རྡོ་རྗེ་དབང་ཕྱུག

གླེང་གཞིར་ཕུལ་བའི་གཏམ་བསྡུས།

༄༅།། བོད་ཀྱི་རིག་གཞུང་སྤྱི་བབ་ཀྱི་དབང་དུ་བྱས་ན། ཟློས་གར་རིག་གནས་ནི་རིག་གནས་གཞན་དག་ལས་དར་སྔ་ཞིང༌། མང་ཚོགས་རང་བཞིན་གྱི་དགའ་མོས་རྒྱབ་ལྗོངས་མཐུག་པའི་རིག་གནས་ཤིག་ཡིན། དེང་སང་མི་མང་པོ་ཞིག་གིས་ཟློས་གར་རིག་གནས་ནི་འཁྲབ་སྟོན་གྱི་རྣམ་པ་ཁོ་ནར་དབང་ཞིང༌། ལམ་དེ་དེད་ནས་དར་སྤེལ་གཏོང་དགོས་པ་ཞིག་དང༌། འཁྲབ་སྟོན་དང་འབྲེལ་ཚད་ཀྱི་རིག་གནས་ཡོངས་ལ་ཁྱབ་པའི་ལྟ་ཚུལ་བཟུང་སྟེ། རང་ཉིད་ཀྱིས་གཞས་ཞབས་བྲོ་ཙམ་ལེན་འཁྲབ་འཕེར་བ་ནས་ཟློས་གར་བ་ཞིག་ཡིན་པའི་ཁེངས་སེམས་བསྐྱེད་བཞིན་ཡོད་ནའང༌། ཟློས་གར་ཞེས་པའི་གོ་དོན་ལ་བསམ་ན་ནི་འཁྲབ་སྟོན་གྱི་རིགས་ཆ་ཚང་ལ་ཁྱབ་ཅིང་དབང་བའི་རིག་གནས་ཤིག་མིན།
དེ་ཡང་སྔོན་གྱི་ལོ་རྒྱུས་རྣམས་སུ་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པར་བཤད་པའི་ནང་གསེས་ཀྱི་སྒྲུང་འདི་བཞིན་ད་ལྟ་ང་ཚོས་གླེང་བཞིན་པའི་ཟློས་གར་གྱི་ཐོག་མའི་ས་བོན་གྱི་རྣམ་པ་ཡིན། དེ་གང་གིས་ཤེས་པ་ནི། ཟློས་གར་གྱི་བརྒྱུད་རིམ་ལ་དཔྱད་སྐབས། དེ་ལ་ཉན་བཤད་གྱེར་གསུམ་དང་བསྡོངས་པའི་སྒྲུང་གཏམ་དང༌། ཟློས་གར་དང་འབྲེལ་ནས་ཡོངས་གྲགས་སུ་འབོད་ལམ་གྱི་རྣམ་ཐར། གླུ། མགུར་སོགས་སུ་ཡོད་པ་རྣམས་ལ། ཐོག་མའི་གནས་སྐབས་སུའམ། ཡང་ན། གསར་ཐོན་གྱི་སྐབས་སུ་རྩོམ་པ་པོ་རེ་ངེས་ཅན་དུ་ཡོད་པ་དེ་ལྟར་ནའང༌། འཕེལ་རྒྱས་ཀྱི་གོ་རིམ་ནང་ལེགས་བཅོས་ཀྱི་བརྒྱུད་རིམ་སྣ་ཚོགས་ཤིག་སྤེལ་བའི་དབང་གིས། ཐོག་མཐའ་བར་གསུམ་གྱི་རྩོམ་པོ་དང་འཕེལ་རྒྱས་གཏོང་མཁན་གྱི་རྣམ་པ་དེ་ཐུན་མོང་ཅན་དུ་དང༌། སྤྱི་ཚོགས་ཅན་གྱི་ངོ་བོར་འཕོ་འགྱུར་བྱུང་བ་ཡིན་སྟབས། ཐོག་མར་གསར་བཏོད་གནང་མཁན་དང་བཅས་པའི་རྣམ་པ་དེ་ཡང་སྤྱི་ཚོགས་རང་བཞིན་ཅན་དུ་འགྱུར་བ་ཕྱིན་པ་དེས། འདི་སྐོར་གྱི་དོན་གནད་མང་པོ་ཞིག་ལ་གཞི་རྩའི་ཆོས་ཉིད་དང༌། ལོ་རྒྱུས་འབྱུང་ཁུངས། རིགས་དང་རྣམ་གྲངས་སོགས་ཀྱིས་དྲངས་པའི་དཔྱད་ཞིབ་ཞུ་དཀའ་བར་གྱུར་ནས་ཡོད་ནའང༌། ཕྱོགས་གཞན་ཞིག་བཤད་ན། དེང་གི་སྐབས་ནའང་གཞས་ཚིག་དང་གར་གྱི་སྟངས་སྟབས་སོགས་ཕྱོགས་ངོས་མང་པོ་ཞིག་ན་ཆེས་གདོད་མའི་སྐབས་རང་བྱུང་ཁམས་ལ་སྐབས་བཅོལ་བའི་དམའ་རིམ་དད་མོས་དང༌། ཡང་ན་རང་བྱུང་ཁམས་ལས་རྣམ་པར་རྒྱལ་ཐབས་ཀྱི་བརྩོན་སེམས་ནས། གནའ་དུས་གྲལ་རིམ་གྱི་དབྱེ་བ་བྱུང་བ་དང་འབྲེལ་ནས་གྲལ་རིམ་མཐོ་དམན་གྱི་འགལ་ཟླ་དང༌། ཡང་ན་དབང་སྒྱུར་གྲལ་རིམ་ནང་ཕན་ཚུན་དང་བཅས་པའི་འཐབ་རྩོད་སེམས་ཚོར། གཞན་ཡང༌། འཚོ་གནས་དང༌། དབང་བསྒྱུར་བར་ངོ་རྒོལ། ཕོ་མོའི་བརྩེ་འདང༌། དད་མོས་ཡིད་ཆེས། རང་བྱུང་ཁམས་སོགས་ལ་བསྟོད་སྨད་ཀྱི་ཚིག་དང་རྣམ་འགྱུར་སྣ་ཚོགས་པས་བསྡུས་པའི་རིམ་པ་མང་དུ་ཡོད་པའི་རིན་ཐང་གི་ཆ་དེར་ཞིབ་ཀྱིས་དཔྱད་ན་ནི། དེ་དག་རེ་རེ་ལའང་སྐབས་དེ་ཤེད་ཀྱི་མི་རྣམས་ཀྱིས་ཞིབ་འཇུག་དང་རྒྱུས་ལོན། ཉམས་ལེན་བཅས་བྱས་འབྲེལ་གྱིས་དམའ་རིམ་ནས་མཐོ་རིམ་དང༌། གཅིག་ནས་ཉིས་སྦྲེལ་སོགས་ཀྱི་རིམ་པ་བརྒྱུད་ནས་ལྟད་མོའི་རང་བཞིན་གྱི་ཟློས་གར་དུ་འཕེལ་རྒྱས་བྱུང་བའི་གོ་རིམ་ཞིག་ཡོད་པ་ཤེས་ཐུབ་ཅིང༌། སྤྱིའི་ཆ་ནས་བཤད་ན། ཉན་བཤད་གྱེར་གསུམ་གྱིས་བསྡུས་པའི་རིག་གནས་དེ་དག་སྔོན་གྱི་བྱུང་བ་གང་ཞིག་གཏམ་ནས་གཏམ་དུ་བརྒྱུད་པའི་རིམ་པ་ཞིག་དང་དེར་ང་ཚོས་ཡོངས་གྲགས་སུ་གཏམ་རྒྱུད་དུ་འབོད་པའི་ཉན་བཤད་ཀྱིས་བསྡུས་པའི་རིག་གནས་ཏེ། ཟློས་གར་རིག་གནས་ཀྱི་ཐོག་མའི་རྣམ་པར་ངོས་འཛིན་བྱེད་དགོས་སུ་སྣང་བ་དེ་ཡིན། དེས་ན་ཉན་བཤད་གྱེར་གསུམ་དང་འབྲེལ་བའི་གཏམ་རྒྱུད་སོགས་དང་ལྟད་མོའི་རྣམ་པའི་ཟློས་གར་གཉིས་ལས་རང་རེ་བོད་འདིར་ཉན་བཤད་གྱེར་གསུམ་ལམ་ནས་གཞས་དང་གཏམ་རྒྱུད། རྣམ་ཐར། རྟོགས་བརྗོད་སོགས་ཀྱི་རིགས་དར་ཆེ་བ་སྟེ། ཆེས་སྔ་མོའི་སྐབས་བོད་ས་རང་ནས་དར་བའི་མ་སང་གི་སྒྲུང༌། མཆིལ་བའི་སྒྲུང༌། གཞན་ཡང་སྤྲེའུ་དང་རི་བོང་གི་སྒྲུང༌། བྱ་སྤྲེལ་གྱི་གཏམ་རྒྱུད། གླིང་གེ་སར་གྱི་སྒྲུང་དང༌། རོ་ལངས་གསེར་འགྱུར་གྱི་སྒྲུང་སོགས་ཡོད་ཅིང༌། དེ་དག་གིས་སྤྱི་ཚོགས་གང་རུང་གི་ཚབ་མཚོན་དུ་རུང་བའི་དམིགས་བསལ་དོན་སྙིང་ཁག་ཅིག་མི་རབས་རིམ་བརྒྱུད་ཀྱིས་ཉམས་ལེན་དང་དར་སྤེལ་ཞུ་སྒོའི་ནང་གོ་གནས་ཀྱང་གལ་ཆེན་བཟུང་ཡོད་པ་ནས། དུས་རབས་བདུན་པའི་ནང་བོད་འདིར་ནང་པའི་བསྟན་པ་རིན་པོ་ཆེ་དར་བ་ནས་ཁྱད་པར་འཕགས་བསྟོད་དང་བསྔགས་འོས་བསྔགས་བསྟོད། སྐྱེས་རབས་སོ་བཞི་པ་དང་དཔག་བསམ་འཁྲི་ཤིང་སོགས་བོད་དུ་བསྒྱུར་བ་དང་དེ་དག་གི་འཆད་ཁྲིད་དར་སྲོལ་བྱུང་བ་དང་བསྡོངས་ཏེ། ཆོས་རྒྱལ་དགེ་བའི་དབང་པོས་མཛད་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་དྲུག་ཅུ་རྩ་བཞི་པ་ནོར་བཟང་གི་རྟོགས་པ་བརྗོད་པ་ལས་འཕྲོས་ཏེ་ཆོས་རྒྱལ་ནོར་བཟང་གི་ཟློས་གར་དང༌། ཡལ་འདབ་དྲུག་ཅུ་རྩ་བརྒྱད་པ་པདྨ་ལྡན་གྱི་རྟོགས་པ་བརྗོད་པ་ལས་འཕྲོས་ཏེ་གཟུགས་ཀྱི་ཉི་མའི་ཟློས་གར། གཞན་ཡང་དཔག་བསམ་འཁྲི་ཤིང་དང་མདོ་མཛངས་བླུན། སྐྱེས་རབས་སོ་བཞི་པ་སོགས་ལས་ཕར་ཕྱིན་གྱི་སྤྱོད་པ་དང་འབྲེལ་བའི་རྟོགས་པ་བརྗོད་པ་མང་པོ་ཞིག་གཞི་ལ་བཞག་སྟེ་དྲི་མེད་ཀུན་ལྡན་གྱི་ཟློས་གར་དང༌། དེ་བཞིན་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཞེ་བརྒྱད་པ་དོན་ཀུན་གྲུབ་པའི་རྟོགས་པ་བརྗོད་པ་སོགས་ལས་སངས་རྒྱས་ཀྱི་མཛད་འཕྲིན་ཁག་ཅིག་བསྡུས་ཏེ་སྲས་དོན་ཡོད་དོན་གྲུབ་ཀྱི་ཟློས་གར། པདྨ་བཀའ་ཐང་ལས་བཏོན་པ་པདྨ་འོད་འབར། མ་ཎི་བཀའ་འབུམ་ལས་བཏོན་པ་རྒྱ་བཟའ་བལ་བཟའི་ཟློས་གར། གཞན་ཡང་བོད་ས་རང་ནས་དར་བ་སྣང་ས་འོད་འབུམ་གྱི་གཏམ་རྒྱུད་སོགས་ཀྱི་འཁྲབ་གཞུང་སྣ་ཚོགས་བྱུང་འབྲེལ། དེ་སྔའི་གཏམ་རྒྱུད་སོགས་ལས་དགེ་སྡིག་སྤང་བླང་གི་རྣམ་གཞག་གསལ་བའི་ཉན་བཤད་གྱེར་གསུམ་གྱི་ཉམས་དང་བསྡོངས་པའི་དོན་སྙིང་མང་པོ་ཞིག་དར་ཁྱབ་བྱུང་ཞིང༌། དར་ཁྱབ་ཀྱི་རིམ་པ་འདི་དང་འབྲེལ་ནས་བོད་ཀྱི་གཏམ་རྒྱུད་སོགས་ཀྱིས་བསྡུས་པའི་འཚོ་བ་དང་ཁོར་ཡུག་གིས་བསླངས་པའི་ཚབ་མཚོན་རིག་གཞུང་དེ་བཞིན། ཐུན་མོང་མ་ཡིན་པ་ནས་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གཉིས་ཐད་ཀྱི་རིན་ཐང་ལྡན་པ་ཅན་དུ་བསྒྱུར་བ་དང་ཕྱོགས་མཚུངས། གཏམ་རྒྱུད་དང་རྩོམ་རིག་གི་རྣམ་པའི་སྒྱུ་རྩལ་སྣ་ཚོགས་ཤིག་རི་མོའི་ལམ་ནས་མངོན་མཚོན་གྱི་རིམ་པ་ཞིག་བྱུང་བ་དེ་ནས་བཟུང༌། ང་ཚོར་འཆད་ཉན་གྱི་གཏམ་རྒྱུད་དང་བསྡོངས་པའི་སྒྱུ་རྩལ་རིག་གནས་ཤིག་ཡོད་པ་དེ་གཟིགས་མོའམ་ལྟད་མོའི་རང་བཞིན་གྱི་ངོ་བོར་འཕོས་འགོ་ཚུགས་ཤིང༌། དེའི་མཚོན་རིམ་ནང་ཡི་གེ་དང་རི་མོ་སྣ་ཚོགས་ནས་མུ་འབྲེལ་དང་བཅས་པའི་མངོན་མཚོན་བྱེད་ལུགས་ཤིག་བྱུང་བ་དེར་གཞིགས་དཔྱད་བྱས་ན། ང་ཚོས་སྒྱུ་རྩལ་རིག་གནས་གོང་སྤེལ་དང་གཞི་རྒྱ་ཆེར་བསྐྱེད་བྱེད་རིམ་ནང༌། སྣ་ཚོགས་གཞུང་ལུགས་ལ་མཁས་པ་ཕལ་མོ་ཆེ་བས་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་དེ་མཐོང་ཐུབ་པའང་ཡིན།
