བསྟན་འཛིན་བློ་གསལ། འཛིན་གྲྭ་བདུན་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དེ་རིང་༸གོང་ས་མཆོག་གི་འཁྲུངས་སྐར་རེད།།སེམས་པ་དགའ་སྤྲོས་ཁེངས་ཏེ་སྨོན་ལམ་བཏབ།།གཟབ་མཆོར་ལེགས་པར་སྤྲས་ཏེ་དགོན་པར་ཕྱིན།།གཙུག་ལག་ཁང་གི་མདུན་ཐང་སྔར་ལས་མཛེས།། ༸གོང་ས་མཆོག་དང་སྐུ་འཁོར་ཕེབས་པའི་དུས།།དད་ལྡན་ཆོས་ཞུ་རྣམས་ཀྱི་ངོ་གདོང་ལ།།དགའ་སྤྲོས་ཁེངས་ཤིང་ལྷད་མེེད་འཛུམ་མདངས་བཞད།།ལག་ཟུང་སྙིང་ཁར་སྦྱར་ཏེ་གསོལ་བ་བཏབ།། འཛམ་གླིང་ཡུལ་གྲུ་ཁག་ནས་འཁྲབ་སྟོན་གནང།།རིག་གཞུང་འཁྲབ་སྟོན་སྒྱུ་རྩལ་སྤྱན་འབུལ་ཞུས།།ང་དང་འདྲ་བའི་ན་ཆུང་སློབ་ཕྲུག་ཚོས།།ཁོང་གི་འཁྲུངས་སྐར་ཆེད་དུ་གླུ་དབྱངས་ཕུལ།། ཁོང་གིས་སྤྱན་ཟུང་ང་ཚོར་གཟིགས་བཞིན་དུ།།ཞལ་ནས་བྱམས་བརྩེའི་བཀའ་སློབ་གསུངས་གནང་བྱུང།།ཕྱི་དངོས་འཇིག་རྟེན་ཡར་རྒྱས་སོང་ན་ཡང།།བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་དགོས་གསུངས།། དེ་རིང་ཞོགས་པ་སྐྱ་རེངས་ཀྱི་ཉི་མ་མ་ཤར་གོང་མལ་ལས་ལངས་པ་དང། སེམས་ནང་སྔར་མེད་ཀྱི་སྤྲོ་སྣང་ཞིག་སྐྱེས་བྱུང། རྒྱུ་མཚན་ནི། སང་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཡིན་པ་དང། ཉིན་དེའི་དགོང་མོར་ང་རང་བདེ་བའི་གཉིད་དུ་མ་ཡུར་སྔོན་ལ་ངའི་སེམས་ནང་དྲི་བ་ཧ་ཅང་མང་པོ་ལང་ལོང་དུ་ཕྱུར་བཞིན་འདུག ཡང་སྙིང་ངས་སང་ཉིན་ལྭ་བ་གང་ཞིག་གྱོན་དགོས་མིན་དང། གཙུག་ལག་ཁང་དུ་དངོས་སུ་འབྱོར་དུས་སྡོད་ས་གུ་ཡངས་པོ་ཞིག་ཐོབ་མིན། གཞན་ཡང་ཕྱི་ཡུལ་ནས་མི་དང་སྐུ་མགྲོན་སུ་ཕེབས་ཡོད་དམ། སོགས་དྲི་བ་མང་པོ་ཞིག་གིས་ང་རང་གཉིད་ཀྱང་སྐྱིད་པོ་ཞིག་ཁུག་མ་བྱུང། སང་ཞོགས་ཁྱིམ་ཚང་འགན་འཛིན་གྱིས་ང་ཚོ་ཞོགས་པ་ཆུ་ཚོད་གསུམ་པར་ཡར་བསླངས་ཏེ། སོ་དང་ངོ་གདོང་གཙང་མ་ཞིག་བཤལ་རྗེས། ཐོག་མར་༸གོང་ས་མཆོག་གི་འཛུམ་མདངས་ལྡན་པའི་སྐུ་པར་མཇལ་དུས་ངའི་སེམས་སོ་དད་པ་ཚད་མེད་སྐྱེས་པ་དང། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང། ཁོང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གྲུབ་པར་ཤོག ཅེས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ་པ་ཡིན། དེ་རྗེས་ངས་གྱོན་ཆས་གསར་པ་གོས་སྒམ་ནས་བཏོན་ཏེ་གྱོན་རྗེས་སྤྱི་སྤྱོད་རླངས་འཁོར་མདུན་དུ་འཛོམས་རྒྱུར་འཕྱི་དྲགས་ཡོང་བསམ་ནས་བྲེལ་འཚུབ་ཕྱིན་པ་ཡིན། སྟབས་ལེགས་པ་ཞིག་ལ་ང་ཚོ་དུས་ཐོག་ཏུ་འབྱོར་ཏེ་ཁ་ལོ་བས་རླངས་འཁོར་རླུང་ལས་མགྱོགས་པ་བཏང་སྟེ། མཐར་གཙུག་ལག་ཁང་དུ་འབྱོར་སོང། ཞོགས་པ་སྔ་པོ་ཡིན་ནའང་ལམ་བར་དུ་སྔར་རྒྱུན་དང་མི་འདྲ་བར་རླངས་འཁོར་འགྲོ་སྐྱོད་བྱེེད་མཁན་ཧ་ཅང་མང་ཞིང། མི་ཚོགས་ཀྱི་འདུ་འཛི་ཆེ་བ་མ་ཟད་ལམ་ཟུར་དུ་འགྲིམ་འགྲུལ་ཉེན་རྟོག་པ་དང། སྐུ་སྲུང་བ་ཧ་ཅང་མང་པོ་མཐོང་རྒྱུ་འདུག ང་ཚོ་གཙུག་ལག་ཁང་གི་མདུན་ཐང་དུ་འབྱོར་དུས། མཐའ་ཚང་མར་ཆེམ་ཆེམ་གློག་འོད་འཚེར་བཞིན། མེ་ཏོག་སྣ་ཚོགས་ཀྱིས་མཛེས་རྒྱན་སྤྲས་པ་མཐོང་བྱུང། ཉིན་དེའི་གཙུག་ལག་ཁང་གི་མདུན་ཐང་ནི། ལྷ་ཡི་ཕོ་བྲང་ནང་བཞིན་ཧ་ཅང་མཛེས་པོ་བཟོས་འདུག ཡུན་ཙམ་རྗེས་ལ་༸གོང་ས་མཆོག་ཕོ་བྲང་ནས་གློག་གི་ཆིབས་འཁོར་བཞུགས་ཏེ་ཕེབས་དུས། མི་དམངས་རྣམས་ཀྱི་ངོ་གདོང་ནས་ཟླ་བཞིན་གསལ་བའི་ལྷད་མེད་ཀྱི་དད་པའི་འཛུམ་མདངས་ཤིག་ཤར་སོང། ༸གོང་ས་མཆོག་ཕེབས་དུས་དད་ལྡན་མི་དམངས་ཚང་མས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་ཁོང་ལ་ཕེབས་བསུ་ཞུས་པ་དང། ༸གོང་ས་མཆོག་གསེར་ཁྲིའི་སྟེང་དུ་བཞུགས་རྗེས། འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་ཚབ་རྣམས་ཀྱིས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང། ཉིན་རྒྱབ་ཏུ་ང་དང་འདྲ་བའི་སློབ་ཕྲུག་རྣམས་ཀྱིས་དགའ་དགའ་སྤྲོའི་ངང་སྐུ་མགྲོན་རྣམས་ཀྱི་མདུན་དུ་ཞབས་བྲོ་གཟིགས་འབུལ་ཞུས་པ་ཡིན། སྐབས་དེ་དུས་ངའི་སེམས་ནང་ཚོར་སྣང་མི་འདྲ་བ་གཉིས་བྱུང། ཕྱོགས་གཅིག་ནས་༸ང་རང་