(དེབ་གོང་མའི་འཕྲོས།)  ལྷ་མོ་སྐྱབས།

རབ་བྱེད་བཞི་པ།
ན་བའི་སྡུག་བསྔལ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ།

    དང་པོ་ལའང་གསུམ་སྟེ། ཀ༽ སྔོན་འགྲོ་གང་དུ་འགྲོ་སའི་ཡུལ་ལྗོངས་ཀྱི་ངོ་མཚར་བཀོད་པ་ནི།
དེ་ནས་དལ་གྱིས་སྟོན་གྱི་དུས་སུ་གྱུར་ཏོ། །དེའི་ཚེ་ཤིན་ཏུ་ཡིད་འོང་སྟོན་གྱི་དུས། །བསོད་ནམས་རྫོགས་པ་འགྲོ་བ་རྣམས་ལ་འབྱུང༌། །ནོར་འཛིན་བདག་པོས་སྐྱེ་རྒུ་ཐམས་ཅད་ལ། །ཅི་འདོད་སྦྱིན་པའི་མཆོད་སྦྱིན་འགྱེད་པ་བཞིན། ༡ །ས་གཞི་ལོ་ཏོག་ཚོགས་ཀྱིས་ཡོངས་བཀང་བ། །རབ་ཏུ་སྨིན་པས་སེར་པོར་གྱུར་པ་ནི། །ཚ་ཟེར་འབར་བས་མཚམས་སྤྲིན་བཞུ་བ་ཡི། །གསེར་ཞུན་གྱིས་ནི་ས་ལ་བྱུགས་པ་བཞིན། ༢ །འབྲས་བུ་རྒྱས་པའི་འཁུར་ལྡན་སྙེ་མའི་ཚོགས། །བསེར་བུས་རབ་བསྐུལ་གཡོ་བའི་གར་བསྒྱུར་བ། །སོ་ནམ་ལས་ཀྱིས་དུབ་པའི་དབུགས་འབྱིན་ཞིང༌། །ཕོངས་པ་རྣམས་ལ་མགྲོན་དུ་གཉེར་བ་བཞིན། ༣ །རོལ་སྒེག་ལུས་ཅན་འཁྲི་ཤིང་ལག་རྩེ་ཡིས། །རོ་མངར་བཅུད་ལྡན་ཤིང་ཏོག་རབ་འཐོར་བ། །རོ་འཛིན་དབང་པོས་ཉེ་བར་སྤྱད་པ་ན། །རོ་བརྒྱ་ལྡན་པ་བདུད་རྩིའི་སྙེམས་པ་འཕྲོག ༤ །སྨན་ལྗོངས་འབབ་ཆུས་བརྒྱན་པའི་ས་འཛིན་དག །ངུར་སྨྲིག་གོས་ཀྱིས་ལེགས་པར་གཡོགས་པ་ནི། །དབྱར་གྱི་སྲེད་པའི་འདུ་འཛི་ཡོངས་བཏང་ནས། །ཐུབ་པ་རྣམས་དང་བརྟུལ་ཞུགས་འགྲན་པ་འདྲ། ༥ །དོན་ཇི་བཞིན་པ་ནི། དེ་ནས་ག་ལེར་སྟོན་དུས་ཤིན་ཏུ་ཡིད་འོང་བ་དེ་བསོད་ནམས་ཆེ་བའི་འགྲོ་བ་རྣམས་ཀྱི་སྐལ་བཟང་ལོངས་སྤྱོད་དུ་གྱུར་ཅིང༌། ས་གཞི་ཚང་མར་ལོ་ཏོག་ཕུན་སུམ་ཚོགས་པས་ཡོངས་སུ་གང་ཞིང་འབྲས་བུ་རབ་ཏུ་སྨིན་ནས་སེར་ལམ་མེར་གྱུར་པ་དེ་ཉིད་བསེར་བུས་གཡོ་བས་ཞིང་པ་ཚོའི་སེམས་དགའ་བཞིན། འཁྲི་ཤིང་དག་གི་རྩེ་མོ་ནས་རོ་མངར་བཅུད་ལྡན་ཤིང་ཏོག་རབ་ཏུ་འཐོར་བ་དག་ཞིམ་ཐག་ཆོད་ནས་བཟའ་ཞིང༌། སྨན་ལྗོངས་འབབ་ཆུས་མཛེས་པའི་སྤང་རི་དག་གི་ཁ་དོག་ཀྱང་དམར་སེར་ལྟ་བུར་གྱུར།
རྒྱན་ནི། ༡ སེམས་མེད་རབ་རྟོག ༢ །ཏིང་འཛིན་རབ་རྟོག་དཔེ། ༣ ཏིང་འཛིན་རབ་རྟོག ༤ །རབ་སྤེལ། འབྲུ་མང་ཚིག་སྡུད་དང་དཔེ་ཅན་བསྡུས་གཟུགས། རབ་རྟོག །དཔེ་རྒྱན་དང་བཅས་པའོ། ༥ །སེམས་མེད་རབ་རྟོག།

ཁ  ན་བའི་སྡུག་བསྔལ་དངོས་སུ་བསྟན་པ་ནི།

    དེ་ལྟར་གྱུར་པའི་ཚེ་གཞོན་ནུ་དེ་དག་དགོས་པ་འགའ་ཞིག་གི་ཕྱིར་ནུབ་ཕྱོགས་སུ་འགྲོ་བར་ཆས་ཏེ་ཕྱིན་པ་དང༌། རིའི་ངོགས་ཀྱི་ལམ་གཡང་ལ་ཐུག་པ་ཡ་ང་བ་ཞིག་ན་སྐྱེས་བུ་མཛེ་ནད་ཀྱིས་ལུས་བཏབ་པ་ཤིན་ཏུ་མི་སྡུག་ཅིང་དྲི་ང་བ་འགའ་ཞིག་ནད་དྲག་པོས་གཟིར་བས་ལུས་རྒུད་དེ་ངོགས་དེ་ཉིད་དུ་འགྱེལ་ཞིང་ལམ་བཀག་སྟེ་འདུག་པ་དང༌། གཞོན་ནུ་མུན་པ་ཅན་ནི་དེ་དག་ལ་རྟོག་དཔྱོད་ཚམ་ཚོམ་ཙམ་ཡང་མེད་པར་འགོངས་ཏེ་སོང་ངོ། །འདོད་ལྷའི་བུས་མཐོང་ནས་སྣ་བཀབ་བཞིན་དུ་གྲོགས་དག་ལ་སྨྲས་པ། (དེ་རྣམས་གོ་སླའོ།།)
ཀྱེ་མ་སྐལ་བ་དམན་པའི་མིག །མི་མཐོང་བ་ནི་ཅི་ཞིག་ཡོད། །ཡི་དྭགས་གཟུགས་ལ་འགྲན་པ་ལྟའི། །སྐྱེས་བུ་འདི་དག་སུ་ཞིག་ཀྱེ། ༡ །རྨ་ཡིས་ལུས་གང་ཁ་མིག་རལ། །རྣག་ཁྲག་རྒྱུན་ནི་གཟིགས་པ་ལས། །འབུ་སྲིན་ཚོགས་ཀྱིས་ཟོས་པ་ཡི། །ལྷག་མ་ཙམ་ཞིག་ལུས་པ་བཞིན། ༢ །རུལ་ཞིང་མྱགས་པའི་དྲི་ངན་གྱིས། །ཕྱོགས་ཀུན་ཁྱབ་པར་གྱུར་པ་ནི། །ཤ་མང་ཚོགས་རྣམས་འབོད་པ་དང༌། །གཙང་མ་ལྡན་རྣམས་སྐྲོད་པ་བཞིན། །༣ ཞེས་སྨྲས་ནས་གདོང་ཕྱིར་ཕྱོགས་ཏེ་འཁོད་དོ། །
དོན་ཇི་བཞིན་པ་ནི། ཀྱེ་མ་བསོད་ནམས་ཟད་པའི་མིག་འདིས་མི་མཐོང་བ་ནི་ཅི་ཞིག་ཡོད། ཡི་དྭགས་འདྲ་བའི་མི་འདི་ཚོ་སུ་རེད། རྨ་ཡིས་ལུས་གང་ཞིང་ཁ་དང་མིག་དག་ནི་རལ་ཅིང་རྣག་ཁྲག་གི་རྒྱུན་ཟགས་པ་འདི་ནི། འབུ་སྲིན་ཚོགས་ཀྱིས་ཟོས་པའི་མི་རོ་ལྷག་མ་ཙམ་ཞིག་དང་འདྲའོ། །རུལ་ཞིང་འདམ་འབག་ཏུ་གྱུར་པའི་དྲི་ངན་གྱིས་ཕྱོགས་ཀུན་ཁྱབ་པར་གྱུར་པ་ལ་ཤ་སྦྲང་ཚོགས་རྣམས་ངང་གིས་འདུའོ།།
རྒྱན་ནི། ༡ སྨད་པའི་དངོས་དཔེ། ༢ མི་སྡུག་ཉམས་ལྡན་གྱི་ཆོས་དཔེ། ༣  འགལ་བའི་རབ་རྟོག།
གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། ནད་ཅེས་བྱ་བ་འཇིགས་རུང་བ། །འདི་ནི་གཤིན་རྗེའི་མཆེ་བ་ཡིན། །ལུས་ཅན་ཀུན་ལ་ཡང་དང་ཡང༌། །རབ་ཏུ་དྲག་པོས་འདེབས་པར་བྱེད། ༡ ། ལང་ཚོ་རྒྱས་པའི་དཔལ་ལ་རབ་ཆགས་ཁེངས་པས་ལྟ་ཞིང་གཅེས་པར་འཛིན་བྱེད་ཟས་དང་གོས་ཀྱིས་རྟག་ཏུ་མགྲོན་གཉེར་མཛེས་སྡུག་ཡིད་འོང་ལུས་ལྡན་ཡང༌། །དེ་ནི་དུས་ཀྱི་མི་བཟད་ནད་ཐེབས་འགྲོ་འཆག་དོར་ཞིང་ཟས་ལ་རྩོམ་བྲལ་མིག་དཀྱུས་ཟུམ་ཞིང་ལག་པ་སྒྲེང་སྟེ་ཤིང་རུལ་བཞིན་དུ་ངོགས་སུ་འགྱེལ། ༡ །སྟོབས་ཀྱིས་དབེན་ཞིང་ལུས་ཀྱི་ཤ་བྲལ་རོ་འཛིན་བསྐམས་པས་མི་ནུས་བཞིན་དུ་སྨྲེ་ངག་སྣ་ཚོགས་འབྱིན་ཞིང་འགྲེ་ལྡོག་དྲི་ངའི་དབུགས་ཀྱིས་མགྲིན་པ་རྒྱས། ༢ །ཟུག་རྔུ་དྲག་པོས་སྐད་ཅིག་ཙམ་ཡང་དམྱལ་བ་དང་མཚུངས་སྡུག་བསྔལ་རབ་སྟེར་༣ནད་ཅེས་བྱ་བ་དུས་མཐའི་རླུང་འདི་ལུས་ཅན་ཀུན་གྱིས་བཟློག་པར་དཀའ། ༤ །དེས་ན་མི་བཟད་ཟུག་རྔུའི་འབྱུང་གནས་བསྟེན་པར་དཀའ་ཞིང་བྱས་པ་མི་གཟོ་སེམས་ལ་གདུང་བྱེད་གཡོ་བའི་ལུས་ལ་ཆགས་པའི་འཆིང་བ་རབ་བཏང་ནས། ༥ །ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའི་སྲོག་༦དང་ལོངས་སྤྱོད་རྩྭ་མཚུངས་༧འདི་དོར་རང་གཞན་དོན་དུ་ཉེ་བར་སྤྱད་ནས་རྟག་པའི་བདེ་བ་བསྒྲུབ་པར་རིགས།།
སྙིང་དོན་ནི། སྐྱེས་བུའི་སྲོག་འཕྲོག་པའི་ནད་དྲག་པོ་འདིས་འགྲོ་བ་རྣམས་ལ་ཡང་ཡང་སྡུག་བསྔལ་བར་བྱེད། ལང་ཚོ་དང་ལུས་སྟོབས་ཆེ་བ་འབྱོར་བ་བཟང་པ་སོགས་ཀྱང་ནད་ཀྱིས་བཟུང་ཚེ་ཟ་ཐུང་གི་ཡི་ག་མེད་པར་ལུས་བསྐམས་ནས་རང་ཚུགས་ཀྱང་མི་ཐུབ་པ་དང༌། ན་ཚ་མ་བཟོད་པར་ངུ་འབོད་བྱེད་པ་སོགས་སྡུག་བསྔལ་བཟོད་གླགས་མེད་པ་འབྱུང་ཚུལ་དང༌། དེ་བས་རང་གི་ལུས་དང་ལོངས་སྤྱོད་ཆགས་ཞེན་མི་བྱེད་པར་རང་གཞན་དོན་དུ་ཉེ་བར་སྤྱད་ནས་རྟག་པའི་བདེ་བ་ཆེན་པོ་བསྒྲུབ་འོས་སོ་ཞེས་པ་སྟེ་གོ་སླའོ།།
རྒྱན་ནི་རབ་སྤེལ་ཏེ། ༡ ཆོས་དཔེ། ༢ བྱ་བ་རང་བཞིན་བརྗོད་པ། ༣ ཆོས་དཔེ། ༤ གཟུགས་ཅན། ༥ ཡོན་ཏན་རང་བཞིན་བརྗོད་པ། ༦ ཆོས་དཔེ། ༧ དངོས་དཔེ་དང་བཅས་པ་ལ་སྙིང་རྗེའི་ཉམས་ལྡན་པའོ།།