ཡང་སྒོས་ཁྱད་པར་ཅན་དུ། གཏམ་རྒྱུད་དང་རྣམ་ཐར་སོགས་ཀྱི་རིགས་དང་དབྱེ་བ་ནས་བརྒྱུད་རིམ་བཅས་ལ་བསམ་ཚེ། ཟློས་གར་གྱི་ཐོག་མའི་རྣམ་པའམ་འཕེལ་རིམ་ནང༌། ཉན་བཤད་གཅིག་པུ་མ་ཡིན་པར་སྣ་ཚོགས་པའི་རི་མོའི་ལམ་ནས་ཀྱང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ནི། སྔོན་ནས་དེང་ནའང་ཉམས་སུ་བསྟར་མུས་ཀྱི་ཐང་གའི་སྒྱུ་རྩལ་གྱིས་ཡོངས་སུ་མངོན་མཚོན་ཐུབ་པའི་རིམ་པ་འདི་བཞིན་ལགས་ཤིང༌། ཚུལ་འདིས་སྔོན་གྱི་གཏམ་རྒྱུད་སོགས་ལས་འཕྲོས་པའི་རྣམ་ཐར་རྩོམ་རིག་མང་པོ་ཞིག་གཟུགས་ཅན་དུ་བསྐྲུན་པ་དང༌། གཞི་རྩ་དེའི་སྟེང་ནས་ད་གཟོད་འཁྲབ་སྟོན་གྱི་ཟློས་གར་དར་བ་ལགས་སྟབས། དེང་ན་ང་ཚོས་ཟློས་གར་ཞེས་ངོས་འཛིན་བྱེད་བཞིན་གྱི་རིམ་པ་འདིར་ནི་ཉན་བཤད་གྱེར་གསུམ་དང་བསྡོངས་པའི་གཏམ་རྒྱུད་སོགས་དང་རི་མོའི་ཉམས་འགྱུར་གྱི་ཆ་བཅས་ཕྱོགས་དང་ངོས་གཉིས་ཀའི་དོན་སྙིང་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་རིགས་པར་མཐོང༌། དེ་བས་ན་ཟློས་གར་རིག་གནས་ནི་རིག་གནས་གཞན་དག་དང་བསྡུར་ན། མི་མང་གི་འཚོ་བའི་ནང་ཟབ་ཞུགས་བྱས་ཚད་གཏིང་ཟབ་པའི་རིག་གཞུང་ཞིག་ཡིན་པའང་རྒྱུ་མཚན་འདི་དག་གིས་དྲངས་པ་ཡིན། འདིས་མི་མང་གི་ནང་བླང་དོར་འཇུག་ལྡོག་དང༌། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཚུན་ལ་ཐད་ཀར་ལམ་སྟོན་དང་གོ་བསྐོན་ཐུབ་ཀྱི་ཡོད་ཅིང༌། ལམ་སྟོན་དང་གོ་བསྐོན་གྱི་གྲུབ་འབྲས་ཀྱིས་ང་ཚོའི་གནས་སྟངས་མང་པོ་ཞིག་ལེགས་ལམ་དུ་དཀྲི་བར་ཕན་གྲོགས་བླ་ན་མེད་པ་བྱེད་ཀྱི་ཡོད་པའང་ཡིན་སྟབས། ཟློས་གར་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱེད་རིམ་ནང་ངེས་པར་དུ་སྒྲུང་གཏམ་དང་རྣམ་ཐར་སོགས་སྲུང་གཅེས་དར་སྤེལ་ནས་འགོ་འཛུགས་དགོས་པའང་ཡིན།
ཚུལ་འདིར་དམིགས་ཏེ། སྔོན་གྱི་མཁས་པ་དག་གིས། འགྲོ་བ་རིགས་དྲུག་གི་རི་མོ་འབྲི་བཞེངས་དང་འབྲེལ་བའི་ཤ་ཚུགས་དང་ཉམས་ཀྱི་ཁྱད་པར། གདོང་དབྱིབས་དང་ཞལ། མིག་དང་སྐྲ། ཕྱག་ཞབས་སྣ་ཚོགས་པའི་ཁྱད་པར་གསལ་བའི་བསྟན་བཅོས་ཀྱི་རྣམ་གཞག་མང་དུ་སྤྲོས་པ་དག་ཀྱང་དོན་ལ་ང་ཚོས་གླེང་བཞིན་པའི་ཟློས་གར་དང་ཕྱོགས་ངོས་མང་པོ་ནས་འབྲེལ་ཆེ་ཞིང༌། དེས་སླར་ཡང་མི་སྡེའི་སྤྱི་ཚོགས་ལ་ཕན་དགེ་འདྲེན་པའི་ཁྱད་ཞུགས་པ་དང་འབྲེལ། ཟློས་གར་སྣ་ཚོགས་པའི་གཞུང་ལུགས་དང་འཁྲབ་གཟིགས་ཀྱི་རིམ་པ་ལ་ནང་དོན་དང་མཚོན་དོན་གྱི་རྣམ་པ་དང་བཅས་པའི་རམ་འདེགས་མི་དམན་པ་གནང་ཡོད་པའི་ངེས་ཤེས་འདྲེན་ཐུབ་པ་ཡིན།
དོན་གྱི་གནད་འདི་དག་དང་ལྡན་པ་ལགས་སྟབས། ཟློས་གར་རིག་གནས་ཀྱིས་ནི་མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་རིན་པོ་ཆེ་དང་འབྲེལ་བའི་མཆོད་དབྱངས་སྣ་ཚོགས་དང༌། གར་འཆམ་སྣ་ཚོགས། གཞན་ཡང༌། འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་པའི་དོན་གནད་དམིགས་བསལ་བ་རྒྱུན་ཉར་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ལོ་རྒྱུས་མཚོན་པའི་ནང་དོན་ཅན་གྱི་ཟློས་གར་སོགས་ལ་ཁྱབ་ཀྱི་ཡོད་པ་སྟེ། དེ་དག་གང་ཡང་ཉན་བཤད་བརྡ་མཚོན་ནས་འཁྲབ་སྟོན་གྱི་རྣམ་པར་འཕོས་པ་ཡིན།
འདི་ལྟར་ཟློས་གར་རིག་གནས་ནི་གལ་ཆེའི་དོན་སྙིང་ལྡན་པའི་རིག་པ་ཞིག་ལགས་སྟབས། ཉམས་ན་ཆེས་ཕངས་པའི་རིག་གནས་ཤིག་དང༌། དར་སྤེལ་དུ་གཏོང་མ་ཐུབ་ན་དེ་བས་ཀྱང་ཕངས་དགོས་པའི་རིག་གནས་གལ་ཆེན་ཞིག་ཡིན།