དེ་རིང་གི་གོ་སྟོན་མཛད་སྒོར་གཞས་སྣ་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེས་སེམས་པ་སྤོབས་པས་ཁེངས་ཤིང། ཕྱོགས་གཅིག་ནས་དངངས་འཚབ་ཚད་མེད་སྐྱེས་བྱུང། རྒྱུ་མཚན་ནི་སྐད་སྦུག་དེ་ངའི་མདུན་དུ་ཡོད་པ་དང་སྐད་གདངས་ནོར་ན་དཔེ་བསགས་སོང་སྙམ་བྱུང། ང་ཚོས་ཞབས་བྲོ་འཁྲབ་དུས་ནོར་འཁྲུལ་ཅུང་ཟད་རེ་ཤོར་ཀྱང། སྐུ་མགྲོན་དང་མི་དམངས་རྣམས་ཀྱིས་ཐལ་མོ་འབྲུག་སྒྲ་ལྡིར་བ་ལྟར་བརྡབས་བྱུང། ཚོར་སྣང་དང་གོ་སྐབས་འདི་འདྲ་ཞིག་མི་ཚེའི་ནང་ཐོབ་རྒྱུ་ནི་ཧ་ཅང་གསེར་ལས་དཀོན་པ་མ་རེད་དམ། ༸གོང་ས་མཆོག་གིས། དེ་རིང་མང་ཚོགས་རྣམས་ལ་བཀའ་སློབ་ཧ་ཅང་དོན་སྙིང་ལྡན་པ་ཞིག་གནང་བྱུང། ཁོང་གིས། དངོས་པོ་ཡར་རྒྱས་དང་ཚང་མས་དོ་སྣང་བྱས་པ་ནང་བཞིན། ཞི་བདེ་དང་བྱམས་སྙིང་རྗེའི་བསམ་བློ་རྟག་ཏུ་ཡིད་ལ་བཅངས་དགོས། ཞེས་གསུངས་པ་དང། ཁོང་གིས་མུ་མཐུད་ནས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ལ་ལས་ཀ་བྱ་རྒྱུ་ཡིན། ཞེས་གསུངས་གནང་སོང། ང་ཚོས་གོང་ས་མཆོག་གི་བཀའ་སློབ་ཉན་རྗེས། སེམས་ནང་ཞི་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་སྐྱེས་བྱུང། […]
༸སྐུའི་གོ་སྟོན་གྱི་དུས་བཟང་
ཚེ་རིང་སྒྲོལ་མ། འཛིན་གྲྭ་བརྒྱད་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དགུང་གྲངས་བཅུ་དྲུག་ཕེབས་དུས་ཆོས་སྲིད་བསྐྱངས།།ཉིན་མཚན་དབྱེ་མེད་བོད་མི་བདེ་དོན་རྩོད།།ཕྱག་ཟུང་སྙིང་ཁར་སྦྱར་ནས་ཞི་བདེ་བསྐྲུན།།ང་ནི་ང་ཚོའི་མགོན་སྐྱབས་གཙོ་བོ་ཡིན།། བྱམས་དང་སྙིང་རྗེ་གང་སར་གོང་འཕེལ་བཏང།།མཇལ་ཁ་གནང་དུས་ཞལ་རས་འཛུམ་གྱིས་ཁེངས།།༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག།སྐུ་ཚེ་ཡུན་རིང་གནས་པའི་སྨོན་ལམ་ཞུ།། ང་ཞོགས་པ་སྒེའུ་ཁུང་ནས་ཡུལ་ལྗོངས་ལ་ལྟ་བཞིན་པའི་སྐབས་ཕ་རོལ་དུ་ཡོད་པའི་རྒྱ་གར་ཡུལ་མི་རྣམས་འཁྲུག་ཆ་དོད་པོ་དང་དམིགས་བསལ་ཆོས་ཀྱི་དུས་ཆེན་ཞིག་སྲུང་བརྩི་ཞུ་བཞིན་པ་དང་ཞབས་བྲོ་འཁྲབ་བཞིན་པ་ཡང་མཐོང་དུས། གློ་བུར་དུ་ངའི་སེམས་ནང་༸གོང་ས་མཆོག་གི་གོ་སྟོན་འཁྲུངས་སྐར་ལ་བཅར་བའི་ཉིན་ཐོ་ཞིག་འབྲི་རྒྱུའི་འདུན་པ་དྲག་པོ་སྐྱེས་བྱུང། ལམ་སེང་དཀར་གཙང་ཤོག་བུ་ཞིག་གི་སྟེང་དུ་སྨྱུ་གུ་སྒུལ་འགོ་བརྩམས་པ་ཡིན། ཁ་ནུབ་རྒྱུན་གཏན་ལྟར་ཉིན་རྒྱབ་སློབ་གྲྭ་གྲོལ་རྗེས་ང་དང་ངའི་བརྩེ་བའི་གྲོགས་མོ་ལྷན་དུ་དགའ་དགའ་སྤྲོ་སྤྲོའི་ངང་སང་ཉིན་གྱི་དུས་ཆེན་མཛད་སྒོར་ཕྱུ་པ་གང་གྱོན་དགོས་བསམ་ནས། གླེང་མོལ་བྱེད་བཞིན་ཉལ་ཁང་དུ་ལོག་པ་ཡིན། སང་ཉིན་སྐུ་ཡི་འཁྲུངས་སྐར་ཡིན་སྟབས་དེའི་མཚན་མོར་ངའི་སེམས་པ་ནང་དགའ་སྣང་གི་རྦ་རླབས་འཁྲུགས་ཏེ། གཉིད་ཀྱང་ཤོར་གྱི་མི་འདུག ཞོགས་པ་ངའི་ཉེ་འགྲམ་དུ་ཡོད་པའི་སྒེའུ་ཁུང་ནས་རླུང་བསིལ་བུ་ཞིག་གྲང་ཤུར་ཤུར་དུ་ལྡང་སྟེ་གཉིད་ལས་དཀྲོགས་བྱུང། ངས་གཡས་གཡོན་དུ་ཡོད་པའི་གྲོགས་རྣམས་ལ་ལྟ་དུས་ཚང་མ་ཚ་སོབ་སོབ་ཀྱི་མལ་ཆས་ནང་དུ་བདེ་བའི་གཉིད་ལ་ཡུན་བཞིན་པ་མཐོང་བྱུང། དེ་རྗེས་ངས་མིག་ཟུང་ཕུར་ཙམ་བྱས་ཏེ་ཉལ་ཁང་གི་སྐུ་པར་མཇལ་བ་ཡིན། ངས་༸གོང་ས་མཆོག་གི་ཞལ་རས་རབ་རིབ་ཙམ་ཞིག་མཇལ་བྱུང། འོན་ཀྱང་ཁོང་གི་ཞལ་རས་མཇལ་དུ་ངས་ལམ་སེང་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ། དཀོན་མཆོག་གསུམ་ལ། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཁོང་གི་སྐུ་ཚེ་ལ་བར་ཆད་མ་ཡོང་བ་ཤོག ཅེས་གསོལ་བ་སྨོན་ལམ་བཏབ་པ་དང་ཕྱག་གསུམ་འཚལ་བ་ཡིན། དེ་ནས་ངས་གཟབ་མཆོར་ལེགས་པར་སྤྲས་ཏེ་གྲོགས་མོ་ཚོ་དང་ལྷན་དུ། གཙུག་ལག་ཁང་དུ་གོ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་བར་བསྐྱོད་པ་ཡིན། ངས་མོ་ཊའི་སྒེའུ་ཁུང་ནས་ཕྱིར་ལྟ་དུས་ནམ་རྒྱུན་དང་མི་འདྲ་བར་མི་དམངས་རྣམས་ཀྱི་ངོ་གདོང་འཛུམ་གྱིས་ཁེངས་པ་དང། ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་གཟབ་མཆོར་སྤྲས་ཏེ་གཙུག་ལག་ཁང་དུ་ཕེབས་བཞིན་པ་མཐོང་བྱུང། གཙུག་ལག་ཁང་གི་ཐང་དཀྱིལ་དུ་གདན་དམར་པོ་ཆེན་པོ་ཞིག་བཏིངས་ཡོད་པ་དང། དེའི་ཉེ་འགྲམ་དུ་དྲི་ཞིམ་ལྡན་པ་དང་རྣམ་པར་བཀྲ་བའི་མེ་ཏོག་རིགས་སྣ་ཚོགས་བསྒྲིགས་འདུག ད་དུང་གུར་ཁང་ཆེན་པོ་ཞིག་ཕུབ་འདུག་པ་དང། ཉེ་འགྲམ་གྱི་ཤིང་སྡོག་ཡལ་གའི་སྟེང་དུ་སྤྲེའུ་རྣམས་ཕར་མཆོང་ཚུར་མཆོང་བྱེད་བཞིན་འདུག མདུན་ཐང་གི་ར་བའི་ནང་ཆོས་ལུགས་སྣ་ཚོགས་ཀྱི་དབུ་ཁྲིད་ཚོས་༸གོང་ས་མཆོག་ལ་འཁྲུངས་སྐར་འཚམས་འདྲི་ཞུ་བར་ཕེབས་འདུག དེ་ནས་མི་རིགས་སྣ་ཚོགས་ཀྱིས་རིག་གཞུང་འཁྲབ་སྟོན་དང་བསྟོད་གླུ་ཕུལ་གནང་སོང། དུས་ཡུན་གང་འཚམས་སོང་རྗེས། ༸གོང་ས་མཆོག་སྐུ་འཁོར་རྣམས་ཀྱིས་ཕོ་བྲང་ནས་གདན་འདྲེན་ཞུ་དུས། ཁོང་གིས་འཛུམ་དམུལ་དམུལ་ངང་ནས་མི་དམངས་རྣམས་ལ་འཚམས་འདྲི་ཞུ་བཞིན་ཆིབས་སྒྱུར་གནང་སོང། ངས་དེ་རིང་༸གོང་ས་མཆོག་གི་བྱམས་བརྩེ་ལྡན་པའི་ཞལ་རས་མཇལ་དུས་ངའི་མིག་མཐར་མཆི་མ་འཁོར་བྱུང། དེ་རྗེས་ཁོང་བཞུགས་ཁྲིའི་སྟེང་དུ་དལ་གྱིས་བཞུགས་རྗེས་སྤྱན་ཟུང་མི་དམངས་ཚོར་གཟིགས་ཏེ། བྱམས་བརྩེའི་བཀའ་སློབ་གནང་བྱུང། ཁོང་གིས་ང་ཚོར་སེམས་བཟང་པོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། སེམས་བཟང་པོ་ནི་ཆོས་ཀྱི་སྙིང་པོ་ཡིན། ཞེས་གསུངས་གནང་སོང། ཁོང་གིས་མཐའ་མ་དེ་ལ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱེད་དགོས་པའི་སྐོར་ལ་བཀའ་སློབ་གལ་ཆེན་པོ་ཞིག་གསུངས་བྱུང། དེ་བཞིན་འཛམ་གླིང་རྒྱ་ཆེན་པོ་འདིའི་ནང་དུ་ང་ནི་སློབ་མ་ཆུང་ཆུང་ཞིག་ཡིན་ཀྱང། རང་ངོས་ནས་ཁོང་གི་བཀའ་སློབ་དེ་དག་ངའི་སྙིང་ལ་རི་མོ་བརྐོས་པ་ནང་བཞིན་ཡིད་ལ་དམ་པོར་བཅངས་པ་དང་ཉམས་ལེན་བྱེད་ཀྱི་ཡིན། བྱམས་བརྩེའི་བསམ་བློ་འདི་སློབ་གྲྭ་དང་ཁྱིམ་ཚང་ཉལ་ཁང། སྤྱི་ཚོགས་གང་གི་ནང་ཕྱིན་ཀྱང་ངས་ཉམས་ལེན་དང་གོང་འཕེལ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། དཔེར་ན་རྒན་པར་གུས་ཞབས་དང་ཆུང་བར་རོགས་རམ། གད་སྙིགས་མཐོང་ཚད་སྣང་མེད་མ་བཏང་བར་ཡར་སྒྲུག་པ་དང། གཞན་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡིན། ཁོང་གིས་ཇི་ལྟར་གསུངས་པ་བཞིན་བྱམས་སྙིང་རྗེ་ཟེར་བ་འདི་ནི་ནང་ཆོས་ཀྱི་རྩ་བ་ཞིག་ཡིན་པ་དང། རང་སེམས་ལ་བདེ་སྐྱིད་འདོད་པ་བཞིན་གཞན་ལའང་དེ་འདྲའི་འདོད་པ་ཡོད་ཙང་བྱམས་སྙིང་རྗེ་གོང་འཕེལ་གཏོང་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག དེ་རིང་གི་འཁྲུངས་སྐར་ཉིན་མོ་འདི་ལ་དགའ་དགའ་སྐྱིད་སྐྱིད་དང་བྲེལ་འཚུབ་ངང་ནས་མཇུག་སྒྲིལ་སོང། ཁོང་དགུང་ལོ་མཐོ་བའི་བགྲེས་སོང་ཞིག་ཡིན་ཡང་སྐུ་གཟུགས་བདེ་པོ་དང་ཁོང་གི་གསུང་རྒྱུ་བྱུང་བ་དེ། དངོས་གནས་ང་རང་བསོད་ནམས་ཆེན་པོ་ཡིན་བསམ་གྱི་འདུག དེ་བཞིན་ཁོང་གིས་བོད་མི་དམངས་ཀྱི་ཆེད་དུ་ད་བར་དུ་བློས་བཏང་གནང་བ་དང་འབད་བརྩོན་གནང་བ་ཡོད་ཚད་ངས་ནམ་ཡང་བརྗེད་མི་སྲིད།།
༸སྐུའི་གོ་སྟོན་གྱི་མྱོང་ཚོར
བསྟན་འཛིན་ཆོས་འཛིན། འཛིན་གྲྭ་བརྒྱད་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། མཚན་མོ་ནམ་མཁའི་དབྱིངས་སུ་ལྟ་དུས་སེམས་ཀྱི་ནང།།སང་ཉིན་༸སྐུ་ཡི་གོ་སྟོན་སྲུང་བརྩི་ཡིད་ལ་འཁོར།།མལ་གྱི་ནང་དུ་དྲོ་སོབ་ཉལ་བའི་སྐབས་སུ་ཡང།།ཁོང་གི་བཞིན་རས་ཡིད་ཀྱི་མེ་ལོང་ངོས་སུ་འཁོར།། ཞོགས་པ་ཐོ་རངས་བྱ་བྱིའུ་སྐད་གདངས་སྙན་མོའི་ངང།།ཁོང་གི་གོ་སྟོན་འཁྲུངས་སྐར་དགའ་སྤྲོའི་ངང་ནས་བསུ།།ཉི་མའི་འོད་ཟེར་ཕྱོགས་སུ་ག་ལེར་བལྟས་པ་ན།།དཀའ་གསལ་འཛུམ་མདངས་ཞལ་རས་མིག་ལ་འཆར།། འོད་ཆེམ་མཆོད་ཁང་ཕྱོགས་སུ་བལྟས་ཏེ་སེམས་པའི་ནང།།༸སྐུ་ཡི་ཉིན་མོ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།།འཛམ་གླིང་ཞི་བདེ་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུ།།འགྲོ་བའི་དོན་དུ་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།། ང་ཡིས་མཛེས་སྡུག་ལྡན་པའི་ཕྱུ་པ་ལུས་ལ་སྤྲས།།བརྩེ་བའི་ནང་མི་ལྷན་དུ་གཙུག་ལག་ཁང་དུ་ཕྱིན།།གུ་ཡངས་ས་ཆ་ཞིག་ཏུ་བསྡད་དེ་སེམས་པའི་ནང།།༸སྐྱབས་མགོན་ཆེན་པོའི་ཞལ་རས་མཇལ་རྒྱུ་བྱུང་ན་བསམས།། གཙུག་ལག་ཁང་གི་གོ་སྟོན་མཛད་སྒོར་འབྱོར་བ་ན།།མེ་ཏོག་ལྡུམ་ར་ནང་བཞིན་མཛེས་རྒྱན་རབ་ཏུ་སྤྲས།།ཚོན་མདངས་སྣ་མང་བསྐོར་བའི་མེ་ཏོག་མཛེས་སྡུག་ལྡན།།ཁོང་གི་ཐུགས་དགོངས་རབ་ཏུ་དགྱེས་པའི་རེ་བ་ཞུ།། ཟུར་གྱི་ཞལ་རས་གཉེར་མས་ཁེངས་པའི་བགྲེས་སོང་རྣམས།།ཞལ་རས་འཛུམ་གྱིས་ཁེངས་ཤིང་ལག་གཉིས་ཐལ་མོ་སྦྱར།།མི་དམངས་དཀྱུས་མ་རྣམས་ཀྱི་ངོ་གདོང་རྣམ་འགྱུར་ནི།།གསེར་ཅན་ཉི་མ་མེ་ཏོག་བཞད་པ་བཞིན་དུ་མཛེས།། འཛམ་གླིང་ཡུལ་གྲུ་ཁག་ནས་སྒྱུ་རྩལ་འཁྲབ་སྟོན་པས།།སྟངས་སྟབས་ཡང་མོས་འཁྲུག་ཆ་དོད་པའི་གར་ལ་རོལ།།ཁོང་གི་འཁྲུངས་སྐར་འཆམ་མཐུན་མཛའ་བརྩེའི་ངང་ནས་བསུ།།གངས་ལྗོངས་ཆོལ་གསུམ་བོད་མི་རྣམས་ཀྱི་ཡིད་སེམས་དགའ།། ༸སྐུ་ཡི་གོ་སྟོན་འཁྲུངས་སྐར་སྤྲོ་པོ་ཡོང་བར་སྨོན།།འཛམ་གླིང་ཞི་བདེ་འགྲོ་དྲུག་སེམས་ཅན་བདེ་བར་སྨོན།།ཁོང་གི་སྐུ་ཚེ་ཁྲི་ལོར་བརྟན་པའི་བཀྲ་ཤིས་ཤོག།གཞིས་བྱེས་བོད་མི་ལྷན་འཛོམས་ཡོང་བའི་སྨོན་འདུན་ཞུ།། མཚན་མོ་མགྲིན་པ་བར་སྣང་དབྱིངས་སུ་བཏེགས་ཏེ་བལྟས་པ་ན། སྐར་འོད་ཆེམ་ཆེམ་བྱེད་བཞིན་པ་མཐོང་དུས་སང་ཉིན་༸སྐུ་ཡི་གོ་སྟོན་ཡིན་པ་ཡིད་ལ་ལྷང་ལྷང་དུ་དྲན་བྱུང། དེ་ནས་ངས་ཨ་མའི་སར་སོང་སྟེ་གོས་ཆེན་གྱི་ཕྱུ་པ་སྙིང་རྗེ་ཤོས་དེ་འདེམས་རོགས། ཞེས་ཞུས་པ་ན། ཁོང་གིས་ང་ལ་ཕྱུ་པ་ཞིག་སྤྲད་དེ་དངོས་གནས་སང་ཉིན་ཕྱུ་པ་འདི་གྱོན་ན་ཁྱེད་རང་མེ་ཏོག་ལྷ་མཛེས་ནང་བཞིན་སྙིང་རྗེ་མོ་མཐོང་གི་རེད་ཟེར། དེ་ནས་ཁོང་གིས་ང་ལ་ཞོགས་ཇ་ཞོག་ཁོག་བག་ལེབ་བཟོས་ཏེ་གནང་བྱུང། སང་ཞོགས་སྔར་རྒྱུན་དང་མི་འདྲ་སྔ་པོ་ལངས་དགོས་སྟབས། དགོང་མོ་མ་ཉལ་གོང་ལ་ཕྱུ་པ་དེ་སྔས་མགོའི་འོག་ཏུ་བཞག་ནས་དྲོ་སོབ་སོབ་ངང་ཉལ་བ་ཡིན། ཏིར་ཏིར། ཞོགས་པ་ཁ་པར་ནས་ཆུ་ཚོད་ཀྱི་དུང་སྒྲ་གྲགས་པ་ན། ལམ་སེང་ཡར་ལངས་ཏེ་སྒེའུ་ཁུང་གི་ཕྱི་ལ་ལྟ་དུས། བྱ་བྱིའུ་རྣམས་ཀྱིས་ཤིང་སྡོང་གི་ཡལ་གའི་སྟེང་ནས་གསུང་སྐད་སྙན་མོའི་ངང་༸སྐུ་ཉིད་ཀྱི་གོ་སྟོན་འཁྲུངས་སྐར་བསུ་བཞིན་འདུག གསུང་སྙན་པོ་རྣ་ལམ་དུ་ཐོས་དུས་ངའི་སེམས་ནང་ལ་སྤྲོ་སྣང་ཞིག་སྐྱེས་བྱུང། ང་ཚོ་ནང་མི་ཚང་མས་གཟབ་མཆོར་ལེགས་པར་སྤྲས་ཏེ་གཙུག་ལག་ཁང་དུ་བསྐྱོད། གཙུག་ལག་ཁང་གི་མདུན་ཐང་དུ་འབྱོར་དུས་མཐའ་བཞི་ལ་མཛེས་རྒྱན་སྤྲས་ཏེ་ལྷ་ཡུལ་གྱི་ཞིང་ཁམས་དང་གཉིས་སུ་མ་མཆིས། ང་ཚོས་༸གོང་ས་མཆོག་གི་ཞལ་རས་དངོས་དུ་མཇལ་དུས་ལམ་སེང་ལག་གཉིས་ཐལ་མོ་སྦྱར་ཏེ། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བ་ཤོག ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཅེས་སྨོན་ལམ་བཏབ་པ་ཡིན། མཛད་སྒོའི་སྐབས་འཛམ་གླིང་རྒྱལ་ཁབ་གང་ས་ནས་གཞས་སྣ་འཁྲབ་སྟོན་བྱེད་མཁན་མི་རིགས་མི་འདྲ་བ་མང་པོ་འདུག་ཅིང། སློབ་གྲྭ་ཁག་གི་སློབ་ཕྲུག་མང་པོ་ཞིག་གིས་ཀྱང་གཞས་སྣ་འཁྲབ་སྟོན་ཞུས་སོང། དངོས་གནས་གཞས་སྣ་འཁྲབ་སྟོན་བྱེད་རྒྱུ་བྱུང་བ་དེ་བསོད་ནམས་ཆེན་པོ་རེད། སྙམ་བྱུང། ཉིན་རྒྱབ་ཀྱི་མཛད་རིམ་སྐབས་ང་ཡི་སློབ་གྲྭའི་སློབ་ཕྲུག་ཆུང་བ་རྣམས་ཀྱིས། གཞས་སྣ་འཁྲབ་སྟོན་བྱེད་བཞིན་པ་མཐོང་དུས། ང་ནི་ཡིད་སེམས་དགའ་བས་མྱོས་པ་དང། སྤོབས་པས་ཁེངས་བྱུང། མཛད་སྒོའི་སྐབས་སུ་༸གོང་ས་མཆོག་གིས་མི་དམངས་རྣམས་ལ་བཀའ་སློབ་གནང་སོང། ཁོང་གིས། ང་ཚོར་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་དགོས་པ་དང། རང་ཉིད་ཀྱིས་ཀྱང། འཛམ་གླིང་གང་སར་བསྐྱོད་དེ་ཆོས་ལུགས་མཐུན་སྒྲིལ་དང། འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཏོང་རྒྱུར་འབད་བརྩོན་བྱེད་མུས་ཡིན། ཞེས་གསུངས་བྱུང། ༸གོང་ས་མཆོག་བཞུགས་སའི་མདུན་དུ། བཟོ་དབྱིབས་མཛེས་པའི་སྤྲི་གོར་ཆེན་པོ་ཞིག་བཞག་འདུག དེ་རིང་ང་༸གོང་ས་མཆོག་གི་གོ་སྟོན་སྲུང་བརྩི་ཞུ་རྒྱུ་བྱུང་བ་དེ་དངོས་གནས་ཚེ་སྔོན་ལས་བཟང་བྱས་པའི་འབྲས་བུ་རེད་སྙམ་བྱུང། ཉིན་མོ་དེའི་མཚན་མོ་གཉིད་ཀྱང་ཧ་ཅང་སྐྱིད་པོ་ཞིག་ཁུག་བྱུང།།