ག  སྐྱེས་བུ་ངན་པ་དང་དམ་པའི་ཁྱད་པར་བསྟན་པ།

༡༽ ངན་པས་ནད་པའང་ཁྱད་དུ་གསོད་པའི་ཚུལ་ནི།
དེའི་ཚེ་གཞོན་ནུ་དེ་དག་གིས་སྨྲས་པའི་ཚིག་རྣམས་ནད་པ་དེ་དག་གིས་ཐོས་ནས་ཁྱད་དུ་བསད་པ་ལྟར་མཐོང་སྟེ། ཡིད་མི་དགའ་ནས་སྐད་ཆུང་ངུས་རང་ལ་སྨྲས་པ། ཀྱེ་མ་ལང་ཚཱུའི་མདངས་གསལ་བས། །དམན་པའི་ཝ་སྐྱེས་དྲེགས་ལྡན་བྱེད། །ནད་ཀྱི་སྲིན་བུས་ལུས་བཅོམ་པའི། །རི་དྭགས་དགྲ་ཡང་ཞུམ་པ་ཉིད། །༡ ཅེས་སོ། །དེ་ཐོས་པ་ན། དྲག་པོ་ཁྲོས་ནས་དབྱུག་པ་འཕྱར་ཏེ། ཀ་ཡེ་ཁྱོད་རེ་ཞིག་སྡོད་ཅིག །རང་གི་ལུས་ཉིད་ཀྱིས་སུན་ཕྱུང་ཞིང༌། ཁྱི་དང་བྱ་རོག་ལ་སོགས་པས་ཀྱང་བརྙས་པའི་གནས་སྐྱེ་བོའི་མིག་གིས་ཀྱང་ལྟ་བར་མི་འོས་པ་ཁྱོད་ཅིའི་ཕྱིར་ངེད་ཅག་རྒྱལ་པོའི་བློན་པོར་གྱུར་པ་དག་ལ་འཕྱས་འདོགས་པར་བྱེད། འདི་ནི་ཧ་ཅང་ཡང་མི་རིགས་སོ་ཞེས་རྒྱུགས་པ་དང༌།༢
དོན་ནི། ནད་མེད་པས་བཞིན་མདངས་གསལ་བ་མི་ངན་ཝ་མོ་འདྲ་བ་འདིའི་ང་རྒྱལ་ཆེ་བ་ལ། སེང་གེ་ཡང་སྲིན་འབུའི་ནད་ཀྱིས་བཅོམ་ན་དཔའ་ཞུམ་ཞིང་ལུས་ཉམས་པར་འགྱུར་བའོ། །ཞེས་ནད་ཀྱིས་མནར་བའི་ཐོག་ལ་སྐྱེ་བོ་ངན་པས་མཐོང་ཆུང་ཁྱད་གསོད་བྱེད་པས་སེམས་ལའང་སྡུག་བསྔལ་བའོ།། སྙིང་རྗེ་དང་བཟོད་པ་མེད་པའིསྐྱེ་བོ་ངན་པ་དག་གི་རང་བཞིན་འདི་འདྲ་བའོ་ཞེས་ཀྱང་ཤེས་པར་བྱའོ།།
རྒྱན་ནི། ༡ གཞི་ཐ་དད་ཅིང་ཁྱད་ཆོས་མཐུན་པའི་བསྡུས་བརྗོད་དེ། འདིར་ཝ་ཞིག་ལ་ཟུར་ཟ་བའི་ཚུལ་གྱིས་མུན་པ་ཅན་དང་ཝ་ངན་གཉི་གའི་ཕྱི་མཛེས་པ་དང་ནང་ང་རྒྱལ་གྱི་ཆོས་འདྲ་བར་བསྟན་པས་སོ།། ༢ དྲག་པོའི་ཉམས་ལྡན།

༢༽ ཁྲོ་བའི་ཉེས་པ་དང་བཟོད་པའི་ཡོན་ཏན་ལྷན་དུ་བརྗོད་པ།
གཞོན་ནུ་མཉེས་གཤིན་བཟང་པོའུ་མིག་མཆི་མས་བཀང་སྟེ་དྲག་པོ་ལག་པས་བཟློག་སྟེ། མ་བྱེད་མ་བྱེད་ཐུབ་ཚོད་ལས། །འདི་ནི་ཁྱོད་ཉིད་བཅོམ་པར་འགྱུར། །ཉམ་ཆུང་དག་ལ་འཚེ་བ་ནི། །རང་གི་གྲགས་པ་སུན་འབྱིན་ཉིད། ༡ །འདི་ལྟར་དབུལ་ཕོངས་མཐོང་བཞིན་དུ། །བརྩེ་བ་ཙམ་ཡང་མི་བྱེད་པར། །རྩུབ་པའི་ཚིག་གིས་སྡིགས་བྱེད་པ། །ཀྱི་ཧུད་སྡིག་པའི་སེམས་འདི་སྨད། ༢ །ཟས་རྣམས་ནང་ནས་དུག་ཅན་ལྗོན་ཤིང་ཚེར་མ་ཁྲོ་ལྡན་སྐྱེ་བོ་སྨད་པར་འོས། །མི་སྡུག་མཚན་མས་ཁེབས་པའི་གདོང་ཡང་མཛེས་ཀྱི་ཁྲོས་པས་བཞིན་འགྱུར་མཛེས་མ་ཡིན། །ཡོ་བྱད་ཀུན་དང་བྲལ་ཡང་དབུལ་པོ་མིན་ཏེ་བཟོད་པའི་ནོར་མེད་ཤིན་ཏུ་དབུལ། །དགྲ་བོའི་དཔུང་གིས་གྲགས་པ་གཞོམ་པར་མི་ནུས་རང་གི་ཁྲོ་བས་སྐད་ཅིག་འཇོམས། ༣ །ཁྲོ་བས་རང་ཉིད་བརླག་འགྱུར་རལ་གྲིའི་སོ་ལ་རེག་ན་རང་གི་ཡན་ལག་གཅོད། །བཟོད་པས་བདག་སྲུང་སྲ་བའི་གོ་ཆ་བགོས་པས་གཡུལ་ངོའི་མཚོན་ཡང་སྐྱེངས་པར་བྱེད། །ཁོང་ཁྲོ་ལྟ་བུ་སྐྱེ་འགྲོ་འཇོམས་པའི་དཔའ་བོ་སྲིད་པ་གསུམ་ན་ཡོད་མིན་ཏེ། །བཟོད་པ་ལྟ་བུའི་སྐྱབས་ཀྱང་རྙེད་དཀའ་དེ་ཕྱིར་རྟག་ཏུ་བཟོད་ལ་བསྟེན་པར་གྱིས། ༤ །ཞེས་སྨྲས་པ་དང་དེས་ཀྱང་ཁྲོས་པ་བཏང་ངོ།།
དོན་ནི། ཉམ་ཆུང་དག་ལ་ཐུབ་ཚོད་བྱེད་པ་ནི་རང་གི་གྲགས་པ་ཉམས་བྱེད་དང་རང་ཉིད་འཇོམས་བྱེད་ཡིན། དབུལ་ཕོངས་མཐོང་བཞིན་དུའང་བརྩེ་བ་ཙམ་ཡང་མི་བྱེད་པར་ཚིག་རྩུབ་མོས་སྡིགས་པར་བྱེད་པའི་སྡིག་སེམས་ཅན་གྱི་ཁྲོ་ལྡན་སྐྱེ་བོ་དག་ནི་སྨད་འོས་ཤིན་ཏུ་མི་སྡུག་པའོ། །བཟོད་པའི་གཉེན་པོ་དང་བྲལ་བའི་ཁྲོ་བ་ནི་རང་ཉིད་འཇོམས་བྱེད་ཀྱི་དགྲ་ཆེན་པོ་ཡིན་པས། སུ་ཞིག་ལ་བཟོད་པ་དང་ལྡན་ན་དེ་ནི་རང་གི་སྐྱབས་དམ་པའོ། །ཞེས་སྙིང་རྗེ་མེད་པའི་ཁྲོ་ལྡན་སྐྱེ་བོ་དང་དེའི་ལྡོག་ཕྱོགས་གཉིས་བསྡུར་ཏེ་སྐྱོན་ཡོན་བསྟན་པའོ། །
རྒྱན་ནི། ༡ ཉམས་བྱེད་རྒྱུ། ༢ ཁྲོ་བས་འགོག་པ། ༣ སྡུར་བའི་འགལ་རྒྱན། རྐང་པ་དང་པོར་ལྗོན་ཤིང་ཚེར་མ་ཅན་དང་འདྲ་བའི་ཁྲོ་ལྡན་སྐྱེ་བོ་ཞེས་འབྲུ་མང་སྡུད་དཔེ་ལྟར་འགྲེལ་ཆོག་མོད། ཐོག་མའི་དཔེ་ཟས་རྣམས་ནང་ནས་དུག་ཅན་ཁ་ཟས་ཞེས་པའི་ཚིག་འགྲོས་ཀྱིས། ལྗོན་ཤིང་ནང་ནས་ཚེར་མ་ཅན་དང༌། མི་རྣམས་ནང་ནས་ཁྲོ་ལྡན་སྐྱེ་བོ་སྨད་པར་འོས་ཞེས་འགྲེལ་ཅིང་གོ་འོས་སོ། ༤ །དཔེ་རྒྱན་སྤེལ་མ། དཔེ་ཅན་ལྷག་པའི་བསྡུར་དཔེ། གསུམ་པ་དང་བཞི་བ་ནི་དཔེ་མེད་པའི་ཟློག་དཔེ་སྟེ། ཁོང་ཁྲོ་དང་བཟོད་པ་གཉིས་ལ་མཚུངས་སྒྲ་སྦྱར་ནས་དཔེའི་ཚུལ་དུ་སྨྲས་པས་སོ།།

