བསྟན་འཛིན་གཡང་ལྷ། འཛིན་གྲྭ་བཞི་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ངའི་པཱ་ལགས་ཀྱི་མཚན་ལ་ཟླ་བ་ཕུར་བུ་དང་། ཨ་མ་ལགས་ཀྱི་མཚན་ལ་བསྟན་འཛིན་ཆོས་སྒྲོན། ངའི་མིང་ལ་བསྟན་འཛིན་གཡང་ལྷ། གཅུང་པོ་གཉིས་ཡོད་པ་ལས། ཆེ་བའི་མིང་ལ་བསྟན་འཛིན་ཉི་མ་དང་། ཆུང་བའི་མིང་ལ་བསོད་ནམས་རྒྱ་མཚོ་ཟེར། ང་ཚོའི་ཁྱིམ་དུ་ནང་མི་བུ་གསུམ་དང་བུ་མོ་གཉིས་བཅས་ཁྱོན་བསྡོམས་ནང་མི་ལྔ་ཡོད། པཱ་ལགས་ཀྱིས་མོ་ཊ་དང་སྦག་སྦག་གཏོང་ཤེས་ཀྱི་ཡོད། ཨ་མ་ལགས་ཀྱིས་སློབ་ཕྲུག་རྣམས་ལ་ཡི་གེ་སློབ་ཀྱི་ཡོད། ང་དང་གཅུང་པོ་བསྟན་འཛིན་ཉི་མ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཡིན། གཅུང་པོ་བསོད་ནམས་རྒྱ་མཚོ་གངས་སྐྱིད་མེ་ཏོག་བྱིས་བཅོལ་ཁང་དུ་སྐྱོད་བཞིན་ཡོད། ང་ཚོའི་ནང་མིའི་གནས་སྟངས་གང་འདྲ་ཡིན་ནམ་ཞེ་ན། པཱ་ལགས་དང་། ཨ་མ་ལགས་གཉིས་བོད་ནས་འབྱོར་བ་ནས་བཟུང་། རྡ་རམ་ས་ལར་གནས་སྡོད་བྱེད་བཞིན་ཡོད། གནས་མཆོག་འདིར་དགའ་དགོས་པ་ནི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་བཞུགས་གནས་ཡིན་ལ། བྱེས་འབྱོར་བོད་མིས་ཁང་གླ་བཏང་ནས་སྡོད་སའི་ས་གནས་ཤིག་ཡིན་པས། དེར་བརྟེན་བྱེས་འབྱོར་བ་ཚོས་སོ་སོའི་གནས་སྟངས་ཀྱི་རྐྱེན་པས་སྡོད་གནས་ཁྱིམ་ཚང་ཡར་མར་མང་པོ་སྤོས་དགོས་ཀྱི་ཡོད། དཔེར་ན། ང་དང་པོ་སྐྱེ་སྐབས་ང་ཚོའི་ཁྱིམ་ཚང་འདི་སྒམ་རུ་ལ་ཁང་པ་གླས་ཏེ་སྡོད་ཀྱི་ཡོད། སྐབས་དེར་ཨ་མ་ལགས་དགེ་འོས་རྒྱུགས་སྤྲོད་འཕྲོད་པས་སཱ་ར་མཐོ་སློབ་ཏུ་གནས་སྤོ་བྱ་དགོས་བྱུང་། དགེ་འོས་སློབ་གྲྭ་ཐོན་རྗེས་ཤེས་རབ་གླིང་དུ་བོད་དགེ་བྱེད་དུ་གནས་སྤོས་བྱ་དགོས་བྱུང་། སྐབས་དེར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་ཡིན་པས། ནད་ཡམས་ཞི་འཇམ་དུ་མ་སོང་བར་སློབ་ཁྲིད་ཀྱི་ཉམས་གསོ་བྱས། ནད་ཡམས་ཇེ་ཡངས་སོང་རྗེས་ཚོགས་སྡེ་ཁག་དང་སློབ་གྲྭ་ཁག་ཚང་མ་སྒོ་ཕྱེས་བ་དང་ཆབས་ཅིག་གུས་མོ་དཔེ་སྟོན་སློབ་གྲྭར་འགྲོ་དགོས་པས་ལོ་གཉིས་ཀྱི་རྗེས་ལ་སླར་ཡང་ང་ཚོའི་ཁྱིམ་ཚང་རྡ་སར་གནས་སྤོ་བྱ་དགོས་བྱུང་། རིམས་ནད་དེའི་རྐྱེན་པས་ང