་ཡིན། །ཀ་ཆ་སྟེར་བ་ས་སྟེར་ལ། །གཏོར་མ་གཏོང་བ་ག་གཏོང་ཡིན། །སྡེ་པ་དག་ནི་ས་སྡེ་ལ། །སྐུ་ཁམས་བདེ་བ་བ་བདེ་ཡིན། །དབང་དུ་བསྡུས་པ་ས་བསྡུས་ལ། །བར་ཆད་བདུད་ནི་བ་བདུད་ཡིན། །ནང་དུ་གཤེགས་པ་ག་གཤེགས་ལ། །སྡིག་པ་བཤགས་པ་བ་བཤགས་ཡིན། །མཐོ་བའི་སྒང་ནི་ས་སྒང་ལ། །སྒྱེ་སྣོད་བཀང་བ་བ་བཀང་ཡིན། །གནས་ནས་སྤགས་པ་ས་སྤགས་ལ། །དཔག་ཏུ་མེད་པ་ད་དཔག་ཡིན། །པགས་པ་དག་ནི་པགས་རྐྱང་ལ། །ལུས་ཀྱི་ལྤགས་པ་ལ་ལྤགས་ཡིན། །དཔལ་འབྱོར་དཔེ་ཆ་ལ་སོགས་པ། །ད་ཡིས་འཕུལ་བས་ཤེས་པར་བྱ། །ཤིང་གི་སྟག་དང་དུད་འགྲོའི་སྟག །ས་སྟག་ཡིན་པས་ཤེས་པར་བྱ། །དམིགས་པ་དག་ནི་ད་དམིགས་ལ། །དུད་འགྲོའི་རྨིག་པ་ར་རྨིག་ཡིན། །འཚོ་བྱེད་སྨན་པ་ས་སྨན་ཡིན། །སྐྱེ་བ་དམན་པ་ད་དམན་ཡིན། །ཁང་པའི་སྒོ་ནི་ས་སྒོ་ལ། །ཕྱེ་མ་བགོ་བ་བ་བགོ་ཡིན། །མགྱོགས་པར་འགྲོ་བ་མ་མགྱོགས་ལ། །ཁྱོགས་ལ་འགྱོགས་པ་འ་འགྱོགས་ཡིན། །ཕྱག་ཏུ་བཞེས་པ་བ་བཞེས་ལ། །དུས་ཀྱི་གཞེས་པ་ག་གཞེས་ཡིན། །གཞོན་ནུ་མ་ནི་ག་གཞོན་ལ། །འོག་ཏུ་བཞོན་པ་བ་བཞོན་ཡིན། །ཤིང་གི་སྨྱུགས་མ་ས་སྨྱུག་ལ། །སྟོང་ཉིད་གཉུག་མ་ག་གཉུག་ཡིན། །ཉེ་བའི་གཉེན་དང་བཤེས་གཉེན་དང༌། །གཉེར་པ་ལ་སོགས་ག་གཉེར་ལ། །ཚུར་ལ་བསྙེན་པ་ས་བསྙེན་ཡིན། །རླིག་པ་རློན་པ་རླངས་པ་ཆེ། །ར་ལ་ལ་འདོགས་ཤེས་པར་བྱ། །གཡང་ས་ཆེ་དང་གཡང་ལོན་བྱེད། །ག་ཡིས་ཕུལ་བས་ཤེས་པར་བྱ། །དབྱངས་ལེན་པ་ནི་ད་དབྱངས་ལ། །མིག་འཕྲུལ་སྒྱུ་མ་ས་སྒྱུ་ཡིན། །ལུས་ཀྱི་རྒྱུ་མ་ར་རྒྱུ་ལ། །རིན་ཆེན་མཚལ་ནི་མ་མཚལ་ཡིན། །ཞེ་སའི་འཚལ་ནི་འ་འཚལ་ལ། །རྒྱ་མཚོ་དག་ནི་མ་མཚོ་ཡིན། །རྒྱུ་ཡི་འཚོ་བ་འ་འཚོ་ལ། །ལམ་ལ་འཚེར་བ་འ་འཚེར་ཡིན། །མཚེར་དུ་བསྐྱལ་བ་མ་མཚེར་ལ། །རིན་ཆེན་གསེར་ནི་ག་གསེར་ཡིན། །བསེར་མ་ལངས་པ་བ་བསེར་ལ། །རི་དྭགས་རྙན་ནི་ར་རྙན་ཡིན། །སྙན་པའི་སྒྲ་ནི་ས་སྙན་ལ། །སྡང་བའི་དགྲ་ནི་ད་དགྲ་ཡིན། །རོལ་མོའི་སྒྲ་ནི་ས་སྒྲ་ལ། །གོང་མའི་གསུང་ནི་ག་གསུང་ཡིན། །དྲི་བསུང་དག་ནི་བ་བསུང་ལ། །བྱ་བ་བཤོལ་བ་བ་བཤོལ་ཡིན། །ཞིང་རྨོ་གཤོལ་ནི་ག་གཤོལ་ལ། །སངས་རྒྱས་བསྟན་པ་ས་བསྟན་ཡིན། །རིན་ཆེན་གཟི་ནི་ག་གཟི་ལ། །ཆང་གིས་བཟི་བ་བ་བཟི་ཡིན། །ཁ་ལ་མངར་བ་མ་མངར་ལ། །གཡུལ་དུ་དངར་བ་ད་དངར་ཡིན། །འབྱུང་བའི་རྡོ་ནི་ར་རྡོ་ལ། །འཛེག་པའི་སྐས་ནི་ས་སྐས་ཡིན། །ཆུ་ཡི་རྐ་ནི་ར་རྐ་ཡིན། །སྡུག་བསྔལ་བ་ནི་ས་བསྔལ་ཡིན། །མངལ་ནས་སྐྱེས་པ་མ་མངལ་ལ། །ལུས་ཀྱི་རྨ་ནི་ར་རྨ་ཡིན། །ཁ་དོག་དམར་བ་ད་དམར་ལ། །རྨེ་བ་རློངས་པ་ར་ལ་འདོགས། །ལུས་ཀྱི་སྨེ་བ་ས་སྨེ་ལ། །ལྕང་མ་ལྕུགས་པ་ལྕགས་མཚན་དང༌། །ལྕི་བ་ལྕགས་དང་ལྕེ་ལ་སོགས། །ཅ་ལ་ལ་མགོ་ཤེས་པར་བྱ། །གཅོང་ནད་གཅིན་སེར་ག་ཡིས་འཕུལ། །རྟ་ཡི་རྟེའུ་རྟོད་འཕུར་དང༌། །བྱ་རྒོད་མི་རྒོད་ར་རྒོད་དང༌། །ཁྱི་རྒོད་ལ་སོགས་མགོ་ཅན་ར། །ཚོམ་བུ་དགོད་པ་ད་དགོད་ལ། །གད་མོ་རྒོད་པ་ར་རྒོད་ཡིན། །བཤད་པར་འདོད་པ་བ་བཤད་ལ། །མགོ་སྤུ་བཤད་དང་གཏམ་བཤད་བྱེད། །བ་ཡིས་འཕུལ་བས་ཤེས་པར་བྱ། །ཡོད་དེ་མེད་དེ་དེ་རྐྱང་བྱེད། །ལུས་དང་ས་ཡི་ལྟེ་བ་དང༌། །རང་ཐག་ལྟེ་བ་ལ་ལྟེ་ལ། །གྲངས་ཀྱི་སྟོང་ཕྲག་ས་སྟོང་ཡིན། །གཟུང་བ་གཏོང་བ་ག་གཏོང་ལ། །མདུན་མ་བཤམས་པ་བ་བཤམས་ཡིན། །གོས་ཀྱི་བཤམས་དང་ཡི་གེ་བཤམས། །བ་ཡིས་འཕུལ་བས་ཤེས་པར་བྱ། །མཆོག་དཀར་གཞུ་ནི་ག་གཞུ་ལ། །གླེང་གླེང་བྱེད་པ་ག་གླེང་ཡིན། །ཆུ་སློངས་པ་ནི་ས་སློངས་ལ། །གྲོད་པ་ལྟོགས་པ་ལ་ལྟོགས་ཡིན། །དར་གྱི་ཏོག་ནི་ཏ་རྐྱང་ཏོག །བྱད་ཀྱི་སྣ་ནི་ས་སྣ་ལ། །དག་འབྱིན་མནའ་ནི་མ་མནའ་ཡིན། །སྙད་རྐོ་བ་ནི་ར་རྐོ་ལ། །ཉན་པའི་རྣ་བ་ར་རྣ་ཡིན། །གནས་ཀྱི་མནའ་ནི་མ་མནའ་ལ། །དཔང་པོ་བྱེད་པ་ད་དཔང་ཡིན། །པང་དུ་སྡོད་པ་པ་རྐྱང་ལ། །སྐེ་ཡི་ལྦ་བ་ལ་ལྦ་ཡིན། །ནང་དུ་སྦ་བ་ས་སྦ་ལ། །ཆུ་ཡི་རྦ་ནི་ར་རྦ་ཡིན། །སྦལ་པ་དག་ནི་ས་སྦལ་ལ། །གྲལ་ལ་སྡོད་པ་ག་གྲལ་ཡིན། །སོག་ལེས་དྲས་པ་ད་དྲས་ལ། །སྟ་རེ་དག་ནི་ས་སྟ་ཡིན། །འབུན་གྱིས་གཏང་བ་ག་གཏང་ལ། །འཇིགས་མེད་སྡེ་ནི་ས་སྡེ་ཡིན། །ལྷ་བསངས་བྱེད་པ་བ་བསངས་ལ། །མཚོན་ཆ་གདེངས་པ་ག་གདེངས་ལ། །གསང་གཏམ་བྱེད་པ་ག་གསང་ཡིན། །རྫུན་གྱིས་བསྙོན་པ་ས་བསྙོན་ལ། །ཤེས་པ་སྨྱོ་བ་ས་སྨྱོ་ཡིན། །གཉིད་ལོག་པ་དེ་ག་གཉིད་ལ། །ཚད་པས་རྙིད་པ་ར་རྙིད་ཡིན། །གདམས་ངག་ཞུ་བ་ག་གདམས་ལ། །ཐག་པས་སྡམ་པ་ས་སྡམ་ཡིན། །རྩེད་མོ་རྩེ་བ་ར་རྩེ་ལ། །གཟུང་བའི་བཙོན་ནི་བ་བཙོན་ཡིན། །སེམས་ལ་བརྩེ་བ་ར་བརྩེ་ལ། །བརྩོན་པ་དག་ནི་ར་བརྩོན་ཡིན། །སེམས་ཙམ་པ་ནི་ཙམ་རྐྱང་ལ། །ཟ་བའི་རྩམ་པ་ར་རྩམ་ཡིན། །གཙང་དང་གཙང་མ་ག་གཙང་ལ། །ལུས་ཀྱི་རྩ་ནི་ར་རྩ་ལ། །རི་ཁྲོད་དབེན་དང་དབེན་བཅུག་བྱེད། །ད་ཡིས་འཕུལ་བས་ཤེས་པར་བྱེད། །འབིག་པའི་གསོར་ནི་ག་གསོར་ལ། །ཆད་པ་བསར་འདུན་བ་བསར་ཡིན། །རྟ་ཡི་གསར་ནི་ག་གསར་ལ། །ཕྱགས་མ་དག་ནི་ཕ་ཕྱགས་ཡིན། །པགས་པ་མཉེན་པ་མ་མཉེན་ལ། །ལུང་པའི་ལྗོངས་དང་ལྕེ་ཡི་ལྗགས། །ཇ་ལ་ལ་མགོ་ཤེས་པར་བྱ། །གཉིས་པོ་དག་ནི་ག་གཉིས་ལ། །རྣལ་འབྱོར་དག་ནི་ར་རྣལ་ཡིན། །སྣག་ཚ་དག་ནི་ས་སྣ་ལ། །སྒོ་ང་དག་ཀྱང་ས་སྒོ་ཡིན། །ཐུགས་ཀྱི་དགོངས་པ་ད་དགོངས་ལ། །གྲངས་ཀྱི་བཞི་ནི་བ་བཞི་ཡིན། །ས་གཞི་དག་ནི་ག་གཞི་ལ། །སྐལ་ལྡན་དག་ནི་ས་སྐལ་ཡིན། །དུས་ཀྱི་བསྐལ་བ་བས་འཕུལ་བསྐལ། །དུད་འགྲོའི་གཡི་དང་རིན་ཆེན་གཡུ། །གཡུལ་ཁ་ལ་སོགས་ག་ཡིས་འཕུལ། །ཁང་པའི་སྨག་ནི་ས་སྨག་ལ། །ཞིང་རྨོ་བ་ནི་ར་རྨོ་ཡིན། །མངའ་ཐང་མངའ་ནི་མ་མངའ་ལ། །མཚོན་ཆས་གསོད་པ་ག་གསོད་ཡིན། །བསོད་ནམས་དག་ནི་བ་བསོད་ལ། །སྨོན་ལམ་འདེབས་པ་འ་འདེབས་ཡིན། །དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་བྱ་བ། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་སྦྱར་བའོ། །

མཆན། རྩ་བ་འདི་ནི་བོད་གཞུང་ཤེས་རིག་དཔར་ཁང་གིས་བོད་རྒྱལ་ལོ་༢༡༡༧ ཕྱི་ལོ་༡༩༩༠ ལོར་པར་ཐེངས་ལྔ་པ་པར་བསྐྲུན་བྱས་པའི་དཔེ་དེབ་ལ་གཞི་བཅོལ་བ་ཞིག་ཡིན།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག
བསྐལ་པ་དཔག་མེད་སྔོན་ནས་ཐུགས་བསྐྱེད་མདའ། །གདོང་དམར་བོད་ཀྱི་ཡུལ་དུ་ལེགས་བསྲིངས་པའི། །
ཕྱག་ན་པདྨོ་འཛམ་གླིང་བླ་མ་ལ། །བྱང་ཆུབ་མ་འཐོབ་བར་དུ་སྐྱབས་འཚལ་ལོ། །
ཚོགས་གཉིས་ཞུན་མའི་གསེར་གྱིས་ལེགས་གྲུབ་ཅིང༌། །སྐུ་བཞིའི་བང་རིམ་མཐོ་བའི་གཙུག་ཏོར་ཅན། །
ཟླ་མེད་སྟོན་པ་ཤཱཀྱའི་སེང་གེ་ཡི། །ཞབས་རྡུལ་སྤྱི་གཙུག་བླངས་ཏེ་གུས་པས་མཆོད། །
བརྒྱད་གཉིས་ལང་ཚོ་གངས་དཀར་མདོག་འཛིན་པ། །སྨྲ་བའི་ལྷ་མཆོག་ཡེ་ཤེས་རལ་གྲི་འཆང༌། །
མི་འབྲལ་བྱང་ཆུབ་བར་དུ་བདག་བསྐྱངས་ཏེ། །གཙུག་ལག་སྨྲ་བའི་རྒྱལ་པོར་བསྐྲུན་པར་མཛོད། །
རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་མཁའི། །རབ་མཛེས་མཛེས་བྱེད་འདྲ་བའི་དབྱངས་ཅན་མས། །
རབ་མཉེན་ཕྱག་གི་རྒྱུད་མངས་ལེགས་དཀྲོལ་པས། །རབ་རྨོངས་བདག་མགྲིན་མདུད་པ་གྲོལ་བར་མཛོད། །
འདོགས་བཞིའི་གསེར་གྱི་ཀ་བ་ལེགས་བསྒྲེངས་ཤིང༌། །དབྱངས་གསལ་མགོ་ཅན་བརྩེགས་པའི་རྩིག་པ་མཐོ། །
སྔོན་མེད་གཙུག་ལག་ཁང་བཟང་བསྐྲུན་མཛད་པའི། །འཇམ་དབྱངས་ཐོན་མིའི་ཞབས་ལ་ཅིས་མི་འདུད། །
གངས་ཅན་བོད་ཀྱི་ཐོག་མའི་པཎྜིཏ། །འཇམ་པའི་དབྱངས་གང་མི་ཡི་རྣམ་རོལ་བ། །
འཕྲོག་བྱེད་སྟོན་འཁོར་རིགས་པས་ཕམ་མཛད་པའི། །རིག་པའི་ཁྱུ་མཆོག་ཁྱེད་ལ་ཅིས་མི་འདུད། །
བློ་གཏེར་ཡེ་ཤེས་བླ་མས་རྗེས་བཟུང་ཞིང༌། །བློ་མཆོག་རྣམ་དཔྱོད་ཅན་གྱི་གཙུག་གི་རྒྱན། །
བློ་ཆེན་ཡབ་རྗེ་བློ་བཟང་གྲགས་པའི་དཔལ། །བློ་དམན་རིག་པ་རྒྱས་ཕྱིར་སྙིང་ནས་འདུད། །
གངས་ཅན་བརྡ་སྤྲོད་སྲོལ་འབྱེད་ཐོན་མིའི་ལུགས། །ལུགས་བཞིན་བསྐྱངས་པའི་སྔོན་གྱི་མཁས་དབང་དག །
དག་བྱེད་གཞུང་མང་སྐྱེས་སུ་བཞག་པ་ཡང༌། །ཡང་ཡང་མཇལ་ཚེ་དད་པས་མཆི་མ་བསྙིལ། །
བརྡ་དང་ཐ་སྙད་ཕྱུར་བུར་གཏམས་པ་སྔོན་གྱི་མཁས་པའི་བརྡ་སྤྲོད་གཞུང༌། །
གཞུང་བཟང་སྟོང་གི་དགོངས་པའི་བཅུད་ཕྱུང་འཇམ་དབྱངས་ས་པཎ་བརྡ་དག་འདི།།
འདི་ཕྱིའི་བསྟན་དར་འགྲོ་བདེ་གཞི་དང་འཇིག་རྟེན་ཚུལ་ལ་འཇུག་པས་ན། །
ན་གཞོན་གཞན་གྱི་རེ་བ་བསྐང་ཕྱིར་འགྲེལ་བའི་སྤོབས་པ་རབ་ཏུ་བརྟས། །

ཞེས་མཆོད་བརྗོད་དང༌། བརྩམ་པར་དམ་བཅའ་བའི་ཚིགས་སུ་བཅད་པའི་ཤིས་ཚིག་གི་ལྷ་དར་སྲིད་དུ་རིང་བའི་བརྗོད་པ་སྔུན་དུ་བཏང་སྟེ། སྐབས་བབས་ཀྱི་གང་འཆད་པར་བྱ་བ་ནི་<<སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་སྙིང་འགྲེལ་བྷོ་ཊའི་གཙུག་ལག་འཇུག་པའི་སྒོ་>> ཞེས་བྱ་བ་འདི་ཉིད་ཡིན་ལ། དེ་ཡང་ཀླུ་སྒྲུབ་ཞབས་ཀྱིས།
ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །
དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པའང་ཐོབ་མི་འགྱུར། །

ཞེས་གསུངས་པ་ལྟར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པ་ལ། དམ་པའི་དོན་ཏེ། དོན་དམ་བདེན་པ་རྫོགས་པའི་བྱང་ཆུབ་ཀྱི་གནས་ལུགས་ཇི་བཞིན་རྟོགས་པ་ལ་རག་ལས། དེ་རྟོགས་པའང་ཐ་སྙད་པའི་དོན་ཏེ། ཀུན་རྫོབ་བདེན་པ་རྟོགས་པ་ལ་རག་ལས། དེ་ལ་ཡིན་ཚུལ་གྱི་སྒོ་ནས་དབྱེ་ན། ཡང་དག་ཀུན་རྫོབ་བདེན་པ་དང༌། ལོག་པའི་ཀུན་རྫོབ་བདེན་པ་གཉིས་ཡོད་དེ། <<ཕར་ཕྱིན་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ་>> སྐབས་དང་པོའི་མཐའ་དཔྱོད་ལས། བདེན་གཉིས་ལས།  སྣང་དུ་འདྲ་ཡང་དོན་བྱེད་དག །
ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །
ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །

ཞེས་ལུང་དྲངས་མཛད་པ་ལྟར་རོ། །དེ་དག་ཀྱང་མཁྱེན་ཆུབ་བྱེད་པར་རྗོད་བྱེད་ཡང་དག་ལ་རག་ལས། དེ་ཡང་ཚིག་ལ་རག་ལས། ཚིག་དེ་ཡང་མིང་གི་ཐ་སྙད་ལ་རག་ལས། མཐར་གཏུགས་ན་ཡི་གེ་ལ་རག་ལས་ཏེ། ཐོན་མི་ཉིད་ཀྱིས།
ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །
ཚིག་གིས་དོན་རྣམས་སྟོན་པར་བྱེད། །
ཞེས་གསུངས་ལ། དགོངས་འགྲེལ་བྱེད་པོ་ཕལ་མོ་ཆེས་ཀྱང་དེ་ག་རང་མགྲིན་གཅིག་དབྱངས་གཅིག་ཏུ་གསུངས་པའང་གངས་རིའི་ཁྲོད་དུ་གཡུ་འབྲུག་སྔོན་མོའི་མགྲིན་པ་ལའང་ཅོ་འདྲི་བར་ཤེས་ལྡན་ཀུན་གྱིས་མཁྱེན་གསལ་དུ་ལགས་པས། རིགས་ཞེན་གྱི་བོད་རིགས་སྤུན་ཟླ་ཡོད་དོ་ཅོག་གིས་བརྡ་དག་ཁོང་དུ་ཆུད་པའི་དོན་ལ་རྔུལ་ནག་གིས་ཆར་ཕབ་སྟེ་སྦྱོང་བའི་བརྟུལ་ཞུགས་ལྷུར་ལེན་རིགས་ཏེ། བསྟན་དར་ལྷ་རམས་པས།
དེང་གི་བསྟན་པ་མར་ངོ་བཅུ་བཞི་པའི། །ཟླ་བའི་འཕེལ་དང་འདྲ་ཞེས་བཤུང་བ་འདི། །
དྲན་དབང་ནུབ་པ་གཅིག་པུས་མཚུངས་པ་མིན། །བསྟན་རྩ་ཡིག་སྲོལ་ཉམས་པ་འདིས་ཀྱང་ངོ༌། །

ཞེས་གསུངས་སོ། །དེ་ཡང་བརྗོད་བྱ་ཕྱིན་ཅི་མ་ལོག་པར་གཤའ་མ་ཞིག་རྟོགས་པ་ལ། རྗོད་བྱེད་ཡང་དག་པ་ཞིག་ལ་བརྟེན་དགོས། དེ་ཡོང་བ་ཚིག་ལ་རག་ལས། ཚིག་དེ་ཡང་་ཡི་གེ་དུ་མ་སྤུངས་པའི་མིང་གི་སྡེབ་སྦྱོར་དག་མ་དག་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་པ་ནི་སྨོས་མེད་ཡིན། དེ་ཡང༌། དཔལ་ཁང་ལོ་ཙཱ་བས།
ཡི་གེའི་སྦྱོར་བ་ལ་འཁྲུལ་ན། །དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། །
ཞེས་གསུངས་པས་རྒྱུ་འབྲས་སྨྲ་བའི་རིགས་ལམ་པ་ཞིག་ཡིན་ཕྱིན་ཐོས་པ་ཙམ་གྱིས་ངེས་ཤེས་འདྲེན་པ་གོར་མ་ཆག་གོ། ། ས་བཟང་མ་ཏི་པཎ་ཆེན་གྱིས།
ལེག༵ས་པ་བས་ཀྱང་མགྱོགས་པ་གཙོ། །མགྱོ༷གས་པ་བས་ཀྱང་སྙོམ་པ་གཙོ། །
སྙོ༷མ་པ་བས་ཀྱང་དག་པ་གཙོ། །དེས་ན་ད༵ག་པ་གཙོ་བོ་ཡིན། །

ཞེས་གསུངས་པ་ལྟར་ཡིག་གཟུགས་ལེགས་མགྱོགས་སྙོམ་གསུམ་ཚང་ཡང་དག་པ་མེད་ན་སྐྱོན་ཆེ་སྟེ། སྔོན་སོག་པོ་བཀྲ་ཤིས་དཔལ་ལྡན་ཟེར་བས། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །ཞེས་སོགས་ཤོ་ལོ་ཀ་གཅིག་ཉིད་ཞོ་མཆོད་དུ་བཏོན་པའི་གཏམ་ལྷག་པའང་བརྡ་དག་སྟེ་རིག་པའི་གཞུང་ལུགས་ཀྱི་འགྲོས་བཞིན་སྔོན་རྗེས་མིང་གསུམ། མགོ་འདོགས་དབྱངས་གསུམ་གྱི་སྦྱོར་ཚུལ་དང་ཚིག་རྒྱན་སོགས་མ་སྦྱང་མ་བྱང་བས་ཡིན་གྱི་ཅིག་ཤོས་ནི་དེ་ལྟར་མི་སྲིད་པ་ཁོ་ན་ཡིན་ལ། དེས་ན་བརྡ་དག་ཉིད་གལ་ཆེན་དུ་གཟིགས་ནས་སྔོན་གྱི་མཁས་པའི་རྣམ་དཔྱོད་རྩལ་ལས་ཐོན་པའི་དག་ཡིག་གི་ཕྱག་རྩོམ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་<<དག་ཡིག་ཟ་མ་ཏོག>> དང༌། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་<<དག་ཡིག་མཁས་པའི་འབྱུང་གནས།>> དཔལ་ཁང་ཆོས་མཛད་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་མཛད་པའི་<<དག་ཡིག་ངག་སྒྲོན།>> དཔྱི་ས་བློ་གྲོས་རྒྱ་མཚོས་མཛད་པའི་<<བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།>> སོགས་མང་དུ་མཆིས་ཀྱང༌། དེ་དག་ནི་བརྡ་དག་གི་ཆུ་ཚད་ཅུང་མཐོ་ཙམ་སླེབས་ན་མ་གཏོགས་བློར་ཆུད་དཀའ་བས། བོད་ཡིག་ལ་གོམ་གང་མདུན་སྤོ་བྱེད་འདོད་ཀྱི་བློ་གྲོས་གསར་བུ་བ་རྣམས་དང༌། དེང་དུས་བོད་ཕྱི་ནང་གི་སློབ་གཉེར་བ་རྣམས་ལ་ནད་བརྒྱ་སྨན་གཅིག་གམ་དཀར་པོ་ཆིག་ཐུབ་ཀྱི་ཚུལ་དུ་མཐོང་ནས་འཇམ་དབྱངས་ས་པཎ་གྱིས་མཛད་པའི་<<སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།>> འདི་ཉིད་འོས་ཤིང་འཚམ་པར་བསམ་པ་དང༌། བོད་གཞིས་བྱེས་གཉིས་སུ་སློབ་གྲྭ་མི་ཉུང་བ་ཞིག་གི་ཟུར་བལྟའི་སློབ་ཚན་དུ་བྱས་ཏེ་བཤད་དང་འཆད་མུས་ཡིན་ཡང་དེའི་འགྲེལ་བ་ཞིག་སྔོན་ཆད་སུས་ཀྱང་བརྩམས་མེད་གཤིས། འདི་འདྲ་ཞིག་བྲིས་ན་གདོང་དམར་ཤ་གཟན་གྱི་རིགས་ལ་ཞབས་འདེགས་ཀྱི་རྒྱུར་མི་འགྱུར་རམ། དངུལ་ཆུ་དྷརྨ་བྷ་ཊས།
འཁོར་འདས་བརྟན་གཡོ་དངོས་པོ་རེ་རེར་ཡང༌། །བརྡ་དང་ཐ་སྙད་མིང་ཚུལ་མཐའ་ཡས་ཕྱིར། །
སར་གནས་དཔའ་བོ་ཁོ་ནས་སྤྱོད་ཡུལ་ལས། །ཉམ་ཆུང་བྱིས་བློས་གཞལ་བྱ་ག་ལ་ཡིན། །

ཞེས་གསུངས་པ་ལྟར། འཁོར་བ་དང་མྱང་འདས་ཀྱིས་མཚོན་པའི་ཆོས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བརྡ་དང་ཐ་སྙད་ཀྱི་ཚུལ་ཡང་མཐའ་ཡས་པ་གྲངས་ཀྱིས་མི་ཆོད་པ་ཡོད་པ་དེའི་ཕྱིར། དེ་དག་ཇི་ལྟ་བ་བཞིན་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་རྣམས་ཀྱིས་སྤྱོད་ཡུལ་ལས་ཉམ་ཆུང་བྱིས་བློ་སྟེ། སོ་སོ་སྐྱེ་བོ་ཐ་མལ་པ་རང་རེ་འདྲ་བས་གཞལ་བྱར་མི་རིགས་ཞེས་གསུངས་པ་དེ་ལྟར་ཡང༌། རྒྱལ་སྲས་ཆེན་པོ་ཞི་བ་ལྷས།
གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །

ཞེས་རིམ་བཞིན་ཡང་ནས་ཡང་དུ་གོམས་པར་བྱས་ན། འདུ་བྱེད་ཅི་འདྲ་ཞིག་ཡིན་ཡང་སོ་ན་མི་གནས་པས་ཤེས་སླ་བར་འགྱུར་ཞེས་པའི་དོན་ནོ། །ཡང་ཁོང་གིས་ཞལ་ནས། སྦྲང་བུ་ཤ་སྦྲང་བུང་བ་དང༌། །
དེ་བཞིན་སྲིན་བུར་གང་གྱུར་པ། །
དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །
བདག་ལྟ་རིགས་ཀྱིས་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །
བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །

ཞེས་དང༌། ལར་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁོང་ཡང་ཐོག་མ་ནས་དེ་ལྟ་བུར་མ་ཡིན་པས་རང་རེ་དང་གཅིག་མཚུངས་ཡིན་ནའང་བསྐལ་པ་དུ་མར་སློབ་སྦྱོང་ལྷོད་མེད་མཛད་པར་བརྟེན་ཟད་མི་ཤེས་པའི་ཡེ་ཤེས་མཐར་ཐུག་གམ་བྱང་ཆུབ་ཆེན་མོའི་གོ་འཕང་མ་བརྙེས་སམ། རྒྱུ་མཚན་དེའིཕྱིར། འབྲུག་པ་ཀུན་ལེགས་ཀྱིས་ལྷ་ས་ཇོ་བོའི་མདུན་དུ་ཕྱག་ཐལ་མོ་སྦྱར་ཏེ།
དང་པོ་ང་དང་ཁྱོད་གཉིས་མཉམ། །ཁྱེད་ནི་བརྩོན་འགྲུས་ཆེ་བས་དེ་ལྟར་གྱུར། །
ང་ནི་ལེ་ལོ་དབང་གིས་འཁོར་བར་འཁྱམས། །བརྩོན་ཆེན་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ནི་བརྩོན་འགྲུས་ཀྱི་དགེ་མཚན་བསྟན་པ་ཡིན། དེ་ལྟ་ན་རང་གི་རིགས་ལ་ལར་ཞེན་ཡོད་ཕྱིན། བོད་གངས་ཅན་པའི་གཙུག་ལག་ཐམས་ཅད་ཀྱི་རྨང་གཞི་སུམ་རྟགས་དག་གསུམ་ལ་རྟག་གུས་བརྩོན་པས་འཇུག་སྟེ་ཕྱིས་འབྱུང་བོད་གསར་པའི་ལུགས་ཟུང་དཔལ་ཡོན་ཚན་རིག་དང་ཆབས་ཅིག་གངས་སུལ་དུ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་མཛད་
པ་ནི་དུས་རབས་ལ་དཔག་པའི་ཤིན་ཏུ་གལ་གནས་སུ་འཇོག་རིགས་སོ། །

བདེ་བར་གཤེགས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་གཞི་དང་འཇིག་རྟེན་སྲིད་ལུགས་ཀྱི་ཕྱི་མོ་བོད་ཀྱི་བརྡ་སྤྲོད་རིག་པ་འདི་ཉིད་ཚོགས་གསུམ་དུ་བསྡུས་པའི་ལུགས་སུ་བྱས་ན།  མིང་གི་ཚོགས་ལ་མི་རྨོངས་པར་བྱེད་པ་<<དག་ཡིག་གི་གཞུང་>> དང༌། ཕྲད་རྣམ་དབྱེ་ལ་མི་རྨོངས་པར་བྱེད་པ་<<སུམ་ཅུ་པའི་གཞུང༌།>> བྱ་བའི་ཚིག་ལ་མི་རྨོངས་པར་བྱེད་པ་<<རྟགས་ཀྱི་འཇུག་པའི་གཞུང་>> བཅས་ནི་བོད་བརྡ་ཁོང་དུ་ཆུད་པ་ལ་ངེས་པར་དུ་སྦྱོང་དགོས་པའི་བརྡ་སྤྲོད་པའི་གཞུང་ཁག་ཆེན་མོ་གསུམ་ཞེས་བརྗོད་རིགས་པ་ཡིན། ཚོགས་དང་པོ་ཁོང་དུ་ཆུད་པ་ལ་ངེས་པར་དུ་དགེ་རྒན་དང་དག་ཡིག་གི་གཞུང་ལ་བརྟེན་དགོས་པའང་མིན། རྒྱུན་དུ་ཡི་གེ་འབྲི་ཀློག་སྐབས་དག་ཆ་ལ་སྤྲོ་ཤུགས་ཆེན་པོའི་སྒོ་ནས་དོ་སྣང་དཔྱད་འཇོག་མི་དམན་པ་བྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་ཡིན། དེ་ཡང་མཁས་པའི་ཞལ་ནས། དག་ཡིག་གི་དགེ་རྒན་ནི་དག་ཡིག་ཡིན་ཞེས་གསུངས་ལ། ཐབས་ལམ་གཞན་ཞིག་ཡོད་པ་ནི། གཙོ་ཆེ་བ་ཕྲུ་གུ་དམའ་རིམ་སློབ་གྲྭ་ལོ་རིམ་གསུམ་པ་དང༌། བཞི་པ། ལྔ་པ་བཅས་ལ་མིང་ཚིག་འདྲ་མིན་འབྲི་ཀློག་ཤེས་རྗེས་སློབ་ཕྲུག་དབུས་བཞག་གིས་ནག་པང་དང་འབྲི་དེབ་སོགས་སུ་དཔོད་བྲིས་གནད་སྨིན་གཏོང་རྒྱུ་དང་སློབ་ཕྲུག་རྣམས་སྡེ་ཚན་ཁག་བགོས་ཀྱི་རྩེད་འགྲན་གྱི་སྒོ་ནས་སྦྱོང་བཅུག་ན་སློབ་བདེ་བ་དང་མྱུར་བར་ཤེས་པ་མི་བསྐྱུད་པ་སོགས་ཀྱི་དགོས་པ་ཡོད། དེ་ལྟ་བུའི་གོམས་གཤིས་སློབ་མའི་རྒྱུད་ལ་འཇགས་ཐུབ་ན་འཛིན་གྲྭ་ལྟག་མ་ལྟག་མར་སླེབས་སྐབས་ཆེད་དུ་བཀག་ཀྱང་འགོག་མི་ཐུབ་པའི་ཚོད་ཀྱིས་སློབ་ཕྲུག་ཚོས་དག་ཆར་དོ་སྣང་ངེས་ཅན་ཞིག་སླེབས་ཐུབ་པ་གོར་མ་ཆག ད་དུང་ནམ་ཞག་རྒྱུན་དུ་ཚགས་ཤོག་ཀློག་སྐབས་དང༌། གཏོང་ཡིག་སོགས་འབྲི་བ་ཚུན་ཆད་ཀྱང་དག་ཆར་སྣང་འཇོག་བྱེད་རྒྱུ་ནི་དག་ཡིག་གི་གཞུང་ཁག་མང་པོ་བློར་འཛིན་མི་དགོས་པར་ཚེགས་ཆུང་སྟབས་བདེའི་ངང་དག་ཡིག་བྱང་ཆུབ་པའི་ཐབས་ཤེས་སླ་ལ་གལ་ཆེན་ཡིན་ནོ། །