དམིགས་བསལ་གྱི་ཉིན་མོ་ཞིག
བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་བདུན་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། འཁྲུག་ཆ་དོད་པའི་༸སྐུ་ཡི་གོ་སྟོན་ཉིན།།མི་དམངས་རྣམས་ཀྱི་ཞལ་ལ་འཛུམ་མདངས་མངོན།།ལག་ཟུང་ཐལ་མོ་སྦྱར་ཏེ་དད་གུས་ཞུས།།བྱམས་བརྩེ་ལྡན་པའི་སྤྱན་རས་ང་ཚོར་གཟིགས།། ནམ་མཁའི་དབྱིངས་སུ་སྤྲིན་ནག་དུམ་བུ་འཁྲིགས།།གྲང་ངར་ཆེ་ཞིང་དྲག་ཆར་འབབ་འགོ་བཙུགས།།ཐུགས་བརྩེ་གཟིགས་པ་ནམ་ཡང་མི་ཟུམ་པར།།སྐྱེ་འགྲོ་ཀུན་ལ་ཕན་པའི་བཀའ་སློབ་གསུངས།། དེ་རིང་རྟེན་འབྲེལ་བཟང་བའི་ཉིན་མོ་འདིར།།ཁྱེད་ཀྱི་ཆེད་དུ་གསོལ་བ་སྨོན་ལམ་བཏབ།།དགའ་བའི་གླུ་གར་ཁྱེད་ལ་མཆོད་པ་ཕུལ།།འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།། ཁྱེད་ཚོས་སང་ཉིན་གི་ཉིན་མོ་དེ་གང་ཡིན་ཤེས་སམ། སང་ཉིན་ནི་༸གོང་ས་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་རེད། དེ་རིང་དགོང་མོ་ངས་སྣང་བར་གང་དྲན་བྱས་ཏེ་ཉལ་ཁྲིའི་སྟེང་གི་དྲོ་སོབ་སོབ་ཀྱི་མལ་ཆས་ནང་ནམ་རྒྱུན་བཞིན་འགུལ་རིས་གློག་བརྙན་བལྟས་ཏེ་མི་བསྡད་པར། ཁོང་གི་ཞལ་རས་ཡིད་ལ་དྲན་བཞིན་བློ་རྩེ་གཅིག་སྒྲིམ་གྱིས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་བཏབ་པ་ཡིན། བོད་རང་བཙན་མགྱོགས་མྱུར་ཐོབ་པའི་རེ་བ་དང་ཁོང་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པའི་སྨོན་འདུན་ཞུས་པ་ཡིན། དེ་རིང་ནི་ཁྱེད་ཚོས་མཁྱེན་གསལ་ལྟར་ང་ཚོའི་རྩ་བའི་བླ་མ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་༸སྐུའི་གོ་སྟོན་ཉིན་མོ་རེད། ངས་དེ་རིང་སྔར་རྒྱུན་བཞིན་ཡར་ལངས་ཏེེ་དཔེ་མཛོད་ཁང་དུ་བསང་གསོལ་བཏང་བར་ཕྱིན་པ་ཡིན། བསང་གསོལ་གྱི་དུ་བས་ངའི་མིག་དང་སྣའི་བུ་ཁའི་ནང་འཛུལ་ནས་ཉིན་དེའི་སྐྱ་རེངས་གྱི་ཉི་མ་ཤར་བ་དང་དུས་མཚུངས་སུ། ཅུང་མི་བདེ་བ་བྱུང་ཡང་རྗེས་སུ་ཁྱིམ་གྱི་མཆོད་གཤོམ་སྟེང་དུ་༸གོང་ས་མཆོག་གི་སྐུ་པར་མཇལ་དུས་དངོས་གནས་སེམས་ནང་གི་ཉོན་མོངས་ཆ་ཚང་དོར་བ་བཞིན་སེམས་ལྷོད་ལྷོད་དང་གུ་ཡངས་པོར་གྱུར་སོང། ཞིམ་མངར་ལྡན་པའི་ཞོགས་ཟས་རྗེས་ང་དང་ངའི་ནང་མི་རྣམས་གཟབ་ཆོར་དང་རྒྱན་ཆ་སྣ་ཚོགས་ལེགས་པར་སྤྲས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་གཙུག་ལག་ཁང་དུ་གོ་སྟོན་སྲུང་བརྩི་ཞུ་བར་བསྐྱོད་པ་ཡིན། ཕ་གིར་འབྱོར་དུས་མི་དམངས་དང་ལས་བྱེད་སྐུ་མགྲོན་རྣམས་མདུན་གྱི་རྐུབ་བཀྱག་རེ་རེར་གྲོག་ཚང་བརྡོལ་བ་བཞིན་འཚང་ཁ་རྒྱག་བཞིན་འདུག།ཡང་མི་དམངས་ཁག་ཅིག་ནི་བོད་ཀྱི་ཟློས་གར་ཚོགས་པས་༸གོང་ས་མཆོག་ཆིབས་བསྒྱུར་གནང་བཞིན་པའི་རྔ་བརྡུང་གི་སྒྲ་དབྱངས་དང་སྙན་འཇེབས་ལྡན་པའི་གླིང་བུའི་སྒྲ་སོགས་ལ་ཡིད་དབང་འཕྲོག་བཞིན་ཐལ་མོ་འབྲུག་སྒྲ་ལྡིར་བ་ལྟར་རྡེབ་བཞིན་འདུག གཙུག་ལག་ཁང་གི་མདུན་ཐང་དུ་མཛེས་རྒྱན་སྤྲས་པའི་གནམ་འོག་གི་མི་རྣམས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་ངོ་གདོང་ལྷད་མེད་ཀྱི་འཛུམ་མདངས་བཞད་ཅིང། ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་མིག་ཟུང་ལ་དད་པའི་མཆི་མས་བརླན་ཏེ་ཕེབས་བསུ་ཞུ་བཞིན་འདུག ང་ཡང་ཁོང་ཚོ་ལྟར་རྐུབ་བཀྱག་སྟེང་དུ་ལངས་ཏེ་༸གོང་ས་མཆོག་གི་ཞལ་རས་མཇལ་ཐབས་བྱས་ཀྱང་མདུན་གྱི་གཟུགས་སྟོབས་ཆེ་བའི་སྐུ་སྲུང་བ་གཉིས་ཀྱིས་མཐོང་ལམ་ཆ་ཚང་བཀག་འདུག་པས་ཞལ་མཇལ་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང། དེ་རིང་གི་གནམ་གཤིས་ཧ་ཅང་ངོ་མཚར་ཆེ་བས་ནམ་རྒྱུན་དང་མི་འདྲ་བར་ཞོགས་པ་ཉི་མའི་འོད་ཟེར་སྤྲིན་པའི་དཀྱིལ་ནས་སྐྱ་ཐེངས་ངེར་ཤར་ཡང་ཉིན་རྒྱབ་བར་སྣང་ཆ་ཚང་ལ་སྤྲིན་ནག་འཁྲིགས་ཏེ་དྲག་ཆར་འབབ་འགོ་བཙུགས། ངོ་མཚར་ཆེ་བའི་གནམ་གཤིས་དེ་ལ་མི་མང་ཚང་མས་ཚོར་བ་འདྲེས་མའི་འཁང་ར་དང་ཡིད་སྨོན་བྱེད་བཞིན་འདུག།ཞུ་འདོད་བ་ཞིག་ལ་དེ་རིང་ང་དང་སློབ་ཕྲུག་ཁག་ཅིག་གིས་དཔེ་སྟོན་སློབ་གྲྭའི་ཚབ་ཞུས་ཏེ། མདོ་སྨད་རྩེད་རིགས། ཞེས་པའི་ཁྲབ་གཞས་ཤིག་གཟིགས་འབུལ་ཞུ་རྒྱུའི་སྐལ་བ་བཟང་པོ་ཞིག་ཐོབ་བྱུང། ཞབས་བྲོ་དེ་ང་ཚོས་ཕྱི་ཟླ་ ༥ པའི་ཟླ་མཇུག་ནས་སྦྱོང་བརྡར་བྱེད་འགོ་བཙུགས་ཤིང། ཉིན་ལྟར་གསོལ་ཚིགས་བར་གསེང་དང་འཛིན་གྲྭ་གྲོལ་བའི་རྗེས་ལག་རྩེད་སྤོ་ལོའི་ཐང་དུ་སྦྱོང་བརྡར་ལྷོད་མེདབྱས་པ་ཡིན་། སྐབས་དེ་དུས་ལེ་ལོའི་དྲ་རྒྱར་ཚུད་ཅིང། དོ་དབྱིངས་མེད་པའི་སློབ་ཕྲུག་ཁ་ཤས་ཀྱིས་ཨ་ཙི་ཉོབ་པ་ལ་ཨང་ཞེས། ཉོབ་སྣང་ཆེན་པོས་འཁང་ར་བྱེད་ཀྱི་འདུག་ཀྱང། ང་ཚོའི་སེམས་ནང་རེ་འདུན་དང་དགའ་སྣང་གིས་ཁེངས་ཏེ། སྤྲོ་སྣང་དང་དགའ་ཞེན་ཆེན་པོའི་ངང་སྦྱོང་བརྡར་ཧུར་ཐག་བྱས་པ་ཡིན། ཁྱེད་ཀྱིས་༸གོང་ས་མཆོག་དང་སྐུ་མགྲོན་མི་དམངས་རྣམས་ཀྱི་མདུན་དུ་འཁྲབ་སྟོན་བྱེད་རྒྱུའི་སྐལ་བཟང་གི་གོ་སྐབས་དེ་ཆུད་ཟོས་སུ་གཏོང་འདོད་དམ། ནམ་ཡང་གཏོང་མི་ཐུབ། འཁྲབ་སྟོན་བྱེད་པའི་སྐབས་ང་དང་སློབ་ཕྲུག་གཞན་རྣམས་ཀྱིས། ཚོན་མདངས་རྣམ་པར་བཀྲ་བའི་འཁྲབ་ཆས་ལུས་ལ་གྱོན་ཏེ། ངག་ནས་སྙན་པའི་གླུ་དབྱངས་ལེན་པ་དང་འཁྲུག་ཆ་དོད་པའི་གར་སྟབས་ལ་རོལ་པ་ཡིན། སྐབས་དེ་དུས་ངའི་དོ་སྣང་ལ་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་ངང་ལག་ཟུང་ཐལ་མོ་སྦྱར་ཏེ་འཚམས་འདྲི་ཞུ་བ་དང་ངོ་གདོང་ལ་བྱམས་བརྩེ་ལྡན་པའི་འཛུམ་མདངས་ཤིག་ཀྱང་བཞད་ཡོད་པ་མཇལ་བྱུང། མ་ཟད་ད་དུང་མི་དམངས་རྣམས་ཀྱིས་ཀྱང་དགའ་ཚོར་ཆེན་པོའི་ངང་ཐལ་མོ་འབྲུག་སྒྲ་ལྡིར་བ་ལྟར་བརྡབས་ཤིང་། ང་ཚོ་ན་ཆུང་སློབ་ཕྲུག་རྣམས་ལ་སེམས་ཤུགས་དང་སྤོབས་པ་སྦྱིན་བྱུང། གཞས་སྣ་ཁྲབ་སྟོན་གནང་མཁན་ང་ཚོ་སློབ་གྲྭ་ཁག་གི་སློབ་ཕྲུག་དང། བོད་རིགས་ཙམ་མིན་པར་འཛམ་གླིང་ཡུལ་གྲུ་ཁག།ཉི་ཧོང་། ཐའི་ཝན། ཧོངཀོང་། སོགས་ནས་ཕེབས་པའི་སྒྱུ་རྩལ་ཁྱད་ལས་པ་ཚོས་ཀྱང་གཞས་སྣ་འདྲ་མིན་འཁྲབ་སྟོན་ཞུས་སོང། མཐར་ཨ་རིའི་གྲགས་ཅན་གློག་བརྙན་ཁྲབ་སྟོན་པ་དང། ལོ་མང་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཆཊ་གེར་གྱིས་བོད་མི་རྣམས་ལ་དུངས་པའི་འཛུམ་མདངས་དང་བཅས། གཙུག་ལག་ཁང་དུ་ཚང་འཛོམས་གནང་བའི་མི་དམངས་ལྷན་རྒྱས་ལ་གསུངས་བཤད་གནང་སོང། ཁོང་གིས་ཉི་མས་ཉེ་དགའ་ཕྱོགས་ཞེན་མེད་པར་འཛམ་གླིང་ཀུན་ལ་དྲོད་དང་འོད་སྦྱིན་པ་བཞིན་༸གོང་ས་མཆོག་ཀྱང་བོད་པའི་དབུ་ཁྲིད་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་ཅིག་རེད། ཅེས་གདེང་ཚོད་ཆེན་པོས་གསུངས་སོང། ༸སྐུའི་གོ་སྟོན་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་བྱམས་བརྩེ་ལྡན་པའི་སྤྱན་ཟུང་ང་ཚོར་གཟིགས་ཏེ་བཀའ་སློབ་འདི་འདྲ་ཞིག་གསུངས་གནང་བྱུང། ཕྱི་དངོས་པོ་ཡར་རྒྱས་འགྲོ་བཞིན་པའི་དུས་སྐབས་དེར་ང་ཚོས་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཡིན། ངོས་ནས་ཀྱང་ཆོས་ལུགས་མཐུན་སྒྲིལ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན། ཞེས་བཀའ་སྩལ་སོང། ཁོང་གིས་ད་དུང་དྲ་ཐོག་ནས་མ་འོངས་པའི་ངོས་ཀྱི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་དབང་ཆ་ཆ་ཚང་དགའ་ལྡན་ཕོ་བྲང་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་མེད་ཅེས་གསུངས་སོང། […]
༸སྐུའི་གོ་སྟོན་སྲུང་བརྩིའི་