གཅིག བོད་འདིར་ཉན་བཤད་གྱེར་གསུམ་དང་བསྡོངས་པའི་སྒྱུ་རྩལ་བྱུང་འཕེལ་གྱི་དོན་བསྡུས།

    བོད་ཀྱི་ཟློས་གར་རིག་གནས་གླེང་སྐབས་ཉན་བཤད་གྱེར་གསུམ་དང་བསྡོངས་པའི་རྩོམ་རིག་དེ་མ་གླེང་རང་གླེང་ཡིན། དེ་ལ་ཉན་བཤད་གྱེར་གསུམ་ནི། གཏམ་རྒྱུད་སྣ་ཚོགས་པ་བརྒྱུད་བསྒྲགས་ཀྱི་གོ་རིམ་ནང་དར་འཕེལ་བྱུང་བ་དང༌། དེ་ཡང་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་ནང་དོན་དང་འབྲེལ་བའི་གཏམ་རྒྱུད་དང་རྣམ་ཐར། རྟོགས་བརྗོད་དང་ལོ་རྒྱུས་དོན་གནད་གང་ཞིག་གཅིག་གིས་གཅིག་ལ་བརྒྱུད་བསྒྲགས་ཀྱི་གོ་རིམ་ནང༌། གང་ཞིག་ཇི་ལྟར་བྱུང་ཚུལ་དང་བཅས་པའི་བརྒྱུད་རིམ་དང༌། མཇུག་འབྲས་ཀྱིས་དགེ་སྡིག་སྤང་བླང་གིས་བསྡུས་པའི་ནང་དོན་གང་ཞིག་བསྟན་རིམ་སོགས་ལས་བརྩམས་ཏེ་བྱུང་བ་ཡིན་ནའང༌། དེ་འཕེལ་རྒྱས་ཀྱི་དུས་ཡུན་ནང་མི་མང་པོས་སྔར་ཡོད་གཏམ་རྒྱུད་ཀྱི་ནང་དོན་སོར་བཞག་ཐོག་སྒྱུ་རྩལ་སྣ་ཚོགས་པའི་གསོན་ཉམས་སྤྲོས་ཏེ། སྤྱི་ཚོགས་ནང་ཟབ་འཇུག་གི་ཁྱད་ཆོས་ཅན་དུ་བྱས་པ་དེ་ནི། གཏམ་རྒྱུད་སོགས་དར་ཁྱབ་ཀྱི་གནད་འགག་གམ་གཞི་རྩ་ལྟེ་བ་ཆགས་ཡོད་པ་དེ་བཞིན། ཐོག་མར་མི་གཅིག་གིས་གཉིས་གསུམ་བཞི་ལྔ་དང་དེ་ལས་བརྒལ་བའི་སྤྱི་ཚོགས་ཆེ་ཆུང་མང་པོར་གཏམ་རྒྱུད་སོགས་བརྒྱུད་སྒྲོག་དང༌། དེ་དག་གིས་ཀྱང་རང་ཉིད་དང་འབྲེལ་བའི་སྤྱི་ཚོགས་ནང་ཁྱབ་འགྲེམས་གནང་བ་ཡིན་སྟབས། ཆེས་གནའ་བོའི་སྐབས་ཀྱི་གཏམ་རྒྱུད་མང་པོ་ཞིག་དེང་ནའང་མ་ཉམས་པར་ཡོད་པ་དང༌། གནས་སྟངས་འདི་འབྲེལ་གྱི་རིམ་པ་མང་པོ་ཞིག་ལ་དབྱེ་ཞིབ་ཀྱིས་སྔོན་གྱི་སྤྱི་ཚོགས་ཀྱི་རྣམ་པར་དེང་ནའང་ཞིབ་འཇུག་བྱེད་ཐུབ་ཀྱི་ཡོད་པ་སྟེ། ང་ཚོའི་རྒྱལ་རབས་དང་ཆོས་འབྱུང་མང་པོ་ཞིག་ནང་སྔོན་ནས་དར་བའི་གཏམ་རྒྱུད་ཚད་འཕེར་དག་གཞི་ལ་བཞག་ནས་སྤེལ་བའི་ནང་དོན་ཅན་གྱི་རིམ་པ་མང་པོ་ཡོད། དེ་ཡང་དཔེར་ན། རང་རེས་སྟོན་པའི་མཛད་རྣམ་དང་བླ་ཆེན་ཁག་གི་རྣམ་ཐར་གྱི་རིམ་པ་མང་པོ་ཞིག་ཡིག་ལམ་དུ་བཀོད་པ་དང་ཆབས་ཅིག །དེ་དག་རི་མོའི་ལམ་དུ་འགོད་པའི་སྒྱུ་རྩལ་གྱི་ལམ་དུ་ཞུགས་ཡོད་ནའང༌། སྒྱུ་རྩལ་དོན་སྙིང་དང་བསྡོངས་པའི་བསྟན་བྱ་དེ་དག་མང་ཚོགས་ནང་དེ་ཙམ་གྱིས་ཁྱབ་འཕེལ་མ་ཐུབ་པའི་གནས་སྐབས་དེར། བླ་མ་གྲུབ་ཐོབ་མང་པོས་ཡིག་ངག་གཉིས་ཐད་ཀྱི་གཏམ་རྒྱུད་སྣ་ཚོགས་དང༌། སྟོན་པའི་མཛད་རྣམ། བླ་མའི་རྣམ་ཐར་སོགས་གསལ་བའི་ཐང་ག་སོགས་ཆེད་བསྣམས་ཀྱིས་མི་ཚང་དང་གྲོང་སྡེ་སོགས་སུ་རྒྱུ་འགྲུལ་གྱིས་དེ་དག་གི་བསྟན་དོན་ངག་ནས་འཆད་སྤེལ་དང་རྣམ་པ་རི་མོའི་ལམ་ནས་མངོན་སྟོན་བྱས་ཏེ་ཁྱབ་སྤེལ་གནང་ཞིང༌། དེས་མང་ཚོགས་ནང་བག་ཆགས་ངེས་ཅན་བཞག་དབང་གིས། བློ་རྩལ་དང་ལྡན་པ་མང་པོས་རང་ཉིད་གཟུགས་བརྙན་དེ་དག་གི་ཚབ་མཚོན་དུ་བཞེངས་ནས་གཏམ་རྒྱུད་དང་རྣམ་ཐར་རིགས་སྣ་ཚོགས་པའི་འཁྲབ་སྟོན་གྱི་ལམ་ནས་མཚོན་ཐབས་སོགས་ལ་བརྩོན་རྒྱུན་བསྲིངས་འབྲས་ལྟ་བུས། ཉན་བཤད་གྱེར་གསུམ་གྱི་རྣམ་པར་ཡོད་པའི་ཁྱད་ཆོས་དེ་དག་གཟུགས་ཅན་དུ་བྱས་ཏེ་འཁྲབ་སྟོན་དང་བསྡོངས་ནས་དར་འཕེལ་ཤུགས་ཆེར་ཕྱིན་པའང་ཡིན། ཡིན་ནའང༌། བརྒྱུད་རིམ་དེའི་ནང་ཉན་བཤད་རྐྱང་བའི་རྣམ་པ་དེ་བཞིན་གཟིགས་མོའི་ཟློས་གར་དང་བསྡོངས་རིམ་དེས་གཏན་མེད་བཟོས་པ་ཞིག་ཡེ་ནས་མིན་པ་ནི། བོད་ས་སྟོད་སྨད་གང་སར་བླ་མ་མ་ཎི་བ་ཞེས་རྒྱབ་ཏུ་བཀའ་བསྟན་གསུང་རྣམ་གང་འོས་རེ་བསྣམས་ཏེ། གྲོང་སྡེ་མི་ཚང་རྣམས་སུ་རྒྱུ་འགྲུལ་གྱིས་སྟོན་པའི་མཛད་རྣམ་དང་བླ་མ་ཆེ་གེ་མོ་དག་གི་རྣམ་པར་ཐར་པ་ལས་བརྩམས་ཏེ་བླང་དོར་འཇུག་ལྡོག་གི་གནད་སྟོན་པ་ནས། སྨོན་ལམ་སོགས་ཀྱི་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་དྲངས་པའི་བྱང་སེམས་འཕགས་པ་དག་གི་རྣམ་པར་ཐར་པ་རིན་པོ་ཆེ་འཆད་ཉན་གྱི་སྲོལ་གནའ་ནས་དེང་བར་མ་ཉམས་པར་ཡོད་པ་དག་ཀྱང་མདོར་བསྡུས་ན་ཉན་བཤད་གྱེར་གསུམ་གྱི་རིག་གནས་ཁྱབ་ཁོངས་སུ་འདུ་བ་ཡིན།