༣༽ དམ་པའི་སྙིང་རྗེ་ཆེན་པོའི་ཉམས་ལེན་དངོས་བསྟན་པ།
དེ་ནས་གཞོན་ནུ་ལེགས་པའི་བློ་གྲོས་ལ་སོགས་པས་པད་མའི་རྩ་བ་ལྟར་འཇམ་ཞིང་ཡིད་དུ་འོང་བའི་ལག་པ་བརྐྱངས་ནས་ཕོངས་པ་དེ་དག་གི་མགོ་ལ་བྱུགས་ཏེ། མཛེ་ནད་གསོ་བའི་ཕྱིར། དགོས་པའི་དབང་གིས་འཛེམ་དོགས་མེད་པར་ཤུ་བས་བཀབ་པའི་རྨ་རྣམས་འཇིབས་པ་དང༌། ཆུ་གསེར་སེརགྱི་རྒྱུན་ཞོ་ལྟར་འབབ་པས་༢ཁ་བཀང་བ་ཕྱིར་འཕོ་ཞིང༌། དེའི་ཤུལ་དུ་སྨན་བཟང་པོ་སྦྱར་བ་བཏབ་ནས་ནད་ཀྱི་ཟུག་
རྔུ་ཞི་བར་བྱས་སོ། །
དོན་ནི་རྒྱལ་བའི་སྲས་ཀྱི་སྙིང་རྗེ་ཆེན་པོའི་མཛད་སྤྱོད་ཞིབ་ཏུ་བྲིས་པ་སྟེ་གོ་སླའོ། །ཤུ་བ་ནི་འདིར་རྨ་རྙིང་གི་པགས་པའོ། །ཆུ་སེར་གྱི་རྒྱུན་ཞོ་ལྟར་འབབ་པ་ནི་ཆུ་སེར་གྱི་རྒྱུན་སེར་པོ་ཞོ་ལས་ཆུར་ཁུའི་ཐིགས་པ་འབབ་པ་ལྟ་བུར་གོ་འོས། ཟུག་རྔུ་ནི་ན་ཟུག་གམ་ཟུག་གཟེར་དྲག་པོའོ།།
རྒྱན་ནི།  ༡་༢ གཉི་ག་ཆོས་དཔེ་དང༌། སྤྱིའི་ཆ་ནས་མི་སྡུག་པའི་ཉམས་དང་སྙིང་རྗེའི་ཉམས་བཅས་པའོ། །

༤༽ སྐྱེ་བོ་ངན་པའི་ལོག་པར་རྟོག་པའི་སྤྱོད་ཚུལ།
དེ་མཐོང་བ་དང༌། བདག་ཉིད་ཆེན་པོའི་སྤྱོད་པ་དམན་པའི་བློ་ཡིས་བཟོད་པར་དཀའ་བ་དེ་ལ་མ་རངས་ཏེ། དྲག་པོ་ཁྲོ་བ་དང་བཅས་པས་སྨྲས་པ། ཀྭ་ཡེ། ངེད་ཀྱིས་གནོད་པ་ཅི་ཡང་མ་བྱས་ན། །ཅི་ཕྱིར་ཁྱེད་ཅག་ངེད་ཀྱི་འཚོ་བ་གཅོད། །ངན་སྤྱོད་འདི་འདྲ་མཐོང་བས་མགྲིན་འཆུས་ཏེ། །རོ་བརྒྱ་ལྡན་པའང་སུ་ཡིས་ཟ་བར་ནུས། ༡ །སྡིག་པ་མངོན་སུམ་སྨིན་པ་བཞིན། །མི་གཙང་རྫས་རྣམས་བསགས་པ་བཞིན། །འཇིག་རྟེན་རྣམས་ལ་སུན་འབྱིན་བཞིན། །ཕྱོགས་ཀུན་རྨོངས་པར་བྱེད་པ་བཞིན། ༢ །མི་གཙང་རྐྱལ་པ་འདི་དག་ལས། །རྣག་ཁྲག་འཐུང་བས་ཚིམས་གྱུར་པ། །ཁྱེད་ཅག་ཁམས་དང་ལུས་བརྟས་བཞིན། །གོ་འཕང་མཆོག་ཅིག་ཐོབ་འགྱུར་གྲང༌། ༣ །དོན་ཇི་བཞིན་པ་ནི།  དྲག་པོ་ཁྲོས་ནས། ཀྭེ ངས་གནོད་པ་ཅི་ཡང་མ་བྱས་པར་ཁྱོད་ཚོས་ཅིའི་ཕྱིར་ངའི་བཟའ་བཏུང་གི་འཚོ་བ་འདིར་བར་ཆད་བྱེད། སྤྱོད་ངན་གཙང་བཙོག་མི་ཤེས་པའི་ཚུལ་འདི་འདྲ་མཐོང་བས་ད་ནི་ཡི་ག་ལོག་ནས་རོ་བརྒྱའི་ཟས་ཞིམ་ཞིག་རག་ཀྱང་སུས་ཟ་ཐུབ། ནད་པ་འདི་ཚོ་ནི་རང་གི་ཚེ་སྔོན་སྡིག་པ་རྣམས་ད་ལྟར་དངོས་སུ་སྨིན་པ་དང་འདྲ་ལ། མི་གཙང་བའི་རྫས་ངན་ཚང་མ་ཕྱོགས་འདིར་བསགས་པ་ལྟར་ཞེ་མེར་ལང་ངོ༌། །མི་གཙང་བའི་རྐྱལ་པ་ཆེན་པོ་འདི་དག་ལས་རྣག་ཁྲག་འཇིབས་ནས་འཐུང་བས་ཡིད་ཚིམ་པ་ཁྱོད་ཚོར་རང་གི་ལུས་མི་གཙང་བ་ཆེར་རྒྱས་པ་ལྟར་གྱི་གོ་འཕང་ཡ་མཚན་ཞིག་འཐོབ་པར་མི་འགྱུར་རམ། ཞེས་ཕྱིའི་མི་གཙང་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་གཙང་བཙོག་ཀྱང་མི་ཤེས་པའི་ཚུལ་དུ་དམ་པར་སྨོད་པའོ།།
རྒྱན་སྤྱིའི་ཆ་ནས་མི་སྡུག་པའི་ཉམས་དང༌། ནང་གསེས་སུ། ༡ ཉམས་བྱེད་ཀྱི་རྒྱུ། ༢ ཐོག་མ་གཉིས་དངོས་དཔེ་དང་ཐ་མ་གཉིས་སེམས་ལྡན་རབ་རྟོག ༣ བསྙོན་འདོར་དཔེ་རྒྱན་ཞེས་འདོགས་འོས་ཏེ། རྣག་ཁྲག་མ་འཐུངས་པ་ལ་འཐུང་བ་ཞེས་བསྙོན་ནས་མི་གཙང་བ་ཟོས་པས་ལུས་ཀྱང་མི་གཙང་བ་ཆེར་རྒྱས་པ་བཞིན་དུ་ཆོས་དེའི་འབྲས་བུ་ཡང་དེ་འདྲ་ཞིག་ལས་ཅི་འོང་ཞེས་ཆེས་ཆེར་སྨད་དོ།།

༥༽ དམ་པས་ལོག་རྟོག་བཟློག་པའི་ཚུལ།
གཞོན་ནུ་དགེ་བ་ཅན་དགོད་ཅིང༌། དྲག་པོས་མཚོན་ཕུ་བོ་རྣམས་ལ་སྨྲས་པ། སྤྱོད་ཚུལ་འདི་མཐོང་ཁྱོད་ཅག་ཡིད་བྱུང་ནས། །ཁ་ཟས་དོན་གཉེར་རྩོམ་པ་མི་ནུས་ན། །ཁུ་ཁྲག་གཤང་གཅིས་ཁེངས་པའི་ལུས་འདི་དང༌། །རྟག་ཏུ་འགྲོགས་བཞིན་ཇི་ལྟར་འཚོ་བར་བྱས། ༡ །ངོ་ཚ་ཆུང་ཞིང་ཕ་རོལ་བསླུ་བ་དང༌། །སྡིག་དང་གཡོ་སྒྱུ་ངན་སྤྱོད་སྣ་ཚོགས་པ། །དམ་པ་རྣམས་ཀྱིས་སྨད་པའི་གནས་དེ་དག །གཙང་མ་ལྡན་ཁྱེད་ཅི་ཕྱིར་འདོར་མི་བྱེད། ༢ །མི་འདོད་ཟུག་རྔུ་བརྒྱ་ཕྲག་དུ་མ་ཡིས། །ལུས་ཅན་ཀུན་ལ་རྟག་ཏུ་གདུང་བར་བྱེད། །ནུས་བཞིན་འདི་ལ་ཕན་པ་མ་བྱས་ན། །ཉོན་མོངས་ནད་ལས་བདག་ཅག་ཇི་ལྟར་ཐར། ༣ །དེ་སྐདཅེས་སྨྲས་པ་དང༌། །ཕུ་བོ་གསུམ་ཡང་ཅི་ཡང་མི་སྨྲ་བར་འདུག་གོ།
དོན་ནི། བདག་ཅག་གི་སྙིང་རྗེའི་སྤྱོད་ཚུལ་འདིས་ཁྱེད་ཅག་ཞེན་པ་ལོག་ནས་ཟས་ཀྱང་ཟ་མི་ནུས་ན། གཅིན་སྐྱག་ཁུ་ཁྲག་གིས་གང་བའིརང་གི་ལུས་འདི་དང་ལྷན་ཅིག་ཏུའང་ཇི་ལྟར་སྡོད་ཐུབ། ཁྱེད་ཚོ་དེ་འདྲའི་གཙང་སྦྲ་དང་ལྡན་པ་ཞིག་ཡིན་ན། སྐྱེས་བུ་དམ་པ་རྣམ་པས་སྨོད་པའི་མི་གཙང་བ་ངོ་ཚ་མེད་པ་དང༌། གཞན་བསླུ་བའི་ཁྲེལ་མེད་པ། སྲོག་གཅོད་པ་སོགས་སྡིག་པ་གསོག་པ། གཡོ་དང་སྒྱུས་ལོག་པར་འཚོ་བའི་སྤྱོད་ངན་དེ་དག་མི་སྤོང་དོན་ཅི་ཡིན། འདི་ལྟར་མི་འདོད་པའི་སྡུག་བསྔལ་མང་པོས་སེམས་ཅན་ཐམས་ཅད་རྟག་ཏུ་གདུང་བར་བྱེད་པ་ལ་རང་གིས་དངོས་སུ་ཕན་འདོགས་ཐུབ་བཞིན་དུ་རོགས་མ་བྱས་ན་ང་ཚོ་ཉོན་མོངས་དུག་གསུམ་གྱི་ནད་དྲག་པོ་ལས་ཐར་བའི་ལམ་ཞིག་མེད་ཅེས་པའོ། །ཞེས་ཕྱི་ལས་ནང་གི་སྐྱོན་རྣམས་ནི་ཆེས་མི་གཙང་བ་དང་ཉེས་པ་ཆེ་བར་བསྟན་ཏོ།།
རྒྱན་ནི། ༡ འོས་པའི་དོན་གཞན་བཀོད་པ། ༢ བྱ་བྱེད་འགལ་བའི་རྒྱན་ཞེས་འདོད་དེ། བྱེད་པ་པོའི་ངང་ཚུལ་དང་དེའི་བྱ་སྤྱོད་གཉིས་འགལ་བ་བརྗོད་པས་སོ།། ༣ རིགས་མཐུན་གཟུགས་ཅན་རྒྱན་ཞེས་འདོད་དེ། ཉོན་མོངས་པའི་ནད་དང་ན་ཚ་གཉིས་བྱེད་ལས་མཐུན་པའི་ནད་རིགས་གཅིག་པ་ལྟར་སྨྲས་པས་སོ།།