ཚོགས་གཉིས་པ་དང་གསུམ་པ་ཁོང་དུ་ཆུད་པ་ལ་ངེས་པར་དུ་དགེ་རྒན་བསྟེན་ཏེ་བསླབ་སྦྱང་བྱ་དགོས། དགེ་རྒན་གྱི་མན་ངག་ལ་མ་བརྟེན་པར་རང་སྟོབས་ཀྱིས་ཐོན་མིའི་དགོངས་པ་ལོན་མི་སྲིད། ཅི་སྟེ་ཤེས་པའི་དབང་དུ་བཏང་ཡང་གཤའ་མ་ཞིག་མི་ཡོང༌། བློ་གྲོས་དང་ལྡན་པ་དག་གིས་ཚོགས་ཕྱི་མ་གཉིས་ཁོང་དུ་ཆུད་པ་ལ་དགེ་རྒན་དམ་པ་ཞིག་བསྟེན་ཏེ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་དཀའ་གནད་རྣམས་ལ་དཔྱིས་ཕྱིན་པ་ཞིག་སྦྱང་ན་ད་གཟོད་གངས་ཅན་པའི་བརྡ་སྤྲོད་སྨྲ་བའི་བཞུགས་གྲལ་དུ་བསྙེགས་ཐུབ་པ་གདོན་མི་ཟའོ། །སྔོན་ཆད་མཁས་པས།
དགེ་རྒན་མེད་པའི་ཡོན་ཏན་དེ། །རྐུན་མས་བརྐུས་པའི་ནོར་དང་འདྲ། །

ཞེས་པའི་སྡོམ་ཚིག་ཅིག་ཀྱང་བཞག་ཡོད་དོ། །
ད་ནི་འཕྲོ་གཏམ་སྨྲ་བ་རེ་ཞིག་བསྐྱུར་ཏེ་དཀྱུས་ཀྱི་དོན་ལ་འཇུག་པར་བྱའོ།། དེ་ཡང་བོད་གངས་ཅན་པའི་གཙུག་ལག་ཐམས་ཅད་ཀྱི་རྨང་གཞི་སུམ་རྟགས་དག་གསུམ་ལས་ཐོག་མར་མིང་ཚིག་གི་རྨོངས་པ་སེལ་བྱེད་དག་ཡིག་གི་རྣམ་གཞག་བཤད་པ་འདི་ལ། གཞུང་སྤྱིའི་ཡན་ལག་མཚན་དོན་སོགས་བཤད་པ། སྐབས་བབ་ཀྱི་གཞུང་དོན་དངོས་བཤད་པ། མཇུག་གི་བྱུང་བ་མདོ་ཙམ་བཤད་པ་བཅས་རྩ་བའི་ས་བཅད་གསུམ་དུ་བསྡུས་ཏེ་བརྗོད་པར་བྱའོ། །

དང་པོ། གཞུང་སྤྱིའི་ཡན་ལག་མཚན་དོན་སོགས་བཤད་པ།

དང་པོ་ལ་མཚན་དོན་བཤད་པ་དང༌། མཆོད་བརྗོད་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་བསྟན་བཅོས་ལ་མཚན་འདོགས་ལུགས་མི་འདྲ་བ་དུ་མ་ཡོད་དེ། རྩོམ་པ་པོ་དང༌། བརྗོད་བྱ། བྱེད་ལས་སམ་དགོས་པ། གང་ལ་བརྟེན་པའི་ཁུངས། གནས་དང༌། ཞུ་བ་པོ། དཔེ་དོན་སྦྱར་བ། བམ་པོ་དང་ལེའུའི་གྲངས་ལ་བརྟེན་ནས་འདོགས་པའི་སྲོལ་སྣ་ཚོགས་ཤིག་ཡོད་པ་ལས་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་འདི་ནི་དཔེ་དོན་སྦྱོར་བའི་མཚན་འདོགས་ལུགས་སུ་བྱས་པ་ཡིན་ནོ། །

དེ་ཡང་དཔེ་ཅན་ཡི་གེ་དུ་མས་མིང་ཚིག་བརྗོད་པ་གསུམ་གསལ་ཞིང་དག་པར་བྱེད་པའི་ཆེད་དུ་དབྱངས་མིང་སྔོན་རྗེས་མགོ་འདོགས་སོགས་ཀྱི་འཐོབ་ཚུལ་བཞིན་སྡེབ་ཅིང་སྦྱོར་བར་བྱེད་པའི་གཞུང་འདི་ཉིད། དཔེ་རིན་པོ་ཆེ་མཐའ་དག་གི་འབྱུང་གནས་རྒྱ་མཚོ་ཆེན་པོ་དང་མཚུངས་པས་ན། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་བྱ་ལ། དཔེ་དོན་མཚུངས་ཚུལ་ནི། དཔེར་ན། སྐྱེས་བུ་གང་ཞིག་རང་ཉིད་ཕྱུག་པར་འདོད་ན་རྒྱ་མཚོ་ཆེན་པོ་ལས་བཻཌཱུརྱ་དང༌། ཨིནྡྲ་ནཱིལ། མརྒད། མུ་ཏིག་སོགས་རིན་པོ་ཆེ་རྣམས་བླངས་ན་དབུལ་བའི་དཀའ་སྡུག་ནས་ཕྱུག་པོའི་གོ་འཕང་ཐོབ་པ་དེ་བཞིན་དུ་མིང་ཚིག་གི་དག་ཆས་དབུལ་བའི་སྐྱེས་བུ་དེས་ཀྱང་མིང་ལ་དངོས་མིང་དང༌། བཏགས་མིང་སོགས་དུ་མ་ཡོད་པ་རྣམས་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་འདི་ཉིད་དཔྱིས་ཕྱིན་པའམ་ཡང་དག་པ་ཞིག་སྦྱང་ན། ད་གཟོད་མིང་ཚིག་གི་དག་ཆས་དབུལ་བའི་བཀག་རྒྱ་ལས་གྲོལ་ཏེ། དག་ཡིག་མཁས་པའི་གོ་གནས་བརྙེས་པར་འགྱུར་རོ་ཞེས་པའི་དོན་ནོ། །
གཉིས་པ་ནི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

ཞེས་པ་ནི་མཆོད་བརྗོད་ཀྱི་གཞུང་ཡིན། ༡) ཡུལ་གང་ལ་མཆོད་པར་བརྗོད་པ་ནི། བླ་མ་སྟེ་རྩོམ་པ་པོ་རང་གི་རྩ་གསུམ་ཀུན་འདུས་ཀྱི་བླ་མ་དང་ཁུ་བོ་གཉིས་ཀ་ཡིན་པའི་ས་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆོག་དང༌། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་སོགས་བླ་མ་དམ་པ་རྣམས་དང་ངོ་བོ་དབྱེར་མ་མཆིས་པའི་ཤེས་རབ་ཀྱི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལའོ། ། ༢) མཆོད་པར་རྗོད་པ་པོ་ཅི་འདྲ་ཞིག་ཡིན་པ་ནི། དེ་ཡང་གནས་ལྔ་རིག་པའི་པཎྚིཏ་ཆེན་པོ་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ས་པཎ་ཀུན་དགའ་རྒྱལ་མཚན་གང་ཉིད་རྗེས་འབྲང་འཁོར་དང་བཅས་པའོ། ། ༣ )ཚུལ་ཇི་ལྟར་དང༌། དགོས་པ་ཅིའི་ཕྱིར་མཆོད་པར་བརྗོད་པ་ནི། མཆོད་ཡུལ་གང་ལ། མཆོད་པ་པོ་གང་གིས་ལུས་ཀྱིས་གུས་ཕྱག་འབུལ་བ་དང༌། ངག་གིས་བསྟོད་བསྔགས་བརྗོད་པ། ཡིད་ཀྱིས་གདུང་ཤུགས་དྲག་པོས་མོས་གུས་བྱས་པའི་སྒོ་ནས་ཕྱག་འཚལ་བའོ། །དགོས་པ་གང་ཞེ་ན། གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཆེད་དུའོ། །དེ་ལྟར་རང་གི་བླ་མ་དང་ལྷག་པའི་ལྷ་ལ་དངོས་སུ་མཆོད་པར་བརྗོད་ནས་ཤུགས་ལ་རྩོམ་པར་དམ་བཅའ་བའང་བསྟན་པ་ཡིན་ཏེ། དེ་ལྟ་བུ་ནི་གཞུང་ཆེན་པོ་རྣམས་སུའང་འབྱུང་བས་སོ། །

གཉིས་པ། སྐབས་བབས་ཀྱི་གཞུང་དོན་དངོས་བཤད་པ།

གཉིས་པ་ལ། སྦྱར་བྱ་ཡི་གེའི་རྣམ་གཞག་དང༌། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་ཅུང་ཟད་བཤད་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ་བཅས་གསུམ་ལས།
དང་པོ། སྦྱར་བྱ་ཡི་གེ་རྣམ་གཞག་བཤད་པ།
༡) རྩ་བར།    སྤྱིར་ན་ཡི་གེ་སུམ་ཅུ་ལ། །སྔོན་འཇུག་ལྔ་དང་མཐའ་བརྟེན་བརྒྱད། །ཡི་གེ་ཕྱེད་དང་བཅུ་གསུམ་ཡིན། །
ཞེས་པའི་དོན་ནི། སྤྱིར་བཏང་བྱས་ན། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། བཅས་བོད་ཀྱི་གསལ་བྱེད་སུམ་ཅུ་ཐམ་པ་ལས། སྔོན་འཇུག་ལྔ་སྟེ། ག་ད་བ་མ་འ་བཅས་ལྔ་དང༌། མཐའ་རྟེན་བརྒྱད་དེ། ག་ང་ན་བ་མ་འ་ར་ལ་བཅས་ཡི་གེ་ཕྱེད་དང་བཅུ་གསུམ་དབྱུང་དགོས་ལ། མཐའ་རྟེན་བརྒྱད་ཅེས་པ་ནི་གོང་གསལ་བཞིན་ཡང་འཇུག་ད་ས་གཉིས་བཏོན་པའི་ལྷག་མ་རྗེས་འཇུག་བརྒྱད་པོ་ལ་ཟེར་ཞིང༌། ཡི་གེ་ཕྱེད་ཅེས་པ་ནི་སྔོན་འཇུག་ག་ལ་ངོས་འཛིན་བྱེད་དགོས་པ་འོག་ཏུ་བསྟན་པ་ལས་ཤེས་པར་བྱའོ།།
༢) རྩ་བར།    ག་ད་བ་མ་འ་རྣམས་ནི། །འཕུལ་ཕྱེད་ལྔ་རུ་གྲགས་པ་ཡིན། །
ཞེས་པ་སྔོན་འཇུག་ཡི་གེ་ད་བ་མ་འ་བཞི་པོས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་འཇུག་ཚེ། རྐྱང་འདོགས་བརྩེགས་གསུམ་ཅི་རིགས་ཀྱི་སྒོ་ནས་འཇུག་པར་བྱེད་ལ། སྔོན་འཇུག་གིས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་རྐྱང་འཕུལ་ཁོ་ནས་འཇུག་པས་འཕུལ་ཕྱེད་ཅེས་ཟེར་ལ། བཤད་མ་ཐག་པའི་ཡི་གེ་ཕྱེད་དང་བཅུ་གསུམ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ག་ལ་ཕྱེད་ཅེས་ཟེར་བའང་རྒྱུ་མཚན་འདི་དང་མཚུངས། སྔོན་འཇུག་དེ་རྣམས་བསྡོམས་པའི་འཕུལ་ཕྱེད་དང་ལྔ་རུ་གྲགས་པ་ཡིན་ནོ། །
༣) རྩ་བར།    ག་ང་ད་ན་བ་མ་དྲུག །ར་ལ་ས་དང་བཅས་པ་རྣམས། །མཐའ་བརྟེན་ཡི་གེ་དགུ་ཡིན་ནོ། །
ཞེས་རྗེས་འཇུག་ཡི་གེ་བཅུ་པོ་ལས་འ་ཡིག་ཕུད་པའི་རྗེས་འཇུག་ལྷག་མ་ག་ང་ད་ན་བ་མ་ར་ལ་ས་བཅས་དགུ་པོ་ལ་མཐའ་རྟེན་ཡི་གེ་དགུ་ཞེས་རྣམ་གཞག་མཛད་པ་ལས། རྗེས་འཇུག་བཅུ་དང་འབྲེལ་མེད་དོན་གཞན་ཞིག་འཚོལ་བར་འདོད་པ་ནི་རང་ཉིད་ངལ་བའི་རྒྱུ་ཁོ་ནར་ཟད་དོ། །
༤) རྩ་བར།    འ་ནི་མཐའ་བརྟེན་ཕྱེད་དུ་འདོད། །དགའ་མདའ་དམའ་ལ་སོགས་པའོ། །
ཞེས་པའི་དོན་ནི། འ་སྟེ་རྗེས་འཇུག་འ་ལ་ཅིའི་ཕྱིར་མཐའ་རྟེན་ཕྱེད་ཅེས་མིང་དུ་བསྙད་ཅེ་ན། དེ་ནི་དཔེར་ན། རྐྱང་པ་འཕུལ་ཏེ། དཀའ། བཀའ། དཔའ། གདའ། མཐའ། མཁའ་ལྟ་བུའི་རྐྱང་འཕུལ་ཁོ་ནས་འཇུག་པ་ལས། གུག་གྱེད་བརྩེགས་འདོགས་ཅན་ཏེ། དྲི། གོ། བུ། སྐྲ། སྒྲ། འགྲོ། མཐོ། མགོ། བརྡ། འདྲ། འཕྲ། བྲོ་སོགས་ལ་སྐད་གསར་བཅད་ཀྱི་ལུགས་སུ་བསྡུས་པས། རྗེས་འཇུག་འ་ལ་མཐའ་རྟེན་ཕྱེད་ཅེས་ཟེར། རྐྱང་པ་འཕུལ་ལ་འ་འཐོབ་ཚུལ་ནི། དཔེར་ན། དགའ། མདའ། དམའ། མངའ། མཐའ་སོགས་རིགས་བསྒྲེ་སྟེ་ཤེས་པར་བྱ། དེ་དག་ལ་འ་མཐའ་ངེས་པར་དགོས་ཏེ། དེ་མེད་ན་རིམ་བཞིན། དག མད། དམ། མང༌། མཐ་ཞེས་མིང་གཞི་རྗེས་འཇུག་ཏུ་འཁྲུལ་བའི་ཉེན་ཁ་དང་ལ་ལ་ནི་ཀློག་རྒྱུ་མེད་པའི་སྐྱོན་དུའང་འགྱུར། རྐྱང་པ་འཕུལ་ལ་འ་མཐའ་ངེས་པར་འཇུག་དགོས་པ་ལས། ཀུག་གྱེད་བརྩེགས་འདོགས་ཅན་ལ་འ་མཐའ་མེད་ཀྱང་འཁྲུལ་ཉེན་མེད་པས་ཡིག་ཟོར་ཡང་བར་དགོངས་ཏེ་སྔོན་གྱི་མཁས་པས་སྤངས་པར་མཛད།
༥) རྩ་བར།    བུ་དྲུག་ཅན་ལ་འ་མཐའ་སྤངས། །
སྐབས་འདིར་བུ་དྲུག་ཅན་ལ་ཅུང་ཟད་ཅིག་དཔྱད་ན། བུའི་ཡི་གེ་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར། ཨ༵་ནི་ཡི་གེའི་མ་ཡིན་ལ། དོན་སྟོན་པར་བྱེད་པ་པོ་གཙོ་བོ་ཡིན་པའི་ཕྱིར། ཨ་ལས་གཞན་པའི་ཀ༵་ནས་ཧ༵་བར་གྱི་གསལ་བྱེད་ཉི་ཤུ་རྩ་དགུ་པོ་ནི་ཕ་ཡིན། དབྱངས་དང་མགོ་འདོགས་དག་ཕ་མའི་ཡི་གེ་ལ་ཕར་ལྟོས་ཤིང་གདགས་སུ་རུང་བ་དང༌། ཕ་མའི་ཡི་གེ་དེ་དག་ལ་མི་ལྟོས་ཤིང་གདགས་སུ་མེད་པའི་ཕྱིར་ཡི་གེ་དེ་དག་ལ་བུའི་ཡི་གེ་ཞེས་ཟེར། དེ་ལྟར་ན་དབྱངས་སོགས་ལ་བུ་ཡི་ཡི་གེ་རུ་ངོས་འཛིན་དགོས་ཀྱང༌། སྐབས་འདིར་བུ་དྲུག་ཅན་ཞེས་སྡོམ་ཚིག་འདིའི་ཐད་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་ཡོད་དེ། <<རྔོག་ལོ་ཙཱ་བའི་དག་ཡིག་>>ཏུ་གི་གུ་སོགས་དབྱངས་བཞི་དང་ལྡན་པ་དང༌། ར་བཏགས་ཅན། ཡ་བཏགས་ཅན་ཏེ་དྲུག་ལ་ངོས་འཛིན་བྱས་ཤིང༌། <<མཁས་པའི་ཁ་རྒྱན་>>དུ་གི་གུ། འགྲེང་བུ། རྣ་རུ་སྟེ་སྟེང་ན་ཞྭ་ལྟར་མཛེས་པའི་ཡི་གེ་གསུམ་དང༌། ཞབས་ཀྱུ། ཡ་བཏགས། ར་བཏགས་ཏེ་འོག་ན་གདན་ལྟར་མཛེས་པའི་ཡི་གེ་གསུམ་ཞེས་ངོས་འཛིན་མཛད་པ་དང༌། <<ལེགས་བཤད་ལྗོན་དབང་>>དུ་གུག་གྱེད་བརྩེགས་འདོགས་ཅན་ལ་སྤངས་ཞེས་གསུངས་པ་ལྟར། གི་གུ་དང༌། ཞབས་ཀྱུ་དང༌། འགྲེང་བུ་དང༌། རྣ་རུ་དང༌། མགོ་ཅན་གསུམ་དང༌། འདོགས་བཞི་བཅས་དྲུག་ལ་ངོས་འཛིན་མཛད། ཁོ་བོས་ཀྱང་དེ་ལྟར་བྱས་ན་མ་འདུས་པ་དང༌། མི་དགོས་པའི་སྐྱོན་གཉིས་དང་བྲལ་བས་གྲངས་ངེས་སོ་སྙམ། དེ་དོན་ཞིབ་པར་དགེ་རྒན་དམ་པའི་ཞལ་ལས་ཤེས་པར་གྱིས། ངག་སྒྲོན་དུ།
བརྗོད་དོན་ཀཱ་ལི་སུམ་ཅུ་ལ། །རྐྱང་པ་འཕུལ་དང་མགོ་ཅན་དང༌། །
དབྱངས་ལྔ་ཡ་ར་ལ་ཝའི་འདོགས། །རྗེས་འཇུག་དཔེ་སོགས་རིམ་པས་བསྟན། །
ཞེས་གསུངས་པ་ལྟར་ཕ་མའི་ཡི་གེ་སྟེ་ཀ་མད་སུམ་ཅུ་པོ་ལ་སྔོན་རྗེས་མགོ་འདོགས་སོགས་ཕར་ལྟོས་ཤིང་གདགས་རུང་བ་བཞིན་དག་སྡེབ་ཀྱིས་མིང་བརྡ་སྦྱོར་ཚུལ་ཐོན་མིའི་དགོངས་པ་ལྟར་བསྟན་བཅོས་འདིའི་དཀྱུས་སུ་རིམ་བཞིན་བསྟན་པར་བྱའོ་ཞེས་པའི་དོན་ནོ། །
སྨྲས་པ།    དབྱངས་ཀྱི་ང་རོ་དག་པའི་དབུས་གཙང་པ། །མདོ་ཁམས་སྐད་གདངས་མི་དག་མ་ཟེར་ཅིག །
སྔོན་རྗེས་འདོགས་ཀྱི་གདངས་ལ་ཞིབ་ལྟོས་དང༌། །མདོ་ཁམས་སྐད་ཀྱི་ལེགས་ཆ་མཐོང་ཡོང་ངོ༌། །
སྔོན་རྗེས་གདངས་ལ་མཁས་པའི་མདོ་ཁམས་པ། །དབུས་པའི་སྒྲ་གདངས་མི་གསལ་མ་ཟེར་ཅིག །
དབྱངས་བཞིའི་ང་རོ་འདོན་ཚུལ་མིག་ལྟོས་དང༌། །དབུས་གཙང་སྐད་ཀྱི་ཁྱད་ཆོས་མངོན་པར་གསལ། །
སྒྲ་ཡི་སྦྱོར་ཀློག་ཁོང་དུ་ཆུད་པ་ལ། །ཆོལ་ཁ་གསུམ་གྱི་སྐད་ལ་ལྟོས་དགོས་ན། །
དོན་གྱི་སྦྱོར་ཚུལ་རྒྱ་ཆེར་སྦྱོང་བ་ལ། །རིས་མེད་སྐད་ལ་བསྟུན་པ་སྨོས་ཅི་དགོས། །
རབ་འབྱམས་གཞུང་ལུགས་གཤའ་མར་སྦྱངས་པའི་སྟོབས། །དྲན་དབང་མཁས་པའི་གྲལ་མགོར་མ་བརྙེས་ཀྱང༌། །
མིང་བརྡ་སྦྱོར་ཚུལ་ཇི་བཞིན་རྟོགས་པའི་ཕྱིར། །མཁས་དབང་མདུན་སར་སྤོབས་པ་ལྷག་པར་བསྐྱེད། །
ཅེས་པ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གཉིས་པ། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་ཅུང་ཟད་བཤད་པ།

༡) རྩ་བར།    ག་ང་གཉིས་ལ་གི་འོང་སྟེ། །བདག་གི་ཁོང་གི་ལྟ་བུའོ། །
ཞེས་པའི་དོན་ནི་སུམ་ཅུ་པའི་རྩ་བར། དང་པོ་གཉིས་ལ་དང་པོ་མཐུན། །ཞེས་རྗེས་འཇུག་གི་དང་པོ་ག་ང་གཉིས་ལ་འབྲེལ་སྒྲའི་དང་པོ་གི་སྦྱར་དགོས་པར་བསྟན་པ་ལྟར། འདིར་ཡང་དེ་ལྟར་ཤེས་དགོས། དཔེར་ན།

རྗེས་འཇུག  ཕྲད། དཔེར་བརྗོད།
 ག   གི བདག་གི༷་སློབ་གྲོགས།
 ང   གི ཁོང་གི༵་སློབ་ཕྲུག

༢) རྩ་བར།    ན་མ་ར་ལ་བཞི་པོ་གྱི། །གནམ་གྱི་བར་གྱི་གཞན་གྱི་དང༌། །
ཞེས་པའི་དོན་ནི་དེ་ཉིད་ལས། ལྷག་མ་རྣམས་ལ་གྱ་སྦྱར་བ། །ཞེས་འབྲེལ་སྒྲའི་ཕྲད་གི་དང༌། ཀྱི་དང༌། འི་བཅས་ཀྱི་ལྟོས་ཡུལ་རྗེས་འཇུག་ག་ང་ད་བ་ས་འ་བཅས་དྲུག་གི་ལྷག་མ་རྗེས་འཇུག་ན་མ་ར་ལ་བཞིའི་མཐར་འབྲེལ་སྒྲའི་ཕྲད་གྱི་སྦྱར་དགོས་པར་བསྟན་པ་ལྟར་འདིར་ཡང་དེ་ལྟ་བུར་ཤེས་དགོས། དཔེར་ན།

རྗེས་འཇུག ཕྲད། དཔེ་བརྗོད།
 ན གྱི གཞན་གྱི༷་སྐྱོན་ལ་མ་བལྟ།
 མ གྱི གཤམ་གྱི༷་རི་མོར་ལྟོས་དང༌།
 ར གྱི སློབ་ཕྲུག་བར་གྱི༷་མཐུན་སྒྲིལ།
 ལ གྱི རྣམ་རྒྱལ་གྱི༷་ཞྭ་མོ།

རྩ་བར་རྗེས་འཇུག་ལའི་སྦྱོར་ཚུལ་མི་འབྱུང་བ་ནི་ཚིགས་བཅད་ཀྱི་དབང་གིས་ཡིན་ནོ། །
༣)རྩ་བར།    ད་བ་ས་ཡི་རྗེས་སུ་ཀྱི། །ཡོད་ཀྱི་ཆབ་ཀྱི་སེམས་ཀྱི་ནི། །ཁྲུས་ཀྱི་བག་ཡོད་ཀྱི་ཞེས་པ། །དེ་འདྲའི་བྱེ་བྲག་དགོས་པར་བཤད། །
ཅེས་པའི་དོན་ནི། དེ་ཉིད་ལས། གསུམ་ལྔ་བཅུ་ལ་གྱ་དང་སྦྱར། །ཞེས་གསུངས་པའི་དོན་ནི། རྗེས་འཇུག་གི་གསུམ་པ་ད་དང༌། ལྔ་པ་བ་དང༌། བཅུ་པ་ས་བཅས་ཀྱི་མཐར་འབྲེལ་སྒྲའི་ཕྲད་ཀྱི་སྦྱར་དགོས་པར་བསྟན་པ་ལྟར། འདིར་ཡང་དེ་ལྟར་ཤེས་དགོས། དཔེར་ན།

རྗེས་འཇུག ཕྲད། དཔེར་བརྗོད།
ཀྱི རྭ་ཡོད་ཀྱི༵་སེམས་ཅན།
ཀྱི བྱང་ཆུབ་ཀྱི༵་གོ་འཕང༌།
ཀྱི སོ་ཁྲུས་ཀྱི༵་རིན་གོང༌།

རྩ་བར། སེམས་ཀྱི་ཞེས་པས་རྗེས་འཇུག་ཏུ་མ་ཟད་ཡང་འཇུག་སའི་རྗེས་སུའང་ཀྱི་ཐོབ་པའི་ཚུལ་ཤེས་དགོས་པར་བསྟན་ཏོ། །
༤) གཞུང་འདིར་དངོས་སུ་མ་བསྟན་ཀྱང༌། སུམ་ཅུ་པའི་རྩ་བར། བདུན་པ་ཉིད་ལ་བདུན་པ་སྟེ། །ཞེས་རྗེས་འཇུག་བདུན་པ་འ་ཡིག་གི་མཐར་འབྲེལ་སྒྲའི་ཕྲད་འི་སྦྱར་དགོས་པར་བསྟན་པ་དང༌། ཤུགས་བསྟན་ཚིག་གི་རྐང་པ་ཁ་སྐོང་བའི་ཕྲད་ཡི་ཡང་སྦྱར་དགོས་པ་དོན་གྱིས་འཕངས་སོ། །དེ་གཉིས་ཀྱི་དཔེ་བརྗོད་ཆབས་ཅིག་ཏུ་འགོད་རྒྱུ།  དཔེར་ན།

རྗེས་འཇུག ཚིག་རྐང༌། ཕྲད། དཔེར་བརྗོད།
མི་སྐོང་བ། འི ཀུན་དགའི༵་ལས་གནས།
ཁ་སྐོང་བ། ཡི ཀུན་དགའ་ཡི༵་གསོལ་ཕོགས།

ཡང་ལེགས་བཤད་ལྗོན་དབང་ལས། འ་དང་མཐའ་མེད་འི་དང་ཡི། །ཞེས་གསུངས་པའི་འ་མཐའ་ནི་བཤད་མ་ཐག་པའི་རྗེས་འཇུག་འ་ཡིན་ལ། མཐའ་མེད་ཅེས་པ་ནི། རྗེས་འཇུག་མེད་པའི་ཡི་གེ་ལ་ཟེར། དཔེར་ན། མཐོ། གྲི། དྲི། བརྒྱ། མཐུ་སོགས་བུ་དྲུག་ཅན་གྱི་ཡི་གེ་ཡོད་དོ་ཅོག་ལ་མཐའ་མེད་ཅེས་ཟེར་རོ། །དེ་ལྟར་ན་བོད་ཀྱི་བརྡ་སྤྲོད་རིག་པ་བ་ཕལ་ཆེ་བས་མགྲིན་གཅིག་དབྱངས་གཅིག་གིས་བོད་ཀྱི་ཡི་གེ་ཡིན་ན་མཐའ་རྟེན་ཡོད་པས་ཁྱབ། རྗེས་འཇུག་མེད་པའི་ཡེ་གེ་མེད་དོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། སྐད་གསར་བཅད་ཀྱི་ལུགས་ལྟར་བུ་དྲུག་ཅན་གྱི་མཐར་འ་མཐའ་སྤངས་པ་ལ་དགོངས་པ་ཡིན་ལ། རྗེས་འཇུག་གཏན་ནས་མེད་པར་འདོད་པ་མིན་ཏེ། དུས་ཕྱིས་སུ་འ་མཐའ་དངོས་སུ་བྲིས་མེད་པ་མ་གཏོགས་བུ་དྲུག་ཅན་གྱི་ཡི་གེ་གང་ཡིན་ལ་འ་མཐའ་ཐོབ་པ་ཤེས་དགོས། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་དེང་སྐབས་ཀྱང་འ་དང་མཐའ་མེད་མཐར་སྒྲ་སྦྱོར་གཅིག་མཚུངས་ལས་ལོགས་སུ་མེད་པའི་གནད་འགག་ཀྱང་དེར་ཐུག་ཡོད། གོང་དུ་འབྲེལ་སྒྲའི་ཕྲད་འི་ཡི་གཉིས་འ་མཐར་སྦྱོར་ཚུལ་རེའུ་མིག་ཏུ་བཀོད་པ་ལྟར་འདིར་ཡང་མཐའ་མེད་ཀྱི་དཔེ་བརྗོད་རྣམ་གསལ་ཞིག་དགོད་པར་བྱའོ། །དཔེར་ན།

ཚིག་ཕྲད། ཚིག་རྐང༌། དཔེར་བརྗོད།
འི མི་སྐོང་བ། རྒྱ་མཚོ་ཆེན་པོའི༵་རྦ་རླབས།
ཡི ཁ་སྐོང་བ། རྒྱ་མཚོ་ཆེན་པོ་ཡི༵་རྦ་རླབས།

འདི་ལྟ་བུའི་དཔེར་བརྗོད། ཆེན་པོ་ཞེས་པའི་མཐར་འ་མཐའ་དངོས་སུ་བྲིས་མེད་ཀྱང་སྒྲ་སྦྱོར་སྐབས་ཐོན་མིའི་དགོངས་པ་ལྟར་ཐོབ་ཀྱི་ཡོད་པ་ཤེས་དགོས་པ་གནད་ཀྱི་དམ་པའོ། །ཁོ་ན་རེ། བོད་ཀྱི་ཡི་གེར་རྗེས་འཇུག་གིས་ཁྱབ་པར་བཤད་པ་མི་འཐད་དེ། ཕ། མ། ལ། ཤ། ང༌། ར། ཚ། ཟ་སོགས་ལ་མ་ངེས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་དག་ལ་འ་མཐའ་མེད་པའང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཟིན་རྗེས་སྒྲིག་ཁྲིམས་བརྩི་ཕྱིར་དངོས་སུ་བྲིས་མེད་པ་ལས། ཐོབ་ཀྱི་མེད་པ་མ་ཡིན་ཏེ། བོད་སྐད་ཕལ་ཆེ་བའི་གདངས་ནི་རིང་ཆ་ཅན་ཡིན་པས། རྗེས་འཇུག་གཞན་དགུ་པོ་མེད་པའི་མཐར་འ་མཐའ་སྦྱོར་དགོས་པའང་རྒྱུ་མཚན་དེའི་ཕྱིར་རོ། །
སྨྲས་པ།

གང་ཞིག་རྟོགས་ན་གསུང་རབ་རིན་ཆེན་དོན། །བདེ་བླག་སྟེར་མཛད་དཔྱིད་གྱུར་རབ་དང་ཕུལ། །
ཐོན་མིས་ལེགས་མཛད་བརྡ་སྤྲོད་རིག་པའི་གཞུང༌། །སྒྲ་དོན་སྦྱོར་བ་ཞིབ་ཏུ་སྦྱོངས་ཤིག་ཨང༌། །
རྙེད་དཀའ་འཇིག་སླ་དལ་རྟེན་འདིར། །སྲོག་དང་ལྡན་ན་འཚོ་ཞིང་གཞེས། །
ལོ་རྒྱུས་རིང་བའི་གངས་ཅན་པ། །ཡུན་དུ་གནས་མིན་ཡི་གེར་ཐུག །
སེམས་ཤིག་ཡོད་ན་སྐད་ཡིག་འདི། །དགོས་འདོད་ཀུན་འབྱུང་ནོར་བུ་ལྟར། །
སེམས་ཀྱི་བང་མཛོད་ཐབས་བྱུས་བརྒྱས། །ལེགས་པར་ཉར་དང་རིགས་ཀྱི་བུ། །
བློ་རིག་དམན་པས་ཡང་དག་མི་ཤེས་ཀྱང༌། །གསུམ་ལྡན་བཤེས་གཉེན་དམ་པའི་མན་ངག་དང༌། །
ཚད་ལྡན་མཁས་པའི་བསྟན་བཅོས་ལ་བརྟེན་ཏེ། །གཙུག་ལག་འཇུག་པའི་སྒོ་མོ་རབ་ཡངས་ཕྱེ། །
ཞེས་པ་ནི་ངལ་གསོ་བའི་དབྱངས་སུ་གྱེར་བའོ། །

གསུམ་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ།(དང་པོ)