སྤྱིར་ཉན་བཤད་གྱེར་གསུམ་གྱི་ནང་གླུ་དང་མགུར། མཆིད་བཅས་སུ་ཡོད་ཅིང༌། དེ་རེ་རེར་ཡང་གྱེར་ལུགས་ལེན་སྟངས་ནས། ནང་དོན་ཚུན་གྱི་རིམ་པ་མང་པོ་ཞིག་ཡོད་པ་དག་ནི་བརྗོད་ཀྱིས་མི་ལངས་པ་དེ་ལྟར་ནའང༌། འདིར་གླུ་ལས་འཕྲོས་ཏེ་ཅུང་གླེང་ན། གླུ་ཞེས་པ་ནི་ངག་གི་འགྱུར་ཁུག་གདངས་དང་བསྡེབས་ནས་བརྗོད་དོན་གང་ཞིག་དབྱངས་སུ་གྱེར་ནས་གཞན་སེམས་མགུ་བ་དང་སྡང་བ། ཁྲོ་བ་དང་ཉམས་དམའ་བར་བྱེད་པ་སོགས་ཀྱི་ནང་དོན་ནམ་རྣམ་འགྱུར་གྱི་རིམ་པ་ལ་བྱ་ཞིང༌། མགུར་ཞེས་གླུ་ཡི་ཞེ་ཚིག་གིས་བསྙད་པ། མཆིད་ཅེས་པ་གླུ་གང་ཞིག་གིས་བསྟན་དོན་དེར་དག་སེལ་དང་སྐྱོན་བརྗོད། ངོས་ལེན་སོགས་ཀྱིས་མཚོན་པའི་ལན་འདེབས་ཀྱི་རིམ་པ་གདངས་སུ་བཀུག་པ་ལ་གོ་ཡི་ཡོད་པ་ནི། བོད་གནའ་བོའི་སྐབས་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་རིམ་དང༌། བཙན་པོའི་དུས་སྐབས་སུ་གྲི་གུམ་བཙན་པོའི་སྲས་ཤ་ཁྲི་དང་བློན་པོ་རུ་ལས་སྐྱེས་གཉིས་ཀྱིས་ལོ་ངམ་འཁོར་བཅས་མེད་བརླག་བཟོས་པའི་དཔའ་ཉམས་དང་བསྡོངས་པའི་མགུར་དང༌། གནམ་རི་སྲོང་བཙན་སྐབས་མྱང་དང་དབའས་གཉིས་ཀྱིས་ཟིང་པོ་རྗེ་ཆམ་ལ་ཕབ་མཇུག་གི་མཆིད་སོགས་ཏུན་ཧོང་ཡིག་རྙིང་དུ་གསལ་བ་འདི་དག་གིས་ཡོངས་སུ་མཚོན་པར་སྣང༌། ཡིན་ནའང༌། གནའ་བོའི་མཆིད་ཚིག་དག་ལ་སྐད་ཆའི་ཉམས་འགྱུར་ཙམ་ལས་སྙན་ངག་གི་ཉམས་འགྱུར་དེ་ཙམ་མེད་ནའང༌། གླུ་ཚིག་དག་ནི་སྙན་ངག་དང་བསྡོངས་པ་ཤས་ཆེ་བ་སྟེ། བོད་ཀྱི་མཁས་གྲུབ་དམ་པ་མང་པོས་ཞལ་གདམས་ཀྱི་རིམ་པ་ཁག་མགུར་ཚིག་ཏུ་བརྒྱུས་ནས་བརྩམས་པའི་གླེགས་བམ་དག་ཀྱང་དོན་ལ་གླུ་ཚིག་གི་རྣམ་པས་དྲངས་པ་ཤུགས་ཆེ་བ་ཡིན།

གཉིས། བོད་འདིར་ཟློས་གར་གྱི་འཁྲབ་སྲོལ་བྱུང་འཕེལ་གྱི་དོན་བསྡུས།

    ཟློས་གར་ནི། གོང་དུ་རོབ་ཞུས་བཞིན་གྱི་ཉན་བཤད་གྱེར་བ་ནས་རི་མོ་བཅས་ཀྱི་ཉམས་དང་བསྡོངས་པའི་དོན་སྙིང་དང་ལྡན་པའི་རྨང་གཞི་དེ་ལས་དར་ཞིང་འཕེལ་བ་ཡིན་སྟབས། དེ་ནི་ཉན་བཤད་གྱེར་བ་སོགས་ཀྱི་རྣམ་པ་ལྡན་པའི་ནང་དོན་རིགས་ཐང་ག་སོགས་རི་མོ་སྣ་ཚོགས་པའི་ལམ་ནས་དང༌། ཉན་བཤད་གྱེར་གསུམ་གྱི་ལམ་གང་འོས་ནས་དར་སྤེལ་བཏང་འབྲེལ། སྒྲུང་དང་གཏམ་རྒྱུད། རྣམ་ཐར། སྤྱི་ཚོགས་འཚོ་བ་དམིགས་བསལ་བའི་རིགས་བཅས་ཀྱི་ཚབ་མཚོན་དུ་བཀོད་པའི་མི་སྣ་དེ་དག་གི་གཟུགས་བརྙན་ལ་རྗེས་ཟློས་བྱས་ཏེ་འཁྲབ་སྟོན་བྱེད་པའི་རྣམ་པ་ཞིག་ཡིན། འདི་ལ་རྐྱང་པའི་ཟློས་གར་དང་ཐུན་མོང་རང་བཞིན་གྱི་ཟློས་གར་སོགས་སྣ་ཚོགས་ཡོད།
དེ་ཡང་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཐད་ཀྱི་ལོ་རྒྱུས་དོན་སྙིང་གིས་བཟུང་བ་བཅས་སུ་ཡོད་པ་ལས། གར་འཆམ་གྱི་སྐོར་ནི། སློབ་དཔོན་པདྨ་འབྱུང་གནས་དང་དང་མཁན་པོ་བོ་ངྷི་ས་ཏྭ་རྣམ་གཉིས་ཀྱིས་བསམ་ཡས་གཙུག་ལག་ཁང་ལ་རབ་ཏུ་གནས་པར་བྱེད་པའི་སྐབས་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་བསྟན་དོན་དང་འབྲེལ་བའི་རྡོ་རྗེའི་གར་མཛད་པ་ནས་རིམ་འཕེལ་བྱུང་བ་དང༌། བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཆེན་རིན་བཟང་སོགས་ཀྱིས་རྒྱུད་སྡེ་ཁག་བོད་བསྒྱུར་གནང་བ་དང་ཕྱོགས་མཚུངས་རྡོ་རྗེའི་གར་གྱི་རིགས་ཁྱབ་སྤེལ་གནང་བ་ནས་བརྒྱུད་པའི་རིམ་པ་རྣམས་ནི་དེང་ནའང་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་གིས་མི་ཉམས་སྲུང་འཛིན་བྱེད་བཞིན་པ་འདི་ལགས།