༦༽ དམ་པས་གཞན་ཕན་སྒྲུབ་པའི་ཡོན་ཏན་ལ་བསྔགས་པ།
དེའི་ཚེ་ནད་པ་དེ་དག་རབ་ཏུ་མགུ་བར་གྱུར་པས་འཛུམ་གྱིས་བཀྲུས་༡པའི་བཞིན་དྭངས་བས། །སྐྱེས་བུ་དམ་པ་དེ་དག་ལ་བལྟས་ཏེ་ཐལ་མོ་སྦྱར་ནས་འདི་ལྟར་རྗོད་པར་བྱེད་དོ། །( ༡ ཏིང་འཛིན་རབ་རྟོག)
སློང་ལ་དཔག་བསམ་ཤིང་དང་ནད་ཀྱིས་གདུང་ལ་སྨན་པ་ཕོངས་པ་རྣམས་ལ་ཕ་དང་མ། །དུབ་པའི་མགྲོན་ལ་ངལ་གསོ་ལམ་རིང་དག་ལ་ལམ་མཁན་འཇྀགས་པས་ཉེན་ལ་དབུགས་འབྱིན་མཆོག །འཁོར་བ་སྒྲོལ་ལ་དེད་དཔོན་སྡིག་པ་འཇོམས་ལ་དཔའ་བོ་འགྲོ་ལ་སྣང་མཛད་ཁྱོད་ཅག་ལ། །བདག་ཅག་ཇི་སྲིད་འཚོ་བར་འགྲོ་འཆག་ཉལ་འདུག་ཀུན་ལ་རྟག་ཏུ་དྲན་པས་ཕྱག་འཚལ་ལོ། ༡ །སྐལ་བ་ཆེན་པོས་དུས་ཐམས་ཅད་དུ་རྒྱལ་བར་གྱུར་ཅིག །ཅེས་རྐང་པ་ལ་གཏུགས་སོ། །དེ་ནས་གཞོན་ནུ་དག་ཡིད་དགའ་བཞིན་དུ་ཕྱོགས་དེ་ཉིད་ནས་ལངས་ཏེ་སོང་ངོ།།
དོན་ནི། སློང་མཁན་དང་ནད་ཀྱིས་མནར་བ། དབུལ་ཕོངས། ངལ་བས་དུབ་པའི་མགྲོན་པོ། རྒྱུས་མེད་ལམ་རིང་འགྲིམས་མཁན། འཇིགས་པའི་ཉེན་ཁ་ཅན། མདོར་ན་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ཡང་དག་པར་སྒྲོལ་ཅིང༌། རང་གཞན་གྱི་སྡིག་པ་མ་ལུས་འཇོམས་པའི་ཕྱིར་དུ་ཁམས་དང་མོས་པ་མི་འདྲ་བའི་འགྲོ་བ་རྣམས་ལ་གང་ལ་གང་ཕན་བསྒྲུབ་ཕྱིར་དེ་དང་དེར་སྤྲུལ་བའི་གཟུགས་སུ་སྣང་བར་མཛད་པའི་སྐྱབས་དང་མགོན་པོ་ནི་ཁྱོད་ཅག་ཡིན་པས། བདག་ཅག་མ་ཤི་བར་དུ་བཀའ་དྲིན་དྲན་བཞིན་རྟག་ཏུ་ཕྱག་འཚལ་ན། བསོད་ནམས་ཆེན་པོའི་མཐུས་བདག་ཅག་རྣམ་པ་ཀུན་ཏུ་རྒྱལ་བར་ཤོག །ཅེས་རྐང་པ་ལ་མགོས་གཏུགས་ནས་དད་པས་བཀུར་རོ། །ཞེས་སྙིང་རྗེ་ཆེན་པོས་གཞན་ཕན་འབའ་ཞིག་སྒྲུབ་པའི་རྒྱལ་སྲས་ཀྱི་ཡོན་ཏན་ལ་བསྔགས་པའོ།།
རྒྱན་ནི། ཆོས་ཅན་ལ་ལྟོས་པའི་གཟུགས་ཅན་ཞེས་བྱ་སྟེ། སློང་བ་ལ་སོགས་པ་ལ་ལྟོས་ནས་དཔག་བསམ་ཤིང་སོགས་ཡིན་པར་བསྔགས་པས་སོ།།

གཉིས་པ་བཟོད་པའི་ཡོན་ཏན་བརྗོད་པ་ལའང་བཞི་སྟེ།

ཀ  ཐོག་མར་རང་བྱུང་ཁོར་ཡུག་གི་བཀོད་པ་ངོ་མཚར་བའི་ཚུལ་བརྗོད་པ་ནི།

    དེ་ནས་རིམ་གྱིས་དོང་དོང་བ་ལས་ཉི་མ་ཡང་ཡོངས་སུ་(ནུབ)གྱུར་ཏེ། །ད་ནི་བཅོམ་ལྡན་འོད་ཟེར་སྟོང་ཕྲག་ཅན་ཡང་ནུབ་ཀྱི་ལྷུན་པོའི་བསྟི་གནས་སུ་ཡུད་ཙམ་ངལ་བསོ་ཞིང་ཐུན་མཚམསཀྱི་བུ་མོའི་སྨུག་རྩི་ལ་ལྷག་པར་ཆགས་པའི་དྲོད་ཀྱི་གདུང་བ་འབར་བ་བསིལ་བར་འདོད་པ་བཞིན་དུ་ནུབ་ཀྱི་ཆུ་གཏེར་ཆེན་པོར་འཇུག་པར་འདོད་དོ། ༡ །དེ་ལ་ཉེ་བར་ཆགས་པའི་ཆུ་གཏེར་རྒྱས་པའི་ཚལ་དག་ཀྱང་དེའི་ཕྱི་བཞིན་དུ་འབྲོས་པར་དོགས་པའི་ཕྱིར་མཚན་མོ་རྒྱུ་བ་དག་གིས་མུན་པའི་རྒྱར་རབ་ཏུ་བཅིངས་ཏེ། ༢ བདག་ཅག་ཀྱང་གཞན་དུ་འགྲོ་བར་མི་ནུས་ཀྱི། ཉེ་འཁོར་འདི་ཉིད་དུ་བསྟི་གནས་བཙལ་ཏེ་འདུག་པར་བྱའོ། །ཞེས་སྨྲས་ནས། རྣམ་པར་བཀྲ་བའི་བྲག་རི་དབང་པོའི་གཞུ་རླུང་གིས་གཏུབས་པའི་དུམ་བུ་བརྩིགས་པ་ལྟ་བུའི་བྱ་སྐྱིབས་ཞིག་ཏུ་གནས་བཅས་ཏེ་འདུག་གོ། ༣ དེ་ནས་མུན་པའི་ཁྲོད་དུ་ལྷུང་བའི་སྐྱེ་བོ་རྣམས་ལ་ངལ་བསོ་སྟེར་བའི་སོར་མོ་བརྐྱངས་པ་ལྟ་བུའི་འོད་ཟེར་དཀར་པོ་རབ་ཏུ་འགྱེད་པར་མཛད་པ་རྒྱུ་སྐར་རྣམས་ཀྱི་བདག་པོ་ནི་ནམ་མཁའི་དཀྱིལ་ན་འཛེགས་ཏེ་འདུག་པར་མཐོང་བ་དང༌། ༤ གཞོན་ནུ་དེ་དག་གཉིད་ཀྱི་བདེ་བ་ལྷའི་བསམ་གཏན་གྱི་རོ་མྱང་བ་ལྟ་བུ་ལ་ཡོངས་སུ་ཆགས་པར་གྱུར་ཏོ། །
སྙིང་དོན་ནི། སོང་སོང་ནས་ཉི་མ་ནུབ་རིའི་རྩེར་དམར་མདངས་དང་བཅས་རྒྱ་མཚོའི་ཀློང་ལ་འགྲོ་བར་ཉེ་བའི་དུས་སུ། ད་ནི་ང་ཚོ་ཡང་འགྲོ་མི་ཐུབ་པས། འདིར་ངལ་གསོ་ས་ཞིག་བཙལ་ནས་འདུག་ཟེར་ནས་བརྗིད་ཅིང་མཛེས་པའི་བྲག་རི་ཞིག་གི་བྱ་སྐྱིབས་སུ་གནས་བཅས་སོ། །དེ་ནས་ཟླ་བ་ཡང་ཤར་ཏེ་ནམ་མཁར་འཕགས་ནས་འོད་དཀར་འཕྲོ་བས་གཞོན་ནུ་ཚོ་ཡང་གཉིད་ཀྱི་བདེ་བར་རོལ་ལོ། །རྒྱན་ནི། ༡ ༢ གཉི་ག་ཏིང་འཛིན་རབ་རྟོག། ༣ སྔར་མེད་དཔེའམ་བྱུང་མིན་དཔེ། ༤ དཔེའི་རབ་རྟོག།

ཁ  གཉིད་དང་ལེ་ལོའི་ཉེས་པ་བསྟན་པ་ནི།

   དེ་ནས་ཐོ་རེངས་ཀྱི་ཆར་གྱུར་པའི་ཚེ། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་ལངས་ཏེ་གྲོགས་དག་ལ་སྦྲན་པ། ད་ནི་མཚན་མོའང་ཐུན་གྱི་ཐ་མར་གྱུར་གྱི་ལོངས་ཤིག །ས་ཕྱོགས་འདི་ཡང་ཆོམ་རྐུན་དུ་མ་རྒྱུ་ཞིང་ཡ་ང་བའི་གནས་ཡིན་ཏེ། ཇི་སྲིད་ནམ་ལངས་ཀྱི་བར་མ་གྱུར་པ་དེ་སྲིད་དུ་བས་མཐའ་འདི་བརྒལ་བར་བྱའོ། །མྱུར་བར་ལངས་ཏེ་ཤོག་ཅིག ཅེས་སྨྲས་ནས་ནུ་བོ་གསུམ་ཕྱོགས་དེ་ཉིད་ནས་ལངས་ཏེ་སོང་ངོ།།
ཐོ་རཻངས་སམ་ཐོ་རངས། སྐྱ་རེངས་དང་པོའི་དུས། སྦྲན་པ་ནི་བོས་པའམ་སྐད་བཏང་བ། མཚན་མོའི་ཐུན་གྱི་ཐ་མ་ནི་ནམ་ལངས་ལ་ཉེ་བའི་དུས། བས་མཐའ་ནི། བས་ནི་ཟད་པ་སྟེ། གྲོང་ངམ་མི་མེད་སའི་ས་སྟོང་ངོ༌། །ཚིག་དོན་ནི་སླའོ།།
ཕུ་བོ་གསུམ་ནི་མལ་ནས་མགོ་བཏེགས་ཏེ་གཞོན་ནུ་མུན་པ་ཅན་གྱིས། ད་དུང་འགྲོ་བའི་དུས་ལ་མ་བབས་སོ་ཞེས་སླར་ཡང་ཉལ་ལོ། །གཉིད་ཀྱིས་མྱོས་པ་དག་ལ་བྱ་དང་མི་བྱའི་གཏོལ་མེད་སྲོག་ལའང་གཅེས་པ་ཡོད་མིན་ཏེ། །བརྡེགས་ཀྱང་རྣམ་འགྱུར་མེད་ཅིང་བསྐྱོད་ཀྱང་སད་པར་མི་འགྱུར་འབྲུག་སྟོང་གྲགས་ཀྱང་ཐོས་མ་ཡིན། །ལུས་ཀྱི་རྩོམ་པ་བྲལ་ལ་ཡིད་ཀྱི་རྟོག་དཔྱོད་སྤངས་ཀྱང་ང་རོ་མི་སྙན་སྣ་ཚོགས་སྒྲོག །སྨྱོན་
པ་དག་གམ་བེམ་པོའི་ཕག་གམ་དུད་འགྲོ་གཞན་ཡང་དེ་ཡི་དཔེ་ཟླར་བཟོད་པ་མེད། །
དོན་ནི། གཉིད་ལ་དགའ་བ་རྣམས་ཀྱིས་བྱ་བ་འདི་བྱ་རྒྱུ་དང་འདི་མི་བྱ་ཞེས་རང་ཉིད་ལ་རང་དབང་བའི་བྱ་ཐབས་མེད་ལ་ཐ་ན་གཉིད་ཀྱི་བདེ་བའི་སླད་དུ་རང་སྲོག་ལའང་མི་གཅེས། གཞན་ཞིག་གིས་བརྡེགས་ཀྱང་མི་ཚོར་བ་རྣམ་འགྱུར་མེད་པའི་བེམ་པོ་བཞིན་དང༌། ཕར་ཚུར་བསྐྱོད་པ་དང་འབྲུག་སྟོང་ལྷན་ཅིག་གྲགས་ཀྱང་གཉིད་མི་སད། ལུས་ཀྱི་གཡོ་འགུལ་སོགས་དང་ཡིད་ཀྱི་རྟོག་དཔྱོད་གང་ཡང་མེད་པར་གཉིད་སྟུག་པོ་ཁུག་ན་ཡང་སྔུར་བ་དྲག་པོ་སྒྲོག་པ་དེ་ལ། སྨྱོན་པའམ་ཕག་གམ་དུད་འགྲོ་གཞན་སུས་ཀྱང་དཔེར་མཚོན་མི་ཐུབ། རྣམ་འགྱུར་མེད་ནི། ཚོར་བའི་དབང་གིས་ལུས་ངག་གི་རྣམ་པར་འགྱུར་བའི་ཉམས་དག་མེད་པ་བེམ་པོ་འདྲ་བའོ། །འདི་ནི་རབ་སྤེལ་རྒྱན་ཏེ། དང་པོ་བྱ་བའི་རང་བཞིན་བརྗོད་པ་དང༌། གཉིས་པ་ཁྱད་འཕགས་ཕུལ་བྱུང༌། གསུམ་པ་བྱ་བ་འགལ་བ། བཞི་བ་ཟླ་བོ་མེད་པའི་དཔེའོ།།
སྐབས་དེར་ནམ་མཁའི་སྐྱེད་ཚལ་དུ། །རྒྱུ་སྐར་དགའ་མའི་འཁོར་གྱིས་ནི། །ཡོངས་སུ་བསྐོར་ཞིང་བརྩེ་ལྡན་པ། །ཀུན་དགའི་བཞིན་ལྡན་ཡུན་རིང་འཁྱམས། ༡ །ཆགས་པའི་འཛུམ་གྱིས་མིག་ཟུམ་ཞིང༌། །བདུད་རྩིའི་བཏུང་བས་མྱོས་པ་དེ། །ཨན་ད་རྙིལ་གྱི་ངོས་འཇམ་ལ། །རབ་ཏུ་འདྲེད་ནས་རྒྱ་མཚོར་ལྷུང༌། ༢ །དེ་མཐོང་མཆི་མའི་བདུད་རྩི་ཡི། །མི་ཀྱོག་རྐང་ལྡན་སྔོ་བསངས་མའི། །སྐར་ཕྲེང་དོ་ཤལ་རིམ་གྱིས་ནི། །སྐྱ་རེངས་འོད་ཆེན་ཆོམ་པོས་བརྐུས། ༣ །བདག་པོས་བཏང་བཞིན་རྒྱན་རྣམས་དང༌། །བྲལ་བར་མཐོང་ནས་མཚན་མོ་ཡང༌། །མྱ་ངན་དྲག་པོས་ཞུམ་པ་བཞིན། །དལ་གྱིས་མཐོང་བ་མིན་པར་གྱུར། ༤ །
སྐབས་དེར་ནམ་མཁར་རྒྱུ་སྐར་གྱིས་ཡོངས་སུ་བསྐོར་བ་ཀུན་འགའི་བཞིན་ལྡན་ཟླ་བ་དེ་ཤར་ནས་ཡུན་རིང་འོད་དཀར་སྤྲོས་མཐར་རིམ་པས་རང་འོད་ཉམས་ཏེ་རྒྱ་མཚོར་ནུབ་ལ་ཉེ་བ་ན་ནམ་མཁའི་སྐར་ཚོགས་དེ་སྐྱ་རེངས་ཀྱི་འོད་ཆེན་པོས་མོག་པོར་གྱུར་ནས་རིམ་གྱིས་མཚན་མོའི་མུན་པ་ཡོངས་སུ་ནུབ་པར་གྱུར་ཅེས་པའོ། །
རྒྱན་ནི། ༡ རབ་རྟོག་ལྡན་གཟུགས་ཏེ། རྐང་པ་ཐོག་མ་གཉིས་ལྡན་གཟུགས་དང༌། ལྷག་མའི་ཀུན་དགའི་བཞིན་ལྡན་ཟླ་བ་དེ་རང་གི་དགའ་མ་རྒྱུ་སྐར་ལ་བརྩེ་བ་དང་ལྡན་ཞིང་ཡུན་རིང་པོར་འཁྱམས་ཞེས་པའི་ཚིག་ནི་ཏིང་འཛིན་རབ་རྟོག་གོ། ༢ ཏིང་འཛིན་རབ་རྟོག །ཚིག་གི་འགྲེལ་ནི། རང་དང་རྒྱུ་སྐར་གྱི་འོད་ཀྱི་བདུད་རྩིས་ཚིམ་ཞིང་བཟི་ནས་ཆགས་པའི་འཛུམ་མདངས་ཀྱི་མིག་ཀྱང་ཟུམ་ནས། ཨན་ད་རྙིལ་གྱིས་གྲུབ་པ་ལྟ་བུའི་ངོས་འཇམ་ནམ་མཁའ་ནས་རང་ཚུགས་མ་ཐུབ་པར་རྐང་པ་འདྲེད་ནས་རྒྱ་མཚོར་ལྷུང་ཞེས་པའོ།། ༣ གཟུགས་ཅན་རབ་རྟོག། ༤ སེམས་མེད་རབ་རྟོག །
དེ་ལྟར་གྱུར་པའི་ཚེ། ཕུ་བོ་གསུམ་ཡང་གཉིད་སད་པར་གྱུར་ནས་གོས་གྱོན་ཞིང་འགྲོ་བར་བསམ་པ་དང༌། སྲིན་པོ་མངོན་སུམ་དུ་འོངས་པ་ལྟར། བཞིན་མི་སྡུག་ཅིང་མདོག་སེར་སྐྱ་འདུག་པ། ཞགས་པ་སྐེད་པ་ལ་བཅིངས་ཤིང༌། དབྱུག་པ་དང༌། རལ་གྲི་དང༌། དགྲ་སྟ་འཛིན་པ། མ་རུངས་པའི་ཤུགས་དང་བཅས་པའི་ཆོམ་རྐུན་པ་འགའ་ཞིག། ༡ འདམ་བུའི་ཚལ་དུ་གླང་པོ་འཇུག་པ་ལྟར་དེ་ཉིད་དུ་ལྷགས་སོ། །༢    དང་པོ་ཆོམ་རྐུན་དང་སྲིན་པོ་གཉིས་སྦྱར་བའི་དཔེ་སྟེ། དངོས་ཀྱི་མཚུངས་ཆོས་ནི་ཁ་དོག་དང་ཞགས་པ་སོགས་མཚོན་ཆ་ཐོགས་པའི་ཆ་ལུགས་དག་གོ །ཐ་མ་དངོས་དཔེ་སྟེ་ཤུགས་ཀྱི་མཚུངས་ཆོས་ནི་དགའ་ཞིང་བྲེལ་བས་ལས་སླ་བོར་འཇུག་པའོ། །དགྲ་སྟ་ནི་ཡུ་བ་རིང་བའི་སྟ་རེའི་མཚོན་ཆ་ཞིག །འདམ་བུའི་ཚལ་ནི་འདམ་རྩྭ་དང་པད་མ་སྐྱེས་པའི་ཚལ་ལོ། །ལྷགས་ནི་སླེབས་པ།
དེ་མཐོང་སྐྲག་པས་ཟིལ་མནན་ཡན་ལག་རབ་འདར་ཁ་བསྐམས་མིག་ནི་རིག་རིག་ལྟ་ཞིང་བརྟན་པ་ཉམས། །ལུས་ཀྱི་རྩལ་དང་དྲག་ཤུལ་དེདག་བྲོས་སམ་མི་བཟོད་ཁྲོ་བ་དྲག་པོ་དེ་ཚེ་ཞི་གྱུར་ཏམ། །རང་གི་གོམ་ཚུགས་བརྟན་པོར་འཇོག་ནུས་མིན་ན་ཕ་རོལ་དགྲ་ལ་བརྒལ་བར་བྱ་བ་ཇི་ལྟར་ནུས། །སྙིང་སྟོབས་མེད་ཀྱང་ཁྲོ་བ་རྒྱས་པའི་སྡར་མ་རྣམས་ནི་ཉམ་ཆུང་འཇོམས་ལ་ལྷག་པར་དཔའ་བར་ཟད། །༡ དེ་ལྟར་ཆོམ་རྐུན་དེ་དག་གིས་གཞོན་ནུ་གསུམ་གྱི་གོས་དང་རྒྱན་ལ་སོགས་པ་བདོག་པ་ཐམས་ཅད་ཕྲོགས་ཤིང༌། ལུས་བྲམ་ཟེའི་རལ་པ་ལྟར་བཅིངས་༢པས་ཆོ་ངེ་རྣམ་པ་སྣ་ཚོགས་འདེབས་པར་བྱེད་དོ། །
དོན་ནི། ངང་ཚུལ་དེ་དག་མཐོང་སྟེ། འཇིགས་སྣང་གིས་ཟིལ་གྱིས་མནན་ནས་རྐང་ལག་འདར་ཅིང་ཁ་བསྐམས། མིག་ནི་རིག་རིག་ལྟ་ཞིང་ཡིད་ཀྱི་དྲན་པ་ཉམས་ཏེ་ཅི་བྱེད་མི་ཤེས་པར་ལུས་ཀྱི་རྩལ་དང་དྲག་ཤུལ་གྱི་ཉམས་དང་བཅས་པའི་མི་བཟོད་པའི་ཁྲོ་བ་དྲག་པོ་དག་ཀྱང་སྐབས་དེར་ཞི་བར་གྱུར་ཏེ། རང་གི་གོམ་འགྲོས་ཀྱང་བརྟན་པོར་འཇོག་མི་ནུས་ན་ཕ་རོལ་དགྲ་ལ་ཇི་ལྟར་འཐབ་ནུས། གཞོན་ནུ་དེ་དག་ནི་སྙིང་སྟོབས་མེད་ན་ཡང་ཤིན་ཏུ་ཁྲོས་པའི་དབང་གིས་སྔར་ནད་པ་ཉམ་ཆུང་དག་ལ་ཐུབ་ཚོད་ཁྱད་གསོད་བྱེད་པར་དཔའ་བ་ཙམ་དུ་ཟད་དེ་དོན་དུ་སྡར་མ་འདི་འདྲ་ཞིག་ཡིན་པས་ཆོམ་རྐུན་དེ་དག་གིས་འཐབ་མ་དགོས་པར་གཞོན་ནུ་གསུམ་གྱི་གོས་དང་རྒྱན་སོགས་རྒྱུ་ནོར་ཐམས་ཅད་ཕྲོགས་ཤིང་ཐག་པས་བཀྱིགས་པ་ན། དེ་དག་གིས་ངུ་ངག་དང་བཅས་པའི་སྲོག་སྐྱོབས་རོགས་ཟེར་བ་སོགས་ཞུ་འབོད་མང་པོ་བྱེད་དོ།།
རྒྱན་ནི། ༡ རིགས་རང་བཞིན་བརྗོད་པ། ༢ དངོས་དཔེ།  སྡར་མ་ནི་དཔའ་བོའི་ལྡོག་ཕྱོགས། བདོག་པ་ནི་རྒྱུ་ནོར། ཆོ་ངེ་འདོན་པའམ་འདེབས་པ་ནི་ངུ་འབོད་བྱེད་པའོ།།
དེ་ལྟར་ཕན་པའི་ངག་ལ་མི་ཉན་ཞིང་གཉིད་དང་ལེ་ལོའི་དབང་དུ་གྱུར་ན་སྲོག་གི་ཉེན་ཁའང་འབྱུང་བའི་ཉེས་པ་བསྟན་པའོ།།