༡) རྩ་བར།    ཀ་ར་ཀུ་ཤུའི་ཞལ་ཟས་དང༌། །ཀ་བ་ཀོ་བ་ཀ་རྐྱང་ཡིན། །སྐོར་བ་སྐོར་དང་སྐོར་མཛོད་དང༌། །ས་མཐའ་སྐོར་བ་ས་སྐོར་ཡིན། ། རྒྱལ་བའི་སྐུ་ནི་ས་སྐུ་ལ། །རྐུན་མ་དག་ནི་ར་རྐུན་ཡིན། །ཀུ་ཅོ་བྱེད་པ་ཀུ་རྐྱང་ལ། །ལྐུགས་པ་དག་ནི་ལ་ལྐུགས་ཡིན། །
༡༽ ཀ་ར། ༡ གུར་གྱི་ཀ་རྒྱུག་གི་མིང་ཡིན། དཔེར་ན། ཀ༵་ར༵་བཞིན་དུ་དྲང་དགོས། །ཁ་བ་བཞིན་དུ་དཀར་དགོས། ། ༢ བྱེ་མ་ཀ་ར། ཤེལ་ཀ་ར། བྱེ་རིལ་སོགས་ཀྱི་སྤྱི་མིང་ཡིན་ནོ། །
༢༽ ཀུ་ཤུ། ཆུ་ལྡན་གྱི་ཤིང་ཏོག་མངར་མོ་ཞིག་གི་མིང༌། དེ་ལ་རིགས་མི་འདྲ་བ་མང་པོ་ཡོད་ཀྱང་ཁ་དོག་གི་ཆ་ནས་དམར་ལྗང་གཉིས་ཙམ་ཡོད། ཁོང་ནི་ཀུ་ཤུའི་ཚོང་པ་རེད། རང་གིས། ཞིམ་མངར་ཟས་མཆོག་ཀུ༵་ཤུ༵་རེ། །ཆད་མེད་ཉིན་ལྟར་མཆོད་གྱུར་ན། །ཡུལ་གྱི་འཚོ་བྱེད་མཁས་ན་ཡང༌། །ལྟོགས་ཤི་ཐེབས་ཞེས་མཁས་པས་གསུངས།། ལྟ་བུ།
༣༽ ཞལ་ཟས། ཁ་ཟས་སྤྱིའི་ཞེ་ས་སྟེ། ཞལ་ཟས་རོ་བརྒྱ་དང་ལྡན་པ་ལྟ་བུ།
༤༽ ཀ་བ། ཁང་པའི་གདུང་མ་འདེགས་བྱེད། དཔེར་ན། ཀ༵་བ༵་བཞིན་དུ་བརྟན་དགོས། །མདའ་མོ་བཞིན་དུ་དྲང་དགོས། །
༥༽ ཀོ་བ། མཛོ་གཡག་རྟ་གླང་སོགས་ཀྱི་པགས་པ་མཉེས་པ་དང་མ་མཉེས་པ་སྤྱིའི་མིང༌། དཔེར་ན། ཀོ་གྲུ། ཀོ་མཁན། ཀོ་སྐྱི། ཀོ་སྒྲོག ཀོ་གདན། ཀོ་དམ། ཀོ་ལྷམ། ཀོ་འབོལ། ལྟ་བུའོ། །
༦༽ སྐོར་བ། འཁོར་དུ་འཇུག་པའི་དོན་ཏེ། ཆུས་ཆུ་འཁོར་སྐོར་བ། རླུང་གིས་རླུང་འཁོར་སྐོར་བ། མ་ཎི་ལག་འཁོར་སྐོར་བའི་ཕན་ཡོན་རྒྱ་ཆེར་གསུངས་སོ། །(ས) ཤེས་རབ་ལྡན་པ་མགོ་བསྐོར་ཀྱང༌། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། །མིག་ལྡན་གཞན་ལས་ལྷག་པར་མགྱོགས། །
༧༽ སྐོར། ༡) རིགས་དང་སྡེ་ཚན་ཏེ། དཔེར་ན། ཚན་རིག་གི་སྐོར། ནང་ཆོས་ཀྱི་སྐོར། ཞིང་ལས་ཀྱི་སྐོར། འབྲོག་ལས་ཀྱི་སྐོར། ༢) ཡུལ་དང་ས་ཁུལ་གྱི་མིང༌། དཔེར་ན། མངའ་རིས་སྐོར་གསུམ། ཤར་ནུབ་སྐོར། ལྷོ་བྱང་སྐོར། ༣) ཉེ་འཁྲིས་སམ་ཉེ་འདབས་ཀྱི་དོན་ཏེ། ཕོ་བྲང་གི་ཉེ་སྐོར། དགོན་པའི་ཉེ་སྐོར། ༤) ཐ་དད་པའི་ལས་ཚིག  ཕྱོགས་གཅིག་ཏུ་འཁོར་བཅུག་པའི་དོན་ཏེ། རླུང་འཁོར་དང་ཆུ་འཁོར་སོགས་བསྐོར་བྱ། སྐོར་བྱེད། བསྐོར་ཟིན། སྐོརད་ཅིག་ལྟ་བུའོ། །
༨༽ སྐོར་མཛོད། སྐོར་བའི་སྐུལ་ཚིག་གི་ཞེ་ས་ལྟ་བུ་ཡིན་པའམ། ཡང་ན་དཀོར་མཛོད་ཅེས་བང་མཛོད་ཀྱི་འབྲི་ཚུལ་གཞན་ཡིན་ནམ་སྙམ།
༩༽ ས་མཐའ་སྐོར་བ། གཞན་ཡུལ་དུ་འཁྱམས་ནས་འགྲོ་བ་སྟེ། དཔེར་ན། ཕོས་ས་མཐའ་སྐོར་ན་བྱང་མ། །མོས་ས་མཐའ་སྐོ༵ར་ན་ཁྲལ་མ། །ཞེས་པ་ལྟར་རོ། །ཀ་ར། ཀུ་ཤུ། ཀ་བ། ཀོ་བ་བཅས་ཀྱི་དག་ཆ་ནི་མགོ་འདོགས་ཅི་ཡང་མེད་པར་མིང་གཞི་ཀ་རྐྱང་ཡིན་པ་དང༌། སྐོར་བ། སྐོར་མཛོད། ས་མཐའ་སྐོར་བ་བཅས་ཀྱི་དག་ཆ་ནི་འདོགས་བཞི་དང་མགོ་ཅན་གཞན་གཉིས་མེད་པར་མིང་གཞི་ཀ་ལ་མགོ་ཅན་ས་དང་དབྱངས་བཞི་པ་རྣ་རུ་རྗེས་འཇུག་ར་བཅས་ལས་གྲུབ་པའི་དག་ཆ་བློར་ངེས་དགོས་པ་ཡིན། ཚུལ་དེ་བཞིན་འོག་མ་མཐའ་དག་ལ་རིགས་བསྒྲེ་སྟེ་ཤེས་པར་བྱའོ། །
༡༠༽ རྒྱལ་བ། ཐ་དད་པའི་ལས་ཚིག ༡) སྒྲིབ་གཉིས་ཀྱི་དགྲ་ལས་རྒྱལ་བའམ། ཡང་ན་བདུད་བཞིའི་དགྲ་ལས་རྒྱལ་བ། བདུད་བཞི་ནི། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་བཅས་སོ། །རང་གིས། རྒྱལ་བ་ཡིད་བཞིན་ནོར་བུས། །འཛམ་གླིང་ཧྲིལ་པོའི་ཁྱོན་དུ། །བསྟན་པ་རིན་ཆེན་མཆོག་དེ། །དར་ཞིང་རྒྱས་པར་མཛད་སོང༌། །༢)རྒྱལ་ཁ་ཐོབ་པ་སྟེ། དགྲ་ལས་རྒྱལ་ཏེ་དགའ་སྟོན་བྱེད་པ་ལྟ་བུ།
༡༡༽ སྐུ། ལུས་ཀྱི་ཞེ་ས་སྟེ། སྐུ་གཟུགས་ལ་འཕྲོད་བསྟེན་གང་གཟབ་གནང་འཚལ་ལྟ་བུ། ས༵ྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀ་ཡིན། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་གཟིགས། །བཀྲ་ཤིས་དཔལ་འབར་མ་ཡིས་བཀྲ་ཤིས་ཤོག །
༡༢༽ རྐུན་མ། གཞན་གྱི་ནོར་རྣམས་མ་བྱིན་པ་ལེན་མཁན་ཏེ། དགེ་རྒན་མེད་པའི་ཡོན་ཏན་དེ། །རྐུ༵ན་མ༵ས་བརྐུས་པའི་ནོར་དང་འདྲ། །ཞེས་པ་ལྟ་བུ།
༡༣༽ ཀུ་ཅོ། ༡) དོན་མེད་ཀྱི་སྐད་ཆེན་པོ་སྟེ། ཁྱི་རྒན་ཀུ༷་ཅོ༵་བསྒྲགས་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །འཛིན་གྲྭའི་གཡས་གཡོན་དུ་ཀུ་ཅོ་སྒྲོག་མི་རུང༌། ཞེས་པ་ལྟ་བུ། ༢) ཚིག་རྩུབ་བཤད་པར་ཟུར་ཟ་སྟོན་པ་སྟེ། དཔེར་ན། དམག་འཁྲུག་གི་ཀུ་ཅོ་སྒྲོག ཅེས་པ་ལྟ་བུ།
༡༤༽ ལྐུགས་པ། རྣ་དབང་ཉམས་ནས་སྐད་ཆ་བཤད་མི་ཤེས་པའི་མི་སྟེ། ཟས་ལ་ཟས་ལན་མེད་ན་སྤྲང་པོ། །གཏམ་ལ་གཏམ་ལན་མེད་ན་ལྐུ༵གས་པ༵། །<<མཁས་པའི་ཁ་རྒྱན་>>ལས། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུག༵ས་པ༵་ཡིན། །ཞེས་པ་ལྟ་བུའོ། །
༢) རྩ་བར།    བཀྲ་ཤིས་དག་ནི་བ་བཀྲ་ལ། །མགོ་བོའི་སྐྲ་ནི་ས་སྐྲ་ཡིན། །དུས་ལ་སྔ་བ་ས་སྔ་ལ། །ཐུགས་ལ་མངའ་བ་མ་མངའ་ཡིན། །བརྡུང་བའི་རྔ་ནི་ར་རྔ་ལ། །གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན། །གོང་མས་མངག་པ་མ་མངག་ལ། །སྔགས་འདྲེན་པ་དང་སྔགས་པ་རྣམས། །ས་སྔགས་ཡིན་པས་ཤེས་པར་བྱ། །
༡༥༽ བཀྲ་ཤིས། ཕུན་སུམ་ཚོགས་པའམ་ལེགས་པའི་དོན་ཏེ། བཀྲ་ཤིས་བདེ་ལེགས། །ཕུན་སུམ་ཚོགས། ། ༈ ཁ་དྲོ་བཀྲ་ཤིས། །ཚེ་རིང་ལོ་བརྒྱ། །ལྟ་བུ།
༡༦༽ སྐྲ། མི་རྣམས་ཀྱི་མགོའི་སྤུ་ལ་སྐྲ་ཞེས་ཟེར། དཔེར་ན། དབུ་སྐྲ། སྐྲའི་ཐོར་ཅོག སྐྲ་སུ་ལུ། སྐྲ་རྫུན། སྐྲ་ཤད་འཛག་སྣང་གི་དབང་ཤེས། དགེ་ཆོས་ཀྱིས། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །སྐྲ༵་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད། །ལྟ་བུ།
༡༧༽ སྔ་བ། དུས་ཚོད་འཕྱི་བའི་ལྡོག་ཕྱོགས་ཏེ། ཞིང་ལ་སྔ་བ་ཟོ་དང་རིང་མོ། །
མཁར་ལ་སྔ་བ་ཡུམ་བུ་བླ་སྒང༌། རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ། །ལྟ་བུ།
༡༨༽ མངའ་བ། ཡོད་པའམ་ལྡན་པའི་དོན་ཏེ། སྔོན་གྱི་ལོ་རྒྱུས་རྣམས་བརྗེད་མེད་ཐུགས་ལ་མངའ་བ། གང་ལ་ཡོན་ཏན་མཆོག་མང༵འ་བ༵འི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ལྟ་བུ།
༡༩༽ བརྡུང༌། ཐ་དད་པའི་ལས་ཚིག ༡) འཚོག་པ་དང༌། རྒྱག་པ། སྣུན་པའི་དོན་ཏེ། བརྡུང་བྱ། རྡུང་བྱེད། བརྡུངས་ཟིན། རྡུངས་ཤིག་ལྟ་བུ། ༢) རྔ་སོགས་རོལ་ཆ་དབྱུ་གུས་བསྣུན་པའམ་ཕན་ཚུན་ཐོགས་གཏུགས་བྱས་ནས་སྒྲ་འབྱིན་པ་སྟེ། འདོན་པའི་ཚིག་དང་མཐུན་པའི་རྔ་བརྡུང་དགོས། ལྟ་བུ།
༢༠༽  རྔ། ༡) དབྱུ་གུས་བརྡུངས་ནས་སྒྲ་འབྱིན་རོལ་མོ་ཞིག་སྟེ། ཕལ་ཆེ་བ་ཟོ་བའི་དབྱིབས་ལྟ་བུ། ཁོག་སྟོང་གི་ཁ་རྟ་ལྤགས་ཀྱིས་གཡོགས་ཡོད། དེར་རྔ་བོ་ཆེ་དང༌། ལག་རྔ། རྐེད་རྔ༌། མགྲིན་རྔ་སོགས་ཡོད། ༢) རྔ་མའི་རྔ་དང་རྔ་མོང་གི་རྔ་ཡང་དེ་ཉིད་ཡིན།
༢༡༽ ལྔ། གྲངས་ཀྱི་བྱེ་བྲག་ཅིག་སྟེ། དཔེར་ན། ལྔ་གསུམ་བཅོ་ལྔ། རྒྱལ་བ་རིགས་ལྔ། ཡན་ལག་ལྔ། རིག་པའི་གནས་ལ༵ྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ལྟ་བུ།
༢༢༽  གོང་མ། ༡) སྔོན་མ་དང་སྟེང་མའི་དོན་ཏེ། དཔེར་ན། མི་རབས་གོང་མ། བླ་མ་གོང་མ་ལྟ་བུ། ༢) རྒྱལ་པོ་ཆེན་པོའི་མིང་ལའང་འཇུག དཔེར་ན། རྒྱ་ནག་གོང་མ། རྒྱལ་རབས་གོང་མ། བླ་མའི་ཡང་བླ་མ། གོང་མའི་ཡང་གོ༵ང་མ༵། །ལྟ་བུ།
༢༣༽ མངག་པ། ཐ་དད་པའི་ལས་ཚིག ལས་བཅོལ་བྱེད་པའམ་བྱ་བ་བྱེད་དུ་བཅུག་པ་སྟེ། ཕོ་ཉ་མངག་དགོས། བང་ཆེན་མངགས་ཡོད། མངག་བྱ། མངག་བྱེད། མངགས་ཟིན། མངོགས་ཤིག་ལྟ་བུའོ། །
༢༤༽ སྔགས་འདྲེན་པ། ཕྲེང་བར་གཟུངས་སྔགས་བགྲང་བའི་དོན་ཏེ། སྔགས་པས་ཕྲེང་བར་ངན་སྔགས་བགྲང་གིན་འདུག་ལྟ་བུའོ། །
༢༥༽ སྔགས་པ། སྔགས་ཀྱི་གཟུངས་འཛིན་མཁན་ནམ། གསང་སྔགས་ཉམས་སུ་ལེན་མཁན་ཏེ། སྔགས་པ་གོས་དཀར་ཅན་ལྟ་བུ་དང༌། སྔགས་རམས་པ། སྔགས་རིམ་ཆེན་མོ། སྔགས་ལམ། སྔགས་ལུགས། སྔགས་ཟོར། ལྟ་བུའོ། །
༣) རྩ་བར།    གོང་མའི་དྲུང་ནི་ད་དྲུང་ལ། །སྤྱང་གྲུང་འཛོམས་པ་ག་གྲུང་ཡིན། །དྲུང་དུ་མཇལ་བ་མ་མཇལ་ལ། །བུ་ལོན་འཇལ་བ་འ་འཇལ་ཡིན། །འབྲུ་ཡི་གྲོ་ནི་ག་གྲོ་ལ། །མེ་དང་ཉི་མ་ད་དྲོ་ཡིན། །ཤིང་གི་འཁན་པ་འ་འཁན་ལ། །མཁས་པའི་དབང་པོ་མཁས་གྲུབ་རྣམས། །མཁར་པོ་ལ་སོགས་མ་ཡིས་འཕུལ། །དུས་ལ་འདའ་བ་འ་འདའ་ཡིན། །ལུང་པའི་མདའ་དང་འཕེན་པའི་མདའ། །མ་མདའ་ཡིན་པས་ཤེས་པར་བྱ། །
༢༦༽ དྲུང༌། འཁྲིས་སམ་མདུན། གམ་བཅས་ཀྱི་ཞེ་ས་སྟེ། སྐུའི་དྲུང༌། ཞབས་དྲུང༌། དྲུང་ཡིག དྲུང་ཆེན། དྲུང་གནས་ལྟ་བུའོ། ། (ས)བླུན་པོའི་དྲུ༵ང་དུ་མཁས་པ་བས། །སྤྲེའུ་འཛིན་པ་ངོ་མཚར་ཆེ། །སྤྲེལ་འཛིན་ཟས་དང་ནོར་གྱིས་མཆོད། །མཁས་པ་ལག་པ་སྟོང་པར་འགྲོ། །
༢༧༽ སྤྱང་གྲུང༌། བློ་རིག་ཧ་ཅང་གསལ་བའི་དོན་ཏེ། སྤྱང་གྲུང་དོད་པོ། སྤྱང་གྲུང་བསྟུན་མཁས། ཁོང་ནི་སྤྱང་གྲུང་འཛོམས་པ་ཞིག་རེད། ལྟ་བུའོ། །
༢༨༽ འཛོམ། ཐ་མི་དད་པའི་ལས་ཚིག མང་པོ་ཕྱོགས་གཅིག་ཏུ་འདུ་བའི་དོན་ཏེ། འཛོམ་བྱ། འཛོམ་བྱེད། འཛོམས་ཟིན། འཛོམས་ཤིག མཁས་པ་མང་པོ་འཛོམས་ནས་བགྲོ་གླེང་མཛད་པ། ཡང་ཡང་འཛོམས་པའི་སྨོན་ལམ་ཞུ། ལྟ་བུའོ། །
༢༩༽ མཇལ། ཐུག་འཕྲད་བྱེད་པའི་ཞེ་ས་སྟེ། ཡུལ་དུ་གཉེན་ཉེ་དང་མཇལ་འཕྲད་བྱུང༌། བླ་མར་མཇལ་བར་འགྲོ། མཇལ་ཕྱག་ལན་གསུམ་ཕུལ་རྗེས་དོན་དག་སྙན་སེང་ཞུས་པ། ལྟ་བུ། འདི་ནི་གཟུགས་མི་འགྱུར་བའི་ཐ་དད་པའི་ལས་ཚིག སྐུལ་ཚིག་ལ་མཇོལ་ཞེས་འབྲི་དགོས་སོ། །
༣༠༽ འཇལ། ༡) ཐ་དད་པའི་ལས་ཚིག ཁྲལ་དང་བུ་ལོན་སྤྲད་པའི་དོན་ཏེ། ཁྲལ་འཇལ། བུ་ལོན་འཇལ། ཟས་འཇལ། འབྲུ་འཇལ། ལྟ་བུ། ༢) ཚད་དཔོག་པ་སྟེ། མང་ཉུང་འབོ་ལ་འཇལ་བ། རིང་ཐུང་འདོམ་གྱིས་འཇལ། ཚད་མས་ཕྱི་རོལ་ཡུལ་སོགས་གཞལ་བྱ། འཇལ་བྱེད། བཅལ་ཟིན། འཇོལ་ཅིག་ལྟ་བུའོ། །
༣༡༽ གྲོ། གྲོ་ནས་སྲན་གསུམ་གྱི་ཡ་གྱལ་གྲོའི་མིང་སྟེ། གྲོ་རྗེན། གྲོ་ལྤགས། གྲོ་སྙེ། གྲོ་ཐུག གྲོ་ཕྱེ། གྲོ་རྩམ། གྲོ་ཡོས། ལྟ་བུ།
༣༢༽ དྲོ། ༡) ཐ་མི་དད་པའི་ལས་ཚིག གཟུགས་འགྱུར་གཉིས་ལྡན་ཞིག གྲང་བའི་ལྡོག་ཕྱོགས་ཏེ། མེ་དང་ཉི་མ་སོགས་དྲོ་བྱ། དྲོ་བྱེད། དྲོ་ཟིན། དྲོས་ཤིག ༢) དུས་སྟོན་པའི་ཚིག་གྲོགས་ཏེ། སྔ་དྲོ། ཕྱི་དྲོ། དགོང་དྲོ། ལྟ་བུ།
༣༣༽ འཁན། མཁན་པའི་འབྲི་ཚུལ་གཞན་ཞིག དྲི་ཞིམ་པོ་ཡོད་པའི་རྩ་ལྡུམ་ཞིག་ཡིན། དགའ་ལྡན་འཁན་པ་ཞེས་མི་རྣམས་ཀྱིས་ཧ་ཅང་དགའ་སའི་བསང་ཤིང་དྲི་ངད་དང་ལྡན་པ་ཞིག
༣༤༽ མཁས་པའི་དབང་པོ། རིག་གནས་ལྔ་དང་རིག་གསར་སོགས་ལ་མཁས་པའི་མཁས་པ་ཆེན་པོའི་མིང་སྟེ། མཁས་པའི་དབང་པོ་ཞ་ལུ་ལོ་ཆེན་གྱི་ཞལ་ནས་ཞེས་པ་ལྟ་བུ།( ས) གང་ཞིག་མཁ༵ས་པ༵་ཡོད་བཞིན་དུ། །དེ་ལས་ཡོན་ཏན་མི་ལེན་ན། །མི་དེ་གདོན་གྱིས་བཏབ་པའམ། །ཡང་ན་ཡི་དྭགས་མངོན་སུམ་ཡིན། །ལྟ་བུ།
༣༥༽ མཁས་གྲུབ། ཚིག་དོན་ལ་རབ་ཏུ་མཁས་ཤིང་རྟོགས་པའི་ཡོན་ཏན་ཐུགས་
རྒྱུད་ལ་མངའ་བའི་སྐྱེས་ཆེན་དམ་པའི་མིང་སྟེ། མཁས་གྲུབ་ཆེན་མོ་པཎ་ཆེན་བསོད་
ནམས་གྲགས་པ། ཞེས་པ་ལྟ་བུ།
༣༦༽ མཁར་པོ། རྒྱལ་པོའི་ཕོ་བྲང་ངམ། འདུ་ཚོགས་བྱེད་སའི་ཁང་ཆེན་གྱི་མིང་མིན་ནམ་སྙམ། ཡང་ན་མཁན་པོ་ཞེས་པའི་རྗེས་འཇུག་ན་རར་གྱུར་ཏེ་མཁར་པོ་ཞེས་པར་འགྱུར་བ་མིན་ནམ་སྙམ། ལར་རྗེས་འཇུག་ན་དང་ར་གཉིས་ནོར་ཉེན་ཤིན་ཏུ་ཆེ་བའི་བརྟག་པར་འཚལ།
༣༧༽ འདའ། ཐ་མི་དད་པའི་ལས་ཚིག ༡ དུས་ཚོད་ཡོལ་བ་སྟེ། སློབ་སྦྱོང་གི་དུས་ལས་འདའ་བ། མག་པ་འགྲོ་བའི་དུས་ལས་འདའ་བ། ཚོགས་འདུས་ཀྱི་དུས་ལས་འདའ་བ། ༢ གྲོངས་པའམ་ཤི་བའི་དོན་ཏེ། འདའ་ཁར་ཁ་ཆེམས་བཞག་པ། ཚེ་ལས་འདས་པ་ཞེས་པའི་འདས་པའི་མ་འོངས་པ་དང་ད་ལྟ་བ་ཡིན་ནོ། །
༣༨༽ མདའ། ༡) ལུང་པའི་མདོའི་མིང་སྟེ། ལུང་མདའི་ལྡུམ་རར་སྐྱོ་བསང་དུ་ཕྱིན་པ། ལྟ་བུ། ༢) འཕང་བྱའི་མཚོན་གྱི་བྱེ་བྲག་ཅིག་སྟེ། མདའ་མོ། མེ་མདའ། སྨྱུག་མདའ། ལྕགས་མདའ། སྐར་མདའ་ལྟ་བུའོ། །
༤ རྩ་བར།    གནམ་གྱི་ཟླ་བ་ཟློ་བ་དང༌། །ཟློག་པ་ཟླུམ་པོ་ཟློ་བ་སོགས། །ཟློས་པ་ལ་སོགས་ཟ་ལ་འདོགས། །གངྒཱའི་ཀླུང་དང་ཆུ་ཀླུང་སོགས། །ཀ་ཀླུང་ཡིན་པས་ཤེས་པར་བྱ། །ས་བདག་ཀླུ་ནི་ཀ་ཀླུ་ལ། །ལེན་པའི་གླུ་ནི་ག་གླུ་ཡིན། །བློན་པོ་དག་ནི་བ་བློན་ལ། །ངན་པས་བསླུ་བ་ས་བསླུ་ཡིན། །བ་ཡི་འཕུལ་བས་ཤེས་པར་བྱ། །
༣༩༽ གནམ། མཁའ་དབྱིངས་ཏེ། གནམ་དྭངས་པོ། གནམ་འཚུབ་པོ། གནམ་གྲུ།
གནམ་སྒོ། གནམ་ལྕགས་ཐོག གནམ་ལྕགས་སྒྲ། ༈ གན༵མ་ལ་སྐར་མ་མང་ཡང༌། ། དཀར་གསལ་འདྲ་ཡི་མི་འདུག །ལྟ་བུ།
༤༠༽ ཟླ་བ། ཉི་ཟླ་གཉིས་ཀྱི་ནང་གསེས་ཟླ་བ་སྟེ། ཟླ་འོད། ཟླ་འཛིན། ཟླ་ལྷག ཟླ་ཚེས། ༈ ཟླ་བའི་འོད་ནི་ཉི་མའི་འོད་ཟླ་བར་ཕོག་པ་ལས་སླར་འཕྲོས་པ་ཞིག་ཡིན། རིགས་འཛིན་ཚངས་དབྱངས་རྒྱ་མཚོས། དབུས་ཀྱི་རི་རྒྱལ་ལྷུན་པོ། །མ་འགྱུར་བརྟན་པར་བཞུགས་དང༌། །ཉི་མ་ཟླ༵་བ༵འི་བསྐོར་ཕྱོགས། །ནོར་ཡོང་བསམ་པ་མི་འདུག ། ལྟ་བུ། དྲན་པ་ཡེ་ཤེས་གྲགས་པས། རི་བོང་འཛིན་པ་རྒྱུ་སྐར་ཕྲེབ་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། །དྭངས་པའི་མཚོ་ནང་འདི་ན་ཟླ༵་བ༵་ཞེས། །གཟུགས་བརྙན་ཟླ༵་བ༵ར་འཛིན་པ་ཤིན་ཏུ་འཁྲུལ། །ལྟ་བུའོ། །
༤༡༽ ཟློ་བ། ཐ་དད་པའི་ལས་ཚིག ༡ ཡང་ཡང་འདོན་པའམ་བཤད་པ་སྟེ། ཁ་ནས་ཡི་གེ་དྲུག་མ་སོགས་བཟླ་བྱ། ཟློ་བྱེད། བཟླས་ཟིན། ཟློས་ཤིག ༢ སྒྲོལ་བའམ་འདའ་བར་བྱེད་པ་སྟེ། འཁོར་བ་ལས་བཟླས་པ། སྡུག་བསྔལ་ལས་བཟླ་བ། མྱ་ངན་ལས་ཟློ་བ། ལྟ་བུ།
༤༢༽ ཟློག་པ། ཐ་དད་པའི་ལས་ཚིག འགོག་པའམ་ཕྱིར་ལྡོག་པར་བྱེད་པའི་དོན་ཏེ། དགྲ་སོགས་བཟློག་བྱ། ཟློག་བྱེད། བཟློགས་ཟིན། ཟློགས་ཤིག རྐྱེན་ངན་བར་ཆད་ཐམས་ཅད་ཕྱིར་བཟློག་པ། མི་ཁ་བཟློག་པ། ལྟ་བུ།
༤༣༽ ཟླུམ་པོ། དབྱིབས་གོར་གོར་དང་རིལ་རིལ་གྱི་དོན་ཏེ། ཟླུམ་ཐིག ཟླུམ་སྐོར། ཟླུམ་འཁོར། ཟླུམ་ཞྭ། ཤིང་ཟླུམ། གཏོར་མ་ཟླུམ་པོ་སོགས་ལྟ་བུ།
༤༤༽ ཟློས་པ། ༡) འཆར་བའམ་འཕྲོས་པའི་དོན་ཏེ། སླར་ཡང་མིའི་ཤ་ཚུགས་སུ་ཟློས་པ། ༢) ཐ་དད་པའི་ལས་ཚིག་གར་འཁྲབ་པའི་དོན་ཏེ། དགའ་ནས་གར་དུ་ཟློ་བྱ། ཟློ་བྱེད། ཟློས་ཟིན། ཟློས་ཤིག་ལྟ་བུ།
༤༥༽ གང་གཱ། ལེགས་སྦྱར་སྐད་དུ་ཆུ་བོ་ཆེན་པོ་ཞིག་གི་མིང་སྟེ། གངཱྒའི་ཀླུང༌། ཆུ་མོ་གང་གཱ། ལྟ་བུ། (ས) སྐྱེ་བོ་དམ་པ་ངན་པ་དང༌། །འགྲོགས་ན་ངན་པར་ཤན་དུ་འགྱུར། །ག༵ངྒཱའི་ཆུ་ནི་རབ་ཞིམ་པ། །རྒྱ་མཚོར་སླེབས་ན་བ་ཚྭར་འགྱུར། །
༤༦༽ ཀླུང༌། མིང་འགའ་ཞིག་གི་མཐར་སྦྱར་ཚེ་ཆེན་པོའི་དོན་སྟོན་པར་འགྱུར་ཏེ། ཆུ་ཀླུང༌། རི་ཀླུང༌། ནགས་ཀླུང་ལྟ་བུའོ། །<<ཆུའི་བསྟན་བཅོས>> ལས། ཆོས་ཀུན་ཅིག་ཅར་མི་ཤེས་ཀྱང༌། །ཅི་ཙམ་ཤེས་བཞིན་དོན་དུ་འགྱུར། །ཆུ་ཀླུ༵ང་རྫོགས་པར་མ་འཐུང་ཡང༌། །ཅི་ཙམ་བཏུངས་པས་སྐོམ་པ་སེལ། །ལྟ་བུ།
༤༧༽ ཀླུ། ཆུའི་ནང་དུ་གནས་པའི་དུད་འགྲོའི་རིགས་ཤིག་སྟེ། ཀླུ་ཆེན་བརྒྱད་ལྟ་བུ། ཀླུ་ཆེན་བརྒྱད་ཀྱི་གྲངས་འདྲེན་ནི། ནོར་རྒྱས་དང༌། པད་མ། སྟོབས་རྒྱུ། འཇོག་པོ། པད་མ་ཆེན་པོ། དུང་སྐྱོང༌། རིགས་ལྡན། མཐའ་ཡས་བཅས་སོ། །འདིར་གྲངས་འདྲེན་བྱེད་ཚུལ་གཞན་ཡང་ཡོད་པར་བཤད།
༤༨༽ གླུ། ཚིག་སྦྱོར་དབྱངས་སུ་གྱེར་བའི་རིག་རྩལ་གྱི་རྣམ་པ་ཞིག་སྟེ། གླུ་ལེན་གར་འཁྲབ། རྒྱ་གླུ། བོད་གླུ། སྐྱིད་གླུ། སྡུག་གླུ། བསྟོད་གླུ། གླུ་གཞས། གླུ་པ་སྐད་གྲགས་ཅན། ལྟ་བུ།
༤༩༽ བློན་པོ། རྒྱལ་པོའི་མངའ་འོག་གི་གོ་གནས་ངེས་ཅན་ཡོད་པའི་མི་ཆེན་ཞིག་སྟེ། བཀའ་བློན་ཁྲི་པའམ་སྲིད་བློན། ཕྱི་སྲིད་བཀའ་བློན། ནང་སྲིད་བཀའ་བློན། ཆོས་དོན་བཀའ་བློན། ཤེས་རིག་བཀའ་བློན། བདེ་སྲུང་བཀའ་བློན། བློན་ཆེན། རྒྱལ་བློན། ༈ རྒྱལ་པོ་རེ་ལ་བློན་ཆེན་རེ། །གྲོང་པ་རེ་ལ་སྡེ་དཔོན་རེ། །ལྟ་བུ།
༥༠༽ བསླུ་བ། ཐ་དད་པའི་ལས་ཚིག རྫུན་དང་གཡོ་སྒྱུས་མགོ་སྐོར་གཏོང་བ་སྟེ། མི་ངན་གྱིས་བསླུ་བྱ། སླུ་བྱེད། བསླུས་ཟིན། སླུས་ཤིག ༈ སླུ་མཁན་ལ་དོགས་ཟོན་མ་བྱས་ན་བསླུ་ཡོང་ངོ༌། །ཁ་ཡག་གིས་མི་བསླུས། །མགོ་སྐོར་གྱིས་རྟ་དེད། ། (ས) ནོར་གྱི་མཆོག་ནི་སྤྱིན་པ་སྟེ། །བདེ་བའི་མཆོག་ནི་སེམས་སྐྱིད་པ། །རྒྱན་གྱི་མཆོག་ནི་ཐོས་པ་སྟེ། །གྲོགས་པོའི་མཆོག་ནི་མི་བསླུ་བ༵འོ། །ལྟ་བུ།
༥ རྩ་བར།    འབྱུང་བའི་རླུང་ནི་ར་རླུང་ལ། །ཡི་གེ་ཀློག་པ་ཀ་ཀློག་ཡིན། །གོན་པའི་སློག་པ་ས་སློག་ལ། །བློ་གྲོས་བློ་ལྡན་བ་བློ་ཡིན། །ལུས་ཀྱི་གློ་བ་ག་གློ་ལ། །གླེགས་བམ་གླེགས་ཤིང་གླེགས་ཐག་དང༌། །གླིང་བུ་གླེན་པ་གློག་དམར་དང༌། །གླ་བ་གླང་མ་གླིང་བཞི་སོགས། །ག་ལ་ལ་འདོགས་ཤེས་པར་བྱ། །ཡིད་དགའ་བ་ནི་ད་དགའ་ཡིན། །དུད་འགྲོའི་སྒ་དང་ལུས་ཀྱི་སྒལ། །ས་སྒལ་ཡིན་པས་ཤེས་པར་བྱ། །
༥༡༽ རླུང༌། འབྱུང་བ་བཞིའི་ནང་གསེས་རླུང་སྟེ། རླུང་གི་ཁམས། རླུང་གི་འཇིགས་པ། རླུང་འཁོར། རླུང་གི་གྲུ། རླུང་གི་གཤོག་པ་ཅན། རླུང་སྒོ། རླུང་རྟ། རླུང་འཚང༌། རླུང་ལངས་པ། རླུང་ནད། ཁྲག་རླུང་སྟོད་འཚང༌། ལྟ་བུ།
༥༢༽ ཀློག་པ། ཐ་དད་པའི་ལས་ཚིག འདོན་པའམ་ཟློ་བའི་དོན་ཏེ། ཚགས་ཤོག་སོགས་བཀླག་བྱ། ཀློག་བྱེད། བཀླགས་ཟིན། ཀློགས་ཤིག དཔེར་ན། བཀའ་འགྱུར་ཀློག་པ། འཕྲིན་ཡིག་ཀློག་པ། མགྲོན་ཤོག་ཀློག་པ། གསལ་བསྒྲགས་ཀློག་པ། སྐྱབས་ཐོ་ཀློག་པ། བརྙན་དེབ་ཀློག་པ་སོགས་ལྟ་བུ།
༥༣༽  སློག་པ། ༡ ར་ལྤགས་དང་ལུག་ལྤགས་ཀྱིས་བཟོས་པའི་གོས་ཀྱི་རིགས་ཤིག་སྟེ། ར་སློག སློག་པ། འདི་ལ་སླག་པ་དང༌། རྩག་པ་འབྲི་བའང་ཡོད། ༢ས་སོགས་བརྐོ་བའམ་མངོན་པར་བླངས་པའི་དོན་ཏེ། ས་བརྐོ་རྡོ་སློག ས་སློག་ནས་གཏེར་བླངས་པ། ལྟ་བུ།
༥༤༽ བློ་གྲོས། རིག་རྩལ་ལམ་ཤེས་རབ་སྟེ། བློ་གྲོས་རྟུལ་པོ། བློ་གྲོས་རབ་གསལ། བློ་གྲོས་ཀྱི་འཇུག་པ་མཆོག་ཏུ་ཡངས་པ། ས བ༵ློ་གྲོ༵ས་ལྡན་པ་གཉིས་བགྲོས་ན། །བློ༵་གྲོ༵ས་ལེགས་པ་གཞན་འབྱུང་སྲིད། །ཡུང་བ་དང་ནི་ཚ་ལ་ལས། །ཁ་དོག་གཞན་ཞིག་སྐྱེ་བར་འགྱུར། ། ༈བློ་གྲོ༵ས་ཆེན་པོ་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ལྟ་བུ།
༥༥༽ བློ་ལྡན། བློ་གྲོས་རིག་རྩལ་ཅན་ཏེ། (ས) བློ་དང་ལྡ༵ན་ན་མ་སྨྲས་ཀྱང༌།། རྣམ་འགྱུར་ཉིད་ལས་བསམ་པ་གོ། །བལ་པོའི་སེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས། ། ༈ མཁས་པ་བློ་གྲོས་དང་ལྡན་པ། རི་བོང་བློ་ལྡན། (ས) བློ་ལྡན༵་བྱ་བ་ཅུང་ཟད་ཀྱང༌། །རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ། །གྲུབ་པར་གྱུར་ན་ལྟ་ཅི་སྨོས།། མ་གྲུབ་ན་ཡང་མཛེས་པའི་རྒྱུ། །ལྟ་བུའོ། །
༥༦༽ གློ་བ། དོན་ལྔའི་ཡ་གྱལ་ཞིག་སྟེ། དེའི་བྱེད་ལས་ནི་དབུགས་ཀྱི་རྟེན་བྱེད་ཅིང་ནང་གི་དབུགས་རྙིང་པ་ཕྱིར་གཏོང་ཞིང༌། ཕྱིའི་དབུགས་གསར་པ་ནང་དུ་རྔུབ་པ་སོགས་བྱེད་པ་ཡིན། དཔེར་ན། སྙིང་ཉེ་བའམ་བརྩེ་དུང་ཆེ་བའི་དོན་ཏེ། གློ་བ་དཀར་བ། གློ་བ་དགའ་བ། གློ་བ་ཉེ་བ། ལྟ་བུ།
༥༧༽ གླེགས་བམ། གླེགས་ཤིང་གི་བར་དུ་བཅུག་པའི་དཔེ་ཆ་པོ་ཏི་སྟེ། གླེགས་བམ་བརྒྱ་ཕྲག་མང་པོ་བླུས། གླེགས་བམ་གཙུག་ལག་ཁང་དུ་གདན་དྲངས། གཙུག་ལག་ཁང་གླེགས་བམ་གྱིས་གཏམས་པ། ལྟ་བུ།
༥༨༽ གླེགས་ཤིང༌། དཔེ་ཆ་འཇོག་སའི་ཤིང་ལེབ་སྟེ། དཔེ་ཆ་པོ་ཏི་གཅིག་ལ་གླེགས་ཤིང་གཉིས་དགོས། ཙན་དན་གྱི་གླེགས་ཤིང༌། ཤུག་པའི་གླེགས་ཤིང་སོགས་རིགས་མི་འདྲ་བ་སྣ་ཚོགས་ཡོད།
༥༩༽ གླེགས་ཐག དཔེ་ཆ་གླེགས་ཤིང་བར་དུ་བཅུག་སྟེ་འཆིང་བྱེད་ཀྱི་ཐག་པ་སྟེ། གླེགས་ཐག་གསར་པ། གླེགས་ཐག་རྙིང་པ། གླེགས་ཐག་ཆད་པ། ལྟ་བུ།
༦༠༽ གླིང་བུ། སྦུབས་མ་ཅན་གྱི་རོལ་ཆ་སྤྱིའི་མིང༌། འཕྲེད་གླིང༌། རྒྱ་གླིང༌། རྐང་གླིང༌། ལྟ་བུ།
༦༡༽ གླེན་པ། ལེགས་ཉེས་འབྱེད་པའི་ཤེས་རབ་དང་ཤེས་ཡོན་མེད་པའི་མི་རྨོངས་
པ་སྟེ། གླེན་པ་ཨུ་ཚུགས་ཅན། གླེན་མ། གླེན་རྟགས། གླེན་ལྐུགས། ལྟ་བུ།
༦༢༽ གློག་དམར། ༡ གློག་གི་ཁ་དོག་སྟེ། འབྲུག་མ་གྲགས་གོང་དུ་གློག༵་དམ༵ར་འཁྱུག གློག་ཞགས་ཀྱང་ཟེར། ༢ གློག་ནི་ཚན་རིག་ལག་རྩལ་ལས་ཐོན་པའི་བེད་སྤྱོད་ཆེ་བའི་གློག་སྟེ། གློག་སྐས། གློག་སྐུད། གློག་འཕྲིན། གློག་ཀླད། གློག་ཁང༌། གློག་བཞུ། གློག་འོད། ལྟ་བུ།
༦༣༽ གླ་བ། ཐ་དད་པའི་ལས་ཚིག ༡) དངུལ་སོགས་སྤྲད་དེ་བེད་སྤྱོད་ཆོག་པ་ཞིག་སྟེ། རྟ་གླ་བ། སྡོད་ཁང་གླ་བ། རླངས་འཁོར་གླ་བ། རྐང་འཁོར་གླ་བ། གྲུ་གཟིངས་གླ་བ། དུས་གསུམ་ནི། གླ་བྱ། གླ་བྱེད། གླས་ཟིན། གློས་ཤིག ལྟ་བུ། ༢) དྲི་ཞིམ་རྩི་ལྡན་གྱི་རི་དྭགས་ཤིག་སྟེ། ཕོ་གླ། མོ་གླ། གླ་རྩི། གླ་ཕྲུག གླ་ལྤགས། གླ་མཆེ། གླ་སྤུ། གླ་བ། ལྟ་བུ།
༦༤༽ གླང་མ། ཤིང་གི་བྱེ་བྲག་ཅིག་སྟེ། གླང་ཤིང་ཡང་ཟེར།
༦༥༽ གླིང་བཞི། རི་རབ་ཀྱི་ཕྱོགས་བཞིའི་རྒྱ་མཚོར་ཆགས་པའི་གླིང་ཆེན་བཞི་སྟེ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན་བཅས་བཞིའོ། །
༦༦༽ དགའ་བ། བྱེད་མེད་ལས་ཚིག་གཟུགས་མི་འགྱུར་བའི་བྱ་ཚིག སྤྲོ་བའམ་ཐུགས་དགྱེས་པའི་དོན་ཏེ། དཔེར་ན། རྒྱལ་བ་རིན་པོ་ཆེའི་ཞལ་རས་མཇལ་ཞིང༌། གསུང་ཐོས་པ་དང་སེམས་ལ་དགའ་བ་དཔག་མེད་སྐྱེས་བྱུང༌། ལྟ་བུ།
༦༧༽ དུད་འགྲོ། མགོ་བོ་ས་ལ་ཕྱོགས་ཤིང་གཟུགས་པོ་དུད་དེ་འགྲོ་བའི་ར་ལུག་
རྟ་གླང་སོགས་སེམས་ཅན་སྤྱིའི་མིང༌། དཔེར་ན། (ས) སྨྲས་ཤིང་བསྐུལ་བར་གྱུར་པ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེས། །མ་བསྐུལ་གཞན་གྱིས་མ་སྨྲས་པར། །བསམ་པ་ཤེས་ན་མཁས་པ་ཡིན། །ལྟ་བུ།
༦༨༽ སྒ། མཛོ་གཡག་རྟ་གླང་སོགས་བཀོལ་སྤྱོད་རུང་བའི་སེམས་ཅན་གྱི་རྒྱབ་ལ་བསྟད་རྒྱུའི་བཞོན་ཆས་སམ། ཁལ་འགེལ་བའི་ཡོ་བྱད་ཅིག་གི་མིང༌། ཁ་དཔེར། མི་གཅིག་མེད་ན་ཐབས་ཆག་པ་དང༌། །རྟ་གཅིག་མེད་ན་སྒ་ལྷག་མི་སྲིད། །དཔེར་ན། རྟའི་སྒ། དྲེལ་སྒ། གསེར་སྒ། ལྟ་བུ།
༦༩༽ སྒལ། ལུས་ཀྱི་རྒྱབ་ངོས་ཏེ། རྟ་བོང་མཛོ་གཡག་སོགས་ཡ་ང་སྙིང་རྗེ་མེད་པར་བཀོལ་སྤྱོད་ཚད་མེད་བྱས་པས་སྒལ་པར་རྨ་ཆགས་པ། ལྟ་བུའོ། །
༦) རྩ་བར།    རྒོད་མ་རྒན་མུ་(མོ)་ར་རྒན་ལ། །དགོན་པ་དག་ནི་ད་དགོན་ཡིན། །ཆུ་ལ་རྒལ་བ་ར་རྒལ་ལ། །གནན་པ་བྱེད་པ་ག་གནན་ཡིན། །མང་དུ་བསྣན་པ་ས་བསྣན་ལ། །ལུག་པའི་སྣོད་དང་སྣོད་བཅུད་རྣམས། །ས་སྣོད་ཡིན་པས་ཤེས་པར་བྱ། །ནམ་མཁའི་གཟའ་ནི་ག་གཟའ་ལ། །ཁ་རུ་བཟའ་བ་བ་བཟའ་ཡིན། །གོང་མས་གནང་བ་ག་གནང་ལ། །མངོན་སུམ་སྣང་བ་ས་སྣང་ཡིན། །ཡིན་ནམ་སྙམ་པ་ས་སྙམ་ལ། །ས་བདག་གཉན་ནི་ག་གཉན་ཡིན། །