ཟློས་གར་འཁྲབ་གཟིགས་ཀྱི་རིགས་འདི་བཞིན། ཕྱི་ལོ་ ༡༣༨༥ ལོར་འཁྲུང་ཤིང་ཕྱི་ལོ་ ༡༤༦༤ ལོར་དགོངས་པ་ཞི་དབྱིངས་སུ་གཏད་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོའམ་བརྩོན་འགྲུས་བཟང་པོ་ཞེས་བཟོ་རིག་སྒྱུ་རྩལ་ལ་དབང་འབྱོར་བ་དེ་ཉིད་ཀྱིས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡར་སྤེལ་ཡོང་ཐབས་སུ་དམིགས་པའི་ལས་གཞི་ལེགས་འགྲུབ་ཀྱི་མཐུན་འགྱུར་གསོག་སྒྲུབ་ཆེད་ལྷ་མོའི་འཁྲབ་སྟོན་ཞུ་སྒོ་གསར་བཏོད་གནང་ནས་ས་གནས་ཁག་ཏུ་ཆེད་བསྐྱོད་ཀྱིས་དར་སྤེལ་དང་བརྒྱུད་བསྒྲགས་གནང་བར། ས་གནས་འདྲ་མིན་གྱི་སྐྱེས་བུ་མཆོག་དམན་བར་མ་མཐའ་དག་གིས་དང་ལེན་དགའ་མོས་ཤུགས་ཆེར་ཞུས་པའི་རྨང་གཞི་ནས་རྒྱ་བསྐྱེད་དང་དར་འཕེལ་བྱུང་འགོ་ཚུགས་པ་དང་ཆབས་ཅིག །ནང་དོན་དང་རྣམ་གྲངས། འཁྲབ་སྟོན་གྱི་རིམ་པ་དང་ཆས་གོས། སྟངས་སྟབས་དང་ཉམས་འགྱུར་ཚུན་གཅིག་ནས་མང་དུ་གྱེས་ཏེ་ཐུན་མོང་མ་ཡིན་པའི་བོད་ཀྱི་ཟློས་གར་རིག་གནས་འདི་བྱུང་བར་དཔྱད་ཞིབ་པ་མང་པོ་འདོད་རྩེ་མཐུན། དེ་ནི་མང་ཚོགས་ཀྱི་འཚོ་བ་དང་མང་ཚོགས་ཀྱི་བསམ་བློ་ལས་བྱུང་བ་ཡིན་སྟབས། འདི་ལ་ང་ཚོས་དམངས་ཁྲོད་ནས་བྱུང་བའི་འཁྲབ་སྟོན་ནམ་ཟློས་གར་སྒྱུ་རྩལ་ཞེས་འབོད་ཀྱི་ཡོད་ཅིང༌། རྒྱུ་མཚན་འདིར་གཞིགས་ཏེ། དཔྱད་ཞིབ་པ་མང་པོས་དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་ཀྱིས་བསྡུས་པའི་རྣམ་པ་དེ་ནི་བོད་མི་རིགས་འདི་བཞིན་སྤྱི་ཚོགས་ཀྱི་ངོ་བོར་གྲུབ་པ་ནས་ཡོད་པར་ངོས་འཛིན་པ་དང༌། དེ་ནི་ཟློས་གར་གྱི་རྒྱུ་ཆ་ཡིན་པ་ནས། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀྱང་རྒྱུ་འདི་ཉིད་རྨང་གཞིར་བཞག་སྟེ་ལྷ་མོའི་ཟློས་གར་གསར་བཏོད་གནང་བའང་ཡིན་སྟབས། དམངས་ཁྲོད་དུ་སྔར་ནས་ཡོད་པའི་གཏམ་རྒྱུད་སོགས་ཀྱི་རྨང་གཞི་དེ་རྒྱ་བསྐྱེད་དང་ཆབས་ཅིག་པར་ཟློས་གར་འཁྲབ་སྟོན་གྱི་རྣམ་པར་བསྒྱུར་བ་དང༌། དེ་ཡང་གཏན་སྲོལ་ཅན་དུ་བསྒྱུར་བར་ངོས་བཟུང་བ་དེ་དོན་ལ་གནས་པའི་དཔྱད་ཞིབ་ཏུ་རིགས།
དེ་ལྟར་ནའང༌། ང་ཚོས་ཟློས་གར་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་དཔྱད་སྐབས། ལད་ཟློས། རྗེས་ཟློས། བསྐྱར་ཟློས་སོགས་ཀྱི་ཟློས་དེ་བཞིན། དེ་སྔར་བྱུང་ཟིན་བྱས་ཟིན་གང་རུང་ལ་རྗེས་སུ་ཞུགས་ནས་ལད་མོ་བྱས་པ་ལ་གོ་ཡི་ཡོད་ཅིང༌། གར་ཞེས་པ་ནི། ལུས་ཀྱི་སྟངས་སྟབས་ལས་བྱུང་བའི་ཉམས་འགྱུར་ཏེ། གར་གྱི་ཉམས་བརྒྱད་ཅེས་ལུས་ཀྱི་སྟངས་སྟབས་ཀྱིས་བསྡུས་པའི་བཟོ་ལྟ་དང་ཚུགས་ཀ་སྟོན་སྟངས་སྣ་ཚོགས་པར་གོ་ཡི་ཡོད་པ་ནས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིད་རྣ་བའི་དགའ་སྟོན་ནང༌། དགའ་བའམ་སྒེག་པའི་ཉམས་བརྒྱའི་རྣམ་འགྱུར་ཟློས་པའི་གར་དུ་བསྒྱུར་བ་ཞེས་དང༌། སྟོང་ཕྲག་ཉམས་ཀྱིས་སྒེག་པའི་ལུས་ཀྱི་རྣམ་པར་འགྱུར་བ་དང༌། རྒྱུད། པགས་པ། བུ་ག སྦུབས་འཕྲེང་སོགས་ལས་བྱུང་བའི་སྒྲ་དབྱངས་སྙན་པོས་མིག་དང༌། རྣ་བ་ཡིད་ལ་བདེ་བའི་རོལ་མོ་ཞེས་དང༌། ས་བཅུའི་མདོ་འགྲེལ་ལས། སྙན་ངག་དང༌། གཏམ་རྒྱུད་དང༌། རོལ་མོ་རྣམས་ནི་ཡིད་མི་བདེ་བའི་གཉེན་པོའོ། །ཞེས་སོགས་ཀྱི་དགེ་བ་རླབས་པོ་ཆེ་ཡོད་པ་དེ་བས་ན། ཟློས་གར་ཁྱབ་རྒྱ་ཆེ་རུ་གཏོང་ཁུལ་གྱིས་ཟློས་གར་གྱི་ཐ་སྙད་དང་བཅས་པར་དཔྱད་ཞིབ་ཡེ་ནས་མེད་པར་ཉན་བཤད་ཀྱི་ཟློས་གར་དང་ལྟད་མོའི་ཟློས་གར་གྱི་རིགས་གཉིས་སུ་ཡོད་ཅེས་སྨྲ་བའི་རིགས་ལ་ཞུ་འདོད་པའི་ཚིག་འགའ་ཡང་མཆིས་མོད་ཀྱང༌། མང་དུ་དོགས་ཀྱིས་ཡིག་ཚོགས་མ་སྤེལ་བ་ལགས།