བསྟན་འཛིན་རིགས་སྲས་བསམ་མཁར། འཛིན་གྲྭ་དྲུག་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། གུས་མོས་ཉལ་ཁང་གི་སྒེའུ་ཁུང་གི་ཕྱི་ལ་ལྟ་སྐབས། དེ་རིང་ནི་རྒྱུན་གཏན་དང་མི་འདྲ་བར་གནམ་སྔོ་ཞིང་དྭངས་ལ་ཉི་མ་སེར་ཐིང་ངེར་ཤར་འདུག། གནམ་གཤིས་དེར་བལྟས་བ་ཙམ་གྱིས་དེ་རིང་གི་ཉིན་མོ་ནི་གལ་ཆེན་ཞིག་ཡིན་པ་ཚོར་ཐུབ། གློ་བུར་དུ་ཁ་སྔོན་ཨ་མ་ལགས་ཀྱིས་དེ་རིང་༸གོང་ས་མཆོག་གི་འཁྲུངས་སྐར་རེད་ཅེས་གསུངས་པ་དྲན་ལྷང་ལྷང་བྱས་བྱུང་། དེའི་རྗེས་གུས་མོས་མགྱོགས་མྱུར་ངང་གཙང་འཁྲུས་བྱས་ཏེ་རང་གི་བོད་ཆས་ཕྱུ་པ་སྙིང་རྗེ་མོ་དེ་གྱོན་པ་ཡིན། ཡུན་ཙམ་སོང་རྗེས་ནང་མི་ཚང་མ་གྲ་སྒྲིག་ཚར་མ་ཐག་ཏུ་གཙུག་ལག་ཁང་དུ་ཐོན་པ་ཡིན། ལམ་ཟུར་དུ་བོད་པ་མང་དག་ཅིག་རང་གི་ནང་མི་དང་ལྷན་དུ་གཙུག་ལག་ཁང་ཕྱོགས་སུ་འགྲོ་བཞིན་པ་དང་། སྤོ་བོ་དང་རྨོ་བོ་འགའ་ཤས་འཛུམ་མུལ་མུལ་ངང་མ་ཎི་འདོན་བཞིན་པ། དེ་བཞིན་གྲྭ་པ་དང་ཨ་ནེ་ཚོ་ངག་འཇམ་ཞི་དུལ་ངང་ཕེབས་ལམ་དུ་བསྐྱོད་བཞིན་པ་བཅས་གུས་མོའི་མིག་ཆུང་གཉིས་ཀྱིས་གསལ་ཐིང་ངེར་མཐོང་བྱུང་། དགོན་པའི་ཉེ་འགྲམ་དུ་འབྱོར་སྐབས་སྤྲང་པོ་འགའ་ཤས་ལ་རྐང་ལག་གཅིག་ལས་མེད་པ་དང་། འགའ་ཤས་ནི་མིག་ལོང་བ་ཅན། འགའ་ཤས་ལུས་པོ་ཐང་པོ་ཡིན་ཡང་དངུལ་མེད་པས་ལམ་ཟུར་དུ་སྒོར་མོ་སློང་བཞིན་པ་མཐོང་དུས་རང་དབང་མེད་པར་མིག་ནང་མཆི་མ་འཁོར་བྱུང་། དེ་རྗེས་དགོན་པའི་རྒྱལ་སྒོའི་ནང་འཛུལ་མ་ཐག་ཏུ་སེམས་ནང་གི་དཀའ་ངལ་དང་མིག་ནང་གི་མཆི་མ་དེ་དག་རླུང་ལ་སྐུར་བ་ལྟར་མེད་པ་ཆགས་སོང་། སྐས་འཛེག་སྟེང་འཛེགས་རྗེས་གཙུག་ལག་ཁང་གི་ནང་དུ་འཛུལ་དུས། མི་སྟོང་ཕྲག་མང་པོ་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཛོམས་ཡོད་པ་མ་ཟད། ད་དུང་ཁོར་ཡུག་དེ་ཡང་མཛེས་སྡུག་ལྡན་པ་ཞིག་ཏུ་གྲ་སྒྲིག་གནང་འདུག་པ་མཐོང་བྱུང་། དགོན་པའི་ནང་གི་གྱང་དང་ཀ་བ་སོགས་ལ་མཛེས་སྡུག་ལྡན་པའི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཡོད་པ་དང་། སྦྲང་ཆར་འབབ་དུས་ལྷ་ཡུལ་ནས་ལྷ་རྣམས་ཀྱིས་དགའ་སྤྲོའི་མེ་ཏོག་གི་ཆར་པ་སྤབས་པ་ལྟར་སེམས་ནང་དགའ་སྤྲོ་ཤུགས་ཆེ་ཚོར་བྱུང་། མི་ཚོགས་ཧ་ཅང་མང་བས་བསྡད་ས་མ་རག་ཀྱང་༸གོང་ས་མཆོག་གི་གསུང་སྐད་ཐོས་པ་ཙམ་གྱིས་སེམས་དགའ་སྤྲོས་ཁེངས་བྱུང་། འཛམ་གླིང་ནང་གི་ས་ཆ་འདྲ་མིན་སྣ་ཚོགས་ནས་ཕེབས་པའི་གཞས་པ་དང་། གཞས་མ། འཁྲབ་སྟོན་པ་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་སྣ་ཚོགས་འགྲེམས་སྤེལ་གནང་སོང་། ཁོ་ཚོའི་ཕུན་སུམ་ཚོགས་པའི་སྒྱུ་རྩལ་དེ་ཚོ་མཐོང་དུས་མི་དམངས་ཚང་མས་སྤྲོ་སྣང་ཆེན་པོའི་ངང་ལག་པ་ཤུགས་ཆེ་བརྡབས་པ་མ་ཟད་། ཁོ་ཚོའི་གྱོན་ཆས་དང་འཁྲབ་སྟངས་དམིགས་བསལ་དེ་ཚོ་ཧང་སང་ཡག་གི་ཡག་པོ་ཡོད་པས་བལྟས་བ་ཙམ་གྱིས་སེམས་པ་ཤོར་འོས་པ་ཞིག་རེད་འདུག མཐར་འཁྲབ་སྟོན་ཚང་མ་མཇུག་བསྒྲིལ་རྗེས་སོ་སོའི་ཁྱིམ་ལ་ལོག་དགོས་པའི་དུས་ལ་བབ་སྐབས་སེམས་ནང་སྐྱིད་སྣང་ཞིག་ཤར་བྱུང་། གང་ཡིན་ཞུས་ན་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཧ་ཅང་སྐྱིད་པོ་བྱུང་བས་ཡིན། མཐའ་བསྡོམས་སུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་དང་གུས་མོས་དུས་རྟག་ཏུ་ཁོང་གི་བཀའ་བཞིན་བསྒྲུབ་རྒྱུའི་དམ་བཅའ་བཞག་གི་ཡིན།
༸སྐུའི་གོ་སྟོན་སྲུང་བརྩི་དང
བསྟན་འཛིན་དཔལ་འཛོམས་དབང་མདའ་འགང་པ་ཚང་།འཛིན་གྲྭ་དྲུག་པ། བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། སྤྱིར་འཛམ་གླིང་ནང་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་བྱེད་མཁན་མི་རིགས་མང་པོ་ཡོད། ཁོང་གི་ཆེད་དུ་དམིགས་བསལ་གྱི་༸སྐུའི་གོ་སྟོན་ལོ་སྲུང་བརྩི་ཞུ་བཞིན་ཡོད། དཔེར་ན། གོ་སྟོན་ཆེད་དུ་དམིགས་བསལ་གྱི་གསལ་བསྒྲགས་སྤེལ་བ་དང་དབུལ་པོ་རྣམས་ལ་བྱམས་སྙིང་རྗེ་དང་རོགས་པ་བྱེད་པ། བོད་ཀྱི་ཆོས་དང་རིགས་གཞུང་ཆེད་རྒྱབ་སྐྱོར་བྱེད་པ་སོགས་མང་པོ་ཞིག་སྲུང་བརྩི་ཞུ་བཞིན་ཡོད། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་དང་། བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་ཐོག་རྒྱབ་སྐྱོར་བྱེད་པ་དང་། བོད་མི་ནང་མི་དབུལ་པོའི་ཕྲུ་གུ་རྣམས་ལ་སློབ་ཡོན་དང་། ནང་མི་རྣམས་ལ་ཟས་གོས་ཆེད་དངུལ་གྱི་རོགས་རམ་སོགས་རྒྱལ་ཁབ་གཞན་གྱི་མི་ཚོས་གནང་གི་ཡོད། ང་ཚོ་ལ་༸གོང་ས་མཆོག་ཡོད་པ་དེ་ང་ཚོ་བོད་མི་ཚོའི་བསོད་ནམས་རེད། ཁོང་གི་བཀའ་དྲིན་དེ་ང་ཚོ་བོད་མི་ཚོས་དྲིན་ལན་མཇལ་ཐུབ་རྒྱུ་ཁག་པོ་རེད། ཡིན་ན་ཡང་། ང་ཚོ་བཀའ་དྲིན་བསམ་ཤེས་ཐོག་ཁོང་གི་གསུངས་པའི་བཀའ་སློབ་རྣམས་ལག་ལེན་འཁེལ་བར་འབད་བརྩོན་བྱེད་དགོས། ཁོང་གི་ད་ལྟ་བར་ང་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པ་རྣམས་མ་བརྗེད་ཡིད་ལ་བཅངས་ནས་ཡ་རབས་བཟང་སྤྱོད་དང་སོ་སོའི་རྒྱལ་ཁབ་གང་དུ་བསྡད་ཀྱི་ཡོད་ནའང་གནད་དོན་མ་ལྷག་པར་གནས་དགོས། ག་དུས་ཡིན་ན་ཡང་མི་ཡག་པོ་དང་། བཟང་པོ། དྲང་པོ་ཞིག་བྱེད་རྒྱུ་ང་རང་ནས་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོ་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་འདྲ་མིན་ཡོད་པ་དཔེར་ན་ཁོང་གི་སྐུ་ཚེ་ལ་བར་ཆད་མ་ཡོང་བའི་ཞབས་རིམ་གསོག་སྒྲུབ། ལྷག་དཀར་ཉིན་བསངས་གསོལ་གཏོང་རྒྱུ། སྐུ་རླུང་དར་འཛུགས། སྲོག་བླུ་ཚེ་ཐར། དབུལ་པོ་ལ་ཟས་གོས་སྦྱིན་པ་བཅས་མང་པོ་ཡོད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་ནི་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ། གཉིས་པ་ནི་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ། གསུམ་པ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ། བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཡིན་པས་འདི་ལ་གཞི་བཞག་ནས་ལས་ཀ་བྱེད་ཐུབ་པ་ཡིན་ན་ཁོང་གི་བཀའ་རང་བཞིན་གི་སྒྲུབ་ཐུབ་ཀྱི་རེད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་དེ་ཧ་ཅང་གི་གཏིང་ཟབ་པོ་དང་དོན་གལ་ཆེ་ཞིག་རེད། དེང་སང་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོ་ལ་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མང་པོ་སློབ་ཀྱི་ཡོད་པར་སློབ་ཕྲུག་ཚོ་མ་ཤེས་པ་ཡོད་མ་རེད། ང་ཚོ་སློབ་ཕྲུག་ཚོ་ག་དུས་ཡིན་ན་ཡང་ལོ་ཆུང་ཆུང་ནས་སོ་སོར་རང་ལ་འགན་ཡོད་བསམ་པའི་ཐོག་ནས་ཁོང་གི་གོ་སྟོན་ལ་གང་ཐུབ་ཅི་ཐུབ་བྱེད་དགོས། ང་ཚོ་ཁ་པར་དང་། བརྙན་འཕྲིན། རྩེད་མོ་ལ་མགོ་མ་འཁོར་བར་སོ་སོའི་རྒྱལ་ཁབ་དང་༸གོང་ས་མཆོག་གི་ཆེད་དུ་ལས་ཀ་ག་རེ་ཡིན་ནའང་བྱེད་ཐུབ་པའི་འབད་བརྩོན་བྱེད་དགོས། ང་ཚོ་རྒྱལ་ཁབ་ཀྱི་གནས་སྟངས་དེ་ཉིན་རེ་ཉིན་རེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མཁྱེན་གསལ་རེད། དེ་འདྲ་སོང་ཙང་ང་ཚོ་སློབ་ཕྲུག་སོ་སོའི་འཇོན་ཐང་དང་ནུས་པ་ལ་འཚམ་པའི་རང་ནུས་གང་འཇོན་གྱི་ཐོག་ནས་༸སྐུའི་གོ་སྟོན་གྱི་དུས་ཚོད་བཟང་པོ་དེ་གོ་སྐབས་བཟུང་ནས་ལས་ཀ་ཡག་པོ་བྱེད་དགོས་སོ།། ༸སྐུའི་གོ་སྟོན་ཞེས་པ་ནི་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པའི་འཁྲུངས་སྐར་ལ་ཟེར། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༦ ཉིན་ཉི་མ་ཤར་བ་དང་བདག་གི་སེམས་ནང་བླ་ན་མེད་པའི་དགའ་སྤྲོ་ཞིག་སྐྱེ་ཡོང་། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཁྲུངས་ནས་དགུང་ལོ་དགུ་བཅུ་འཁོར་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ཉིན་མོ་རེད། སྟོན་པ་ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཆེན་པོ་དང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་དུས་སྟོན་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུ་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་དུས་ཆེན་གལ་ཆེན་ཞིག་ཡིན། ང་རང་ལ་མཚོན་ན་འཁྲུངས་སྐར་འདི་ནི་བསམ་གཞིག་བྱེད་པའི་ཉིན་མོ་གལ་ཆེན་ཞིག་དང་། ང་ཚོའི་རེ་བ་དང་ཡིད་ཆེས་གསར་དུ་གཏོད་པའི་ཉིན་མོ་ཞིག་ཡིན། ཉིན་དེའི་སྔོན་ནས་ང་དང་ངའི་ནང་མི་ཕོ་བྲང་ལ་ཕྱིན་ནས་མཛད་སྒོར་མཉམ་ཞུགས་བྱས་པ་ཡིན། དེ་ཉིན་གྱི་མཛད་སྒོ་དེ་ནི་བོད་མི་ཡོངས་ལ་ཆིག་སྒྲིལ་གྱི་སེམས་ཤུགས་སྤེལ་བ་མ་ཟད། འཛམ་གླིང་གི་མི་མང་པོར་ཞི་བདེ་དང་བྱམས་སྙིང་རྗེའི་བསླབ་བྱ་གནང་མྱོང་བ་ཞིག་ཀྱང་ཡིན། ངས་༸གོང་ས་མཆོག་གི་མཛད་རྗེས་བསམས་ནས་སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞིག་རྒྱག་གི་ཡོད། […]