ག  བཟོད་པའི་ཡོན་ཏན་བསྟན་པ་ལའང༌།

༡༽ བཟོད་པའི་སྟོབས་སམ་ཕན་ཡོན་བསྟན་པ་ནི།
སྐབས་དེར་ནུ་བོ་གསུམ་སྔོན་ལ་དོང་བས་ཕྱིར་ཡང་ཡང་བལྟས་ཀྱང་ཕུ་བོ་གསུམ་འོང་བ་མ་མཐོང་བས་འདི་ཅི་ཉེས་ཞེས་སླར་ལོག་པ་ན། དེ་དག་དེ་ལྟར་གྱུར་པ་མཐོང་ནས། རིངས་པ་རིངས་པར་ཕྱིན་པ་དང༌། གཞོན་ནུ་གསུམ་ལུས་གོ་ཆ་དང་མཚོན་བཟུང་བ་མེད་བཞིན་དུ་ཚམ་ཚོམ་མེད་པར་འོངས་པ་ཆོམ་རྐུན་དེ་དག་གིས་མཐོང་བ་ལས(མཐོང་བས།) ཧ་ཅང་མ་རངས་ཏེ་ཤུགས་དང་བཅས་པས་རྒྱུགས་ནས་དེ་དག་གི་ལུས་ལ་ཞགས་པ་བཏབ་སྟེ་སྒྱེལ་བར་བརྩམས་པ་ལས་(པས་)བྲག་རི་ཆེན་པོ་ལ་ཐག་པ་བཏགས་པ་ལྟར་ཅུང་ཟད་ཀྱང་བསྒུལ་བར་མ་ནུས་ཏེ། ༡ སླར་གཞོན་ནུ་དག་གིས་ལུས་ཅུང་ཟད་བསྐྱོད་པ་ཙམ་གྱིས་ཞགས་པ་རྣམས་ཀྱང་དུམ་བུ་དུམ་བུར་ཆད་དོ། །དེ་ལྟ་བུའི་ཚན་པོ་ཆེའི་སྟོབས་དང་ལྡན་ཡང་ལན་དུ་གནོད་པ་མི་བྱེད་ཅིང༌། སེམས་རབ་ཏུ་ཞི་བར་འདུག་པ་མཐོང་ནས་འཇིགས་པ་དང་ངོ་མཚར་བའི་སེམས་འགྲན་པ་བཞིན་དུ་ཆེར་གཡོས་པར་གྱུར་ཏོ། ༢ །
ཚིག་དོན་གོ་སླའོ།། ༡ ཆོས་དཔེ། ༢ ཡོན་ཏན་རང་བཞིན་བརྗོད་པ། རིངས་པ་རིངས་པར་ནི་མྱུར་བ་མྱུར་བར། མ་རངས་ནི་མ་དགའ་བའོ། །ཚན་པོ་ཆེ་ནི་འདིར་ཤེད་ཤུགས་ཆེན་པོ།།
དེ་ཚེ་དགྲ་བོའི་མཐུ་ཡིས་ཟིལ་མནན་མ་གྱུར་སྙིང་སྟོབས་བརྟན་པས་དགྲ་ཡང་ཟིལ་གྱིས་མནན། །སྲ་བའི་ཞགས་པས་ཡན་ལག་འཆིང་བར་མ་ནུས་སྙིང་རྗེའི་ཞགས་པས་ཡིད་ནི་དམ་པར་བཅིངས། །ཆོམ་རྐུན་དག་གིས་ཡོ་བྱད་འཕྲོག་པར་མ་སྤོབས་ང་རྒྱལ་ནོར་ནི་མ་ལུས་དེ་ཡིས་འཕྲོག །ཁྲོ་ཞིང་བཏུམ་པས་གཞོམ་པར་འདོད་པ་དེ་དག་ཞི་ཞིང་དེས་པའི་སྤྱོད་པས་ཤིན་ཏུ་བཅོམ། ༡ །མེ་ཁྱེར་འོད་ཀྱིས་རྒྱ་མཚོ་སྐམ་པར་འདོད་དམ་འབར་བའི་མེ་དཔུང་རྩྭ་ཡི་ཞགས་པས་འཆིང་བའམ། །སྦྲང་བུའི་འདོམ་གྱིས་ནམ་མཁའ་འཇལ་བར་བྱེད་དམ་བྲག་རིའི་རྩེ་མོ་ཞ་ཉེའི་རལ་གྲིས་གཅོད་པ་འམ། །རྔ་ཡབ་རླུང་གིས་ཡོངས་འདུ་བསྐྱོད་པར་འདོད་དམ་ལྷུན་པོའི་རྒྱ་ཁྱོན་ཆུ་བུར་མིག་གིས་ལྟ་བྱེད་དམ། །དམན་པའི་སྐྱེ་བོས་བདག་ཉིད་ཆེ་རྣམས་གཞོམ་འདོད་དེ་དག་རང་རང་ཕམ་བྱེད་ཕྱུགས་བཞིན་བླུན་པར་མཚུངས། ༢ །
སྙིང་དོན་ནི། གཞན་དོན་སྒྲུབ་པའི་སྙིང་སྟོབས་དང༌། དགྲ་ལ་སྙིང་རྗེ་དང་བཟོད་པས་རང་རྒྱུད་ཞི་བའི་སྤྱོད་པ་དེ་དག་གིས་ཆོམ་རྐུན་དག་ཟིལ་གྱིས་མནན་པ་སྟེ། ངན་པ་རྣམས་ཀྱིས་དམ་པའི་རྣམ་པར་གནོད་འདོད་པའི་ལས་ནི་རང་ཉིད་འཕུང་བར་བྱེད་པའི་རྒྱུ་ཉིད་དུ་བསྟན་པ་སྟེ། ཚིག་དོན་གོ་སླའོ།།
རྒྱན་ནི། ༡ རྐང་པ་བར་མ་གཉིས་ལྡོག་གཟུགས་དང༌། གཞན་གཉིས་གཞི་ཐ་དད་ཀྱི་ཡོན་ཏན་འགལ་བ། ༢ སྲིད་མིན་མང་དཔེ། རྐང་པ་ཐ་མ་ནི་ཆོས་དཔེའོ།།