༧༠༽ རྒོད་མ། རྟ་ཕོ་དང་རྟ་རྒོད་མ་གཉིས་ཀྱི་ནང་ནས་རྟ་རྒོད་མའི་མིང་སྟེ། རྟ་རྒོད་མ་དེ་ལ་རྟེའུ་སྙིང་རྗེ་མོ་ཞིག་སྐྱེས། ༈ རང་གིས། རྟ་རྒོ༵ད་མ༵་ཆགས་པ་འཕེལ་སྐབས་རྟ་གསེབ་གཏོང་དགོས། །བུ་ན་ཆུང་ལོ་ན་སོན་སྐབས་སློབ་གྲྭར་གཏོང་དགོས།། ལྟ་བུ། རྟ་རྒོ༵ད་མ༵འི་སྤུ་ཁ་ཅི་ལྟར་མཛེས་ཀྱང༌། །ཕོ་ཁྱོ་གས་སེམས་པ་ཤོར་དོན་མེད།།
༧༡༽ རྒན་མུ། རྒན་མུ་ཞེས་པ་ནི་ཡིག་ནོར་མིན་ནམ། མ་ལ་ཞབས་ཀྱུ་བསུབས་ཏེ་ན་རོ་འབྲི་དགོས་སྙམ། གཟུར་གནས་ཤེས་ཡོན་ཅན་ཚོས་དཔྱད་འཚལ་ལོ། །རྒན་མོ། ལོ་ན་མཐོ་བའི་བུད་མེད་དེ། རྨོ་མོ་དང་མཚུངས་སོ། །རང་གིས། གཟུར་གནས་མཁས་པའི་ལེགས་བཤད་ལ་ལྟ་ཡི། །རྒ༵ན་མོ༵འི་འཆལ་གཏམ་ལ་ནི་སུ་ཞིག་དཔྱོད། །ཅེས་པ་ལྟར་རོ། །
༧༢༽ དགོན་པ། གྲོང་ཁྱེར་དང་གྲོང་གསེབ་སོགས་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་དབེན་གནས་སམ་དགེ་འདུན་པའི་བཞུགས་གནས་ཀྱི་མིང་སྟེ། རང་གིས། དགོ༵ན་པ༵ར་གཞུང་ལུགས་བསླབས་བསླབས་ནས། །དབྱིན་ཡིག་འབྲི་ཀློག་ཤེས་མ་སོང༌། །བླ་མའི་ཞལ་རས་བསྒོམས་བསྒོམས་ནས། །མཛེས་མའི་བཞིན་རས་དྲན་མ་མྱང༌། ། ཞེས་པ་ལྟར།
༧༣༽ རྒལ་བ། ༡) ཐ་མི་དད་པའི་བྱ་ཚིག ཆུ་ཀླུང་ཕ་རོལ་ཚུ་རོལ་ལ་འགྲོ་བའམ་རི་བོའི་ལ་ལུང་ལ་འགྲོ་བའི་དོན་ཏེ། གྲུ་གཟིངས་ཞུགས་ཏེ་འབྲི་ཆུ་སོགས་བརྒལ་བྱ། རྒལ་བྱེད། བརྒལ་ཟིན། དཔེར་ན། ལ་མཐོན་པོ་བརྒ༵ལ་ཏེ་ཀླུང་ལ་བབས། །ཆུ་ཆེན་པོ་བརྒ༵ལ་ཏེ་ཕ་རོལ་ཕྱིན། ། ༢) གཟུགས་པོ་ཆུས་བཀྲུས་པའམ་ཆུའི་ནང་དུ་སོང་བའི་དོན་ཏེ། ཕྲུ་གུ་ཆུའི་ནང་དུ་བརྒལ། ༣) ཚད་ལས་འདས་པའི་དོན་ཏེ། བརྡ་སྤྲོད་རིག་པ་སྨྲ་ལ་ཐོན་མི་ལས་བརྒ༵ལ། ལྟ་བུ།
༧༤༽ གནན་པ། ཐ་དད་པའི་བྱ་ཚིག་ཅིག མེ་འཁོར་སོགས་ཀྱི་འོག་ཏུ་གནན་བྱ།
གནོན་བྱེད། མནན་ཟིན། ནོན་ཅིག སྟེང་ནས་འོག་ཏུ་རྐང་པ་སོགས་ཀྱིས་བརྫིས་ཏེ་འགུལ་དུ་མི་འཇུག་པའི་དོན་ཏེ། དུག་སྦྲུལ་རྐང་འོག་ཏུ་མནན་ཏེ་ཤི་མ་གསོན་དུ་གྱུར་པ། ༈ མོ་ཌའི་འཁོར་ལོས་མནན་ཏེ་བསད་པ། ༈ ཕས་རྒོལ་ཝ་སྐྱེས་ཟིལ་གནོན་གདོང་ལྔ་བཞིན། །
༧༥༽ བསྣན་པ། ཐ་དད་པའི་ལས་ཚིག གསོག་པའམ་ཁ་སྐོང་བའི་དོན་ཏེ། གྲངས་ཀ་སོགས་བསྣན་བྱ། སྣོན་བྱེད། བསྣན་ཟིན། སྣོན་ཅིག དྲུག་ལ་བཞི་བསྣན་ན་བཅུ། ༈ རང་རེའི་མི་ཚེ་ནི་མར་མེའི་རྒྱུན་བཞིན་སྐད་ཅིག་སྐད་ཅིག་གིས་རྫོགས་འགྲོ་བ་ལས་སྣོན་པ་སྐར་ཆུང་གཅིག་ཀྱང་མེད། ལྟ་བུ།
༧༦༽ ལུག་པའི་སྣོད། གསེར་སྐུ་སོགས་པར་བྱེད་ཀྱི་སྣོད་ཅིག་གི་མིང་སྟེ། མགར་བའི་ཟངས་སོགས་བཞུས་ཏེ་ལུག་སྣོད་དུ་སྐུ་བརྙན་བླུག ལྟ་བུ།
༧༧༽ སྣོད་བཅུད། ༡) རང་བྱུང་ཁམས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡིག་གཉིས་ཀའི་མིང་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། ཡང་ཤོད་ཚུལ་ཞིག་ལ། བརྟན་པ་སྣོད་ཀྱི་འཇིག་རྟེན། གཡོ་བ་བཅུད་ཀྱི་སེམས་ཅན་ཞེས་པ་ལྟར། ༢) དཀར་ཡོལ་དུ་ཇ་ལྟ་བུར་མཚོན་ན། དཀར་ཡོལ་ནི་སྣོད་དང༌། ཇ་ནི་བཅུད་ཡིན་པ་བཞིན་རིགས་བསྒྲེ་སྟེ་ཤེས་པར་བྱའོ། །
༧༨༽ གཟའ། ༡) གཟའ་སྐར་གྱི་མིང་སྟེ། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་བཅས་བདུན་ལ་རེས་གཟའ་བདུན་ཞེས་ཟེར། ༢) དབང་རྩ་དང་ཁྲག་རྩ་སོགས་ལ་ཕོག་རྒྱུའི་ན་ཚ་ངན་པ་ཞིག་གི་མིང༌། གཟའ་བརྒྱབ། གཟའ་རོ་མ། གཟའ་ཕོག གཟའ་ནད། གཟའ་འཕར། ལྟ་བུ། ༣) ཐ་དད་པའི་ལས་ཚིག ལས་ཀ་མགོ་བརྩམས་པའམ་གྲ་སྒྲིག་བྱེད་པའི་དོན་ཏེ། མདའ་འབེན་ལ་གཟས་བྱ། གཟའ་བྱེད། གཟས་ཟིན། དཔེར་ན། ལས་ཀར་གཟས་པ། ནག་པང་དུ་ཡི་གེ་འབྲི་བར་གཟས། ལྟ་བུ།
༧༩༽ བཟའ་བ། ཐ་དད་པའི་ལས་ཚིག ཀུ་ཤུ་སོགས་ཟ་བ་སྟེ། བཟའ་བྱ། ཟ་བྱེད། བཟས་ཟིན། ཟོ་ཞིག ལྟ་བུ། རང་གིས། བཟ༵འ་བ༵་ཤ་ཆང་ཁོ་ནར་མགོ་འཁོར་ན། །མི་ཚེ་རིག་པ་སྦྱངས་པ་དོན་རེ་ཆུང༌། །དཀོར་ནག་བུད་མེད་སོགས་ལ་ལོངས་སྤྱོད་ན། །ངུར་སྨྲིག་རྒྱལ་མཚན་མཛེས་ཀྱང་ཁོག་སྟོང་ཡིན། །
༨༠༽ གནང༌། ༡) ཐ་དད་པའི་ལས་ཚིག སྟེར་བའམ་སྩོལ་བའི་ཞེ་ས་སྟེ། བཀའ་སོགས་གནང་བྱ། གནང་བྱེད། གནང་ཟིན། གནོངས་ཤིག དཔེར་ན། བྱིན་རྟེན་གནང༌། བྱ་དགའ་གསོལ་རས་གནང༌། ༢) བྱ་བ་བྱེད་པའི་ཞེ་ས་སྟེ། ཕྱག་ལས་གནང༌། གསུང་བཤད་གནང༌། ཐུགས་ཁུར་གནང་ལྟ་བུ།
༨༡༽ མངོན་སུམ། ༡) འཁྲུལ་བ་མ་ཡིན་པའི་དངོས་ཡོད་གནས་ཚུལ་ཏེ། བྱས་རྗེས་མངོན་སུམ་དུ་བཞག་པ། ལྷ་ཡུལ་མངོན་སུམ་དུ་མཐོང་བ། སྟོང་ཉིད་མངོན་སུམ་དུ་རྟོགས་པ། རང་གིས། སྐྱིད་པའི་ཕ་ཡུལ་ན་ཡོད་དུས། །རྒྱལ་བའི་ཞལ་རས་དེ་མཇལ་འདོད། །རྒྱལ་བའི་སྐུ་མདུན་དུ་སླེབས་སྐབས། །སངས་རྒྱས་མངོ༵ན་སུ༵མ་དུ་མཇལ་སོང༌།། ལྟ་བུ།
༨༢༽ སྣང་བ། ༡ འཆར་བའམ་གསལ་བ་སྟེ། ཉི་འོད་གསལ་པོར་སྣང་བ༵། ཟླ་འོད་རབ་རིབ་ཏུ་ས༵ྣང་བ༵། གནས་ཚུལ་དང་སྣང་ཚུལ་གཉིས་མི་མཐུན་པ་ལྟ་བུ། ༢ མཐོང་བའམ་མངོན་པ་སྟེ། མིག་ལ་སྣ༵ང་བ༵་ཙམ་གྱི་སེམས་ལ་ངེས་དཀའ། ༣ སེམས་དང་སྤོབས་པའི་མིང་སྟེ། ཤེས་ཡོན་མེད་ཀྱང་སྣ༵ང་བ༵་མཐོ། །རྒྱུ་ནོར་མེད་ཀྱང་ས༵ྣང་བ༵་སྐྱིད། །
༨༣༽ སྙམ་པ། ཐ་མི་དད་པའི་ལས་ཚིག མྱོང་ཚོར་བྱུང་བའམ་ཡིད་ལ་སེམས་པ་སྟེ། དབྱིན་ཡིག་སྤུས་དག་ཅིག་སྦྱང་སྙམ་མོ། སྐྱོན་ཅང་མེད་སྙམ། ང་ལས་སེམས་པ་བཟང་བ་སུ་ཡང་མེད་སྙམ། བོད་གངས་ཅན་པའི་སྣོད་བཅུད་གཉིས་ཀ་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་ན་སྙམ།  ལྟ་བུ།
༨༤༽ གཉན། ༡) རྒས་པའི་སྐབས་སུ་རྭ་ཅོ་སྒོར་སྒོར་དུ་འཁྱིལ་ནས་སྐྱེས་པ་དེ་ཧ་ཅང་རིང་ཞིང་ལྕི་བས་ཐུར་དུ་འབབ་མ་ཐུབ་པར་སྐོམ་གྲིར་འཆི་བའི་རི་དྭགས་ཤིག ༢) གཉན་ནད་སྐྱེལ་བའི་ས་བདག་ཅིག་སྟེ། ས་གཉན། ཆུ་གཉན། ཤིང་གཉན། རྡོ་གཉན། ལྟ་བུའོ། །
༧) རྩ་བར།    གཉེར་པ་དག་ནི་ག་གཉེར་ལ། །བྱད་ཀྱི་སྙེར་མ་ས་སྙེར་ཡིན། །འདིང་བའི་སྟན་ནི་ས་སྟན་ལ། །མིག་གིས་བལྟ་བ་ལ་བལྟ་ཡིན། །ཞོན་པའི་རྟ་ནི་ར་རྟ་ལ། །བླ་མའི་བསྟན་པ་ས་བསྟན་ཡིན། །བ་ཡིས་ཕུལ་བས་ཤེས་པར་བྱ། །རྟེན་མཆོད་ལ་སོགས་ར་རྟེན་ལ། །འཕུར་བའི་བྱ་ནི་བ་བྱ་ཡིན། །འཐུང་བའི་ཇ་ནི་ཇ་རྐྱང་ལ། །གྱེན་ལ་འདྲེན་པ་ད་འདྲེན་ཡིན། །ཟ་མ་འགྲེན་པ་ག་འགྲེན་ལ། །འ་ཡི་ཕུལ་(ཡིས་འཕུལ་)བས་ཤེས་པར་བྱ། །
༨༥༽ གཉེར་པ། དོ་དམ་བྱེད་མཁན་ཏེ། མགྲོན་གཉེར། ཁང་གཉེར། ལྟ་བུ།
༨༦༽ བྱད། ངོའམ་གདོང་པ་སྟེ། བྱད་བཞིན། བྱད་བཟང༌། བྱད་དབྱིབས། ལྟ་བུ།
༨༧༽ སྙེར་མ། གཉེར་མ་སྡུད་པ་སྟེ། ཁོང་ཁྲོ་སྐྱེས་ནས་གདོང་ཡང་རབ་ཏུ་བསྙེར། ལྟ་བུ།
༨༨༽ སྟན། གདན་ཏེ། མལ་སྟན། ཁྲི་སྟན། ཞེ་ས་གུས་འདུད་ཀྱི་ཆེད་དུ་སྟན་ལས་ལྡང༌། ལྟ་བུ།
༨༩༽ བརྟན། འགྱུར་ལྡོག་མེད་པར་སྲ་བ་སྟེ། བསམ་པ་བརྟན་པོ། གྲོགས་པོ་བརྟན་པོ། དད་པ་བརྟན་པོ། རྨང་གཞི་བརྟན་པོ། རང་གིས། འགྱུར་མེད་བརྟ༵ན་པའི་གྲོགས་ལ་བློ་ཕུག་གཏོད། །སླུ་བྲིད་མང་བའི་གྲོགས་ནི་དུག་བཞིན་སྤོངས། ། ལྟ་བུ།
༩༠༽ འགོ། ༡ དངོས་རྫས་ཤིག་ལ་དངོས་རྫས་གཞན་ཞིག་འབྱར་བའམ་ཤན་ཞུགས་པའི་དོན་ཏེ། གཙང་མ་བྱས་ན་ལུས་ལ་ནད་མི་འགོ། ༈ རས་དཀར་པོ་ལ་ཚོན་དམར་པོ་འགོ་སླ། ངན་པར་འགྲོགས་ན་སྐྱོན་ངན་འགོ། སྲིན་འབུ་འཁྲུགས་པའི་ནད་གཞི་གཞན་ལ་འགོ་བྱ། འགོ་བྱེད། འགོས་ཟིན། ལུས་ལ་འགོ༵ས་པའི་དྲི། །སེམས་ལ་འགོ༵ས་པའི་ཡོན་ཏན། ། ༈ རང་གིས། སོལ་བར་ཐུག་ནས་ནག་ཐིག་འགོ༵ས། །ངན་པར་འགྲོགས་ནས་སྤྱོད་ངན་འགོ༷ས། ། ༢ ཐོག་མའམ་དང་པོའི་མིང་སྟེ། འགོ་པ། འགོ་འཁྲིད། འགོ་འཛུགས། འགོ་འདྲེན། འགོ་དཔོན། འགོ་མཇུག གཞུང་ལུགས་ཀྱི་འགོ་ནས་མཇུག་བར་ཞིབ་འཇུག་བྱས་ཚར། ལྟ་བུ།
༩༡༽ བལྟ་བ། ཐ་དད་པའི་ལས་ཚིག དཔེར་ན། (ས)གཞན་ལ་བལྟ་བའི་མིག་ཡོད་ཀྱང༌། །རང་ལ་བལྟ་བའི་མེ་ལོང་དགོས། ། ༈ མིག་གིས་གཟུགས་ལ་བལྟ་བྱ། ལྟ་བྱེད། བལྟས་ཟིན། ལྟོས་ཤིག་ཅེས་ཤེས་སླའོ། །
༩༢༽ ཞོན། ཐ་དད་པའི་ལས་ཚིག བཞོན་བྱའི་རྟ། ཞོན་བཞིན། བཞོན་ཟིན། ཞོན་ཅིག ལྟ་བུ།
༩༣༽ བསྟན་པ། ༡ ཕྱིར་མངོན་ནས་གཞན་ལ་ཤེས་སུ་འཇུག་པ་སྟེ། ལྟད་མོ་སྟོན། དགའ་ཉམས་སྟོན། ཁྲོ་ཉམས་སྟོན། དུས་གསུམ་ནི། བསྟན་བྱ། སྟོན་བྱེད། བསྟན་ཟིན། སྟོན་ཅིག ༢ ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་ཏེ། སངས་རྒྱས་ཀྱི་བསྟན་པ། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ། བསྟན་པ་སྣུབ་མཁན། བསྟན་པ་འཛིན་མཁན། ༣ བརྩམ་གཞུང་གི་མིང་སྟེ། སྨན་གྱི་བསྟན་བཅོས། རྩིས་ཀྱི་བསྟན་བཅོས། བསྟན་བཅོས་ཡང་དག བསྟན་བཅོས་ལྟར་སྣང༌། ལྟ་བུའོ། །
༩༤༽ རྟེན་མཆོད། ཚོགས་བསགས་པའི་ཞིང་སྟེ། མཆོད་རྟེན་གྱི་འབྲི་སྟངས་གཞན་ནམ། ཡང་ན་མཆོད་པ་འབུལ་ཡུལ་གྱི་སྐུ་གསུང་ཐུགས་རྟེན་གྱི་རྟེན་དང༌། གོང་གི་བསྟན་པ་ཞེས་པའི་བསྟན་གཉིས་རྩལ་དུ་བཏོན་ཏེ་དག་ཆར་འཁྲུལ་བ་སྤངས་པ་ཡིན་ནམ་སྙམ།
༩༥༽ བྱ། སྒོང་སྐྱེས་སྤྱིའི་མིང་སྟེ། ཁྱིམ་བྱ། བྱ་རྒོད། བྱ་དེ། བྱ་རོག ཁང་བྱིའུ། རྨ་བྱ། འཇོལ་མོ། ཁུ་བྱུག་སོགས་ལྟ་བུ།
༩༦༽ ཇ། ༡ འཐུང་དུ་རུང་བའི་ཤིང་ལོ། འབྲུ་དྭངས། པ་ཏི། ལྟ་བུ། ༢ དེ་ཉིད་ཆུས་སྦངས་པའམ་ཆུ་ལ་བསྐོལ་ནས་བྱུང་བའི་ཁུ་བ། ཇ་དྭངས། སྲུབ་ཇ། ཇ་བསྲེག རྩམ་ཇ་སོགས་ཡོད།
༩༧༽ གྱེན། ཐུར་གྱི་ལྡོག་ཕྱོགས་ཏེ། གྱེན་དུ་འགྲོ། མིག་གྱེན་དུ་བལྟ་བ། གྱེན་དུ་ལངས་པ། སྐྲ་གྱེན་དུ་གཟེངས་པ། གཏམ་དཔེར། ཉི་མ་ནུབ་ནས་འཆར་བ་དང་ཆུ་བོ་གྱེན་དུ་འགྲོ་བ་མི་སྲིད། ལྟ་བུ།
༩༨༽ འདྲེན། ༡) འཐེན་པའི་དོན་ཏེ། དྲང་བྱ། འདྲེན་བྱེད། དྲངས་ཟིན། དྲོངས་ཤིག་ཅེས་བྱ་བྱེད་ཐ་དད་པ་དབྱེ་བ་བཞི་ལྡན་གྱི་བྱ་ཚིག་དཔེར་ན། ཨ་མི་རི་ཀ་ནས་རྒྱ་ནག་ཏུ་གནམ་གྲུ་བརྒྱུད་དངོས་ཟོག་འབོར་ཆེན་དྲངས་ལྟ་བུ། ༢ )འཁྲིད་པའི་དོན་ལ་འཇུག་སྟེ། སྐུ་མགྲོན་སྤྱན་དྲངས་ཏེ་སྣེ་ལེན་གཟབ་རྒྱས་བྱས་པ། རྒྱ་གར་གྱིས་བོད་དམག་སྡེ་གཅིག་དྲངས་ཏེ་པཱ་ཀི་སི་ཐན་ལ་རྒོལ་རྡུང་བྱེད། ༣ ཟས་སྟེར་བར་འཇུག་པ་སྟེ། མི་དྲག་ལ་གསོལ་ཚིགས་དྲངས་པ་སོགས་འཇུག་པ་མང་ཡང་དེ་ཙམ་གྱིས་ཐམས་ཅད་ཤེས་ནུས་སོ། །
༩༩༽  འགྲེན་པ། ཟ་མ་འགྲེན་པ་ག་འགྲེན་ལ་ཞེས་པར་གཞིགས་ན་གོང་གི་དྲངས་པའི་དོན་དང་མཚུངས་སྙམ་འདིའི་ད་ལྟ་བ་འདྲེན་གྱི་འབྲི་ཚུལ་གཞན་ཡིན་པ་འདྲ། དེང་སང་འབྲི་མཁན་མེད་པས་སྔོན་གྱི་ཡིག་རྙིང་སོགས་སུ་འབྱུང་ཡོད་མེད་བརྟག་པའི་གནས་སོ། །
༨) རྩ་བར།    རྣམ་པ་མང་པོ་ར་རྣམ་ལ། །སྣ་བདུན་དག་ནི་ས་སྣ་ཡིན། །སྣམ་བུ་སྣལ་མ་ས་སྣལ་ལ། །ནམ་ལ་དབྱར་ནི་ད་དབྱར་ཡིན། །གཡར་པ་གཡོར་བ་ག་གཡར་ལ། །ཁོག་པའི་སྙིང་ནི་ས་སྙིང་ཡིན། །བུ་ལོན་རྙིང་པ་ར་རྙིང་ལ། །གཅོད་པའི་གྲི་ནི་ག་གྲི་ཡིན། །གནམ་(མནམ་)པའི་དྲི་ནི་ད་དྲི་ལ། །
༡༠༠༽ རྣམ་པ། ༡) ཁ་དོག་དང་གཟུགས་དབྱིབས་ཀྱི་དོན་ཏེ། གདོང་གི་རྣམ་པ་ཕག་པའི་གདོང་དང་མཚུངས། ༈ བུ་མོ་དེ་རྣམ་པ་མཛེས་པོ་འདུག ༢ )མི་མང་པོ་ལ་འཇུག་པ། དཔེར་ན། ལས་ཁུངས་ཁག་གི་ལས་བྱེད་རྣམ་པ་ཚོ། མཛའ་ཞིང་བརྩེ་བའི་གྲོགས་པོ་རྣམ་པ་ཚོ། ཞེས་པ་ལྟར་ཞེ་ས་ལའང་འགྲོ། ༣) རིགས་དང་སྡེ་ཚན་གྱི་དོན་ལ་འཇུག་པ། དཔེར་ན། འཛམ་གླིང་གི་མི་རིགས་རྣམ་པ་སྣ་འཛོམས། ཆོས་ལུགས་རྣམ་པ་སྣ་ཚོགས། ཆས་གོས་རྣམ་པ་མི་འདྲ་བ། ལྟ་བུ།
༡༠༡༽ སྣ་བདུན། ༡) སྣ་ཞེས་པ་རིགས་སམ་རྣམ་གྲངས་ཏེ། འབྲུ་སྣ། མི་སྣ། ༢) སྣ་བདུན་ནི་རྣམ་གྲངས་བདུན་གྱི་དོན། དཔེར་ན། རྒྱལ་སྲིད་སྣ་བདུན་ཏེ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་སོ། །
༡༠༢༽ སྣམ་བུ། བལ་སྐུད་ཀྱིས་བཏགས་པའི་གོས་ཏེ། དེར་རྒྱུ་ཆ་བཟང་ངན་རིམ་པ་ཁག་འགའ་ཡོད། སྣམ་བུའི་ཕྱུ་པ་ཞིག་གོན་ནས་རི་ལ་ཆས། ལྟ་བུ།
༡༠༣༽ སྣལ་མ། སྣམ་བུ་འཐག་བྱེད་ཀྱི་བལ་སྐུད་དེ། ཐགས་སྐུད་ཅེས་ཟེར།
༡༠༤༽ དབྱར། ནམ་དུས་བཞིའི་ཡ་གྱལ་དབྱར་ཁ་སྟེ་གཏམ་དཔེར། དབྱར་ཁ་ལྕགས་ལ་བདག་པོ་རྒྱོབས། དགུན་ཁ་རྫ་ལ་བདག་པོ་རྒྱོབ། ནམ་ཞག་རྒྱུན་དུ་ཁ་ལ་བདག་པོ་རྒྱོབ། ཡང༌། དབྱར་ཁའི་སྤང་ལ་ཅི་ཡང་སྐྱེས། གཞོན་ནུའི་བློ་ལ་གང་ཡང་འཆར། ཞེས་པ་ལྟ་བུ།
༡༠༥༽ གཡར། ༡) བརྡ་རྙིང་ཁ་དང་ངོ་གདོང་གི་ཞེ་ས། ༢) མིག་གི་ཞེ་ས་སྟེ། གཡར་འདྲེན་པ། གཡར་ལྟར་ཞུ་བ། ༣) བྱ་ཚིག་སྟེ། དངུལ་སོགས་གཞན་ལ་གཡར་བྱ། གཡོར་བྱེད། གཡར་ཟིན། གཡོར་ཅིག
༡༠༦༽ གཡོར་བ། ཐ་དད་པའི་ལས་ཚིག གཟུགས་མི་འགྱུར་བ། གཡོགས་པའམ་བསྒྲིབས་པ། འགེབས་པ་བཅས་ཀྱི་དོན་ཡིན་ནོ། །
༡༠༧༽ ཁོག་པ། ༡) ནང་དང་ལྟོ་བའི་དོན་ཏེ། ཁོག་པ་ཆེན་པོ་སྟེ་ལྟོ་བ་ཆེན་པོའམ། ཡང་ན་མི་བཟོད་བསྲན་ཆེན་པོའི་དོན། དེར་མི་ཁོག་ཡངས་ཀྱང་ཟེར་རོ། ། ཁོག་པ་ཆུང་ངུ་ནི་ལྟོ་བ་ཆུང་བའམ་ཡང་ན་བཟོད་བསྲན་མེད་པ། ༢ ནང་སེམས་ཏེ། ཕོ་ཁྱོ་གའི་ཁོག་པ་མདའ་ཤོང་མདུང་ཤོང༌། ཁོག་པར་དྲན་ཚད་ཁ་ནས་ཤོད་པ། ཁ་འོ་མ་ཁོག་ཚེར་མ། ༣ སྣོད་ཀྱི་མིང་སྟེ། ཁོག་ལྟིར། རྫ་ཁོག ཁོག་མ། ༤ མི་ཕྱུགས་ཀྱི་ལུས་ཏེ། ལུས་ཁོག ཤ་ཁོག་ཅེས་པ་ལྟ་བུ།
༡༠༨༽ སྙིང༌། ༡) སྲོག་ཆགས་ཆེ་བའི་རིགས་ཀྱི་ལུས་ཀྱི་ཁྲག་རྒྱུན་སྐུལ་འདེད་བྱེད་པའི་ལུས་ཀྱི་ནང་ཁོག་དོན་ལྔའི་ཡ་གྱལ་སྙིང་སྟེ། སྙིང་ཁ། སྙིང་ཁམས། སྙིང་རླུང༌། སྙིང་ནད། སྙིང་སྟོབས་ལྟ་བུ་དང༌། ༢) སེམས་ཀྱི་བརྩེ་དུང་སྟེ། སྙིང་སྡུག སྙིང་རྗེ། སྙིང་བརྩེ་ལྟ་བུ། (ད་) འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། ། ༣) ལྟེ་བའམ་དབུས་ཀྱི་དོན་ཏེ། དོན་གྱི་སྙིང་པོ། ཤིང་གི་སྙིང་པོ། འོ་མའི་སྙིང་པོ། སྨན་གྱི་སྙིང་བཅུད་སོགས་ཀྱི་བསྡུས་མིང་ཡང་ཡིན།
༡༠༩༽ བུ་ལོན། དངུལ་དང་འབྲུ་རིགས་སོགས་མི་གཞན་ལ་གཡར་ཏེ་སྐྱེད་ཀ་སྤྲོད་ལེན་བྱེད་པ་གནའ་ནས་ད་ལྟའི་བར་ཡོངས་ཁྱབ་ཏུ་དར་བ་སྟེ། སྐྱེད་ལྕིའི་བུ་ལོན་དང་སྐྱེད་ཡང་བུ་ལོན་གཉིས་ཡོད། གནའ་མི་བོད་ཀྱི་གཏམ་དཔེར། ལུས་ལ་ན་ཚ་མེད་ན་ཁྱི་གཞུག་རྡོག་པས་གནོན། །སེམས་ལ་ན་ཚ་མེད་ན་བུ༵་ལོ༵ན་ཁག་འཁྱག་བྱོས། ། ༈ བུ༵་ལོ༵ན་མེད་ན་ཕྱུག་པོ་ཡིན། ཞེས་པ་ལྟ་བུ།
༡༡༠༽ རྙིང༌། ༡) མིང་རྐྱང་ཁྱད་ཆོས་བརྗོད་པའི་མིང་སྟེ། ཅ་ལག་རྙིང་པ། སྐད་ཆ་རྙིང་པ། གློག་བརྙན་རྙིང་པ། ཆོས་ལུགས་རྙིང་པ་སོགས་མདོར་ན་གསར་པའི་ལྡོག་ཕྱོགས། གཏམ་དཔེར། ལྷ་གསར་པ་ལས་འདྲེ་ར༵ྙིང་པ་དགའ། ། ༢) བྱ་བྱེད་ཐ་མི་དད་པའི་ལས་ཚིག གཟུགས་མི་འགྱུར་བ། གྱོན་ཆས་རྙིང་བཞིན་པ། ཁང་པ་རྙིང་ཟིན། དེབ་ཆས་རྙིང་བཞིན་པ་སོགས་རབ་ཏུ་མང་ངོ༌། །
༡༡༡༽ གཅོད། ༡) བྱ་བྱེད་ཐ་དད་པའི་ལས་ཚིག ཤིང་སོགས་གཏུབ་པའི་དོན་ཏེ། གཅད་བྱ། གཅོད་བྱེད། བཅད་ཟིན། ཆོད་ཅིག་ཅེས་གཟུགས་འགྱུར་བཞི་ལྡན་གྱི་བྱ་ཚིག་སྟེ། དཔེར་ན། ཉི་མས་ཤིང་གཅོད། ཟླ་བས་བསྡུ་གསོག་བརྒྱབ། ༢) གནས་ཚུལ་བརྟག་དཔྱད་དང་རྒྱུས་ལོན་བྱས་པའི་དོན་ཏེ། རྟ་བོར་བ་རྩད་བཅད་དེ་ཆོད་པ་ལྟ་བུ་དང༌། ༣) འབྲེལ་ལམ་སོགས་མཚམས་བཀག་པ་སྟེ། འབྲེལ་མཚམས་གཅོད་པ། ༤) སྤངས་པའི་དོན་ཏེ། ཆང་རག་བཅད། ཐ་མ་བཅད་པ་ལྟ་བུ། ༥) བསད་པའི་དོན་ཏེ། སྲོག་བཅད་པ། དུས་ཚོད་འཕྲོག་བརླག་གཏོང་བ་ནི། །རང་སྲོག་རང་གིས་གཅོ༵ད་དང་མཚུངས། ། ཞེས་པ་ལྟ་བུ་འཇུག་ཡུལ་ཤིན་ཏུ་མང་ཡང་འདི་ཙམ་གྱིས་ཐམས་ཅད་ཤེས་ནུས་སོ། །
༡༡༢༽ གྲི། ཁྱད་གཞི་བརྗོད་པའི་མིང༌། གཞོག་གཏུབ་གཅོད་གསུམ་བྱེད་པའི་ཡོ་བྱད་ཅིག་སྟེ། རལ་གྲི། ཟས་གྲི། གློ་གྲི། ལྟེབ་གྲི། སྐྲ་གྲི་སོགས་ལྟ་བུ། འོན་ཀྱང༌། འོག་ཏུ་འཆད་འགྱུར་གྱི་ད་དྲི་དང་ག་གྲི་གཉིས་མ་ནོར་བ་གལ་ཆེ།
༡༡༣༽ གནམ། ནམ་མཁའ་སྟེ། གནམ་ལ་སྐར་མ་བཟང༌། །ས་ལ་དུས་ཚོད་བཟང༌། །གནམ་ཆུ། གནམ་སྒོ། གནམ་རྡོ། གནམ་གང༌། གནམ་གྲུ། གནམ་དམག གནམ་འཁོར་སོགས་ལྟ་བུ་ཡིན་ཡང་སྐབས་འདིར་དེ་ལྟར་བཤད་པ་ནི་མི་འབྲེལ་མི་འཚམ་པས། སྔོན་འཇུག་ག་བསུབས་ཏེ་མ་འབྲི་དགོས། དེ་ནི་ཡིག་ནོར་ཡིན་པས་དག་པར་འདོད་ན་མནམ་ཞེས་བཅོས་ན་ལེགས་སྙམ། དོན་ནི་དྲི་སྣོམ་པའམ་བྲོ་བའི་དོན་ཡིན་པ་དག་ཡིག་ངག་སྒྲོན་སོགས་སུ་བཤད་པས་སོ། །
༡༡༤༽ དྲི། ༡) སྣ་ཤེས་ཀྱིས་བསྣམ་བྱ་སྟེ། མེ་ཏོག་གི་དྲི་ངད་ལྡང༌། དྲི་བཟང༌། དྲི་ངན། དྲི་མ། དྲི་ཞིམ། དྲི་བསང༌། (ས) དྲི༵་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བའི་ཚོགས་རྣམས་སྤྲིན་བཞིན་འཁོར། ། ༢) བྱ་བྱེད་ཐ་དད་པའི་ལས་ཚིག མི་ཤེས་པའི་དོན་གཞན་ལ་དྲི་བྱ། འདྲི་བྱེད། དྲིས་ཟིན། དྲིས་ཤིག གཏམ་དཔེར། མི་ཤེས་ན་རྒན་ལ་དྲིས། །མི་རིག་ན་སྒང་ལ་བུད། །ཅེས་པ་ལྟ་བུའོ། །
༩) རྩ་བར།    གཞན་ལ་སྟོར་བ་སྟེར་བས་སྟོར་སྟེརཡིན། །མི་ཟད་གཏེར་ནི་ག་གཏེར་ལ། །དངོས་པོ་འཛད་པ་འ་འཛད་ཡིན། །བྱ་བ་མཛད་དང་ཁང་པའི་མཛོད། །མཛོད་དང་མཛེས་དང་མཛེས་མོ་གསུམ། །མཛད་སྤྱོད་ལ་སོགས་མ་ཡིས་འཕུལ། །སེམས་ལ་རྟོག་པ་ར་རྟོག་ལ། །ཁུངས་སུ་གཏོགས་པ་ག་གཏོགས་ཡིན། །ཀ་ཆ་སྟེར་བ་ས་སྟེར་ལ། །གཏོར་མ་གཏོང་བ་ག་གཏོང་ཡིན། །
༡༡༥༽ སྟོར་བ། ༡ ཐ་དད་པའི་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག མ་འོངས་པ་དང་འདས་ཚིག་ལ་བསྟར་ཞེས་འབྲི་དགོས། གཟི་བྱུ་རུ་སོགས་སྐུད་པའམ་ཐ་གུ་སོགས་ལ་བརྒྱུས་ནས་སྐེ་རྒྱན་བཟོས་པ་ལྟ་བུ། ཡང༌། འབྲི་མཛོ་སོགས་གདང་ལ་བརྒྱུས་ཏེ་བཏགས་པ་ལ་འབྲི་མཛོ་གདང་ལ་སྟོར། ཞེས་པ་ལྟ་བུ། ༢ ཐ་དད་པའི་ལས་ཚིག གཟུགས་མི་འགྱུར་བ། བརླགས་པའམ་བོར་བའི་དོན་ཏེ། སློབ་མས་སློབ་དེབ་སྟོར་བ། སྨྱུ་གུ་སྟོར་བ། བ་ཕྱུགས་ཀྱིས་བེའུ་སྟོར་བ་ལྟ་བུ། སྐབས་འདིར། ཚིག་གཤིས་དང་མཐུན་པའི་གོ་བ་བླངས་ན་སྤྲད་པའི་དོན་གྱི་”སྟེར་”ཞེས་པ་ཡིན་ནམ་སྙམ་ལ། པར་རྙིང་དུ་འགྲེང་པོ་མི་གསལ་བར་”སྟོར་”ཞེས་ན་རུ་ལ་ནོར་བ་རིགས་པས་དཔྱད་ན་ཤེས། སྟེར་བ་ནི། ཐ་དད་པའི་ལས་ཚིག གཞན་ལ་སྦྱིན་པའམ་སྤྲོད་པའི་དོན་ཏེ། ཨ་མས་བུ་ལ་འོ་མ་སྟེར། ཨ་ཞང་གིས་ང་ལ་རྔན་པ་སྟེར་བྱུང་ཟེར་བ་ལྟ་བུ། འདིའི་བྱ་ཚིག་དང༌། བྱེད་ཚིག འདས་ཚིག་བཅས་ཚིག་གྲོགས་ཀྱིས་བསྒྱུར་བ་ལས་སྔོན་རྗེས་འདོར་ལེན་དང་ཡིག་གཟུགས་ལ་འགྱུར་བ་མེད་དོ། །
༡༡༦༽ གཏེར། ༡) མཛོད་དེ། ཆུ་གཏེར། འབྲུ་གཏེར། ནོར་གཏེར། ༢ )ས་འོག་ནས་རྡོ་སོལ་དང༌། གསེར་སོགས་སྔོག་འདོན་བྱེད་སའི་ཁུངས་ཏེ། གསེར་གྱི་གཏེར་ཁ། རྡོ་སོལ་གྱི་གཏེར་ཁ། ༣) ལྐོག་གྱུར་གྱི་གནས་ནས་ཆོས་འདོན་མཁན་གཏེར་སྟོན་པ་ཆེན་པོ་སྟེ། གཏེར་སྟོན། གཏེར་ཆེན། གཏེར་བདག་སོགས་ལྟ་བུ།
༡༡༧༽ འཛད་པ། ཐ་མི་དད་པའི་ལས་ཚིག ཚར་བའམ་རྫོགས་པའི་དོན་ཏེ། གོས་ཟས་སོགས་འཛད་བྱ། འཛད་བྱེད། ཟད་ཟིན། (ད) ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛ༵ད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛ༵ད། །
༡༡༨༽ མཛད། ཐ་དད་པའི་ལས་ཚིག བྱ་བ་བྱེད་པའི་ཞེ་ས་སྟེ། ྋགོང་ས་མཆོག་གིས་འཛམ་བུ་གླིང་དུ་ཞི་བདེ་ཡོང་ཆེད་འཚེ་མེད་ཞི་བའི་ཐབས་ལམ་སློབ་སྟོན་མཛད། འདིའི་བྱ་ཚིག བྱེད་ཚིག འདས་ཚིག་བཅས་གཟུགས་མི་འགྱུར་བ་དང༌། སྐུལ་ཚིག་ལ་མཛོད་ཅེས་འབྲི་དགོས། རྟག་ཏུ་སློབ་སྟོན་མཛོད་ཅིག་རྒྱལ་པོ་ཀྱེ། ལྟ་བུ།
༡༡༩༽ མཛོད། ༡) མང་པོ་འཛོམས་པའམ་འདུས་པའི་དོན་ཏེ། ཚིག་མཛོད། འབྲུ་མཛོད། ཆུ་མཛོད། ནོར་མཛོད། ༢) མཛད་ཀྱི་སྐུལ་ཚིག
༡༢༠༽ མཛེས། ཁྱད་ཆོས་བརྗོད་པའི་མིང༌། མདོག་དང་ཁ་དོག་སོགས་ལེགས་པའི་དོན་ཏེ། ཕྱིའི་གོས་རྒྱན་སོགས་ཀྱིས་མཛེས་པ་ལས་ནང་གི་ཡོན་ཏན་གྱིས་མཛེས་པ་དགའ། ས གང་ལ་བློ་གྲོས་མི་ལྡན་ན། །བསྟན་བཅོས་ལེགས་ཀྱང་སུ་ཞིག་ལེན། །ནོར་བུས་སྤྲས་པའི་གསེར་གྱི་རྒྱན། །མཛེ༵ས་ཀྱང་བ་ལང་ག་ལ་ལྟ། །ལྟ་བུའོ། །
༡༢༡༽ སེམས། ༡) མྱོང་ཚོར་གྱི་ནུས་པ་ཞིག་སྟེ། སེམས་ཅན། སེམས་ལྡན། སེམས་དཔའ། སེམས་ཁུར། སེམས་ཁྲལ། སེམས་ངན། སེམས་བཟང༌། ༢) ཐ་དད་པའི་བྱ་ཚིག བསམ་བློ་གཏོང་བའི་དོན་ཏེ། རྟགས་འཇུག་གི་དཀའ་གནད་ལ། བསམ་བྱ། སེམས་བྱེད། བསམས་ཟིན། སོམས་ཤིག (ས) སེམ༵ས་ཅན་མོས་པ་སྣ་ཚོགས་པ། །ཐམས་ཅད་མགུ་བར་སུས་ཀྱང་དཀའ། །རང་ཉིད་ཡོན་ཏན་ཀུན་ལྡན་ན། །ཐམས་ཅད་དགའ་བ་དེ་ལ་ཉེ། ། ལྟ་བུ།
༡༢༢༽ རྟོག ༡) ཐ་དད་པའི་བྱ་ཚིག བསམ་བློ་ཅུང་ཟད་ཞིབ་ཏུ་གཏོང་བའི་དོན་ཏེ། གཞུང་དོན་སོགས་ལ། བརྟག་བྱ། རྟོག་བྱེད། བརྟགས་ཟིན། རྟོགས་ཤིག ༢) རྟོག་པ་ཞེས་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པའམ། རྒྱུ་མཚན་ཡང་དག་པ་ཡིན་མིན་ཐམས་ཅད་ཀྱི་སྤྱི་མིང་སྟེ། རྣམ་པར་རྟོག་པ། མིང་སྦྱོར་རྟོག་པ། དོན་སྦྱོར་རྟོག་པ། མདོ་ལས། རྣམ་རྟོག༵་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། ། ལྟ་བུ།
༡༢༣༽ ཁུངས། ཆོས་གང་ཞིག་གང་ལས་འབྱུང་བའི་ཁུངས་ཏེ། ཆུའི་འབྱུང་ཁུངས་གངས་ཡིན་ལ། ཆོས་ཀྱི་འབྱུང་ཁུངས་སྟོན་པ་སངས་རྒྱས་ཡིན། ཞེས་པ་ལྟ་བུའོ། །
༡༢༤༽ གཏོགས། ༡) ཐ་མི་དད་པའི་བྱ་ཚིག ཁོངས་སུ་འདུས་པའི་དོན་ཏེ་བོད་ཀྱི་མངའ་ཁོངས་སུ་གཏོགས་པའི་གནས་རི། ༢) ཐ་དད་པའི་བྱ་ཚིག སེ་གོལ་སོགས་གཏོག་བྱ། གཏོག་བྱེད། གཏོགས་ཟིན། གཏོགས་ཤིག་ལྟ་བུ།
༡༢༥༽ ཀ་ཆ། ནོར་རྫས་སྤྱིའི་མིང་སྟེ། ཀ་ཆ་ལ་བདག་གཉེར་བྱེད་དགོས། འདི་ལ་ཀ་ཅ་འབྲི་བའང་ཡོད། ཀ་ཆ་སྤུས་ལེགས། ཀ་ཆ་ལྷད་མེད། ཀ་ཆ་ཕུན་སུམ་ཅི་ཙམ་ཚོགས་ཀྱང་མིའི་དཀའ་ངལ་ཐམས་ཅད་སེལ་ཐུབ་པ་མེད། ཀ་ཅ་ཞེས་བྲིས་ཀྱང་རུང་ངོ༌།།
༡༢༦༽  སྟེར་བ། ཐ་དད་པའི་ལས་ཚིག སྦྱིན་པའམ་སྤྲོད་པའི་དོན་ཏེ། ཨ་མས་བུ་ལ་འོ་མ་སྟེར། ཨ་ཞང་གིས་ང་ལ་རྔན་པ་སྒོར་མོ་ལྔ་བཅུ་ཐམ་པ་སྟེར་བྱུང༌། ཁ་དཔེར། ཁམ་བུ་དགོས་ན་ཁམ་སྡོང་འོག་ཏུ་སོང༌། །དུག་ཤིང་སྡོང་པོས་ཁམ་བུ་ས༵ྟེར་དོན་མེད། །ཟེར་བ་ལྟ་བུ་དང༌། འདིའི་བྱ་ཚིག་དང༌། བྱེད་ཚིག འདས་ཚིག་བཅས་ཚིག་གྲོགས་ཀྱིས་བསྒྱུར་བ་ལས་སྔོན་འཇུག་འདོར་ལེན་དང༌། ཡིག་གཟུགས་ལ་འགྱུར་བ་གང་ཡང་མེད་དོ། །
༡༢༧༽ གཏོར་མ། མཆོད་སྦྱིན་ལ་བསྔོ་རྒྱུའི་ཟས་གོང་གཏོར་མ་ཆ་གསུམ། དཀར་གཏོར། དམར་གཏོར། གཞི་བདག་གཏོར་མ། བགེགས་གཏོར། གཏོར་མ་བརྒྱ་རྩ་སོགས་ལྟ་བུ།
༡༢༨༽ གཏོང༌། ཐ་དད་པའི་ལས་ཚིག གཏོང་ཡིག་སོགས་གཏང་བྱ། གཏོང་བྱེད། བཏང་ཟིན། ཐོངས་ཤིག མི་གཏོང༌། ཡི་གེ་གཏོང༌། མེ་གཏོང༌། རླངས་འཁོར་གཏོང༌། གཅིན་པ་གཏོང༌། རང་གིས། གཏོང་བའི་ཡི་གེ་བོད་ཡིག་མ་བྲིས་པར། །དབྱིན་ཡིག་འཁྱར་འཁྱོར་འབྲི་བ་ངོ་ཚ་ཡིན། །གོན་པའི་ཆས་གོས་བོད་ཆས་མི་གྱོན་པར། །ཆས་ལུགས་ཉ་ཉུང་བསྲེས་པ་མི་མཛེས་སོ། །ལྟ་བུའོ། །