དེ་བཞིན་ང་ཚོས་ཟློས་གར་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་གི་གོ་དོན་ལའང་བལྟ་རིགས་པ་སྟེ། གླུ་ཞེས་པ་ནི། ཚིག་དབྱངས་སུ་གྱེར་བ་སྟེ། ངག་གི་འགྱུར་ཁུག་ལས་བྱུང་བའི་སྒྲས་དྲངས་པའི་དབྱངས་ཁོ་ནར་གོ་དགོས་པ་དང༌། ཞབས་བྲོ་ཞེས་པ་ནི། རྐང་པའི་སྟངས་སྟབས་གཙོ་བོར་བྱས་པའི་ལུས་ཀྱི་ཉམས་འགྱུར་ཞིག་ལ་གོ་དགོས་པའང་ཤེས་ཐུབ། འདི་ལྟར་དཔྱད་པས་ཀྱང་ཟློས་གར་ཞེས་པ་ཇི་འདྲ་ཞིག་ལ་གོ་དགོས་མིན་དེ་ཤེས་རྟོགས་ཐུབ་ནའང༌། དོན་འདི་ལ་བསམས་ནས་ཟློས་གར་ཡིན་ཕྱིན་སྔར་གྱི་དེ་ལ་ལད་ཟློས་བྱེད་པ་ཙམ་ཡིན་པས་དེར་རིན་ཐང་མེད་པ་དང༌། དེར་ཡང་མི་ཉམས་རྒྱུན་སྐྱོང་ལས་ཡར་རྒྱས་ཀྱི་རིམ་པ་མེད་དགོས་པར་འདོད་རུང་དེ་ལྟར་མིན་པ་ནི། རྣམ་ཐར་དང་རྟོགས་བརྗོད། ལོ་རྒྱུས་དང་རྒྱལ་རབས་སོགས་ཀྱི་དོན་སྙིང་ལྡན་པའི་ནང་དོན་སྣ་ཚོགས་པ་དེ་དག་ཀྱང༌། དོན་སྙིང་དེ་གཙོ་འདོན་ནམ་ལད་མོ་བྱེད་ཡུལ་ལྟེ་བར་བཟུང་སྟེ་ཟློས་གར་གྱི་རྣམ་གྲངས་དང་རྣམ་པ། ནང་དོན་སོགས་སྔར་བས་ཇེ་རྒྱས་སུ་བཏང་དང་གཏོང་བཞིན་པ་འདི་དག་ལ་དཔགས་ནས་དོན་སྙིང་ལ་གཞོལ་དགོས་པ་ལགས་སྟབས། ཟློས་གར་ནི་ལྷ་མོའི་འཁྲབ་སྟོན་གཅིག་པུ་ལ་གོ་བའི་ཞེན་འཛིན་རིགས་དོར་ནས་དཔྱད་ཞིབ་དང་དར་སྤེལ་དགོས་པ་ཡིན།

གསུམ། ཟློས་གར་རིག་གནས་དར་སྤེལ་གཏོང་སྟངས་ཀྱི་བསམ་འཆར།

ཟློས་གར་རིག་གནས་དར་སྤེལ་གཏོང་བ་ནི་ཟློས་གར་འཁྲབ་སྟོན་ལས་རིགས་གཉེར་མཁན་གྱི་རིགས་ཁོ་ནར་དབང་བའི་ལས་དོན་ཞིག་མིན་སྟབས། རིག་གཞུང་ལས་དོན་པ་གང་ན་སུ་བཞུགས་མཐའ་དག་གིས་ཁུར་བརྩོན་ཞུ་དགོས་པ་གལ་ཆེ། དེ་ཡང་ང་ཚོས་ད་ཕན་གྱི་དུས་ཡུན་ནང་གླུ་གར་དང་ཟློས་གར་གྱི་སྒྱུ་རྩལ་སྣ་ཚོགས་པ་མི་ཉམས་གོང་སྤེལ་བགྱིས་རིམ་གྱི་གནས་བབ་སྟེ། འཇམ་མགོན་ས་སྐྱ་པཎ་ཆེན་ཞབས་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱིས་བོད་ཀྱི་རོལ་མོ་དང་གླུ་གར་གྱི་སྒྱུ་རྩལ་མི་ཉམས་གོང་སྤེལ་དང༌། དེ་ཡང་དམངས་ཁྲོད་རིག་གཞུང་ནས་རྩོམ་རིག་གཞུང་ལུགས་ཅན་དུ་བསྒྱུར་རིམ་དེར་མིག་ལྟོས་ཞུས་འབྲེལ། གོང་སྤེལ་དང་མྱུར་སྐྱོབ་སོགས་ཀྱི་ལས་དོན་ལ་འཇུག་རིགས་པ་སྟེ། རང་རེ་བོད་འདིར་རོལ་དབྱངས་དང་ཟློས་གར་ལ་སོགས་པའི་སྒྱུ་རྩལ་སྣེ་མང་ཞིང་ཉམས་འགྱུར་གྱིས་ཡོངས་སུ་གཏམས་ཤིང་ཁུངས་ལྡན་མཆོག་ཏུ་གྱུར་པ་ནི་བོད་ཆོས་རྒྱལ་ཚོའི་སྐབས་ནས་དར་སྲོལ་ཆེ་ཡུལ་སྟོད་མངའ་རིས་སྐོར་གསུམ་ཁུལ་གྱི་གླུ་གར་སྣ་ཚོགས་པའི་རྨང་གཞིའི་སྟེང༌། གཙང་པ་སྡེ་སྲིད་ཀྱིས་སྔ་རྗེས་སུ་སྐྱིད་སྟོད་པ་སོགས་ཆེད་གཏོང་གིས་གསར་བཏོད་དང་བཅས་པའི་ལས་དོན་མཛད་འབྲེལ། རོལ་མོའི་ཆེད་ལས་པ་དག་ས་དེར་མངགས་ཏེ་རོལ་མོའི་གདངས་དང་མཐུན་པའི་ལུས་ཀྱི་རྣམ་འགྱུར་ཉེར་གཅིག་སོགས་སུ་ཕྱེ་གནང་མཛད་པ་ནས། ྋརྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་དེ་སྔའི་ཟློས་གར་གྱི་རིགས་ལས་ཉམས་དང་འགྱུར་བ་ཉམས་ཐལ་ཆེས་ནས་མི་རྣམས་ལ་སྤྲོ་བ་བསྐྱེད་ཤུགས་ཆུང་རིགས་དང༌། བཟང་པོའི་རྩིས་མ་ཟིན་པའི་བྱེད་སྤྱོད་ཀྱིས་ཟློས་གར་སྣ་ཚོགས་ཀྱི་ཉམས་འགྱུར་ཕལ་རྟགས་སུ་བཏང་རིགས་ལེགས་བཅོས་ཆེད། ལ་དྭགས་རྒྱལ་པོའི་རོལ་ཆ་བ་རྒད་བུ་དེ་བ་མ་ཎི་སོགས་དང༌། བུད་མེད་མགྲིན་པ་ནས་གླུའི་རོལ་མོ་འཁྲོལ་བ་ཨོ་རྒྱན་བུ་ཁྲིད་སོགས་ཆེད་བསྡུས་ཀྱིས་རྟ་དབྱངས་ཉམས་རིགས་སླར་གསོ་དང༌། དབྱངས་འགྱུར་ཐལ་གྱི་རིགས་ཞུས་དག །རོལ་ཆའི་ཚད་གཞི་གཏན་འབེབས་སོགས་གནང་ཡོད་པ་དེ་དག་གི་དྲིན་གྱིས་རང་རེ་བོད་འདི་བཞིན་གླུ་གར་གྱི་རྒྱ་མཚོ་ཆེན་པོར་བསྒྱུར་ཡོད་པ་དེ་ལྟར་ནའང༌། གཞུང་ལུགས་དང་བསྡོངས་པའི་ལག་ལེན་གྱི་རིམ་པ་ནི་དེ་ཙམ་མ་དར་བར་སྣང་བ་ནི། འདི་ཐད་ཞིབ་འཇུག་དང་རྒྱུས་ལོན། ཉམས་ལེན་བྱེད་མིའི་ནུས་སྟོབས་ཀྱིས་མ་འདང་བ་དེ་ཆགས་ཡོད།
ཟློས་གར་སྣ་ཚོགས་པ་ཇི་ལྟར་དར་སྤེལ་གཏོང་དགོས་མིན་ནི། སྔར་ཡོད་མི་ཉམས་སྲུང་འཛིན་དང་སྔར་མེད་རིགས་གསར་གཏོད་དགོས་པ་ལས། བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཅེས་སུ་གྲགས་པ་རྣམས་ལོ་ནས་ལོར་མཐུད་དེ་བསྐྱར་ཟློས་བྱས་བསྡད་པ་ཙམ་ནི་ཡར་རྒྱས་ཀྱི་གོམ་པར་བརྩི་མི་རུང་བ་སྟེ། ཡར་རྒྱས་སུ་གཏོང་བ་ནི་ཟློས་གར་གྱི་རྣམ་གྲངས་དང་སྤུས་ཚད། ཉམས་འགྱུར་དང་བཅས་པ་གསར་གཏོད་ཀྱིས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་ནས་འགོ་འཛུགས་དགོས་ཡིན། དེ་བས་ན་ང་ཚོས་སྐྱེས་རབས་དང་རྟོགས་བརྗོད། རྣམ་ཐར་སོགས་འཁྲབ་གཞུང་གི་རྣམ་པས་དར་སྤེལ་དང་དེ་འཁྲབ་གཟིགས་སུ་བསྐྲུན་ནས་དར་སྤེལ་དང༌། ཡང་ན། དོན་སྙིང་དམིགས་བསལ་བ་གང་ཞིག་འཁྲབ་གཞུང་དུ་བཟོས་ནས་དར་སྤེལ་གཏོང་བ་སོགས་ལ་དོ་སྣང་བསྐྱེད་དགོས་པ་དང༌། དེ་ཡང་འཁྲབ་གཞུང་རྩོམ་མཁན་ཚོས་འཁྲབ་གཞུང་ག་ཚད་ཀྱིས་ཚད་མང་བ་བརྩམས་པ་དེ་བཞིན་ཟློས་གར་སྒྱུ་རྩལ་ལས་རིགས་གཉེར་མཁན་ཚོས་ཀྱང་ཚོད་ལྟ་ཙམ་མ་ཡིན་པར་ལག་ལེན་བསྟར་ཐབས་ལ་འབད་དགོས་པ་གནད་འགག་ཆགས་ཀྱི་ཡོད། དེས་ན་འཁྲབ་གཞུང་རྩོམ་མཁན་གྱིས་འཁྲབ་གཞུང་ཞིག་བརྩམས་གནང་བ་དེ་རྩོམ་རིག་རང་གི་ངོ་བོ་ནས་གཏན་ཡལ་དུ་འགྲོ་མིན་གྱི་འགན་དེ་ཟློས་གར་སྒྱུ་རྩལ་བ་ཚོར་ཡོད་ཅིང༌། འདི་འབྲེལ་སྒྱུ་རྩལ་གྱི་ཁྱད་ཆོས་གོང་མཐོར་སྤེལ་རིམ་ནང་རྩོམ་པ་པོ་དང་འཁྲབ་སྟོན་པ་ཕྱོགས་གཉིས་ཀས་ནུས་པ་སྤེལ་དགོས་པའང་ཡིན་སྟབས། ཟློས་གར་སྒྱུ་རྩལ་དར་སྤེལ་གཏོང་དགོས་ན། ལྷ་རབ་ཟློས་གར་སྒྱུ་རྩལ་བ་རང་ཉིད་རྩོམ་པ་པོ་དང་ཡང་ན་ཀློག་མཁན་ཚད་ལྡན་ཅིག །ཡང་ན་ནི་རྩོམ་པ་པོ་དང་ཟློས་གར་སྒྱུ་རྩལ་བ་གཉིས་ལ་མཉམ་འཛོམས་ཀྱི་གོ་སྐབས་དང་ཁོར་ཡུག་ཆེན་པོ་ཞིག་དགོས་པ་ཡིན། གནད་དོན་འདི་སྒྱུ་རྩལ་དར་སྤེལ་གྱི་གཞི་རྩའང་ཡིན་སྟབས། འདི་མེད་པའི་སྒྱུ་རྩལ་བ་མང་པོ་ཞིག་གིས་རང་གི་བསམ་དོན་དེ་བཞིན་ལུས་ངག་གི་རྣམ་པས་བརྒྱུད་བསྒྲགས་ཀྱི་ཚབ་ཏུ། རང་ཉིད་ནི་མི་སྣ་ཆེ་གེ་མོའི་བསམ་སྤྱོད་མངོན་མཚོན་བྱེད་སྤྱད་ཙམ་གྱི་རྣམ་པས་འཁྲབ་སྟོན་དང་གཞས་གཏོང་སོགས་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་འདི་བས་ན། རྩོམ་པ་པོ་ཚོས་གླུ་ཚིག་སྤེལ་དགོས་ལ། རྩོམ་པ་པོ་ཚོས་འཁྲབ་གཞུང་རྩོམ་དགོས། དེ་བཞིན་སྒྱུ་རྩལ་བ་ཚོས་ཀྱང་གླུ་ཚིག་དེ་དག་ལེན་སྤྱོད་བྱེད་དགོས་ལ། སྒྱུ་རྩལ་བ་ཚོས་འཁྲབ་སྟོན་གྱི་བགྱིད་སྒོར་བརྩོན་དགོས། འདི་ལྟར་བྱས་ན། ང་ཚོས་ཟློས་གར་སྒྱུ་རྩལ་སྐོར་དར་སྤེལ་གཏོང་ཐུབ་པ་དང་ཆབས་ཅིག །ད་ལྟའི་ཟློས་གར་གྱི་ཁོར་ཡུག་ལས་བརྒལ་ཏེ་གཏམ་བརྗོད་ཟློས་གར་སྣ་ཚོགས་ནས་ལེགས་ལམ་དུ་ཕྱིན་ཏེ། མུ་འབྲེལ་ཟློས་གར་མང་པོ་ཞིག་ཀྱང་གསར་སྤེལ་བྱེད་ཐུབ་པ་ཡིན།