༢༽ དགྲ་ལ་བཟོད་ཅིང་བརྩེ་བའི་ཚུལ་ནི།
དེའི་ཚེ་ཆོམ་རྐུན་རྣམས་ཀྱིས་གཞོན་ནུ་དག་གི་རྐང་པ་ལ་གཏུགས་ཏེ། ལྷ་རྣམས་མཁྱེན་པར་མཛོད་ཅིག །ཁོ་བོ་ཅག་གིས་མི་ལེགས་པའི་འཁྲུལ་པས་ནོངས་པ་བགྱིས་པ་ལགས་ཀྱི་བཟོད་པར་མཛད་དུ་གསོལ། འདི་ལྟར་དབུལ་ཞིང་ཟས་དང་བྲལ་བས་མི་རྣམས་ཀྱི་ཡོ་བྱད་འཕྲོགས་ཏེ་འཚལ་བ་ནི་བདག་ཅག་རྣམས་ཀྱི་འཚོ་བ་ལགས་ན། གལ་ཏེ་མི་རྣམས་ཡོངས་སུ་བསྐྱབས་པས་བདག་ཅག་འཚོ་བ་དང་བྲལ་བར་མི་མཛད་དུ་གསོལ། གཞོན་ནུ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་དྭངས་བར་མཛོད་ཅིག །ངེད་ཅག་ལྷ་ཉིད་ཀྱང་མ་ཡིན་གྱི། ཚན་པོ་ཆེའི་སྟོབས་དང་ལྡན་ཡང༌། ཁྱེད་ཅག་ལ་གནོད་པ་ག་ལ་བྱེད། ངེད་ཅག་གི་སྲོག་དང་བདོག་པ་ཐམས་ཅད་ཅི་དགའ་བར་ཁྱེད་ལ་བྱིན་གྱི། བློ་ཆུང་ཞིང་གནོད་པ་མི་བཟོད་པའི་སྐྱེ་བོ་འདི་དག་བཏང་བར་གྱིས་ཤིག །དེ་ལྟར་ན་ནི་ནོར་ཆེན་པོ་དང་བསོད་ནམས་དང་ཡང་ལྡན་པར་འགྱུར་རོ། །ཆོམ་རྐུན་རྣམས་ཡ་མཚན་དུ་གྱུར་ནས་སྨྲས་པ། ཨེ་མ། སྟོབས་དང་སྤྱོད་ཚུལ་ལྷ་མི་ལས་འདས་རྨད་བྱུང་འདི་འདྲ་སྐྱེ་བོའི་འཇིག་རྟེན་གང་ན་ཡོད་པ་སྨོས། ༡ །འཇིག་རྟེན་པ་རྣམས་ལུས་སྲོག་སྲུང་ཕྱིར་གཉེན་ཡང་སླུ་བར་བྱེད་ལ་དགྲ་ལ་ཤ་འཁོན་ཤིན་ཏུ་བརྩོན། །ནོར་དང་སྲོག་ལ་ལྟོས་པ་མེད་ཅིང་དགྲ་ལ་འཁོན་དུ་མི་འཛིན་གནོད་བྱེད་ལན་དུ་ཕན་འདོགས་པ། །འཇིག་རྟེན་སྤྱོད་དང་ཤིན་ཏུ་འགལ་བའི་བརྟུལ་ཞུགས་འདི་འདྲ་སུ་ཡི་གཞུང་ལུགས་ཡིན་པ་བདག་མི་ཤེས། ༢ །གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་སྐྱེ་བོའི་སྤྱོད་མིན་ལྷ་དང་ཚངས་པས་བཤད་པ་མིན། །ཐུབ་དབང་བླ་མས་ངེས་པར་འབྱུང་བ་ལེགས་པའི་ལམ་འདི་དེ་ཡིས་བསྟན། །འཇིག་རྟེན་འདས་པ་ཐར་པའི་ཡུལ་ཉིད་ངེད་ཅག་དེ་ཡི་རིགས་སུ་སྐྱེས། །དམན་པའི་བློ་ཡིས་ཤེས་པར་དཀའ་བའི་བརྟུལ་ཞུགས་འདི་ནི་བཟོད་པའོ།།
སྙིང་དོན་ནི་དགྲས་གནོད་པ་ལ་བཟོད་ཅིང་རྗེས་སུ་བརྩེ་བའི་དཀའ་ཐུབ་མཆོག་སྟེ་ཚིག་དོན་གོ་བདེ། འཚལ་བ་ནི་འདིར་ཟ་བ་དང་འཐུང་བའོ། །དྭངས་བར་མཛོད་ཅིག་ནི་ཡིད་དང་བ་སྟེ་དགའ་བར་གྱིས་ཞེས་པ་མིན་ནམ།
རྒྱན་ནི། ༡ རྐང་པ་དང་པོ་བསྡུར་དཔེ། དཔེ་ཅན་དཔེ་ལས་ལྷག་པར་བསྔགས་པའི་སྒོ་ནས་སོ། ༢ བྱ་བ་འགལ་བ།

༣༽ དམ་པའི་རྣམ་ཐར་ལ་དད་ཅིང་བསྔགས་པ།
དེ་སྐད་ཅེས་རྨད་དུ་བྱུང་བའི་བཏམ་དང༌། མཐུ་ཆེན་པོ་མཐོང་བས་ཆོམ་རྐུན་པ་རྣམས་ཀྱང་ཡུན་རིང་པོ་ནས་གོམས་པས་སྲ་བ་སྡིག་པའི་སེམས་ནི་ཞི། ངོ་མཚར་བ་དང་དད་པའི་སྐལ་བ་ནི་གསར་དུ་ཐོབ་སྟེ། བཅིངས་པ་རྣམས་བཀྲོལ་ཞིང་དབུགས་ཕྱུང་ལ། མིག་མཆི་མས་གང་བཞིན་དུ་ཕྱག་འཚལ་ནས་སྨྲས་པ། ༡ ཁྲོ་བས་ལོང་ལ་མིག་ཐུར་གཡང་སར་ལྷུང་ལ་འཆེལ་བ་མུན་ནང་འཁྱམས་ལ་སྒྲོན་མེ་སྟེ། །རྙེད་པར་དཀའ་བའི་ནོར་བུ་ཕན་པ་སྦྱིན་བྱེད་གཉེན་བཤེས་ཅི་འདོད་འབྱུང་བའི་རིན་ཆེན་གཏེར། །ཉོན་མོངས་རྣམས་ཀྱི་དགྲ་བོ་འཇིག་རྟེན་དགའ་བའི་འགལ་ཟླ་འཆིང་བ་གཅོད་བའི་མཚོན་ཆ་ཉིད། །ཟིལ་གྱིས་མི་ནོན་སེང་གེ་མཐུ་སྟོབས་ཕུན་ཚོགས་ལྷ་དབང་རབ་ཞི་ཐུབ་པ་རྒྱལ་གྱུར་ཅིག ༢ །བདག་ཉིད་ཆེན་པོ་རྣམས་ཀྱིས་སྡིག་པ་ཅན་དག་ཡོངས་སུ་སྐྱོབས་ཤིག དེང་སླན་ཆད་བདག་ཅག་སྲོག་ལ་བབས་ཀྱང་སྡིག་ཏོ་དང་ཆོམ་པོའི་ལས་མི་བགྱིད་དོ། །ཞེས་སོ།།
སྙིང་དོན་ནི། གཞན་གྱི་ཁྲོ་བ་ཞི་བར་བྱེད་པ་དང༌། ཉེན་ཁ་དང་ལམ་ནོར་ལས་སྐྱོབ་པ། རྙེད་དཀའ་ཞིང་ཕན་པ་དང་འདོད་དགུ་སྦྱིན་པ་པོ། རང་གི་ཉོན་མོངས་སྤོང་ཞིང་གཞན་གྱི་བར་ཆད་སེལ་མཁན། གཞན་སུས་ཀྱང་ཟིལ་གྱིས་མི་ནོན་པའི་མཐུ་སྟོབས་ཕུན་སུམ་ཚོགས་པ་མངའ་བ་ཁྱེད་ཅག་རྒྱལ་གྱུར་ཅིག །སྡིག་པ་ཅན་དག་ཡོངས་སུ་སྐྱོབས་ཤིག སླན་ཆད་བདག་ཅག་སྲོག་ལ་བབས་ཀྱང་སྡིག་ཏོ་དང་ཆོམ་པོའི་ལས་མི་བགྱིད་དོ། །ཞེས་དམ་པའི་རྣམ་པར་ཐར་བ་ལ་དད་ནས་བསྟོད་ཅིང་རྗེས་སུ་ཞུགས་པའོ།།
རྒྱན་ནི། ༡ ཡོན་ཏན་རང་བཞིན་བརྗོད་པ། ༢ རྐང་པ་ཐོག་མ་ཆོས་ཅན་ལ་ལྟོས་པའི་གཟུགས་ཅན་དང༌། ལྷག་མ་རྣམས་ཁྱད་ཆོས་ལ་ལྟོས་པའི་གཟུགས་ཅན་ཞེས་བྱ་སྟེ།

