ཀུན་དགའ་ཚེ་སྒྲོན།
ཅོན་ཏ་ར་བོད་ཁིམ། འཛིན་གྲྭ་བཅུ་པ་གདུགས།

མི་ལུས་རིན་ཆེན་ཕ་མ་ཁྱེད་ཀྱིས་གནང་། །
མི་གྲལ་ཚུད་པའི་ཤེས་ཡོན་སློབ་སྦྱོང་སྤྲད། །
ཕ་མའི་དྲིན་གྱིས་བསྐྱངས་པའི་བུ་མོ་ངས། །
ནམ་ཡང་ཁྱེད་གཉིས་མགོ་བོའི་ཐོག་ཏུ་བཀུར། །
འཛམ་བུ་གླིང་འདིའི་ནང་ཞོགས་པ་ཉལ་ས་ནས་གཉིད་སད་པ་དང་། མིག་ནང་ལྷང་ངེར་དྲན་པ་ནི་ངའི་དྲིན་ཅན་ཕ་མ་གཉིས་ཡིན་ལ། ལྷག་པར་དུ་ཕ་མ་གཉིས་ཀྱི་བཀའ་དྲིན་ནི་ཧ་ཅང་རྒྱ་ཆེ་བས་འཇིག་རྟེན་འདིའི་ནང་ཕ་མ་ཞེས་པ་སངས་རྒྱས་ལྷ་དང་འདྲ་མཉམ་ཡིན་སྙམ་པ་འདུག ཕ་མ་གཉིས་ཀྱི་བཀའ་དྲིན་ཧ་ཅང་ཆེ་བས་ཁོ་མོས་ཤོག་བུ་དཀར་པོའི་སྟེང་ལ་བཀོད་པ་ཡིན་ནའང་བྲིས་ནས་རྫོགས་ཐབས་མེད་པ་ཞིག་ཡིན། དེར་བརྟེན་དེ་རིང་འདིར་ངས་རང་ཉིད་ཀྱི་གང་དྲན་པ་རྣམས་ཅུང་ཟད་འགོད་རྒྱུ་ཡིན། ཕ་མ་གཉིས་ནི་ཕྲུ་གུའི་ཆེད་དུ་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཡིན་པ་མ་ཟད། ཨ་མའི་མངལ་ནང་ཟླ་བ་དགུ་ལྷག་གཅེས་ཉར་བྱས་པ་མ་ཟད། རང་ཉིད་ཀྱི་མངལ་ནང་ཡོད་པའི་ཕྲུ་གུར་མི་གནོད་པའི་ཆེད་དུ་ཟས་རིགས་སྣ་ཚོགས་ལ་དོ་སྣང་བྱས་ཏེ། རང་ཉིད་ཀྱི་དགའ་བའི་ཟས་རིགས་སྣ་ཚོགས་འཛེམས་པ་མ་ཟད། ཕྲུ་གུ་གཙོ་བོ་བྱས་ནས་བཟའ་བཏུང་བྱས་པ་དེ་ཡིན། དེ་བཞིན་པ་ལགས་ཀྱིས་ཀྱང་དུས་ནམ་ཡང་ཨ་མའི་མངལ་ནང་ཡོད་པའི་ཕྲུ་གུའི་ཆེད་དུ་ག་དུས་ཡིན་ནའང་ཨ་མའི་མཉམ་དུ་དུས་ཚོད་སྐྱེལ་བ་དང་། རྒྱུན་དུ་ཨ་མའི་ལས་ཀ་ཡོངས་རྫོགས་འགན་འཁུར་ནས་གྲུབ་ཐབས་ལ་འབད་བརྩོན་བྱས། དེར་བརྟེན་ཁོང་རྣམས་ཀྱི་བཀའ་དྲིན་དང་བྱམས་བརྩེའི་འོག་ང་ཚོར་ཡངས་པའི་འཇིག་རྟེན་ཡིད་དུ་འོང་བ་དེ་མཐོང་རྒྱུ་བྱུང་ཡོད་ལ། དགའ་སྐྱོ་སྤྲོ་གསུམ་ངང་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུ་བྱུང་བ་ནི་གཙོ་བོ་ཕ་མ་ལྷན་རྒྱས་གཉིས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན། དེ་ལྟར་ངའི་ཕ་མ་གཉིས་པོས་ཀྱང་ང་ལ་ཆུང་བྱིས་པའི་དུས་ནས་བཟའ་སྟངས་དང་། འགྲོ་སྟངས། སྡོད་སྟངས་བཅས་ཀྱི་བསླབ་བྱ་བཟང་པོ་གནང་ཡོད་ལ། ང་ལ་ཡོད་པའི་ཡ་རབས་བཟང་པོའི་སྤྱོད་ཚུལ་ཅུང་ཟད་དེ་ཡང་ཕ་མ་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ད་དུང་ཁོ་མོ་ཆུང་དུས་ནས་ཕ་མས་གཙང་སྦྲ་འཕྲོད་བསྟེན་དང་ཟས་གོས་ཀྱི་མཐུན་འགྱུར་གང་ཡག་སྦྱར་ཏེ་ཅོན་ཏ་ར་སློབ་གྲྭ་འདི་ལྟ་བུ་ཞིག་གི་ནང་དུ་སློབ་སྦྱོང་ཆེད་བཏང་ཡོད་པ་མ་ཟད། མ་འོངས་པར་མི་ཚེའི་ནང་ངལ་རྩོལ་ཆེ་བའི་དཀའ་ངལ་མྱོང་མི་དགོས་པའི་ཆེད་རེ་བ་དང་འགྲོ་སོང་འཕར་མ་བཏང་ནས་ང་ལ་ད་ལྟ་ཤེས་ཡོན་ཡག་པོ་ཐོབ་པའི་གོ་སྐབས་བྱུང་ལ། ཐ་ན་ཕ་མ་གཉིས་པོས་རང་ཉིད་ཀྱི་མི་ཚེའི་ནང་དཀའ་ངལ་མང་པོ་བསྐྱོན་ནས་དངུལ་དང་རྒྱུ་ནོར་ལོངས་སྤྱོད་ཅུང་ཟད་བསགས་པ་མཐའ་དག་ངའི་སློབ་སྦྱོང་དང་འཚར་ལོངས་བཟང་པོ་ཡོང་ཐབས་སུ་དམིགས་པ་གཙོ་བོ་ཡིན་པ་ངས་རྒྱུན་དུ་ཚོར་གྱི་འདུག ཨ་མས་ད་དུང་ང་ལ་རྒྱུན་དུ་བསླབ་བྱ་བསྐྱོན་གནང་བ་ནི་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་དང་། མ་འོངས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་ལས་ཀ་བསྒྲུབ་དགོས་རྒྱུ་གསུང་གི་ཡོད། ཁོང་གཉིས་ཀྱི་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་གཉིས་ནི་སོ་སོའི་སྒེར་གྱི་ལས་དོན་དང་། རྒྱུ་ནོར་ལོངས་སྤྱོད་ལས་གལ་ཆེ་བ་འཛིན་གྱི་ཡོད་པ་ངས་རྒྱུན་དུ་མཐོང་སྣང་བྱུང་། ང་ཚོའི་ནང་ཆོས་ལས་བཤད་པའི་སེམས་པ་བཟང་པོ་བྱ་རྒྱུའི་བསམ་བློ་དེ་ཁོང་གཉིས་ལ་ཧ་ཅང་ཤུགས་ཆེན་པོ་ཡོད། གྲོང་པ་མཁྱིམ་ཚེས་དང་། མི་ངོ་མ་ཤེས་པ་སུ་ཡིན་ནའང་ཁོང་གཉིས་ཀྱི་སྙིང་རྗེ་ཆེན་པོས་ལྟ་སྐྱོང་གནང་གི་ཡོད། མདོར་ན་ཁོང་གཉིས་ནི་ངའི་དགེ་རྒན་ཞིག་དང་ཁྱད་པར་རྩ་བ་གཉིས་ནས་མེད། ཁོང་གཉིས་ཀྱི་བྱེད་སྟངས་བྱེད་ལུགས་ལ་བརྟེན་ནས་ངས་ཤེས་ཡོན་མང་པོ་ཤེས་རྒྱུའི་གོ་སྐབས་བྱུང་། །
དེས་ན་ང་ལྟ་བུར་མི་ཚེའི་མདུན་ལམ་ཡག་པོ་ཡོང་བ་ནི། དྲིན་ཅན་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན་ལ། ཁོང་གཉིས་ཀྱིས་ང་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པ་རྣམས་ང་ཚོ་སློབ་ཕྲུག་སོ་སོས་སེམས་ལ་གངས་རི་བཞིན་བརྟན་པོར་ཡིད་ལ་བཟུང་ནས། ང་ཚོས་རྗེས་སུ་དྲིན་ལན་འཇལ་དགོས་པ་ནི་གནད་འགག་ཡིན། ཕ་མ་ལོ་ན་རྒན་པོ་ཆགས་དུས་རྒན་གསོ་ཁང་ལྟ་བུར་སྐྱེལ་བ་ནི་ཧ་ཅང་ནོར་འཁྲུལ་ཡིན་ལ། ཁོང་རྣམས་ལ་བྱམས་སྐྱོང་དང་ལྟ་སྐྱོང་གནང་དགོས་པ་ནི་ཕྲུ་གུའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན། འཇིག་རྟེན་འདིའི་ནང་ཕ་མའི་དྲིན་གྱི་འོག་མ་འཚོ་མཁན་སུ་ཡང་མེད་སྟབས་ང་ཚོས་ཕ་མ་གཉིས་པོའི་བཀའ་དྲིན་དྲན་ནས། མ་འོངས་པར་རང་གི་ཕྲུ་གུ་རྣམས་ལའང་བྱམས་བརྩེའི་ངང་སྐྱོང་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། དེ་ལྟར་བྱས་ན་ཆེ་ས་ནས་ང་ཚོས་འཛམ་བུ་གླིང་ཁྱོན་ཡོངས་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་པའི་ས་བོན་ཡིན་པ་ནི་བརྗོད་མི་དགོས།
མདོར་ན་ཕ་མ་ཁྱེད་གཉིས་སྐུ་ཚེ་ཡུན་རིང་བརྟན་ཅིང་། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་དང་བཅས་སོ། །