གསུམ་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ།(གཉིས་པ)

༡༠) རྩ་བར།    སྡེ་པ་དག་ནི་ས་སྡེ་ལ། །སྐུ་ཁམས་བདེ་བ་བ་བདེ་ཡིན། །དབང་དུ་བསྡུས་པ་ས་བསྡུས་ལ། །བར་ཆད་བདུད་ནི་བ་བདུད་ཡིན། །ནང་དུ་གཤེགས་པ་ག་གཤེགས་ལ། །སྡིག་པ་བཤགས་པ་བ་བཤགས་ཡིན། །མཐོ་བའི་སྒང་ནི་ས་སྒང་ལ། །སྒྱེ་སྣོད་བསྒང་བ་ས་བསྒངཡིན། །
༡༢༩༽ སྡེ། རིགས་དང༌། ཁག་དང༌། ཚན་པ་སོ་སོའི་མིང་སྟེ། ལྷ་སྡེ། མི་སྡེ། ཀ་སྡེ། ཅ་སྡེ། སྡེ་དཔོན། སྡེ་པ་སོགས་ལྟ་བུ།
༡༣༠༽ ཁམས། ༡) མིའི་ལུས་སེམས་དབང་པོ་རྣམས་ཀྱི་བྱེད་ལས་སམ་ནུས་སྟོབས་ཀྱི་མིང་སྟེ། སྐུ་ཁམས་བདེ། ཁམས་བདེ། ༈ ཁམས་བདེ་སྐབས་བྱ་བ་བསྒྲུབས་ན་ནུས་སྟོབས་ཆེ་ལྟ་བུ། ༢) མི་སོགས་སྲོག་ཆགས་ཆེ་ཆུང་ཚང་མའི་རིགས་རྒྱུད་སྤེལ་བའི་ས་བོན་དེ་དང་འདྲེས་པའི་གཤེར་ཁུའི་མིང་སྟེ། ཁམས་དཀར་པོ། ཁམས་དམར་པོ། མིང་བསྡུས་ན་ཁམས་དཀར་དམར་ཞེས་ཟེར། ༣)འཛམ་གླིང་གི་ས་གཞི་ཆེན་པོ་དང༌། གླིང་དང༌། གླིང་ཕྲན། ཡུལ་ལམ་ལུང་པ། རི་སོགས་ཀྱི་མིང་སྟེ། འཇིག་རྟེན་ཁམས། རྒྱལ་ཁམས། བོད་ཁམས། ༈ དབུས་གཙང་ཁམས་གསུམ་ཟླས་དབྱེ་བའི་མདོ་སྟོད་དམ་ཁམས་པ། ༤) རང་གཤིས་སམ་ངོ་བོའི་མིང་སྟེ། ས་ཁམས། ཆུ་ཁམས། མེ་ཁམས། རླུང་ཁམས་སོགས་ལ་འཇུག་པ་མང་ངོ༌། །
༡༣༡༽ བདེ། ༡) སྡུག་བསྔལ་གྱི་ལྡོག་ཕྱོགས་ཀྱི་མིང་སྟེ། འཕྲལ་དུ་བདེ་བ། ཕུགས་སུ་ཕན་པ། ༈ དགེ་བའི་འབྲས་བུ་བདེ༵་བ། །སྡིག་པའི་འབྲས་བུ་སྡུག་བསྔལ།། ༈ འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ༵་བ་ནམ་ཡང་ཡོད་མ་ཡིན། ། ༢ མཁས་པའམ་ནུས་མཐུ་ཡོད་པའི་དོན་ཏེ། སྐད་ཆ་བཤད་ན་ཁ་བདེ༵། །ཡི་གེ་བྲིས་ན་ལག་བདེ༵། །ལྟ་བུ།
༡༣༢༽ དབང༌། ༡) བཀོད་འདོམས་བྱེད་པའི་སྟོབས་ཤུགས་སམ་ནུས་མཐུའི་མིང་སྟེ། སྲིད་དབང༌། དབང་ཆ། དབང་ཚད། དབང་ཚད་ཆ་ཚང་ཁོང་ལ་ཡོད། ཐག་གཅོད་བྱེད་པའི་དབང་ཆ་ང་ལ་ཡོད། བུད་མེད་ལ་དབང་ཡོད་བྱེད་པ། སྐད་ཆ་དབང་ཡོད་ཚད་མེད་བཤད་ན་རང་གི་བུ་ཡིན་ཡང་རྣ་བར་ཤོང་དཀའ། (ས )རང་དབ༵ང་ཐམས་ཅད་བདེ་བ་སྟེ། །གཞན་དབ༵ང་ཐམས་ཅད་སྡུག་བསྔལ་ཡིན། །ཐུན་མོང་བ་ནི་རྩོད་གཞི་སྟེ། །དམ་བཅའ་བ་ནི་འཆིང་བའི་རྒྱུ། ། ༢) (ཨ་བྷི་ཥི )གཏོར་བའམ་བླུགས་པའི་དོན་ཏེ། སྒྲིབ་པ་གཏོར་ཞིང་རྒྱུད་དག་པར་འཁྲུད་པ་དང༌། རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ། བླ་མས་སློབ་མར་དབང་བཞི་ཡོངས་སུ་རྫོགས་པ་བསྐུར་ནས། རྒྱུད་བྱིན་གྱིས་བརླབས་པ། དབང་བཞི་ནི། བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། དབང་བཞི་པ་ཚིག་དབང་རིན་པོ་ཆེ་བཅས་སོ། །
༡༣༣༽ བསྡུས། ༡) ཐ་དད་པའི་བྱ་ཚིག གཞུང་དོན་སོགས་བསྡུ་བྱ། སྡུད་བྱེད། བསྡུས་ཟིན། སྡུས་ཤིག ༢) རྒྱས་པའི་ལྡོག་ཕྱོགས་ཀྱི་མིང་སྟེ། མདོར་བསྡུས། སྙིང་བསྡུས། ཚིག་བསྡུས། ༣) ཕྱོགས་གཅིག་ཏུ་འགུགས་པའམ། འདུ་རུ་བཅུག་པའི་དོན་ཏེ། དམག་བསྡུས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་བསྲུང༌། ༈ སློབ་ཕྲུག་མང་པོ་བསྡུས་ཏེ་རིག་གནས་སློབ་པ་ལྟ་བུའི་འཇུག་པ་ཤིན་ཏུ་མང་ཡང༌། དེ་ཙམ་གྱིས་ཐམས་ཅད་ཤེས་ནུས་སོ། །
༡༣༤༽ བར་ཆད། ལས་དོན་གང་ཡང་རུང་བ་ཞིག་སྒྲུབ་པའམ་འགྲུབ་པའི་འགོག་རྐྱེན་སོགས་ཀྱི་མིང་སྟེ། གྲོགས་ངན་གྱིས་སློབ་སྦྱོང་ལ་བར༵་ཆད༵་བྱེད། མི་ངན་གྱིས་གཞུང་དོན་ལ་བ༵ར་ཆ༵ད་བྱེད། ལྟ་བུ།
༡༣༥༽ བདུད། ༡) བསྟན་པ་དང་འགྲོ་བ་ལ་གནོད་འཚེ་བྱེད་མཁན་སྡུག་ཤོས་ཤིག་སྟེ། བདུད་རིགས་ཀྱིས་ནུས་མཐུས་དགེ་འདུན་གྱིས་སྡེ་དཀྲུགས་པ། ༈ བདུད་ཀྱིས་གླགས་མི་རྙེད་པ། བདུད་མོ། བདུད་བློན། བདུད་སྡེ། བདུད་ཕྲུག བདུད་རིགས། བདུད་རྒན། བདུད་དཔུང༌། བདུད་རྒྱལ། ༢) འཚེ་བ་བྱེད་མཁན་གྱི་མིང་སྟེ། སྦྲུལ་ནི་སྦལ་པའི་བདུད་ཡིན། ༈ ཇག་རྐུན་ནི་ཕྱུགས་བདག་གི་བདུད་ཡིན། ༣ བདུད་རྩི་ཞེས་འཆི་བ་འཇོམས་བྱེད་ཀྱི་རྫས་དང༌། སྨན་ལའང་འཇུག་གོ། །
༡༣༦༽ ནང༌། ༡) ཕྱིའི་ལྡོག་ཕྱོགས་ཀྱི་མིང་སྟེ། ཚོང་ཁང་ནང༌། ལྡུམ་རྭའི་ནང༌། ལྕགས་རྭའི་ནང༌། ལྕགས་རིའི་ནང༌། རྒྱབ་ཁུག་ནང༌། ༢) ཁྱིམ་གྱི་མིང༌། ང་ཚོའི་ནང༌། མནའ་མའི་ནང༌། ཁོའི་ནང༌། གྲོགས་པོའི་ནང༌། གྲོགས་མོའི་ནང༌། ང་ཚོའི་ནང་མི་བདུན་ཡོད། ༣) ཕན་ཚུན་བློ་ཁེལ་བའམ་སྙིང་ཉེ་བའི་དོན་ཏེ། ནང་གཏམ། གྲོགས་པོ་ནང་ཚགས་ཀྱི་གཏམ་སོགས་ལ་འཇུག་གོ། །
༡༣༧༽ གཤེགས། ༡) ཐ་མི་དད་པའི་བྱ་ཚིག་གཟུགས་མི་འགྱུར་བ། སོང་བའི་དོན་ཏེ། ཡུལ་གྲུ་གཞན་ལ་གཤེགས། གཤེགས་སྐྱེམས། གཤེགས་རྫོངས། གཤེགས་མགྲོན། གཤེགས་གཏོར། ༢) ཤི་བའི་ཞེ་ས་སྟེ། བླ་མ་རིན་པོ་ཆེ་སྐུ་གཤེགས། ཞིང་གཤེགས་སོགས་ལྟ་བུ།
༡༣༨༽ སྡིག་པ། ༡)ཐ་དད་པའི་ལས་ཚིག འཇིགས་སྣང་སྐུལ་བའི་དོན་ཏེ། དྲག་ཤུགས་སོགས་ཀྱིས་གཞན་ལ་བསྡིག་བྱ། སྡིག་བྱེད། བསྡིགས་ཟིན། སྡིགས་ཤིག ༢) དགེ་བའི་ལྡོག་ཟླའི་མིང་སྟེ། ལས་སྡིག་པ་བསགས་པ་ལས་འབྲས་བུ་སྡུག་བསྔལ། །ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ། ། ༈ སྡིག་སྤངས་དགེ་བསྒྲུབ། ༈ ལས་ངན་པའི་སྡི༷ག་པ༵་མ་བསགས་ན། །སྐྲག་དགོས་པའི་གཤིན་རྗེ་ཆོས་རྒྱལ་མེད། ། ༣) ཚུལ་མིན་གྱི་བྱ་སྤྱོད་དང་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ཀྱི་མིང་སྟེ། རྐུ་འཕྲོག་བཅོམ་གསུམ་གྱི་སྡིག་པ་ཅན་ལ་ཉེས་ཆད་གཏོང་སོགས་ལྟ་བུ།
༡༣༩༽ བཤགས་པ། ཐ་དད་པའི་ལས་ཚིག རང་སྐྱོན་མི་གསང་བར་ཤོད་པའམ་རྗོད་པ་སྟེ། རང་སྐྱོན་དང་སྡིག་པ་སོགས་བཤག་བྱ། འཆགས་བྱེད། བཤགས་ཟིན། བཤོགས་ཤིག ༈ ལྟུང་བ་བཤགས་པ། སྡིག་པ་བཤགས་པ། མ་མཐོལ་མ་བཤགས་ན་ནི་དེ་ལྟར་དུ་མི་འགྱུར་རོ། ། ལྟ་བུ།
༡༤༠༽ མཐོ་བ། དམའ་བའི་ལྡོག་ཟླའི་མིང་སྟེ། རི་ལྟར་མཐོ་ཞིང་ཆུ་ལྟར་རིང་བ། ཁང་རྩེག་མཐོ་བ། ཤིང་མཐོ་བ། ༈  ཐེངས་རེར་རྟ་མཐོ༷། ཐེངས་རེར་གད་པ་མཐོ༷།
༡༤༡༽ སྒང༌། ༡) ས་ངོས་ནས་འབུར་དུ་ཐོན་པའི་ཆ་ཤས་ཀྱི་མིང་སྟེ། སྒང་གཤོང༌། རི་སྒང༌། ༢ )ས་གནས་མཐོ་སའི་མིང་སྟེ། མཐོ་སྒང་གི་འབྲི་གཡག ༣) ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་བྱ་བ་དེ་བྱེད་བཞིན་པ་སྟོན་པའི་ཚིག་གྲོགས་ཤིག་སྟེ། ཡི་གེ་འབྲི་བའི་སྒང་ཡིན། ཁང་པ་རྒྱག་པའི་སྒང་ཡིན། ཁ་ལག་ཟ་བའི་སྒང་ཡིན། ལོ་གསར་གཏོང་བའི་སྒང་ཡིན་སོགས་མང་དུ་ཤེས་པར་བྱའོ། །
༡༤༢༽ སྒྱེ་སྣོད། ཕད་གོག་ཆེན་པོའམ་སྒྱེ་མོའི་མིང་སྟེ། སྒྱེ་མོའི་ནང་ནས་ཐོན་ཏེ་ཕད་གོག་ནང་མི་འཛུལ། ༈ འབྲུ་ནས་སོགས་སྒྱེ་སྣོད་དུ་བླུགས་པ། ལྟ་བུ།
༡༤༣༽ བསྒང་བ། ཐ་དད་པའི་ལས་ཚིག ཕྱེ་རྩམ་སོགས་རྡོག་པོའམ་རིལ་མོར་བྱས་པའི་དོན་ཏེ། ཟན་སོགས་བསྒང་བྱ། སྒོང་བྱེད། བསྒངས་ཟིན། སྒོངས་ཤིག ལྟ་བུ་དང༌། ཡང་སྐབས་འདིར་དཔྱད་དགོས་པ་ཞིག་ལ་གོང་གི་རྩ་བར། སྒྱེ་སྣོད་བསྒང་བ་ས་བསྒང་ཡིན། །ཞེས་པའི་ཚིག་རྐང་འདིར་འབྲུ་གནོན་བྱེད་སྐབས་སྒྱེ་སྣོད་བསྒང་བ་ཞེས་སྒྱེ་སྣོད་རིལ་མོར་བྱེད་པར་གོ་བ་བླངས་དགོས་པས། དེ་ལྟར་ན་དོན་དང་མི་འབྲེལ་ཞིང༌། དེ་ལས་ནོར་བཅོས་བྱས་ཏེ་(སྒྱེ་སྣོད་བཀང་བ་བ་བཀང་ཡིན།།) ཞེས་སྒྱེ་སྣོད་འབྲུ་སོགས་ཀྱིས་གང་བར་བྱེད་པའི་དོན་ལ་འཇུག་པས་གོ་བ་བླང་བདེ་ལ་དོན་དང་འབྲེལ་ཆེ་སྙམ། ལར་ཡིག་འབྲུ་འདི་གཉིས་སྒྲ་ཕྲན་བུ་འདྲ་བའི་ཆ་ནས་ཡིག་ནོར་མིན་པའི་ངེས་པ་མེད་པས་བརྟག་པར་བྱ་བའི་གནས་སུ་འཇོག་རིགས་སོ། །
༡༡) རྩ་བར།    གནས་ནས་སྤགས་པ་ས་སྤགས་ལ། །དཔག་ཏུ་མེད་པ་ད་དཔག་ཡིན། །པགས་པ་དག་ནི་པགས་རྐྱང་ལ། །ལུས་ཀྱི་ལྤགས་པ་ལ་ལྤགས་ཡིན། །དཔལ་འབྱོར་དཔེ་ཆ་ལ་སོགས་པ། །ད་ཡི་ཕུལ་(ཡིས་འཕུལ)་བས་ཤེས་པར་བྱ། །ཤིང་གི་སྟག་དང་དུད་འགྲོའི་སྟག །ས་སྟག་ཡིན་པས་ཤེས་པར་བྱ། །
༡༤༤༽ གནས། ༡) མི་དང་སྲོག་ཆགས་ཆེ་ཆུང་ཚང་མའི་སྡོད་སའི་ཁྱིམ་དང༌། ཚང་སོགས་ཀྱི་མིང་སྟེ། གནས་ཁང༌། གནས་ཡུལ། ས་གནས། གནས་སྤོས། ཆུ་གནས། གནས་ཚང༌། སེམས་གནས། གནས་ཆེན། གནས་ཚུལ། གནས་ཡིག གནས་བཤད། ༢) ཤེས་པར་བྱ་བ་སོགས་ཀྱི་མིང་སྟེ། རིག་གནས། རིག་པའི་གནས་ལྔ་དག་ལ་མ་སྦྱང་ན། ། ལྟ་བུ།
༡༤༥༽ སྤགས། ༡) ཐ་དད་པའི་ལས་ཚིག འོག་རིམ་ནས་གོང་རིམ་དུ་སྤོར་བའི་དོན་ཏེ། གོ་གནས་སོགས་སྤག་བྱ། སྤག་བྱེད། སྤགས་ཟིན། སྤོགས་ཤིག ༢ རྩམ་པ་བརྫིས་པའི་ཟན་རིགས། སྤགས་གཡོ་བ། ༣ སྤགས་མཉམ་དུ་ཟ་བའི་ཟས་རིགས། སྤགས་འདེད། སྤགས་ཁུ། སྤགས་མ།
༡༤༦༽  དཔག ༡) ཤེས་ཟིན་པའི་རྟགས་དང་རྒྱུ་མཚན་ལ་བརྟེན་ནས་མ་ཤེས་པའི་དོན་ཤེས་ཐབས་བྱེད་པ་སྟེ། རྒྱ་མཚོའི་གཏིང་དཔོག་བྱེད་ཀྱི་དཔྱད་ཆས། རྒྱ་མཚོ་སོགས་ཀྱི་གཏིང་དཔག་བྱ། དཔོག་བྱེད། དཔག་ཟིན། དཔོགས་ཤིག ༢) བརྟག་དཔྱད་བཏང་བའི་དོན་ཏེ། གཞུང་དོན་ལ་དཔག་དགོས། མི་བཟང་ངན་ལ་དཔག་དགོས། ཅ་ལག་བཟང་ངན་ལ་དཔག་པ། (ས) མཁས་པ་ཡོན་ཏན་དཔ༵ག་མེད་ཀྱང༌། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟརརྒྱུན་དུ་དཔྱད་པ་ཡིས། །རིང་པོར་མི་ཐོགས་མཁས་པར་འགྱུར། །
༡༤༧༽ པགས། སྲོག་ཆགས་ཀྱི་པགས་པ་སྟེ། གཟིག་གི་པགས་པ། སྟག་གི་པགས་པ། ཝའི་པགས་པ། ཁྱིའི་པགས་པ། གཡི་ཡི་པགས་པ། ལུག་གི་པགས་པ། རྟའི་པགས་པ། རའི་པགས་པ། ལྟ་བུ།
༡༤༨༽ ལྤགས། པགས་པའི་མིང་སྟེ། དག་ཡིག་གི་ལུགས་ལྟར་གོང་གི་གཟིག་གི་པགས་པ། སྟག་གི་པགས་པ། རའི་པགས་པ་སོགས་ཀྱི་བར་གྱི་དྲུག་སྒྲ་བསྡུས་ན། གཟིག་ལྤགས། སྟག་ལྤགས། ར་ལྤགས་ཞེས་ལ་མགོ་ཅན་གྱི་ལྤགས་པ་འདི་བཞིན་སྦྱོར་དགོས་པ་ཤེས་པར་གྱིས།    
༡༤༩༽ དཔལ་འབྱོར། སྤྱིའམ་སྒེར་ཡང་ན་མི་རེ་རེ་བའི་རྒྱུ་ནོར་གྱི་མིང་སྟེ། དཔལ་འབྱོར་མེད་ན་མི་གྲལ་དུ་ཚུད་དཀའ། དཔལ་འབྱོར་ཅན་གྱི་རྒྱལ་ཁབ། དཔལ་འབྱོར་ལོངས་སྤྱོད་ཅི་ཙམ་ཆེ་ན་ཡང་ཤི་དུས་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་ཐོགས་མེད། ལྟ་བུ།
༡༥༠༽ དཔེ་ཆ། རིག་གནས་ཡིག་ཐོག་ཏུ་བཀོད་པའི་གླེགས་བམ་མམ་དེབ་ཀྱི་མིང་སྟེ། དཔེ་ཆ་མདའ་ཚད་མ། མགོ་ཚད་མ། དཔེ་རིང༌། དཔེ་ཐུང༌། དཔེ་གསར། དཔེ་རྙིང༌། རང་གིས། དཔེ༵་ཆ༵་བརྒྱ་ཕྲག་མཇལ་བའི་ཉམས་མྱོང་ཅན། །རྩོམ་ཚེ་སྨྱུག་རྩེ་ལྷ་ཡིས་བསྒུལ་དང་མཚུངས། །ལྟ་བུ།
༡༥༡༽ ཕུལ། བོད་ཡིག་གི་སྔོན་འཇུག་ལྔའི་མིང་སྟེ། གས་འཕུལ། འས་འཕུལ། བས་འཕུལ་སོགས་ལྟ་བུ། སུམ་རྟགས་ཀྱི་དཔེ་དག་མ་རྣམས་སུ་འཕུལ་ཞེས་སྔོན་འཇུག་འ་ཡིག་བྲིས་འདུག་ཀྱང་གཞུང་འདིར་ཕུལ་ཞེས་འབྱུང་བས་བརྟག་པར་འཚལ།
༡༥༢༽ སྟག ༡) སྟག་གཟིག་གཉིས་ཀྱི་སྟག་སྟེ། གཅན་གཟན་ཆེ་ཞིང་གཏུམ་པ། བཟོ་ལྟ་ཞི་མི་དང་འདྲ་ལ། སྤུ་མདོག་དམར་སེར་ཐིག་ལེ་ནག་པོ་ཡོད་པ་ཞིག་ཡིན་ཞིང་དེའི་རུས་པ་ནི་སྨན་མཆོག་རིན་གོང་ཅན་ཞིག་ཀྱང་ཡིན་ནོ། ། ༢) ཤིང་སྟག་པ་དང༌། སྟག་མ་ལའང་འཇུག་གོ། །
༡༥༣༽ དུད་འགྲོ། མགོ་བོ་གུག་པའམ་དུད་དེ་འགྲོ་བའི་རྟ་གླང༌། ར་ལུག་སོགས་སེམས་ཅན་སྤྱིའི་མིང༌། (ས) སྨྲས་ཤིང་བསྐུལ་བར་གྱུར་པ་ན། །དུ༷ད་འགྲོ༵་ལ་ཡང་གོ་བ་སྐྱེས། ། ལྟ་བུའོ། །
༡༢) རྩ་བར།    དམིགས་པ་དག་ནི་ད་དམིགས་ལ། །དུད་འགྲོའི་རྨིག་པ་ར་རྨིག་ཡིན། །འཚོ་བྱེད་སྨན་པ་ས་སྨན་ལ། །སྐྱེ་བ་དམན་པ་ད་དམན་ཡིན། ། ཁང་པའི་སྒོ་ནི་ས་སྒོ་ལ། །ཕྱེ་མ་བགོ་བ་བ་བགོ་ཡིན། །མགྱོགས་པར་འགྲོ་བ་མ་མགྱོགས་ལ། །ཁྱོགས་ལ་འགྱོགས་པ་འ་འགྱོགས་ཡིན། །
༡༥༤༽ དམིགས། ༡) ཐ་དད་པའི་ལས་ཚིག དུས་གསུམ་ཀར་ཡིག་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན་ལ། ལྟ་བ་དང་བརྟག་པའི་དོན་ཏེ། སློབ་ཕྲུག་ལ་དམིགས་ཏེ་སློབ་ཁྲིད་བྱེད། སློབ་མའི་ཁམས་དང་དབང་པོ་སོགས་ལ་དམིགས་ཏེ་ཆོས་བཤད། མི་དམངས་ཀྱི་གནས་སྟངས་ལ་དམིགས་ཏེ་རོགས་རམ་བྱེད། ༢) ལོགས་དང་ཟུར་གྱི་མིང་སྟེ། དམིགས་སུ་བཀར་ཏེ་སྐད་ཆ་བཤད་པ། ནད་པ་འདིར་དམིགས་བསལ་གྱིས་བརྟག་དཔྱད་བྱེད་དགོས།
༡༥༥༽ རྨིག་པ། རྟ་ནོར་ལུག་སོགས་ཀྱི་རྐང་ལག་གི་སྣེའི་ཤུན་སྐོགས་རྭ་ལྟ་བུ་དེའི་མིང་སྟེ། རྟའི་རྨིག་པ། གཡག་གི་རྨིག་པ། ཚིག་བསྡུས་ན་རྨིག་ལྕགས། རྨིག་ཆེན། རྨིག་དབྱིབས་སོགས་ལྟ་བུ།
༡༥༦༽ འཚོ་བྱེད། འདིར་གོ་རྒྱུ་མང་སྟེ། མིང་གི་མངོན་བརྗོད་དུ། ༡ ཆུ། ༢ མེ། ༣ མེ་ལྷ། ༤ སྨན། ༥ སྨན་པ། ༦ ཟས་གོས། ༧ ཟླ་བ། ༨ གཟའ་ཕུར་བུ་བཅས་ལའོ། །འོན་ཀྱང་སྐབས་འདིར་སྨན་པར་གོ་བ་ལེན་དགོས།
༡༥༧༽ སྨན་པ། ༡) ཐ་མི་དད་པའི་ལས་ཚིག ཕན་པའི་མིང་སྟེ། གཞུང་དོན་ལ་སྨན་པ་ཞིག་བྱེད་དགོས། གསུང་བཤད་དམངས་ལ་སྨན་པ་ཞིག་གནང༌། ༢ )ལྷ་རྗེའམ་གསོ་རིག་མཁས་པའི་མིང་སྟེ། སྨན༵་པ༵འི་དོར་བའི་ནད་པ་འགར། །ཞབས་རིམ་བསྒྲུབས་པའི་དྲག་པའང་ཡོད། ། ༈ སྨན་པ་དཀའ་བཅུ་བ། སྨན་པ་འབུམ་རམས་པ། སྨན་པ་རབ་འབྱམས་པ། ལྟ་བུ།
༡༥༨༽ སྐྱེ་བ། ༡)ཐ་མི་དད་པའི་ལས་ཚིག སྔར་མེད་གསར་དུ་འབྱུང་བའི་མིང་སྟེ། མེ་ཏོག་དང་ཕྲུ་གུ་སོགས་སྐྱེ་བྱ། སྐྱེ་བྱེད། སྐྱེས་ཟིན། ལྟ་བུའོ། ། ༢) ཡང་མིའི་མི་ཚེའི་མིང་སྟེ། སྐྱེ་བ་སྔ་ཕྱི། སྐྱེ་བ་གཅིག་གི་རིང་ལ། ༈ (ས) རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ༵་བ༵་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ལྟ་བུ།
༡༥༩༽ དམན། ཆེས་བརྗོད་ཀྱི་མིང་མཆོག་གི་ལྡོག་ཟླའི་མིང་སྟེ། ཡོན་ཏན་དམན་པ། ཤེས་ཚད་དམན་པ། དཔལ་འབྱོར་དམན་པ། མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་མང་དུ་འབྱེད་རྒྱུ་ཡོད་དོ། །
༡༦༠༽ ཁང་པ། མིའི་སྡོད་གནས་དང་ཅ་ལག་སོགས་འཇོག་ས་ཆེད་དུ་བཟོས་པ་ཞིག་གི་མིང་སྟེ། ཁང་རྩེག སྟེང་ཁང༌། བར་ཁང༌། འོག་ཁང༌། ལས་ཁང༌། ཁང་མིག བོད་ཁང༌། རྒྱ་ཁང༌། ཁང་རྒྱབ། ཁང་མཐའ། ཁང་ཟུར་སོགས་ལྟ་བུ།
༡༦༡༽ སྒོ། ཁང་པའི་ཕྱི་ནང་དུ་འགྲོ་འོང་བྱེད་ས་དེའི་མིང་སྟེ། འཇུག་སྒོ། རྒྱ་སྒོ། ཕྱི་སྒོ། ནང་སྒོ། སྒོ་ལྕགས། སྒོ་འགྲམ། སྒོ་ཁྱི་སོགས་དེ་འབྲེལ་གྱི་མིང་མང་དུ་སྦྱར་ཏེ་ཤེས་གལ།
༡༦༢༽ ཕྱེ་མ། འབྲུ་ནས་སོགས་ཞིབ་མོར་འཐག་པའི་ཕྱེ་མའི་མིང་སྟེ། ནས་ཕྱེ། གྲོ་ཕྱེ། སྲན་ཕྱེ། འོ་ཕྱེ། སྨན་ཕྱེ་སོགས་ལྟ་བུ།
༡༦༣༽ བགོ། ༡) ཐ་དད་པའི་ལས་ཚིག བགོ་བཤའ་རྒྱག་པའི་དོན་ཏེ། དངུལ་སོགས་བགོ་བྱ། བགོད་བྱེད། བགོས་ཟིན། བགོས་ཤིག་ལྟ་བུ།
༡༦༤༽ མགྱོགས། དལ་བའི་ལྡོག་ཕྱོགས་ཀྱི་མིང་སྟེ། རྐང་མགྱོགས། ལག་མགྱོགས། མགྱོགས་འགྲོ། མགྱོགས་འདོན། མགྱོགས་བཤད། (ས )སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། །མིག་ལྡན་གཞན་ལས་ལྷག་པར་མགྱོ༵གས། །
༡༦༥༽ ཁྱོགས། འགྱོགས་ཁྲིའམ་འགྱོགས་བྱམས།  ཁྱོགས་ཤིང༌། ཁྱོགས་རས། འདོ་ལི་སོགས་ཀྱི་མིང་སྟེ། གནའ་སྔ་མོའི་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན།
༡༦༦༽ འགྱོགས། ལས་ཚིག་ཐ་དད་པ། ཅ་དངོས་ཡར་འདེགས་པའི་དོན་ཏེ། ཕ་བོང་སོགས་ཡར་བཀྱག་བྱ། འགྱོགས་བྱེད། བཀྱགས་ཟིན། ཁྱོགས་ཤིག ༈ དག་ཡིག་འགའ་ཞིག་ཏུ། འདིའི་མ་འོངས་པར་འགྱོགས་འབྲི་བའང་སྣང་བས་དེ་གཉིས་གང་བྱེད་ཀྱང་འཐུས་སྙམ། རྒྱུ་མཚན་ནི། སྔོན་འཇུག་གི་ཕོ་ཡིག་བ་དང་མོ་ཡིག་འ་གཉིས་ཀས་མ་འོངས་པར་བསྒྲུབ་ཕྱིར་དུ་འཇུག་པ་མཚུངས་པའི་ཕྱིར་རོ།།
༡༢) རྩ་བར།    ཕྱག་ཏུ་བཞེས་པ་བ་བཞེས་ལ། །དུས་ཀྱི་གཞེས་པ་ག་གཞེས་ཡིན། །གཞོན་ནུ་མ་ནི་ག་གཞོན་ལ། །འོག་ཏུ་བཞོན་པ་བ་བཞོན་ཡིན། །ཤིང་གི་སྨྱུག་མ་ས་སྨྱུག་ལ། །སྟོང་ཉིད་གཉུག་མ་ག་གཉུག་ཡིན། །ཉེ་བའི་གཉེན་དང་བཤེས་གཉེན་དང༌། །གཉེར་པ་ལ་སོགས་ག་གཉེར་ལ། །