ང  དམ་པའི་མཛད་འཕྲིན་ལ་བསྔགས་ཏེ་མཇུག་བསྡུས་པ།

    སྐབས་དེར་ཡ་མཚན་རབ་རྒྱས་པའི། །ཡུལ་དེ་གསལ་བར་བྱེད་པ་བཞིན། །འཆར་ཁ་འོད་ཀྱི་དྲ་བ་ནི། །ཤར་གྱི་ཕྱོགས་ནས་རྣམ་པར་མཛེས། ༡ །ཁེངས་ལྡན་ཀུན་དའི་བཞད་གད་ཀྱིས། །སྐྱེངས་པའི་མིག་ཟུམ་འདམ་སྐྱེས་རྣམས། །དབུགས་འབྱིན་བྱེད་པའི་འཕྲིན་ཡིག་དག །གསེར་གྱི་<<ུ་གུས་འདྲི་བ་བཞིན། ༢ །དེ་ནས་མེ་ཤེལ་ནོར་བུ་ཡི། །ཁང་པ་བརྩེགས་པ་རབ་འབར་ཞིང༌། །འོད་ཟེར་སྟོང་ཕྲག་འཁོར་གྱིས་ནི། །ཡོངས་བསྐོར་ཉིན་མོའི་དབང་ཕྱུག་ཤར། ༣ །པད་མོའི་འབྱུང་གནས་དགའ་བསྐྱེད་ཅིང༌། །མི་རྣམས་ལོངས་སྤྱོད་བགྱི་བའི་སླད། །འཇིག་རྟེན་ཀུན་གྱི་དབང་གྱུར་པ། །སྐྱེ་འགྲོའི་མིག་གཅིག་མངོན་པར་གསལ། ༤ །རྫུ་འཕྲུལ་ཆེ་ཞིང་མཐུ་སྟོབས་ལྡན། །ཚ་ཟེར་འབར་བའི་སྲེག་བྱེད་ཅིང༌། །རྣོ་བའི་མཚོན་ཚོགས་རབ་སྤྲོ་བས། །གཟི་བརྗིད་ཕུང་པོ་མཚན་མོའི་དགྲ ༥ །དེ་མཐོང་མཚན་མོ་རྒྱུ་བ་དང༌། །མུན་པའི་དམག་དཔུང་མཉམ་དུ་བྲོས། །སྣང་བྱེད་ཚོགས་ཀྱི་སྐལ་པ་དང༌། །ཀུན་དའི་ཁེངས་པ་ལྷན་ཅིག་བཅོམ། ༦ །
དོན་ཇི་བཞིན་པ་ནི། སྐབས་དེར་ཡ་མཚན་པའི་ཡུལ་དེ་ཀུན་ལ་གསལ་བར་བྱེད་པའི་ཉི་མ་འཆར་ཁའི་སྐྱ་རེངས་ཀྱི་འོད་ཟེར་ཤར་ཕྱོགས་ནས་འཕྲོས་ཏེ་རིམ་པས་འོད་སྟོང་འབར་བའི་ཉི་མ་མཁའ་རུ་འཕགས་པ་དང་པད་མའི་དགའ་ཚལ་རྣམ་པར་རྒྱས་ཤིང་མི་རྣམས་ཀྱང་མལ་ལས་ལངས་ཏེ་རང་རང་གི་འཚོ་བར་ལོངས་སུ་སྤྱོད་འགོ་ཚུགས། སྐབས་དེར་མཚན་མོ་རྒྱུ་བའི་སྲིན་བྱ་དང་གདོན་འདྲེའི་རིགས་དང་མུན་པ་དག་ཡོངས་སུ་ཡལ་ཞིང་སྣང་བྱེད་སྐར་ཚོགས་ཀྱི་འོད་ཀྱང་རིམ་པས་ཉམས་ཏེ་ཀུན་དའི་མེ་ཏོག་གི་ཁ་ཡང་ཟུམ་མོ།།
རྒྱན་ནི། ༡ ངང་ཚུལ་རབ་རྟོག་གམ་རྣམ་འགྱུར་རབ་རྟོག ༢ །ཏིང་འཛིན་རབ་རྟོག ། འདིའི་ཚིག་དོན་ནི། མདང་དགོང་ཟླ་བ་ཤར་བའི་དུས་ན་ཁེངས་པ་དང་ལྡན་པའི་ཀུན་དའི་མེ་ཏོག་བཞད་པའི་གད་མོས། ངོ་ཚ་ནས་མིག་ཟུམ་སྟེ་འདབ་མ་འཁུམས་པའི་པད་མ་རྣམས་ལ། ད་ནི་དགའ་བར་གྱིས་ལ་འདབ་མ་ཕྱེ་ཤོག །ཅེས་པའི་འཕྲིན་ཡིག་དག་ཉི་མའི་འོད་ཟེར་གསེར་གྱི་<<ུ་གུས་འབྲི་བར་བྱེད་པ་བཞིན་ནོ། །ཞེས་པའོ།། ༣ ངག་དོན་གཟུགས་ཅན། ༤ རྣམ་འགྱུར་རབ་རྟོག ༥ །རྒྱུའི་རབ་རྟོག །ཡོན་ཏན་དུ་མ་དང་ལྡན་པའི་འོདཀྱི་མཚན་ཚོགས་རབ་ཏུ་སྤྲོ་བར་བྱེད་པས་ན་གཟི་བརྗིད་ཀྱི་ཕུང་པོ་མཚན་མོའི་མུན་པ་འཇོམས་པའི་དགྲ་ཡོན་ནོ། །ཞེས་རྒྱུའམ་རྒྱུ་མཚན་བཀོད་ནས་རྟོག་བཏགས་བྱས་པས་སོ། ༦ །བྱ་བ་ལྷན་ཅིག །
དེ་ཚེ་སྡིག་དང་མུན་པ་ཞི་ཞིང་མཚན་མོ་རྒྱུ་དང་ཆོམ་རྐུན་སྐྱེངས་པར་བྱས། །བ་མོས་བཟུང་བའི་ཆུ་སྐྱེས་ཚོགས་དང་ཞགས་པས་བཅིངས་པའི་སྐྱེ་བོ་ལྷན་ཅིག་གྲོལ། །དཔལ་ལྡན་འོད་ཟེར་སྟོང་ཕྲག་ཅན་དང་བསོད་ནམས་རྫོགས་པའི་མཐུ་ནི་རྨད་བྱུང་ཞེས། །ཡ་མཚན་མང་པོའི་སྣང་བ་རྒྱས་པས་སྐྱེ་འགྲོ་སྦྲང་རྩི་སྤྱོད་རྣམས་དར་དིར་སྒྲོག ༧ །འདི་ནི་རབ་སྤེལ་རྒྱན་ཏེ། ཐོག་མ་གཉིས་བྱ་བ་ལྷན་ཅིག་བརྗོད་པ་དང༌། གསུམ་པ་ཡོན་ཏན་ལ་བསྔགས་པའི་རང་བཞིན་བརྗོད་པ། ཐ་མ་ངག་དོན་ལྡན་གཟུགས་ཅན་དང༌། ཡང་རྐང་པ་ཐ་མ་གཉིས་སྡོམ་ནས་སེམས་ལྡན་རབ་རྟོག་སྟེ། ཡ་མཚན་མང་པོ་འོད་སྣང་གི་གཟུགས་སུ་བྱས་ཤིང་དེ་རབ་ཏུ་རྒྱས་པ་ལ་བརྟེན་ནས། སྐྱེ་འགྲོའི་བུང་བ་དགའ་ནས། འདི་ནི་ཉི་མ་དང་རྒྱལ་སྲས་དག་གི་མཐུ་རྨད་བྱུང་ངོ་ཞེས་དབྱངས་སྙན་སྒྲོག་པར་གོ་དགོས་པས་སོ།།
འདིའི་ཚིག་དོན་ཅུང་འགྲེལ་ན། སྐལ་བ་བཟང་པོ་དེའི་ཚེ་ན་འདི་ལྟ་སྟེ། ཆོམ་རྐུན་དེ་དག་བླང་དོར་ལ་རྨོངས་པའི་རྐུ་འཕྲོག་གི་སྡིག་པའི་ལས་རྣམས་དང་འགྲོ་བའི་ལམ་བསྒྲིབས་པའི་མཚན་མོའི་མུན་པ་གཉིས་ལྷན་ཅིག་ཞི་བར་གྱུར་པ་དང༌། མཚན་མོ་རྒྱུ་བའི་འབྱུང་པོའི་ཚོགས་དང་ཆོམ་རྐུན་དེ་དག་ངོ་ཚ་བར་བྱས། ཟིལ་བའམ་སད་ཀྱིས་བཟུང་བའི་ཆུ་སྐྱེས་ཚོགས་དང་ཞགས་པས་བཅིངས་པའི་ནུ་བོ་གསུམ་པོ་དག་ཀྱང་ལྷན་ཅིག་ཏུ་གྲོལ་བ་སོགས་ངོ་མཚར་བའི་ཡོན་ཏན་དེ་དག་འོད་སྣང་རབ་ཏུ་རྒྱས་པས། སྐྱེ་བོ་སྦྲང་བུའི་ཁྱུ་རྣམས་ཀྱིས། འདི་ནི་གཟི་དཔལ་འོད་ཟེར་སྟོང་ཕྲག་ཅན་གྱི་ཉི་མ་དང་བསོད་ནམས་ཡོངས་སུ་རྫོགས་པའི་རྒྱལ་སྲས་དག་གི་མཐུ་སྟོབས་རྨད་དུ་བྱུང་བའོ་ཞེས་སྙན་པར་སྒྲོག་གོ །ཅེས་སྐབས་དེའི་ཡུལ་ལྗོངས་ཀྱི་བཀོད་པ་དང་ཡུལ་དེར་གནས་པའི་མི་སྣ་དེ་དག་གི་ཡོན་ཏན་བཅས་པ་ལྷན་ཅིག་ཏུ་མཚུངས་པར་བརྗོད་ཚུལ་མཛེས་པའོ།།
དེ་ལྟར་ཆོམ་རྐུན་དེ་དག་སྡིག་པའི་རྩོམ་པ་དོར་ལ་(ཅིང)ངོ་མཚར་བའི་བདུད་རྩིས་ཚིམ་པར་གྱུར་པ་མཐོང་བས། ༡ སྐྱེས་བུ་ཆེན་པོ་དག་ཀྱང་མགུ་ཞིང་ཡིད་བདེ་བར་གྱུར་ནས་སྤ྄ུན་རྣམས་འགྲོགས་ཏེ་རང་གི་གྲགས་པས་ཡོངས་སུ་གང་བའི་ཡུལ་རྣམས་སུ་རྒྱུ་ཞིང་བདག་ཉིད་ཀྱི་གནས་སུ་སོང་ངོ༌།།
༢ དོན་མང་བསྡུས་པའི་གཟུགས་ཅན་རྒྱན་ཞེས་བྱ་སྟེ། ཆོམ་རྐུན་དེ་ཚོས་རྐུ་འཕྲོག་སོགས་སྡིག་པའི་ལས་ལ་འབད་པའི་བྱ་བ་སྤངས་ཤིང་རྒྱལ་སྲས་དག་གི་མཛད་སྤྱོད་དང་ཆོས་ཀྱི་འབེལ་གཏམ་བཅས་པའི་ཡོན་ཏན་ངོ་མཚར་བ་མང་པོའི་བདུད་རྩི་དེས་ཡིད་ཚིམ་པའི་ངང་ཚུལ་དག་མཐོང་ནས། ཞེས་ལྷག་མ་དག་གོ་སླའོ།། ༣ སྙན་གྲགས་ཀྱིས་ཡོངས་སུ་གང་བ་ཞེས་པ་ནི་ཏིང་འཛིན་ཡོན་ཏན་ནོ།།
བསོད་ནམས་རྒྱ་ཆེན་དཔག་ཡས་དཀའ་ཐུབ་བང་རིམ་མཐོ་ཞིང་དགེ་ལེགས་སུམ་རྩེན་ཚོགས་ཀྱི་རྟེན། །ལེགས་བྱས་ཆུ་གཏེར་དབུས་གནས་དེས་པའི་རོལ་མཚོ་རབ་དྭངས་བརྟུལ་ཞུགས་རི་བདུན་དག་གིས་བསྐོར། །གནོད་པའི་གླང་པོས་མི་གཡོ་ཁོང་ཁྲོའི་འདམ་རྫབ་བྲལ་ཞིང་སྡིག་པའི་ངམ་གྲོག་རྣམས་ལས་དབེན། །གྲགས་པའི་ནམ་མཁར་མངོན་འཕགས་བཟོད་པའི་ལྷུན་པོ་དེ་ཡི་ཡ་མཚན་བརྗོད་ཀྱིས་ག་ལ་ལང༌། །
འདི་ནི་ངག་དོན་མཐའ་དག་གཟུགས་ཅན་ཏེ། དོན་ཇི་བཞིན་པ་ནི། སྔོན་བསགས་བསོད་ནམས་རྒྱ་ཆེ་ཞིང་ཚེ་འདིར་ཆོས་ལ་བརྩོན་པའི་དཀའ་ཐུབ་ལྡན་པ། འདི་ཕྱིའི་དགེ་ལེགས་ཀྱི་གཞི་དགེ་བར་གནས་ཤིང་སྤྱོད་ལམ་དུལ་བའི་བྱང་སེམས་ཀྱི་སྤྱོད་པ་དང་ལྡན་པས་ན་གཞན་གྱི་གནོད་པས་མི་ཚུགས་ལ། རང་རྒྱུད་ལ་ཁོང་ཁྲོ་བྲལ་ཞིང་སྡིག་པའི་ལས་ཡོངས་སུ་སྤངས་པའི་སྙན་གྲགས་ཀུན་ཏུ་ཁྱབ་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡི་ཡ་མཚན་པའི་ཡོན་ཏན་ནི་བཤད་ན་མི་ཚར་ཅེས་པའོ། །
དེ་ལྟར་ལུས་ཅན་རྣམས་ནད་སྣ་ཚོགས་ཀྱི་འབྱུང་གནས་ཡིན་པ་དང༌། ཁོང་ཁྲོའི་ཉེས་པ་བསྟན་པ་དང༌། བདག་ཉིད་ཆེན་པོ་ནི་གནོད་པ་དང་སྡུག་བསྔལ་བ་ལ་སྐྱོ་བ་དང་འཁྲུགས་པའི་སེམས་མེད་ཅིང་དགྲ་ལའང་ཕན་པར་བྱེད་པའོ། །ཞེས་བཟོད་པའི་རང་བཞིན་རྨད་དུ་བྱུང་བ་ཡོངས་སུ་བརྗོད་པ་ལའང་སྦྱར་བར་བྱའོ། །རབ་ཏུ་བྱེད་པ་བཞི་པའོ།། རབ་བྱེད་བཞི་བའི་ནང་དོན་མདོར་བསྟན་པའོ།།

མུ་འགོད།