༡༦༧༽ ཕྱག ༡)ཐ་དད་པའི་ལས་ཚིག གད་ཕྱགས་པའི་དོན་ཏེ། གད་སྙིགས་སོགས་ཕྱག་བྱ། འཕྱག་བྱེད། ཕྱགས་ཟིན། ཕྱོགས་ཤིག ༢) ལག་པའི་ཞེ་ས་སྟེ། བླ་མའི་ཕྱག་མཛུབ། ཁོང་གཉིས་ཀྱིས་ཕྱག་འཇུ་གནང་སྟེ་གྱེས། ཕྱག་རྗེས། ཕྱག་རྒྱུན། ཕྱག་ལེན། ཕྱག་སྲོལ། ༣) ཞིང་ཁྱད་པར་ཅན་སོགས་ལ་གུས་པ་བྱེད་ལུགས་ཤིག་གི་མིང་སྟེ། དཀོན་མཆོག་ལ་ཕྱག་འཚལ། དགེ་རྒན་ལ་ཕྱག་འཚལ་སོགས་གོ་རྒྱུ་མང་སྟེ། སྐབས་འདིར་ལག་པའི་ཞེ་སར་གོ་དགོས།
༡༦༨༽ བཞེས། ༡) ཐ་དད་པའི་ལས་ཚིག ཟོས་པའམ་བཏུང་བའི་ཞེ་ས་སྟེ། གསོལ་ཇ་བཞེས། གསོལ་ཚིགས་བཞེས། ༢) ཁས་བླངས་པའི་ཞེ་ས་སྟེ། ཞལ་གྱིས་བཞེས། བདག་གིར་བཞེས་སོགས་ལྟ་བུ།
༡༦༩༽ གཞེས་པ། ༡) དེ་རིང༌། སང་ཉིན། གནངས་ཉིན། གཞེས་ཉིན་ཏེ་ཉིན་བཞི་པའི་མིང་ཡིན། ༢) གནས་པའམ་ཡོད་པའི་ཞེ་ས་སྟེ། འཚོ་ཞིང་གཞེས་ཞེས་པ་ལྟ་བུ།
༡༧༠༽ གཞོན། ན་ཚོད་ཆུང་བའི་བུ་དང་བུ་མོའི་མིང་སྟེ། གཞོན་ནུ་མ། ལུས་ལ་གཞོན་ཤ་ཆགས་པ། (ས) རིག་པ་གཞོ༵ན་པའི་དུས་སུ་བསླབ། །བ་ནི་དགུན་གྱི་དུས་སུ་གསོ། །ས་བོན་དཔྱིད་ཀྱི་དུས་སུ་འདེབས། །དེ་གསུམ་འབྲས་བུ་སྨིན་པའི་རྒྱུ། །
༡༧༡༽ བཞོན་པ། རྟ་དང་གཡག་སོགས་ལ་ཞོན་པའི་དོན་ཏེ། བཞོན་བྱའི་རྟ། རྟ་ལ་བཞོན་ནས་སོང༌། རྟ་ལ་ཞོན་མཁན། རྟ་ལ་བཞོན་ནས་གླུ་བླངས་སོགས་ལྟ་བུའོ། །
༡༧༢༽ སྨྱུག་མ། བུ་ག་ཅན་གྱི་ཤིང་ཞིག་སྟེ། སྐུ་ལུས་ཚིགས་དྲུག་གི་སྨྱུག་མ་ལྟར་དྲང་བ་ཞེས་པ་ལྟ་བུ། རྩ་བར་དེ་ལ་ཡང་འཇུག་ས་བྲིས་འདུག་ཀྱང་དེང་དུས་དེ་ལྟ་བུར་བྲིས་ཡོད་པ་ད་བར་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་མོད། དེ་ལྟ་བུའི་མིང་ཚིག་རེ་གཉིས་ཀྱི་རྗེས་སུ་ཡང་འཇུག་ཐོབ་མིན་ཐད་ལ་ཕྲན་གྱིས་རྨོངས་ཚོད་ཀྱིས་ཁ་ཚོན་གཅོད་མི་སྤོབས་ཏེ། གཞུང་ཆེན་པོ་རྣམས་སུ་བར་ལམ་འབྲི་སྲོལ་མེད་པའི་ཡང་འཇུག་ས་བྲིས་པ་མང་དུ་མཇལ་རྒྱུ་ཡོད་པའི་ཕྱིར་ཏེ། དཔེར་ན། མང་ཉུང་གི་མང་ལ། ལམ་རིམ་ཆེན་མོ་སོགས་ལས། ཚིག་མངས་སུ་དོགས་ནས་མ་བྲིས་སོ། །ལྟ་བུ་སྐབས་དུ་མར་འབྱུང་བས་དོན་གཉེར་ཅན་རྣམས་ཀྱིས་བརྟག་ཞིབ་ཡང་ཡང་གནང་དགོས་པ་གལ་ཆེན་པོར་མཐོང་ངོ༌། །
༡༧༣༽ སྟོང་ཉིད། ཆོས་ཉིད་སྟོང་པ་ཉིད་ཀྱི་བསྡུས་མིང་སྟེ། བཞི་བརྒྱ་པ་ལས། སྟོ༵ང་པ་ཉི༵ད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། ། ༈ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། རང་གིས། རྒྱུ་འབྲས་རྟེན་འབྱུང་རྒྱ་ཆེར་ཤེས་པ་དེས། །ཟབ་མོ་སྟོང་པ་ཉིད་ཀྱང་རྟོགས་པར་འགྱུར། །སྤྲོས་བྲལ་སྟོ༵ང་ཉི༵ད་ལྟ་བ་མ་བརྙེས་ན། །ཆོས་གཞན་གང་གིས་ཐར་པ་ཐོབ་མི་འགྱུར། །ལྟ་བུ།
༡༧༤༽ གཉུག་མ། ༡) གནས་ལུགས་སམ་གཤིས་ལུགས། ༢) གདོད་མ་སྟེ་ཐོག་མ་ཐོག་མའི་དོན་ལ་འཇུག དཔེར་ན། གཉུག་མའི་ཡེ་ཤེས། གཉུག་མའི་སེམས། གཉུག་མའི་སེམས་ཅན། ལྟ་བུ།
༡༧༥༽ གཉེན། ཁྱོ་ཤུག་གི་འབྲེལ་བ་ཡོད་པ། ཤ་ཁྲག་གི་འབྲེལ་བ་ཡོད་པའི་རིགས་རྒྱུད་གཅིག་པ་སྟེ། གཉེན་ཉེ་དུ། ཕ་ཕྱོགས་ཀྱི་གཉེན། མ་ཕྱོགས་ཀྱི་གཉེན། ལུང་པ་ཁ་ཤས་ཀྱིས་ཉེ་མཛའ་ཡང་ཟེར་སྲོལ་ཡོད།
༡༧༦༽ བཤེས་གཉེན། སྤྱིར་བཤེས་ཞེས་པ། མཐུན་པའམ་འཆམ་པའི་དོན་ཏེ། མཛའ་ཞིང་བཤེས་པ། མཛའ་བརྩེ་ལྡན་པའི་ཉན་མཁན་གྲོགས་པོ་རྣམ་པ་ཚོ། ༡) ཆོས་ཕྱོགས་ཀྱི་མཛའ་གྲོགས་སམ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁན་ནམ་དགེ་བའི་ཕན་ཡོན་དང༌། སྡིག་པའི་ཉེས་དམིགས་ཤོད་མཁན་ཏེ་དགེ་བའི་བཤེས་གཉེན། བཤེས་གཉེན་དགྲ་རུ་འཛིན་པའི་ངན་སེམས། ༈ རྗེ་རིན་པོ་ཆེས། བཤེ༵ས་གཉེ༵ན་དམ་པ་ལེགས་པར་མཉེས་བྱས་ནས། །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཤོག །ཅེས་པ་དང༌། རང་གིས། བཤེ༵ས་གཉེ༵ན་དམ་པའི་དྲིན་ལས་བདག་བློ་རྒྱས། །བདག་བློ་རྒྱས་པའི་གཏམ་སྙན་འདི་སྤེལ་བས། །ལྟ་བུའོ། ། ༢) ཉི་མའི་མིང་གི་མངོན་བརྗོད་ཡིན་པར་བཤད། 
༡༧༧༽ གཉེར་པ། ༡) དམིགས་ཡུལ་སོགས་འགྲུབ་ཆེད་འབད་བརྩོན་བྱེད་པའི་དོན་ཏེ། སྲིད་འཛིན་གྱི་གོ་ས་དོན་དུ་གཉེ༵ར། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེ༵ར། ཁོག་ལ་རང་དོན་གཉེ༵ར་ནས། ཁ་ནས་གཞན་དོན་ཤོད། ༢) སྤྱིའི་ནོར་རྫས་སོགས་དོ་དམ་བྱེད་མཁན་གྱི་མིང་སྟེ། དགོན་པ་དང་གྲྭ་ཚང༌། ཁམས་ཚན་སོགས་ཀྱི་གཉེར་པ། དཀོན་གཉེར། སྐུ་གཉེར། དངུལ་གཉེར། ཁང་གཉེར། མགྲོན་གཉེར་སོགས་ལྟ་བུ། གཉེར་བ་ཞེས་མིང་མཐར་བ་ཞུགས་ཚེ་གཉེར་པ་ཞེས་པ་དང་མི་འདྲ་བར་གོང་བཞིན་དོན་དུ་གཉེར་བ་ལ་འཇུག་པའི་ཚུལ་ཞིབ་མོ་བློས་བརྟག་པར་འཚལ། ༣) གདོང་དང༌། ལྭ་བ་སོགས་ལ་རི་མོའི་ཤུར་མ་ལྟ་བུ་སྟེ། ཁྲོ་བའི་གཉེར་མ། རྒས་པའི་གཉེར་མ། ལྭ་བའི་གཉེར་མ། ཆུའི་གཉེར་མ་ཞེས་པ་ལྟ་བུའོ། །
༡༤) རྩ་བར།    ཚུར་ལ་བསྙེན་པ་ས་བསྙེན་ཡིན། །རླིག་པ་རློན་པ་རླངས་པ་ཆེ། །ར་ལ་ལ་འདོགས་ཤེས་པར་བྱ། །གཡང་ས་ཆེ་དང་གཡང་ལོན་བྱེད། །ག་ཡི་ཕུལ་(ཡིས་འཕུལ་)བས་ཤེས་པར་བྱ། །དབྱངས་ལེན་པ་ནི་ད་དབྱངས་ལ། །མིག་འཕྲུལ་སྒྱུ་མ་ས་སྒྱུ་ཡིན། །ལུས་ཀྱི་རྒྱུ་མ་ར་རྒྱུ་ལ། །རིན་ཆེན་མཚལ་ནི་མ་མཚལ་ཡིན། །ཞེ་སའི་འཚལ་ནི་འ་འཚལ་ལ། །རྒྱ་མཚོ་དག་ནི་མ་མཚོ་ཡིན། །རྒྱུ་ཡི་འཚོ་བ་འ་འཚོ་ལ། །ལམ་ལ་འཚེར་བ་འ་འཚེར་ཡིན། །མཚེར་དུ་བསྐྱལ་བ་མ་མཚེར་ལ། །
༡༧༨༽ བསྙེན་པ། ༡)ཐ་དད་པའི་ལས་ཚིག ཐག་ཉེ་བར་གཏོང་བའམ་བསྟེན་པའི་དོན་ཏེ། དགེ་རྒན་སོགས་བསྙེན་བྱ། སྙེན་བྱེད། བསྙེན་ཟིན། སྙེནད་ཅིག ༢) བསྙེན་བཀུར། བསྟི་སྟང་ངམ་ཞབས་ཏོག་སྒྲུབ་པའི་དོན་ཏེ། དགེ་འདུན་གྱི་སྡེ་ལ་མང་ཇ་བསྙེན་བཀུར་ཞུ་བ། རང་གི་དགེ་རྒན་དང་ཕ་མ་མི་རྒན་པ་བཅས་ལ་བསྙེན་བཀུར་ཞུ་མཁན་གྱི་མི་ཡ་རབས། ༣) བསྙེན་སྒྲུབ། རང་གི་སེམས་དང་ཡི་དམ་ལྷ་ཡི་ཐུགས་གཅིག་ཏུ་འདྲིས་ཆེད་ཡི་དམ་ལྷ་དང་ཉེ་བར་འགྲོགས་པའི་སྤྱོད་པ། འཇིགས་བྱེད་བསྙེན་སྒྲུབ། གསང་བ་འདུས་པའི་བསྙེན་སྒྲུབ་སོགས་རྒྱུད་སྡེ་བཞིའི་བསྙེན་སྒྲུབ་འདྲ་མིན་ཡོད་དོ། ། ༤) བསྙེན་གནས། ཉིན་ཞག་ཕྲུགས་གཅིག་གི་རིང་ལ་བསྲུང་བསྡོམས་བྱེད་པའི་ཁྱིམ་པའི་བླངས་པའི་སོ་ཐར་གྱི་སྡོམ་པ་ཞིག བསྙེན་གནས་ལ་གནས་པ། དེ་དང་ཐེག་ཆེན་གསོ་སྦྱོང་ལ་ཞུ་བ་པོའི་ཀུན་སློང་གི་ཁྱད་པར་ལས་བསྲུང་བྱ་ལ་ཁྱད་པར་མེད། འོན་ཀྱང་ཐེག་ཆེན་གསོ་སྦྱོང་ནི་དགེ་ཚུལ་སློང་གི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་རྣམས་ཀྱིས་ཀྱང་ཞུས་ན་ཕུན་སུམ་ཇེ་ཚོགས་འགྲོ་བ་ལས་འགལ་བ་མེད། བསྙེན་གནས་ཀྱི་སྡོམ་པ་ནི་དེ་དག་གིས་ཞུ་མི་རིགས་ཏེ་སྡོམ་པ་གོང་མ་རྣམས་རིམ་གྱིས་སྟོང་པའི་ཕྱིར་རོ། །
༡༧༩༽ རླིག་པ། ཕོའི་སྐྱེ་འཕེལ་དབང་པོའི་ཆ་ཤས་ཤིག་སྟེ། མཇེའི་འོག་ཏུ་འཕྱང་བའི་རླིག་འབྲས་གཉིས་དང་དེའི་ཕྱི་ཤུན་བཅས་ཀྱི་མིང༌། རླིག་རིལ། རླིག་རླུགས།  རླིག་སྐྲངས། མཇེ་རླིག ལྟ་བུ།
༡༨༠༽ རློན་པ།  ཐ་དད་པའི་ལས་ཚིག་ཆུས་བརླན་པའི་དོན་ཏེ། གོས་སོགས་ཆར་གྱིས་བརླན་བྱ། རློན་བྱེད། བརླན་ཟིན། རློནད་ཅིག ལྟ་བུ།
༡༨༡༽ རླངས་པ། ༡)ཚ་དྲོད་ལས་ཐོན་པའི་རླངས་པ་སྟེ། ཁ་རླངས། ཆུ་འཁོལ་སྐབས་ཀྱི་རླངས་པ། རླངས་འཁོར། གཏམ་དཔེར། མེ་དུ་བ་མེད་པ་གཏོང་མི་ཤེས། །ཆུ་རླངས་པ་མེད་པ་སྐོལ་མི་ཤེས། ། ༢) འཁོར་ལྔ་སྡེའི་བཟང་པོའི་ཡ་གྱལ་གྱི་རླངས་པ། འཁོར་ལྔ་སྡེ་བཟང་པོ་ནི།   ཀུན་ཤེས་ཀོོཽནྜི་ནྱ་དང༌། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ནོ། །
༡༨༢༽ གཡང་ས།
བྲག་གཟར་དང་གཅོང་རོང་གི་མིང་སྟེ། སྟག་མ་བུ་གཉིས་གཡང་སར་ལྷུང༌། དོན་རྟོགས་བཞིན་ལག་ལེན་དུ་མི་སྟེར་བ་ནི་མིག་ལྡན་གཡང་སར་མཆོང་བ་དང་འདྲ།
༡༨༣༽ གཡང༌། ༡) རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་སྤྱི་མིང་སྟེ། དཔར་ཆས་དང༌། གཟུགས་མཐོང་གློག་འཕྲིན། ལག་ཐོགས་ཁ་པར། ཀློག་ཀླད། ལྟ་བུ། གཡང་ལོན་བྱེད་ནི་དངུལ་སྒོར་སོགས་ཡིན་པར་སྙམ། ༢ རྒྱུ་ནོར་ལོངས་སྤྱོད་སོགས་འགུག་བྱེད་ཀྱི་ཆོ་ག་ཞིག་སྟེ། རྣམ་སྲས་ཀྱི་སྒོ་ནས་གཡང་སྒྲུབ་ཀྱི་ཆོ་ག་བྱེད་ལྟ་བུའོ། །
༡༨༤༽ དབྱངས། སྒྲའི་བྱེ་བྲག་ཅིག་སྟེ། གདངས་སམ་ང་རོ། གླུ་དབྱངས། སྒྲ་དབྱངས། དབྱངས་རྟ།  དབྱངས་སུ་གྱེར་བ། དབྱངས་ཅན་མ། འཇམ་པའི་དབྱངས། གསུང་དབྱངས། ལྟ་བུ།
༡༨༥༽ སྒྱུ་མ། ༡) སྤྱིར་སྒྱུ་ཞེས་པ་གཞན་བསླུ་བར་བྱེད་པའི་གཡོ་སྤྱོད་ཅིག་སྟེ། མི་གཡོ་སྒྱུ་ཅན་ལ་བློ་མ་གཏད། གཡོ་སྒྱུས་མི་མང་པོ་མགོ་སྐོར་གཏོང་མཁན། ༢) སྒྱུ་མ། མིག་འཁྲུལ་བར་བྱེད་པའི་ལྟད་མོའི་རིགས་ཤིག་སྟེ། སྒྱུ་མ་མཁན་གྱིས་ལྡེའུ་ཤིང་བ་གླང་སྟག་སེང་སོགས་སུ་སྤྲུལ་བ། ལྟ་བུ།
༡༨༦༽ རྒྱུ་མ། སྤྱིར་རྒྱུ་ཞེས་པ་དེར་གོ་རྒྱུ་ཆེན་པོ་བཞི་ཡོད་པ་རིམ་བཞིན་འགོད་ན་འདི་ལྟར། ༡) རྒྱུ་འབྲས་གཉིས་ཀྱི་རྒྱུ་སྟེ། རྒྱུ་དགེ་བ་བྱས་པ་ལ་འབྲས་བུ་བདེ་བ། །རྒྱུ་སྡིག་པ་བསགས་པ་ལ་འབྲས་བུ་སྡུག་བསྔལ། ། ༈ རྒྱུ་འབྲས་བསླུ་བ་མེད་པ་ནི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །༢) འགྲོ་བའམ་སོང་བའི་དོན་ཏེ། འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱུ་མཁན། གྲོང་དུ་རྒྱུ་བ། མདུན་དུ་རྒྱུ་བ། ༣) བདོག་པའམ་ནོར་རྫས་ཀྱི་མིང་སྟེ། རྒྱུ་ནོར་ལ་སེར་སྣ་མེད་པར་མཆོད་སྦྱིན་བྱེད་དགོས། ༈ རྒྱུ་ནོར་རང་ཉིད་ཀྱི་གཡོག་ཏུ་བཀོལ་བ་ལས་རང་ཉིད་རྒྱུ་ནོར་གྱི་གཡོག་ཏུ་སོང་ཚེ་རྒྱུ་ཡོད་ཀྱང་གོ་མ་ཆོད་པ་ཡིན། ༤) རྒྱུ་མ་ནི། མི་ཟོག་གི་ཁོག་པའི་ནང་དུ་ཡོད་པའི་དོན་ལྔ་སྣོད་དྲུག་གི་ཡ་གྱལ་ཞིག་སྟེ། དེའི་བྱེད་ལས་ནི། ཟས་འཇུ་བྱེད་དང་དྭངས་མ་རྣམས་སོ་སོའི་གནས་སུ་འདྲེན་ཞིང་རྒྱུ་བར་བྱེད་པ་ཡིན་ནོ། །ཁ་དཔེར། ཉིན་ཞག་པོ་ཏི་རྩེག་རྩེག །ལས་བྲེལ་རྒྱུ་མ་རྒྱོང་རྒྱོང༌། ། ༈ རྒྱུ་མ་ཆད་ཀྱང་ཞག་གསུམ་ཁོམ། ། ལྟ་བུ།
༡༨༧༽ མཚལ། ༡) མདོག་དམར་ཞིང་རྡོག་རྡོག་ཡིན་པའི་གཏེར་རྫས་ཀྱི་རིགས་ཤིག་སྟེ། དངུལ་ཆུའི་རྒྱུ་ཆ་གཙོ་བོ་ཞིག་ཡིན། ཞིབ་ཁྲོལ་བརྡུངས་ནས་ཚོན་རྩི་བྱེད་ཆོག ༢) ཁྲག་གི་ཞེ་ས་སྟེ། ཕྱག་མཚལ། སྐུ་མཚལ། ཤངས་མཚལ། ༣) རིན་པོ་ཆེ་མཚལ་དང་ཁ་དོག་འདྲ་བའི་ཚོན་གྱི་མིང་དུ་བཤད་དོ། །
༡༨༨༽ འཚལ། ༡) ཐ་དད་པའི་ལས་ཚིག བྱེད་པའི་དོན་ཏེ། ཕྱག་སོགས་འཚལ་བྱ། འཚལ་བྱེད། བཙལ་ཟིན། འཚོལད་ཅིག ༢ མཁྱེན་པའམ་ཤེས་པའི་བརྡ་རྙིང་སྟེ། གང་དགོས་ཆ་མ་འཚལ་ཞེས་པ་ལྟ་བུ།
༡༨༩༽ རྒྱ་མཚོ། ནམ་མཁའ་ལའང་འགྲན་ནུས་པའི་རྒྱ་ཆེ་གཏིང་ཟབ་ཀྱི་ཆུ་ཆེན་མོ་སྟེ། ཆུ་གཏེར། གང་གཱ་འཛིན། ཆུ་སྲིན་འབྱུང་གནས། ཟླ་བའི་མ་མ་སོགས་མིང་གི་རྣམ་གྲངས་མང་ངོ༌། ། (ས )མཁས་པ་རང་གི་ཡུལ་བས་ཀྱང༌། །ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། །རྒྱ༵་མཚོ༵འི་གླིང་དུ་ག་ལ་བྲིན།།
༡༩༠༽ འཚོ་བ། ༡) ཐ་དད་པའི་ལས་ཚིག གསོ་བའམ་སྐྱོང་བའི་དོན་ཏེ། འཚོ་བྱ། འཚོ་བྱེད། འཚོས་ཟིན། འཚོས་ཤིག ལྟ་བུ། ༢) ཐ་མི་དད་པའི་ལས་ཚིག ཚེ་སྲོག་གནས་པའི་དོན་ཏེ། ནད་མེད་འཚོ་ཞིང་གཞེས། ལུས་སྲོག་འཚོས་ཏེ་གནས་བཞིན་མཆིས།
༡༩༡༽ འཚེར་བ།  ༡) ཐ་མི་དད་པའི་ལས་ཚིག འགྱོད་པ་སྐྱེ་བ་དང་སྐྲག་པ་སོགས་སྐྱེས་པའི་དོན་ཏེ། འཚེར་སྣང༌། ཞེ་འཚེར་ཞེས་པ་ལྟ་བུ། ༢) རྟ་སོགས་ཀྱི་སྐད་འབྱིན་པའི་དོན་ཏེ། རྟ་འཚེར། དྲེལ་འཚེར། ལྟ་བུ། ༣) འོད་འཕྲོ་བའི་དོན་ཏེ། འོད་འཚེར་ཞེས་པ་ལྟ་བུ།
༡༩༢༽ མཚེར། ༡) མིང་ཚིག་སྟེ། འབྲོག་པའི་གནས་སྐབས་སྡོད་ས། མཚེར་ས། མཚེར་ཐོ། མཚེར་རྙིང༌། མཚེར་དུ་ནོར་ཟོག་མང་ངོ༌། ། ལྟ་བུ། ༢) དོན་ལྔ་སྣོད་དྲུག་གི་ཡ་གྱལ་ཞིག་སྟེ། མཚེར་པ་ལ་ན་ཚ་མེད། མཚེར་པར་རྨ་ཐོན་ནས་ན་ཟུག་སྐྱེས་ལྟ་བུའོ། །
  ༡༥) རྩ་བར།    རིན་ཆེན་གསེར་ནི་ག་གསེར་ཡིན། །བསེར་མ་ལངས་པ་བ་བསེར་ལ། །རི་དྭགས་རྙན་ནི་ར་རྙན་ཡིན། །སྙན་པའི་སྒྲ་ནི་ས་སྒྲ་(སྙན)་ལ། །སྡང་བའི་དགྲ་ནི་ད་དགྲ་ཡིན། །རོལ་མོའི་སྒྲ་ནི་ས་སྒྲ་ལ། །གོང་མའི་གསུང་ནི་ག་གསུང་ཡིན། །དྲི་བསུང་དག་ནི་བ་བསུང་ལ། །
༡༩༣༽ རིན་ཆེན། ༡) ཅ་ལག་སོགས་ཉོ་བར་སྟེར་འོས་པའི་སྒོར་མོ་སོགས་ལ་རིན་ཞེས་ཟེར། དཔེར་ན། དཀར་ཡོལ་དེ་ལ་རིན་ག་ཚོད་རེད། སྨྱུ་གུ་དེར་རིན་པ་ག་ཚོད་སྤྲད་ཡོད་ཅེས་པ་ལྟ་བུ། ༢) རིན་ཆེན་ཞེས་པ་ནི། རིན་ཐང་ཆེ་བ་དང༌།  རིན་པོ་ཆེའི་བསྡུས་མིང༌། གནའ་མི་བོད་ཀྱི་གཏམ་དཔེར། ཁྲ་ཆུང་མིག་དང་མ་བྲལ་ན། །འཛམ་གླིང་ལྟད་མོ་གར་བལྟ་ཡིན། །རི༵ན་ཆེ༵ན་སྲོག་དང་མ་བྲལ་ན། །འཛམ་གླིང་རྒྱུ་ནོར་ཐུན་མོང་ཡིན། །
༡༩༤༽ གསེར། ༡) ཁ་དོག་སེར་ལ་མཉེན་པའི་ལྕགས་རིགས་དེར་རིན་ཆེན་དང་པོའང་ཟེར། དཔེར་ན། བོང་བུའི་རྣ་བར་གསེ༵ར་བླུགས་ཀྱང་སྤྲུག་སྤྲུག བྱེ་མ་བླུགས་ཀྱང་སྤྲུག་སྤྲུག་ཅེས་པ་དང༌། (ས) རྟ་མཆོག་འགྲོ་བའི་ཚེ་ན་ཤེས། །གསེ༷ར་དངུལ་བཞུས་ན་ཤེས་པར་འགྱུར། །གླང་ཆེན་གཡུལ་ངོར་ཤེས་འགྱུར་ཏེ། །མཁས་པ་ལེགས་བཤད་བརྩམས་ན་ཤེས། ། ༢) མིང་འགའི་སྔོན་དུ་སྦྱར་ན། ཆེ་བརྗོད་དམ་ཞེ་སར་འགྱུར། དཔེར་ན། གསེར་སྙན། གསེར་སྐྱེམས། གསེར་ཞལ། གསེར་ཡིག གསེར་གདུང་སོགས་ལྟ་བུ། ༣) བོད་ཀྱི་རུས་ཤིག་ཡིན་པའང་བཤད་པར་སྣང་ངོ༌། །
༡༩༥༽ བསེར། ༡) སྤྱིར་བསེར་མ་ཞེས་པ་སྐྱེལ་མའི་བརྡ་རྙིང་ཡིན། ༢) རླུང་ཆུང་ངུའི་དོན་ཏེ། བསེར་བུ་ལྡང་ལྟ་བུ་ཡིན། ༣) ཐ་དད་པའི་ལས་ཚིག སེར་སྣ་བྱེད་པའམ་གཅེས་སྤྲས་སུ་བྱེད་པའི་དོན་ཏེ། ཤེས་ལྡན་སུ་ཞིག་རང་གི་ལུས་པོར་མི་བསེར་ཏེ། བསེར་འོས་པ་ཡིན། ༈ ཟང་ཟིང་གི་ཅ་དངོས་ལ་བསེར་ན་ཡི་དྭགས་ཀྱི་ཡུལ་དུ་སྐྱེས་པའི་རྒྱུ་གསོག་གོ། ། ལྟ་བུ།
༡༩༦༽ རྙན།   རི་དྭགས་གཉན་གྱི་འབྲི་ཚུལ་གཞན་པ་ཞིག་གོ། །
༡༩༧༽ སྙན།  གཞུང་འདིའི་རྩ་བར་སྙན་པའི་སྒྲ་ནི་(ས་སྒྲ་ལ)་ཞེས་པ་ས་སྙན་ཞེས་བཅོས་ཡོད། ས་སྒྲ་ཞེས་བྲིས་པ་ནི་པར་སྐྱོན་དུ་ངེས་ཏེ། འདིར་རྙན་དང་སྙན་གཉིས་ཀྱི་དག་ཆར་མགོ་ཅན་གྱིས་ཁྱད་པར་འབྱེད་ཚུལ་བཤད་པའི་སྐབས་ཡིན། ལར་གཞུང་འདིར་སྒྲ་གདངས་ཕྱོགས་ཙམ་མཚུངས་པའི་མིང་ཚིག་ཕྱོགས་གཅིག་ཏུ་བཀོད་དེ། དེར་སྔོན་རྗེས་མགོ་འདོགས་སོགས་འདོར་ལེན་བྱེད་ཚུལ་རང་བློར་ངེས་ནས་ཡི་གེའི་དག་ཆར་མཁས་ཐབས་ནི་གཞུང་འདིའི་སྤྱི་འགྲོས་ལྟ་བུ་ཡིན་ནོ། །
༡༩༨༽ དགྲ།  ༡) གནོད་འཚེ་གཏོང་མཁན་ནམ་ཕས་རྒོལ་གྱི་མིང་སྟེ། སྔ་དགྲ། ད་དགྲ། ཕྱི་དགྲ། དགྲ་འདུལ་གཉེན་སྐྱོང༌། (པ )སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ༵་ལྟར་འཇོམས། ། ༢) གནོད་འཚེའི་མིང་སྟེ། ཆུ་དགྲ་དང་རླུང་དགྲ་སྔོན་འགོག་བྱེད་གལ། ལྟ་བུ།
༡༩༩༽  སྒྲ། ༡) རྣ་ཤེས་ཀྱི་མཉན་བྱའི་མིང་སྟེ། དབྱེ་ན། འབྲུག་སྒྲ། རླུང་སྒྲ་སོགས་སྐྱེས་བུའི་རྒྱུད་ཀྱིས་མ་བསྡུས་པའི་སྒྲ་ཞིག་དང༌། གླུ་ལེན་པའི་སྒྲ་དང༌། ཀི་སྒྲ། ངག་ཚིག་སོགས་སྐྱེས་བུའི་རྒྱུད་ཀྱིས་བསྡུས་པ་གཉིས་ཡོད་དོ། ། ༢) ཐ་སྙད་དང་ཡི་གེའི་མིང་སྟེ། བདག་སྒྲ། དགག་སྒྲ། བྱེད་སྒྲ། འབྲེལ་སྒྲ། འབོད་སྒྲ། ༣) སཾསྐྲིཏའི་བརྡ་སྤྲོད་པའི་གཞུང༌། སྐབས་འདིར་དགྲ་དང་སྒྲ་གཉིས་སྒྲ་གདངས་ཕྱོགས་ཙམ་འདྲ་ནའང་དག་ཆར་ཁྱད་པར་ཤིན་ཏུ་ཆེ་སྟེ། སྡང་བའི་དགྲ་ལ་ནི་སྔོན་འཇུག་ད་ཡོད་ལ་སྙན་པའི་སྒྲ་ལ་ནི་མགོ་ཅན་ས་ཡོད་པ་ཡིན་ནོ། །འདི་གཉིས་ཀྱི་དག་ཆའི་ཁྱད་པར་འབྱེད་སྐབས་གོང་གི་དཔར་སྐྱོན་ཅན་ས་སྒྲའང་ས་སྙན་དུ་བཅོས་པའི་གནད་ཀ་ཡང་རྟོགས་ནུས་ཏེ། ས་སྒྲ་ཡིན་པ་ལྟར་ན། འདིར་ཟློས་སྐྱོན་ཡང་ཟློག་མེད་དུ་འཇུག་པའི་ཕྱིར་རོ། །
༢༠༠༽ གོང་མ། ༡) སྟེང་མ་དང་སྔོན་མའི་མིང་སྟེ། མི་རབས་གོང་མ། ཁམས་གོང་མ། ༢) རྒྱལ་པོ་ཆེན་པོའི་མིང་སྟེ། རྒྱ་ནག་གོང་མ། གོང་མ་ཆེན་མོ། ལྟ་བུ།
༢༠༡༽ གསུང༌།  ཐ་དད་པའི་ལས་ཚིག བཤད་པའི་ཞེ་ས་སྟེ། བླ་མས་ཆོས་སོགས་གསུང་བྱ། གསུང་བྱེད། གསུངས་ཟིན། གསུངས་ཤིག ལྟ་བུ། རིགས་འཛིན་ཚངས་དབྱངས་རྒྱ་མཚོས། ཧ་ཅང་སེམས་ལ་སོང་ནས། །འགྲོགས་འདྲིས་ཨེ་ཡོང་དྲིས་པས། །འཆི་བྲལ་བྱེད་ན་མིན་པ། །གསོན་བྲལ་མི་བྱེད་གསུ༵ངས་བྱུང༌། ། ༈ ལུས་ངག་ཡིད་ལ། སྐུ་གསུང་ཐུགས་ཞེས་ཞེ་ས་སྦྱར་དགོས་པ་ལྟར་རོ། །
༢༠༢༽ བསུང༌།  དྲི་ཞིམ་པོའི་མིང་སྟེ། མེ་ཏོག་གི་བསུང་ངད། པད་མའི་དྲི་བསུང༌། བྱུག་རྫས་བསུང་ངད་དང་ལྡན་པ་ཞེས་པ་ལྟ་བུའོ། །རང་གིས། བོད་ཀྱི་བུ་མོ་སྒེག་ཉམས་མ། །འཛུམ་དམུལ་མེ་ཏོག་རབ་ཏུ་བཞད། །སྐུ་ཡི་དྲི་བསུ༷ང་རླུང་གིས་གཡོ། །ཕོ་བརྒྱའི་སེམས་པ་ཁྱེད་ལ་ཤོར། ། ལྟ་བུ།
༡༦ རྩ་བར།    བྱ་བ་བཤོལ་བ་བ་བཤོལ་ཡིན། །ཞིང་རྨོ་གཤོལ་ནི་ག་གཤོལ་ལ། །སངས་རྒྱས་བསྟན་པ་ས་བསྟན་ཡིན། །རིན་ཆེན་གཟི་ནི་ག་གཟི་ལ། །ཆང་གིས་བཟི་བ་བ་བཟི་ཡིན། །ཁ་ལ་མངར་བ་མ་མངར་ལ། །གཡུལ་དུ་དངར་བ་ད་དངར་ཡིན། །འབྱུང་བའི་རྡོ་ནི་ར་རྡོ་ལ། །འཛེག་པའི་སྐས་ནི་ས་སྐས་ཡིན། །ཆུ་ཡི་རྐ་ནི་ར་རྐ་ཡིན། །
༢༠༣༽ བཤོལ་བ།  ༡) ཐ་དད་པའི་ལས་ཚིག ཕྱིར་འགྱངས་དང་སྐྱུར་བའི་དོན་ཏེ། དམག་འཐབ་ཉིན་གསུམ་ལ་བཤོལ་བ། སྐུལ་ཚིག་ལ་ཤོལ་འབྲི་བའང་ཡོད་པ་ལས། དུས་གསུམ་ཀར་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན། ༢) ཐོག་ནས་མར་འབབ་པ་སྟེ། ཆིབས་བཤོལ་ནས་ཞབས་ཐང་ལ་ཕེབས། གཡག་སྣ་ལོ་མ་ལས་བཤོལ་བ། གནམ་གྲུ་ནས་བཤོལ་བ། མེ་འཁོར་ནས་བཤོལ་བ། ལྟ་བུ།
༢༠༤༽ གཤོལ།  ཞིང་རྨོ་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ། ཐོང་གཤོལ། གཤོལ་རྟེན། གཤོལ་མདའ། གཤོལ་ཤུལ། གཤོལ་གསར། གཤོལ་རྙིང༌། ལྟ་བུ།
༢༠༥༽ སངས་རྒྱས།  སྒྲིབ་གཉིས་བག་ཆགས་དང་བཅས་པ་གཉེན་པོའི་སྟོབས་ཀྱིས་སངས་པའི་སྤངས་པ་ཕུན་ཚོགས་དང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཡོན་ཏན་དབྱར་མཚོ་ལྟར་རྒྱས་པའི་རྟོགས་པ་ཕུན་ཚོགས་ཀྱི་ཡོན་ཏན་དང་ལྡན་པའི་གང་ཟག་ཁྱད་པར་ཅན་ཞིག་ལ་སངས་རྒྱས་ཞེས་ཟེར། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་ན་ཅི་མ་རུང༌། སྐྱབས་འགྲོ་བདུན་ཅུ་པ་ལས། ས༵ངས་རྒྱ༵ས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ། ༈ སངས་རྒྱས་ཀྱིས་གདུལ་བྱ་རིགས་ཅན་གསུམ་གྱི་དོན་བྱེད། ཅེས་པ་ལྟ་བུ། བསྟན་པ་ནི་གོང་དུ་བཤད་ཟིན་པས་བསྐྱར་བཤད་བྱེད་པའི་དགོས་པ་མ་མཆིས་སོ། །
༢༠༦༽ གཟི། ༡) གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་ཁྲ་བོ་ཞིག་གི་མིང་སྟེ། དེར་རིགས་མི་འདྲ་བ་ཁ་ཤས་ཡོད་དེ། ཟླུམ་པོ་སྟག་ལོག་དང༌། རྐང་རིང༌། ཁྲ་ཆུང་བཅས་ཡོད། སྨན་དུའང་འགྲོ་བ་ཞིག་ཡིན་པར་བཤད། ༢) འོད་མདངས་སམ་བཀྲག་མདངས་ཀྱི་མིང་སྟེ། གངས་རི་དཀར་པོའི་གཟི་མདངས་རྒྱས། ཉི་ཟླའི་གཟི་འོད། ཞལ་རས་ཀྱི་གཟི་མདངས། གཟི་མདངས་རབ་ཏུ་བཀྲ་བའི་ཅ་དངོས། ལྟ་བུ།
༢༠༧༽ བཟི་བ། ཆང་སོགས་ཀྱིས་དབང་རྩ་སྦྲིད་ནས་མྱོས་པའམ་ར་རོ་བ་སྟེ། སྨན་གྱིས་བཟི་བ། ཆང་རག་གིས་བཟི་བ། མཚན་མོར་གཉིད་ཀྱིས་བཟི་བ་ལྟ་བུའོ། །
༢༠༨༽ མངར་བ། ཀ་ར་དང་བུ་རམ་གྱི་རོ་ལྟ་བུ་སྟེ། ཇ་མངར་མོ། མངར་ཟས། ༈ ཀ་ར་དང༌། བུ་རམ། སྦྲང་རྩི་བཅས་ལ་མངར་གསུམ་ཞེས་ཟེར།
༢༠༩༽ དངར་བ། ༡) གཅིག་འཕྲོར་གཅིག་མཐུད་པའམ་གྲལ་མཉམ་པའི་དོན་ཏེ། མེ་ཏོག་ཚར་དུ་དངར་བ། དམག་དཔུང་ཚར་དུ་དངར་བ། ལྗོན་ཤིང་ཚར་དུ་དངར་བ། ཁང་བརྩེགས་ཚར་དུ་དངར་བ། ༢) མེ་ཏོག་ནང་གི་སྦྲང་རྩིའི་རྒྱུའི་མིང་ལ་འཇུག་པ་ནི། ཟིལ་དངར། སྦྲང་མས་ཟིལ་དངར་ལེན་ལྟ་བུ།
༢༡༠༽ འབྱུང་བ། ༡) ཐ་མི་དད་པའི་ལས་ཚིག འཐོན་པ། ཡོང་བ། སྐྱེ་བ། འབབ་པ་སོགས་ཀྱི་དོན་ཏེ། ཡི་གེ་སོགས་ལག་ཏུ་འབྱུང་བྱ། འབྱུང་བྱེད། བྱུང་ཟིན། ད་ལོ་ཡིག་ཚད་ཀྱི་གྲུབ་འབྲས་སྔར་བྱུང་མ་མྱོང་བ་ཞིག་ཐོབ་སོང༌། ༢ འབྱུང་བ་བཞི་སྟེ། ས་ཆུ་མེ་རླུང༌། འབྱུང་བ་ལྔ་སྟེ། ཤིང་མེ་ས་ལྕགས་ཆུ་བཅས་ལ་འབྱུང་བ་ཞེས་ཟེར་རོ། །
༢༡༡༽ རྡོ། ༡) གཏེར་དངོས་སྣ་ཚོགས་ལས་གྲུབ་པའི་སྲ་མཁྲེགས་ཅན་གྱི་དངོས་པོ་ཞིག དེར་ཆུ་རྡོ། རྫ་རྡོ། རྡོ་གཡའ་མ། འཛེང་རྡོ་བཅས་ཅི་རིགས་ཡོད་དོ། ། ༢) རྩ་བའམ་སྙིང་པོའི་དོན་ཏེ། སྐད་ཆའི་རྡོ་རྩ་བཤད་དགོས། རྡོ་རྩ་ཁོ་ནའི་ཐོག་མ་གཏོགས་ཚིག་ལོ་མང་པོ་མ་ཤོད། ལྟ་བུ།
༢༡༢༽ འཛེག ཐ་དད་པའི་ལས་ཚིག འོག་རིམ་ནས་གོང་རིམ་ལ་འགྲོ་བའི་དོན་ཏེ། ཤིང་མཁན་ཤིང་སྡོང་ལ་འཛེག་བྱ། འཛེག་བྱེད། འཛེགས་ཟིན། འཛེགས་ཤིག རི་འཛེག་དཔའ་བོས་རི་རྩེ་ནས་དཔའ་རྟགས་བླངས། སྤྲེའུ་ཤིང་སྡོང་ལ་འཛེགས་ནས་ཤིང་ཏོག་བཟས། ལྟ་བུ།
༢༡༣༽ སྐས། ཁང་པའི་ཐོག་ཀར་འགྲོ་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ། ཤིང་སྐས། རྡོ་སྐས། ལྕགས་སྐས་སོགས་འདྲ་མིན་ཡོད། དེར་སྐས་ཀའང་ཟེར།
༢༡༤༽ ཆུ། བརླན་ཞིང་གཤེར་བ་ཞིག་སྟེ། ས་ཆུ་མེ་རླུང་བཅས་འབྱུང་བཞིའི་ཡ་གྱལ་ཞིག (ས) མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང༌། །བླུན་པོ་འཇུག་པའི་ལམ་དུ་མིན། །ཆར་སྡོད་བྱི་འུ་སྐོམ་ན་ཡང༌། །ས་ལ་བབས་པའི་ཆུ༷་མི་འཐུང༌། ། ༈ གཏམ་དཔེར། ཆུ༵་མ་འོང་གོང་དུ་ཆུ༵་ར། རླུང་མ་འོང་གོང་དུ་རླུང་ར། ཞེས་པ་ལྟ་བུ།
༢༡༥༽ རྐ། ཆུ་ཞིང་ཁ་སོགས་ལ་འདྲེན་སའི་ཆུ་ལམ་ལ་ཟེར། དཔེར་ན། ཆུ་རྐ། ཡུར་བ། ཆུ་ཡུར། ཆུ་འགྲོ། ཆུ་ལམ། ལྟ་བུའོ། །
 ༡༧ རྩ་བར།    སྡུག་བསྔལ་བ་ནི་ས་བསྔལ་ཡིན། །མངལ་ནས་སྐྱེས་པ་མ་མངལ་ལ། །ལུས་ཀྱི་རྨ་ནི་ར་རྨ་ཡིན། །ཁ་དོག་དམར་བ་ད་དམར་ལ། །རྨེ་བ་རློངས་པ་ར་ལ་འདོགས། །ལུས་ཀྱི་སྨེ་བ་ས་སྨེ་ལ། །ལྕང་མ་ལྕུགས་མ་ལྕགས་མཚན་དང༌། །ལྕི་བ་ལྕགས་དང་ལྕེ་ལ་སོགས། །ལ་ལ་ཅ་འདོགས་(ཅ་ལ་ལ་མགོ་)ཤེས་པར་བྱ། །
༢༡༦༽ སྡུག་བསྔལ།  ལུས་སེམས་མི་བདེ་བའི་ཚོར་སྣང་དང་མྱ་ངན། གདུང་བ་བཅས་ཀྱི་དོན་ཏེ། སྡུག་བསྔལ་མ་མྱོང་ན་སྐྱིད་མི་གོ། (པ) གཞན་ཡང་སྡུག་བསྔ༵ལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་སྤྲོ། །ལྟ་བུ།
༢༡༧༽ མངལ། ༡) སེམས་ཅན་སྐྱེས་འཕེལ་གྱི་དབང་པོའི་ཆ་ཤས་ཕྲུ་གུ་ཆགས་གནས་ཀྱི་མིང༌། ཁ་སྐད་དུ་བུ་སྣོད་ཟེར། ༢) དཔེར་ན། མངལ་འཁོར་བ། མངལ་དུ་ཕྲུ་གུ་ཆགས་པ། མངལ་གྱི་གནས་སྐབས། མངལ་སྐྱེས་ཁམས་དྲུག་ལྡན། རང་གིས། ཉ་ཆེན་ཁོག་པར་ཚུད་པ་ལྟར། །འཇིགས་སྣང་ཅན་གྱི་རྨི་ལམ་ཞིག །ཁོ་བོས་ཆུང་དུས་ཡང་ཡང་རྨིས། །དེ་ལས་ཐར་བའི་ཐབས་འཚོལ་སྐབས། །འོད་ལྡན་བུ་ག་རྙེད་པ་དང༌། །དེར་བརྒྱུད་ཕྱིར་འཕོས་བདེ་བ་ཐོབ། །ཞིབ་མོའི་བློ་ཡིས་དཔྱད་པའི་ཚེ། །མང༵ལ་གནས་བག་ཆགས་སད་སྙམ་མོ། །ལྟ་བུ།
༢༡༨༽ རྨ། ༡) ལུས་ཀྱི་པགས་པ་རལ་ནས་ཁྲག་དང་ཆུ་སེར་སོགས་འཛགས་པའི་མིང་སྟེ། དེར་ལྷན་སྐྱེས་ཀྱི་རྨ་དང༌། མཚོན་རྨ་གཉིས་ཡོད། ༢) སྐྱོན་དང་བསླད་ཀྱི་མིང་སྟེ། རིན་པོ་ཆེ་རྨ་མེད་ལ་རིན་གོང་ཆེ། གཞུང་དོན་རྨ་མེད་པ་ཞེས་པ་ལྟ་བུ།
༢༡༩༽ དམར། མཚལ་མདོག་གམ་ཁྲག་མདོག་ལྟ་བུའི་ཁ་དོག་ཅིག ངོ་ཚ་ནས་གདོང་ཡོངས་དམར་པོར་གྱུར། དཔའ་སྙིང་དམར་ཡག་སྟག་དང་འདྲ། ལྟ་བུའོ། །  
༢༢༠༽ རྨེ་བ།    ༡) སྐད་ཆ་སོགས་བཤད་པའི་བརྡ་རྙིང༌། ༢) སྨེའི་འབྲི་ཚུལ་གཞན།
༢༢༡༽ རློངས་པ། ཐ་དད་པའི་ལས་ཚིག་བྱང་ཆུབ་པ་དང་ལོབས་པ་གོམས་པ་བཅས་ཀྱི་དོན་ཏེ། ཁོང་ནི་ཤེས་བྱ་རིག་པའི་གནས་ལྔ་ལ་(བརློང་བྱ། རློང་བྱེད། བརློངས་ཟིན། རློངས་ཤིག )བརློངས་པ་ཞིག་རེད།
༢༢༢༽ སྨེ་བ། ༡) མིའི་སྐྱི་མོ་ན་ཡོད་པའི་ཤ་མཚན་ནག་ཐིག་དེའི་མིང༌། ཕོ་གསར་སྨེ་བ་ཅན་དེ་རྒྱལ་སྤྱིའི་གསར་འགོད་པ་རེད། ༈ སྨེ་བ་ཅན་གྱི་མི་ནི་གཞན་དང་ནོར་དོགས་མེད། ༢) ནག་རྩིས་ཀྱི་སྨེ་བ་སྐོར་དགུའི་མིང་སྟེ། སྨེ་བ་དགུ་ནི་གཅིག་དཀར་སྨན་གྱི་མེ་ལོང་དང༌། གཉིས་ནག་བདུད་ཀྱི་མེ་ལོང༌། གསུམ་མཐིང་མཚོའི་མེ་ལོང༌། བཞི་ལྗང་ཀླུ་ཡི་མེ་ལོང༌། ལྔ་སེར་དགྲ་ལྷའི་མེ་ལོང༌། དྲུག་དཀར་རྒྱལ་པོའི་མེ་ལོང༌། བདུན་དམར་བཙན་གྱི་མེ་ལོང༌། བརྒྱད་དཀར་ཡུལ་ལྷའི་མེ་ལོང༌། དགུ་སྨུག་གཡང་གི་མེ་ལོང་བཅས་ཡིན་ནོ། །
༢༢༣༽ ལྕང་མ། ལོ་མ་རལ་གྲིའི་དབྱིབས་ཅན་གྱི་ཤིང་རིགས་ཤིག་སྟེ། ལྕང་སོལ། ལྕང་སོན། ལྕང་ལོ། ལྕང་གསེབ། ལྕང་གསར། ལྕང་ར། ལྕང་ནག ལྟ་བུ།
༢༢༤༽ ལྕུགས་མ། ཤིང་གི་ཡལ་ག་ཕྲ་མོའི་མིང་སྟེ། སྨྱུག་ལྕུག ལྕང་ལྕུག ཅེས་པ་ལྟ་བུ། དག་ཡིག་གཞན་པ་རྣམས་སུ་ཡང་འཇུག་ས་མི་གསལ། ལྕུགས་ནི་རྒྱན་ཚིག མཉེན་ཞིང་ལྡེམ་པའི་མིང་སྟེ། ལྕུག་མ་ལྕུགས་ལྕུགས་བྱེད། དར་ཤིང་ལྕུགས་ལྕུགས་འགུལ། ལྟ་བུ།
༢༢༥༽ ལྕགས་མཚན། རྒྱུ་ལྕགས་ལས་བྱས་པའི་ལྷའི་ཕྱག་མཚན་ཡིན་ནམ་སྙམ།
༢༢༦༽ ལྕགས། རྡོའི་སྙིང་པོ་སྟེ། གསེར་དངུལ་ཟངས་ལྕགས་ཞ་ཉེ་བཅས་ཀྱི་ནང་གསེས་ཤིག་སྟེ། ལྕགས་ཟམ། ལྕགས་ཀྲིན། ལྕགས་ཐབ། ལྕགས་སྒམ། ལྕགས་སྐྱོགས། ལྟ་བུ།
༢༢༧༽ ལྕེ། ཟས་ཀྱི་བྲོ་བ་མྱོང་བ་དང༌། སྒྲ་འབྱིན་པ་སོགས་ལ་ཕན་པའི་དབང་པོ་ཞིག་སྟེ། ཤོད་རྒྱུ་ཁ་ཡིས་བཤད་ཀྱང༌། །འདེམ་རྒྱུ་ལྕེ་ཡིས་བདམས་ཡོང༌། །༈ ལྕེ་བརྒྱ་སྤྲུལ་ཏེ་བཤད་ཀྱང་ཡིད་མི་ཆེ། །ལྟ་བུ། དེ་དག་གི་མཇུག་ཏུ་ལ་ལ་ཅ་འདོགས་ཤེས་པར་བྱ་ཞེས་པ་འཐད་པར་མ་མཐོང༌། དེ་ལྟར་ན་འདོགས་ལྔ་མི་འདོད་བཞིན་དུ་ཁས་ལེན་དགོས། ད་བར་འདོགས་བཞི་ལས་མ་བྱུང་བར་འདོགས་ལྔ་ཞེས་བཤད་ན་བརྡ་སྤྲོད་པའི་འགྲོས་དང་མི་མཐུན། དེ་ལས་ལྡོག་སྟེ་ཅ་ལ་ལ་མགོ་ཤེས་པར་བྱ་ཞེས་བྲིས་ན་བརྡ་སྤྲོད་རིག་པའི་འགྲོས་དང་མཐུན་ཆེ། འདིའི་ཐད་རྩོམ་པ་པོ་ཐུགས་མཉམ་པར་མ་བཞག་པའི་ནོངས་པར་སྙམ།
འདིར་སྨྲས་པ། སྔོན་ཆད་གཞན་གྱིས་ཟུར་ཙམ་མ་སྨྲོས་པ། །ཁོ་བོའི་བློ༷་གྲོས་བཟ༵ང་པོས་བསྙད་པ་འདི། །ཐོན་མིས་གསུང་ཚུ༵ལ་ཡིག་ཁྲི༷མས་འབྲེལ་བའི་ཕྱིར། །གཟུར་གནས་བློ་གསལ་ཁྱེད་ལ་སྐྱེས་སུ་ཕུལ། །
    ཞེས་པ་འདི་ནི་བར་སྐབས་ཀྱི་ངལ་གསོ་བའི་དབྱངས་སུ་གྱེར་བའོ། །
༡༨) རྩ་བར།    གཅོད་ན་གཅིང་(གཅོང་ནད་གཅིན་)སེར་ག་ཡིས་འཕུལ། །རྟ་ཡི་རྟིའུ་(རྟེ)་རྟོད་འཕུར་(ཕུར)་དང༌། །བྱ་རྒོད་མི་རྒོད་ར་རྒོད་དང༌། །ཁྱི་རྒོད་ལ་སོགས་མགོ་ཅན་ར།ར་ལ་འདོགས། །འཚོམ་(ཚོམ)་བུ་དགོད་པ་ད་དགོད་ལ། །རྒད་(གད)་མོ་རྒོད་པ་ར་རྒོད་ཡིན། །བཤད་པར་འདོད་པ་བ་བཤད་ལ། །མགོ་སྤུ་བཤད་དང་གཏམ་བཤད་བྱེད། །བ་ཡི་ཕུལ་(ཡིས་འཕུལ་)བས་ཤེས་པར་བྱ། །
༢༢༨༽ གཅོང་ནད། ན་ཚ་རྙིང་པའམ་མ་ཞུ་བ་སོགས་ན་ཚ་དྲུག་གི་སྤྱི་མིང་ཡིན་པ་གསོ་བ་རིག་པར་བཤད། གཟུགས་པོར་ནད་གཅོང་ཕོག་པའི་ན་ཚས་རྐྱེན་པས་དྲི་ཆུ་སེར་པོར་ཆགས་པའི་དོན་ཡིན། གཅིན་སེར། གཅིན་སྟུག གཅིན་འགགས། གཅིན་ཤོར། ལྟ་བུ། རྩ་བར་གཅོད་ན་གཅིང་སེར་ཞེས་པ་པར་མ་དག་པར་སྙམ་སྟེ། གཅོང་ནད་གཅིན་སེར་ཞེས་བཅོས་ཡོད། སྤྱིར་རྗེས་འཇུག་ང་ད་གཉིས་དབུ་ཅན་སྐབས་ནོར་བ་མང་པོ་མཐོང་ཆོས་སུ་གནས། རྗེས་འཇུག་ན་ང་གཉིས་ཀྱང་ནོར་ཉེན་མེད་པ་མིན། པར་གཞན་དུ་གཅོང་ནད་ཅེས་བྲིས་འདུག་འཐད་མིན་བརྟག་པར་འཚལ།
༢༢༩༽  རྟེའུ། རྟ་རྒོད་མའི་ཕྲུ་གུའི་མིང་སྟེ། རྟེ༷འུ་བརྒྱགས་ན་མ་ལ་འཕྲ། མི་གཅིག་ཡོང་ན་ཆུང་ནས་ཡོང༌། རྟ་གཅིག་ཡོང་ན་རྟེ༷འུ་ནས་ཡོང༌། ལྟ་བུ། རྩ་བར། (རྟིའུ)ཞེས་བྲིས་པ་ནི་པར་སྐྱོན་དུ་ངེས། དག་ཡིག་གཞན་དག་ཁག་ལས་རྟེའུ་འབའ་ཞིག་ཏུ་སྣང་བས་བརྟག་པར་འཚལ།
༢༣༠༽ རྟོད་ཕུར། རྩྭ་སར་སྒོ་ཕྱུགས་སོགས་རྟོད་ཐག་རིང་པོའི་བཏགས་ནས་རྩྭ་ཟ་རུ་འཇུག་སྐབས་རྟོད་ཐག་འདོགས་སའི་ཕུར་བ་དང་རྟོད་ཐག་གཉིས་ཀྱི་བསྡུས་མིང༌། རྩ་བར། རྟོད་འཕུར་ཞེས་འ་འཕུར་བྲིས་པ་དེ་ཡང་པར་སྐྱོན་ནམ་གང་ཡིན་མི་གསལ། ཁོ་བོའི་བློ་རྨོངས་ཀྱིས་དག་པར་མ་མཐོང།
༢༣༡༽ བྱ་རྒོད། ཐག་རིང་མཐོང་བའི་ནུས་པ་དང་ལྡན་པའི་བྱ། མི་རོ་སོགས་ཟ་བའི་བྱ་ཆེན་པོ་ཞིག དཔེར་ན། བྱ་རྒོད་ལ་ཤ་སྦྱིན་བཏང་བ། ཐང་དཀར་དང་ཐང་ནག ཐང་སྨུག་བཅས་སྤུ་མདོག་མི་འདྲ་བའི་བྱ་རྒོད་རིགས་གསུམ་ཡོད།
༢༣༢༽ མི་རྒོད། ༡ གཟུགས་དབྱིབས་མི་དང་འདྲ་བའི་ཡུལ་མཐའ་འཁོབ་ཀྱི་ནགས་གསེབ་ཏུ་སྡོད་པའི་དུད་འགྲོ་ལྟར་གྱོང་པོ། གཟུགས་པོར་སྤུ་ནག་རིང་པོར་སྐྱེས་ཡོད་པ་ཞིག ༢༽ མི་བློ་ཁོག་ཆེན་པོ་དང༌། དཔའ་བོ་ལའང་མི་རྒོད་ཅེས་ཟེར་སྲོལ་ཡོད།
༢༣༣༽ ར་རྒོད། ནགས་ཁྲོད་དང༌། སྤང་ཐང་སོགས་སུ་ཁྱུ་དང་ཁྱུ་བྱས་ཏེ་འཚོ་སྡོད་བྱེད་པའི་རི་དྭགས་ར་དང་འདྲ་བ་ཞིག
༢༣༤༽ ཁྱི་རྒོད། ཁྱི་ཐུ་པོའམ་ངར་པོ། ཡང་ན་སྤྱང་ཀིའམ་ཁྱི་སྤྱང་ལ་ཟེར་བ་ཡིན་ནམ། ཁྱི་རྒན་ཀུ་ཅོ་བསྒྲགས་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་པ་ལྟར། <<ལེགས་བཤད་ཆུའི་བསྟན་བཅོས>>ལས། བློ་དང་མི་ལྡན་སྐྱེ་བོ་ཡིས། །འབྱོར་པ་རྙེད་ཀྱང་སྤྱོད་མི་ཤེས། །ཁྱི༵་ནི་སྐོམ་ཡང་ཆུ་ཀླུང་ལ། །ཧུབ་ཀྱིས་མི་འཐུང་ལྡག་པར་བྱེད། ། རྩ་བར། ཁྱི་རྒོད་ལ་སོགས་ར་ལ་འདོགས་ཞེས་གསུངས་པ་ལྟར་ན་རྟེའུ། རྟོད་ཕུར། བྱ་རྒོད། མི་རྒོད། ར་རྒོད། ཁྱི་རྒོད་སོགས་ཀྱི་མིང་གཞི་ཏ་དང་ག་གཉིས་འདོགས་ཅན་དུ་འཁྲུལ་བའི་སྐྱོན་འཇུག་པས་དགེ་རྒན་རྣམ་པས་སློབ་མར་སློབ་ཁྲིད་གནང་སྐབས་དང་བློར་འཛིན་དུ་འཇུག་སྐབས་ཁ་བསྒྱུར་ཏེ། ཁྱི་རྒོད་ལ་སོགས་མགོ་ཅན་ར། །ཞེས་ཁ་དང་ཁ་སྤུ་དབྱེ་བ་ཕྱེས་ན་བློ་གྲོས་གསར་བུ་བར་བརྡ་སྤྲོད་བདེ་བ་དང༌། བརྡ་སྤྲོད་སྤྱི་འགྲོས་དང་ཡང་འབྲེལ་ཆེ་བ་སོགས་ཀྱི་དགེ་མཚན་དུ་མ་ཡོད། དེ་ལྟར་མིན་པར་རང་སོར་བཞག་ན་སྔོན་ཆད་གངས་རིའི་ཁྲོད་ཀྱི་བརྡ་སྤྲོད་སྨྲ་བས་འདོགས་བཞི་ཞེས་གྲངས་ངེས་མཛད་པའང་ཉུང་བའི་སྐྱོན་དུ་འགྱུར་བ་སོགས་གནོད་བྱེད་ཧ་ཅང་མང་བ་ལས་དགོས་པ་ཏིལ་འབྲུ་ཙམ་ཡང་མ་མཐོང་ངོ༌། །གཞུང་འདིར་དེ་ལྟ་བུའི་ཚིག་མི་བདེ་བ་སྐབས་སྐབས་སུ་འབྱུང་བས་བློ་གྲོས་དང་ལྡན་པ་དག་གིས་བཏང་སྙོམས་སུ་མི་འཇོག་པར། བློ་དམན་བདག་གི་དྲང་གཏམ་འདིར་ཏོག་ཙམ་དགོངས་དཔྱོད་མཛོད། 
༢༣༥༽ ཚོམ་བུ། ༡) དངོས་རྫས་མང་པོ་སྤུངས་པའི་ཕུང་པོའི་མིང་སྟེ། འབྲུའི་ཚོམ་བུ། མེ་ཏོག་གི་ཚོམ་བུ་ལྟ་བུ་ཡིན། ༢) མང་པོ་ཡོད་པའི་དོན་ཏེ། ཚོགས་ཆུང་ངམ་ཚན་པ་ལའང་གོ། རྩ་བར། འཚོམ་བུ། ཞེས་བཀོད་པའང་དག་པར་མ་མཐོང་ཞིང༌། བརྡ་དག་གཞན་ནས་ཀྱང་མཐོང་ཡུལ་དུ་མ་གྱུར་ཏོ། ། 
༢༣༦༽ དགོད་པ།  ཐ་དད་པའི་ལས་ཚིག ༡) སེམས་དགའ་བ་དང་སྤྲོ་བའི་སྐབས་ཀྱི་འབྱིན་པའི་སྒྲ་སྐད་ཅིག་གི་མིང་སྟེ། བགད་བྱ། དགོད་བྱེད། བགད་ཟིན། དགོད་ཅིག (འདིའི་ད་ལྟ་བ་དང་སྐུལ་ཚིག་ལ་”རྒོད་”དང་འདས་པ་ལ་”རྒད་”འབྲི་བའང་ཡོད།) དཔེར་ན། སེམས་དགའ་ནས་གད་མོ་དབང་མེད་དུ་དགོད་པ། དགོད་གཏམ་ལ་མཁས་པ། ༢ ཡི་གེར་བྲིས་པའམ། རི་མོར་བྲིས་པ་གནས་གཅིག་ཏུ་སྤུངས་པའི་དོན་སོགས་ལ་འཇུག་སྟེ། དཔེར་ན། མལ་དུ་འབྲུས་ཚོམ་བུ་སོགས་དགོད་བྱ། འགོད་བྱེད། བཀོད་ཟིན། ཁོད་ཅིག ལྟ་བུ་ཡིན་ནོ། །རྩ་བར། རྒད་མོ་ཞེས་བྲིས་པ་ནི་མ་དག་པ་ཡིན་ལ་དག་པར་འདོད་ན་གད་མོ་ཞེས་འབྲི་དགོས། དཔེར་ན། (ས)ལོག་འཚོས་ཟས་ནོར་རྙེད་པ་འགས། །མཁས་པ་དབུལ་པོ་ཁྱད་དུ་གསོད། །སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་ག༵ད་བྱེད། །ལྟ་བུ།
༢༣༧༽ བཤད། ཐ་དད་པའི་ལས་ཚིག དོན་སོགས་མིར་རྗོད་པའམ་སྨྲ་བའི་དོན་ཏེ། གཏམ་སོགས་མིར་བཤད་བྱ། འཆད་བྱེད། བཤད་ཟིན། ཤོད་ཅིག དཔེར་ན། ཁ་བཤ༵ད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། ། ༈ མཁས་པའི་ཁ་ནས་ལེགས་བཤ༵ད། །བླུན་པོའི་ཁ་ནས་ཉེས་བཤ༵ད། །ལྟ་བུ། 
༢༣༨༽ བཤད། ཐ་དད་པའི་ལས་ཚིག གསེད་པའམ་འཕྲུགས་པའི་དོན་ཏེ། སྐྲ་སོགས་བཤད་བྱ། ཤད་བྱེད། བཤད་ཟིན། ཤོད་ཅིག དཔེར་ན། ཤད་མ་དགོས་ཇོ་བོའི་དབུ་སྐྲ། །ཕྱིས་མ་དགོས་དངུལ་དཀར་མེ་ལོང༌། །ལྟ་བུ།

གསུམ་པ། སྐབས་དོན་བརྡ་དག་གི་རྣམ་གཞག་གསལ་བར་བཤད་པ།(གསུམ་པ)

ཟུར་བཀོད།

ཟུར་བཀོད། སློབ་གྲྭའི་འཛིན་རིམ་༩ པ་ནས་༡༢ བར་གྱི་སློབ་ཕྲུག་ལ་དག་ཡིག་སྐྱ་རེངས་གསར་པ་སློབ་ཁྲིད་བྱེད་སྐབས་ཟུར་དུ་བཏོན།

མིང་གཅིག་དོན་དུ་མར་འཇུག་པའི་རེའུ་མིག (ཀ)
ཨང༌། མིང༌། དོན་ཀ་པ། དོན་ཁ་པ། 
མཉེས། ཀོ་བ་མཉེས་པ། ཐུགས་མཉེས་པ།  
ལྕོགས། མེ་ཏོག་མགོ་ལྕོགས། ནུས་པའི་དོན་ཀྱི་ལྕོགས། 
  ལྡང༌། སྟན་ལས་ལྡང༌། ཚད་ལོངས་ལྡང༌།
  སྒྲོས། བཤད་པའི་སྒྲོས། རྨ་ཤུལ་སྒྲོས།
  བརྣག བཟོད་པའི་བརྣག བསམ་པའི་བརྣག   
  བརྫིས། རྡོག་པས་བརྫིས། བག་ཕྱེ་བརྫིས།
  གཞེས། འཚོ་བའི་གཞེས། དུས་ཚོད་གཞེས།
  དཀྲིགས། གྲངས་ཀྱི་དཀྲིགས། དུད་སྤྲིན་དཀྲིགས།
  ཆབ། ཆབ་སྲིད་ཀྱི་ཆབ། ཆུའི་ཆབ།
 ༡༠ ཕྱགས། ཕྱགས་མའི་ཕྱགས། ལྷམ་གྱི་ཕྱགས།
 ༡༡ ལྕི། དུད་འགྲོའི་ལྕི་བ། ལྗིད་ཀྱི་ལྕི།
 ༡༢ བཤུལ། བཤུལ་ཤ། ལམ་གྱི་བཤུལ།
 ༡༣ བདའ། རོ་ཞིམ་བདའ། རི་དྭགས་བདའ།
 ༡༤ གླ། རི་དྭགས་གླ། རྔན་པའི་གླ།
 ༡༥ དམུས། ཡི་ཆད་དམུས། དམུས་ལོང་གི་དམུས།
 ༡༦ དཀྲུགས། ཆག་བཅོམ་དཀྲུགས། གོང་འོག་དཀྲུགས།
 ༡༧ སྲབ། རྟ་ཡི་སྲབ། མཐུག་མིན་སྲབ།
 ༡༨ སྐྱོགས། རྟ་ཡི་སྲབ་སྐྱོགས། གཟར་བུའི་སྐྱོགས།
 ༡༩ གཏོགས། ཁོངས་སུ་གཏོགས། སེ་གོལ་གཏོགས།
 ༢༠ གདུགས། ཉིན་མོའི་གདུགས། མཆོད་རྫས་གདུགས།
 ༢༡ སྐ། གར་བའི་སྐ། རོ་ཡི་སྐ།
 ༢༢ རྔམས། འཇིགས་རུང་རྔམས། འཐུག་པོའི་རྔམས།
 ༢༣ ཉ། སྲོག་ཆགས་ཉ། བཅོ་ལྔའི་ཉ།
 ༢༤ དྲ། དྲས་དྲུབ་དྲ། རྒྱ་ཡི་དྲ།
 ༢༥ རག གཏང་རག་གི་རག རག་ལས་ཀྱི་རག
 ༢༦ རྦབ། སྐྱ་རྦབ། རྦབ་རྡོ།
 ༢༧ བརྒྱལ། དཀའ་ལས་འོ་བརྒྱལ། དྲན་མེད་བརྒྱལ།
 ༢༨ གཟོན། བསྒོ་བ་རྣར་གཟོན། ཅ་ལག་ཆུད་གཟོན།
 ༢༩ ལོངས། རྒྱུ་ནོར་ལོངས་སྤྱོད། ཚད་ལོངས།
 ༣༠ གཡར། ཅ་ལག་གཡར་བ། ངོ་གདོང་གཡར།
 ༣༡ རལ། སྐྲའི་རལ་བ། དྲལ་བའི་རལ།
 ༣༢ གསིལ། དུམ་བུར་གསིལ། དཀྲོལ་བའི་གསིལ།
 ༣༣ སླ། གར་མིན་སླ། ལས་སླ་པོ།   
 ༣༤ འཕྱི་བ། སྲོག་ཆགས་འཕྱི་བ། དུས་ཀྱི་འཕྱི།
 ༣༥ བཙའ། ལྕགས་ཀྱི་བཙའ། མིག་རས་བཙའ། 
 ༣༦ བརླ། ལུས་ཀྱི་བརླ། ཡ་མ་བརླ།
 ༣༧ བྲི། ཡི་གེ་བྲི། ཇེ་ཉུང་བྲི།
 ༣༨ ཐོག ཁང་པའི་ཐོག ནམ་མཁའི་ཐོག
 ༣༩ མཉན། གྲུའི་མཉན། རྣ་བས་མཉན།
 ༤༠ སྤུན། ཐགས་ཀྱི་སྤུན། གཉེན་གྱི་སྤུན།
མིང་གཅིག་དོན་དུ་མར་འཇུག་པའི་རེའུ་མིག (ཁ)
ཨང༌། མིང༌། དོན་ཀ་པ། དོན་ཁ་པ། དོན་ག་པ། 
གྲོག རྔམ་གྲོག ཆུ་གྲོག གྲོག་མ།  
དོག ཕྲག་དོག ཁ་དོག ས་ཁོངས་དོག
བརྙན། གཟུགས་བརྙན། སྒྲ་བརྙན། ཕྱག་བརྙན། 
ཚུགས། ཐོར་ཚུགས། ཤ་ཚུགས། ཆེ་ཚུགས།
གདུང༌། སིམ་གདུང༌། རུས་གདུང༌། གདུང་མ་གདེགས།
ལོང༌། འཁྲུག་ལོང༌། ཆེ་ལོང༌། ལོང་སྐབས།
ལྐོག ལྐོག་གྱུར། ལྐོག་མ། ལྐོག་ཤལ།
ལག རྩ་ལག ཁོ་ལག རྐང་ལག 
གཟར། གཟར་སྟན། རི་གཟར། གཟར་བུ།
༡༠ བཟའ། ན་བཟའ། བཟའ་བཏུང༌། བཟའ་མི།
༡༡ གཡང༌། གཡང་ས། གཡང་གཞི། གཡང་ལུག
༡༢ བྲོ། བྲོ་བརྡུངས། རོ་བྲོ། བྲོ་འཚལ།  
༡༣ གློ། སྒ་གློ། གློ་ལུད། ཟུར་གྱི་གློ།
༡༤ གདངས། སྙུན་གདངས།  སྐད་གདངས། ཁ་གདངས།
༡༥ གླེགས། གླེགས་བམ། སྒོ་གླེགས། གླེགས་བུ། 
༡༦ སྟེགས། མུ་སྟེགས། གཞོགས་སྟེགས། སྟེགས་བུ།
༡༧ བརྟགས། ཀུན་བརྟགས། བརྒལ་བརྟགས། བརྟགས་ཟིན།
༡༨ ཐིགས། ཆུ་ཐིགས། གསོ་ཐིགས། བདུད་རྩི་ཐིགས།
༡༩ གཙིགས། གཙིགས་ཆེ། མི་གཙིགས། མཆེ་བ་གཙིགས།
དོན་གཅིག་མིང་གི་རྣམ་གྲངས་ལ་འཇུག་པའི་རེའུ་མིག
སྦྱར་གཞི་དང་དོན། མིང་ཀ་པ། མིང་ཁ་པ། མིང་ག་པ།
རྩིག་པ་སོགས་ལ། བུ་ག དམིག་བུ། ཁུང་བུ།
ཐུག་པ་སོགས། སྐ་བ། གར་པོ། ནུར་བོ།
དྲང་པོ་མིན་པ། ཡོན་པོ། འཁྱོགས་པོ། གཅུ་པོ། 
གསང་བ་དང་སྦ་བ། ཡིབ། གབ། སྐུངས་པ།  
ནུབ་པའི་དོན་ཏེ། སིམ། སྟིམ། ཐིམ་པ། 
བཅིངས་པ། བཅིགས་པ། དཀྱིགས་པ། བཀྱིགས་པ།  
མཁས་པ། སྒྲིན་པོ། གྲུང་པོ། སྤྱང་པོ།  
མདུན། གམ། གཞོགས། དྲུང༌།   
གནས་ངེས་མེད་དུ། འཁྱམ་པ། འཕྱན། ཡན་པ།  
ཅ་ལག་གཞན་ལ། གཡར་བ། བརྙན། བསྐྱིས།
འགོས་ནད་ཅན། བཀར་བ། ལོགས་སུ་བསལ། དགར་བ།   
ལུས་ཀྱི་ཤ་སྲབ་པ། རྗུད་པ། རིད་པ། སྦྲིབས་པ།  
ལྟོ་བའི་མིང་སྟེ། རུམ། པང༌། ཕང༌།
མི་ཐབས་ཀྱིས། བསླུ་བ། འབྲིད། བྲིད། 
ས་ཆུ་འདྲེས་པའི། འདམ་བག འཇི་བ། འཇིམ་པ། 
མི་སོགས་ཀྱི། གཅིན་པ། དྲི་ཆུ། ཆབ་གསང༌།
དྲན་པས། བརྗེད་པ། བསྙེལ་བ། བསྐྱུད་པ། 
རྒྱུག་པས། རྡུང་བ། གཞུ་བ། རྒྱག་པ།
ངའི། གཅེན་པོ། ཕུ་བོ། ཇོ་ཇོ། 
བདག་གི། གཅེན་མོ། ཨ་ཅེ། ཨ་ཅག
སེང་གེ་སོགས་ལ། འཇིགས་པ། སྐྲག་པ། ཞེད་པ།
དོན་དག་སོགས། ངེས་པ། ཤེས་པ། རྟོགས་པ།
ཡང་འཇུག་ས་ཡོད་མེད་ཀྱི་ཁྱད་པར།
ཡང་འཇུག་མེད། ཡང་འཇུག་ཡོད། ཡང་འཇུག་མེད། ཡང་འཇུག་ཡོད།
སྤྱང་པོའི་གྲུང༌། རྙོག་མ་གྲུངས། ཉིན་མའི་ཞག འཆིང་བྱེད་ཞགས།
སོ་ནམ། བསོད་ནམས། ནད་རོ་དྲག་པ། ཐལ་དྲགས་པ།
གོ་འཕང༌། མདའ་རྡོ་འཕངས། འཕོང་སྐྱེན། ལུས་སྨད་འཕོངས།
ཐུང་མིན་རིང༌། བྲེལ་བའི་རིངས། ལྗིད་མེད་ཡང༌། རྒྱ་ཆེའི་ཡངས།
ཐུན་མོང། ཉོན་མོངས། ཁོམ་པའི་ལོང༌། ཚད་གཞིའི་ལོངས།
ཁོང་དུ་ཆུད། ཁོངས་སུ་གཏོགས། ཚུལ་མིན་འཁྲིག་པ། སྤྲིན་པ་འཁྲིགས།
ཚིག་གི་གཏམ། བྱུར་བུར་གཏམས། མིག་གིས་མཐོང༌། ནམ་མཁའི་མཐོངས།
སྐད་ཆའི་ཚིག ལུས་ཀྱི་ཚིགས། བུ་གའི་ཁུང༌། འབྱུང་ཁུངས།
གཉིས་ཀྱི་ཟུང༌། ལུས་ཀྱི་ཟུངས། གཟུ་དཔང༌། མཐོ་བའི་དཔངས།
ཡོང་བའི་འོང༌། མ་འོངས་པ། སྤང་ལྗོངས། ཉེས་པ་སྤངས།
གོམ་པ་སྤོས། བྱང་པའི་གོམས། རིན་ཆེན་མཆོང༌། འོབས་ལ་མཆོངས། 
བཏུང་བྱའི་ཆང༌། ཟན་ཆངས། གྲོང་ཁྱེར། ཤི་བའི་གྲོངས།
ལུས་པའི་ལྷག མདུན་དུ་ལྷགས། གྲོག་མ། ངམ་གྲོག མཆེད་གྲོགས།
མེའི་ཐབ་ཀ། བློའི་ཐབས། སང་ཉིན། གཉིད་སངས།
ཕྱིན་ཅི་ལོག ལོགས་སུ་བཀར། འཁྱོག་མེད་དྲང༌། གཞན་དུ་དྲངས།
ཁང་པ་དོག་པོ། དོགས་པ་ཟ། སེམས་ལ་གདེང་ཚོད། རལ་གྲི་གདེངས།
དྲས་དྲུབ་ཚེམ། ཞལ་གྱི་ཚེམས། ལས་སུ་རུང༌། མ་རུངས་པ།
སྣོད་ཀྱི་གཞོང་པ། ལྗོངས་གཞོངས། སྒ་སེར་ཡུང་བ། ཡུངས་ཀར།
རྟོགས་དཀའི་ཟབ། གཏིང་རིང་ཟབས། བསིལ་བའིགྲང། ཨང་ཀིའི་གྲངས།
རུས་པའི་རྩིབ། འཁོར་ལོའི་རྩིབས། མཁར་གྱི་རྫོང༌། འབུལ་བའི་རྫོངས།
སོའི་དྲེག རྒྱགས་པའི་དྲེགས། སྐས་ཀྱི་གདང༌། སྐད་ཀྱི་གདངས།
ལག་པའི་ཕྱག རྡུལ་ཕྱགས། བུ་གའི་དམིག དམིགས་ཡུལ།
མལ་ཚོམ་བུ། ཁང་པའི་ཚོམས། ཆུ་ཡི་ཆབ། ཆབས་ཅིག
ཁ་དོག་ནག་པོ། ནགས་ཚལ། བྲན་གཡོག གོས་གཡོགས།
དཀར་ཡོལ་ཆག འཇིག་རྟེན་ཆགས། ལུས་བཟུར་སྐྱོག གཟར་བུའི་སྐྱོགས།
སྐུལ་བའི་ལྕག ཁྲོ་རིགས་ལྕགས། སྩལ་བའི་གནང༌། དུས་ཀྱི་གནངས།
ཁང་པའི་ཐོག གཏུགས་པའི་ཐོགས། ནོར་གྱིས་ཕྱུག སེམས་ཅན་ཕྱུགས།
ཆུ་བོའི་རབ། སྐྱེས་པའི་རབས། ཞིག་རྒྱུའི་འཇིག སྐྲག་པའི་འཇིགས།
ལྷུན་པོའི་ལྕོག བློས་ལྕོགས། གདུག་པ་ཅན། ཉིན་མོའི་གདུགས།
རིང་བའི་རྒྱང༌། གད་རྒྱངས། ཚད་མའི་གཞུང༌། ཡིད་གཞུངས།
རུས་ཀྱི་གདུང༌། ཚ་བའི་གདུངས། ཟ་བའི་ཁམ། ས་ཡི་ཁམས།
ཤུབ་བུར་སྨྲ། གྲི་ཡི་ཤུབས། སྟེར་བའི་སྟོབ། རྩལ་གྱི་སྟོབས།
ཆང་གི་སྦང་མ། རྟ་ཡི་སྦངས། བྱ་རིགས་གླག གླགས་མི་རྙེད།
བྲག་གི་ཕུག གཏན་གྱི་ཕུགས། ཤ་གཟུག་གཅིག དབྱིབས་ཀྱི་གཟུགས།
ཕྲད་པའི་ཐུག ལྷ་ཡི་ཐུགས། གྲངས་ཀྱི་སྟོང༌། ཟད་པའི་སྟོངས།
ཡི་གེའི་ཚེག དཀའ་ཚེགས། པད་མའི་འདབ། རི་ཡི་འདབས།
རག་ལས། ཕྲ་རགས། ཉམ་ཐག ཉམས་མྱོང༌།
བསྟི་སྟང༌། ལྟ་སྟངས། གང་ཟག གངས་རི།

མཇུག་གི་གཏམ།

རྩོམ་པ་པོ་ལོ་རྒྱུས་མདོར་བསྡུས།

རྟའུ་ཆོས་མཛད་ཕུན་ཚོགས་དབང་འདུས་ནི་ཤར་རྟའུའི་ཡུལ་དུ་འཁྲུངས་ཤིང། སློབ་གྲྭ་ཆུང་འབྲིང་འགྲིམས་རྗེས་ཉ་མཚོ་ཐོས་བསམ་དར་རྒྱས་གླིང་དུ་རབ་ཏུ་བྱུང་སྟེ། ནང་དོན་རིག་པ་དང་བོད་ཀྱི་བརྡ་སྤྲོད་ལ་རྟག་གུས་བརྩོན་པས་སྦྱངས་པ་མཛད། བཙན་བྱོལ་དུ་འབྱོར་རྗེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ནང་དོན་རིག་པ་སྦྱོང་ཞོར། གྲྭ་ཚང་གི་སློབ་དགེ་དང་དཔེ་མཛོད་སྐྲུན་ཁང་གི་ཞུ་དག་པ། དུས་དེབ་རྩོམ་སྒྲིག་པ་གཞོན་པ་བཅས་གནང། ༡༩༩༨ ལོར་གྲྭ་ཚང་གི་ཆོས་མཛད་ཀྱི་གདན་ཐོབ་བསྙེགས་པ་དང་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས། དེའི་རྗེས་ས་རཱར་ཆོས་དགེ་འོས་སྦྱོང་གནང་སྟེ། དྷ་ཤོད་བོད་ཁྱིམ་དུ་ལོ་གཉིས་ཆོས་དགེ་གནང་ཞིང། ད་ལྟ་སིམ་ལའི་གཏན་སློབ་ཏུ་ཆོས་དགེ་གནང་བཞིན་པའོ། །བརྩམས་ཆོས་ལ་<<སྐུ་གསུམ་རྒྱ་མཚོར་འཇུག་པའི་གྲུ་རྫིངས>>ཞེས་པའི་བླ་མའི་རྣམ་ཐར་ཞིག་དང། ད་དུང་དུས་དེབ་ཁག་ཏུ་བཀོད་པ་དང་མ་བཀོད་པའི་སྙན་རྩོམ་ཡང་ཅི་རིགས་བརྩམས་ཡོད་དོ། །