་སྔོན་འགྲོ་གསུམ་པ་ལོ་ཕྱེད་ནས་གཞི་ནས་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་ཐོབ། ད་ལོ་ང་འཛིན་རིམ་བཞི་པ་ཡིན། ཞོགས་པ་ཆུ་ཚོད་དྲུག་དང་སྐར་མ་ལྔ་བཅུར་མལ་ས་ནས་ལངས་ཀྱི་ཡོད། ཨ་མས་ང་དང་གཅུང་པོ་སློབ་གྲྭར་མ་འགྲོ་སྔོན་གྲ་སྒྲིག་ཆ་ཚང་སྟེ། ཞོགས་ཇ་ཆ་ཚང་གྲ་སྒྲིག་ཡོད་པའི་ཐོག སྒྲིག་ཆས་གྱོན་ཆོག་ཆོག་བཟོ་བ། ཤིང་འབྲས་བཏུབ་པ། ཆུ་དམ་ནང་ཆུ་བླུགས་པ་བཅས་བྱེད་ཀྱི་ཡོད། གཅུང་པོ་ང་གཉིས་མལ་ས་ནས་ལངས་ཏེ་སྒྲིག་ཆས་གྱོན་ཚར་བ་དང་ཁ་ངོ་བཀྲུས་རྗེས་ཞོགས་ཟས་བཟའ་ཡི་ཡོད། སྐབས་རེ་ངེད་ནང་མི་ཚོ་ཞོགས་པའི་དུས་ཚོད་དེ་ལ་བྲེལ་བ་ཤིན་ཏུ་ཆེ་བས་ཨ་མ་ལགས་ཀྱིས་མཚམས་རེ་ཞལ་ལག་ཀྱང་སློབ་གྲྭ་ལ་འཁྱེར་ནས་འགྲོ་དགོས་ཀྱི་ཡོད། ད་དུང་ཨ་མ་ལགས་དང་གཅུང་པོ་གཉིས་དངངས་སྐྲག་ངང་སྤྱི་སྤྱོད་རླངས་འཁོར་རྗེས་ཟིན་ལ་མ་ཟིན་ངང་རྒྱུག་ཤར་གློད་ནས་འགྲོ་གི་ཡོད། པཱ་ལགས་ཀྱིས་ཁྱིམ་དུ་གཙང་མ་བཟོས་རྗེས་གཅུང་པོ་བསོད་ནམས་རྒྱ་མཚོ་བྱིས་བཅོལ་ཁང་དུ་སྐྱེལ་གྱི་ཡོད། དགོང་མོ་ང་ཚོ་ཕྱིར་ནང་དུ་མ་འབྱོར་སྔོན་དགོང་མོའི་ཞལ་ལག་བཟའ་ཆོག་ཆོག་ངང་པཱ་ལགས་ཀྱིས་གྲྭ་སྒྲིག་བྱས་ནས་སྒུག་ཡོད། ང་ནང་ལ་འབྱོར་མ་ཐག་སྒྲིག་ཆས་བརྗེ་པོ་སློག་ཚར་བ་དང་། ཁ་ངོ་ཆུ་བཤལ་བཏང་རྗེས་དགོང་ཟས་ཟ་ཡི་ཡོད། དགོང་ཟས་ཚར་བ་དང་དབྱིན་ཡིག་དང་། བོད་ཡིག་གཙོས་པས། སྐབས་རེ་ཨང་རྩིས། རང་བྱུང་ཚན་རིག་སོགས་ནང་ལས་གཅིག་མཇུག་གཉིས་མཐུད་ངང་འབྲི་བ་དང་ཀློག་པ་སོགས་བྱེད་དགོས། རྩེད་མོ་རྩེ་རྒྱུའི་དུས་ཚོད་རེས་གཟའ་ཉི་མར་མ་གཏོགས་ཉུང་ཉུང་ལས་མེད། དེ་ལྟར་ཉིན་མ་དང་ཟླ་བ། ལོ་སོགས་གང་འདྲ་འགྲོ་མིན་མ་ཤེས་པས། དུས་ཚོད་ཧ་ཅང་མགྱོགས་པོ་རྫོགས་འགྲོ་ཡི་འདུག །
པཱ་ལགས་ཀྱིས་ལག་རྟགས་བསྐུར་བ
ཀརྨ་ཆོས་སྲུང་ལྷ་མོ། འཛིན་གྲྭ་བཞི་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ང་ཡི་བརྩེ་བའི་པཱ་ལགས་ནི་ང་ཚོའི་ཆེད་དུ་ཕྱི་རྒྱལ་ལུང་པ་ཞིག་ལ་ལས་ཀ་བྱེད་དུ་ཕྱིན་པ་རེད། མཚམས་རེ་པཱ་ལགས་ཀྱིས་ཨ་མ་དང་ང་ལ་གྱོན་ཆས་དང་རྔན་པ་བསྐུར་གྱི་འདུག ཐེངས་ཤིག་པཱ་ལགས་ཀྱིས་ཁ་པར་ནང་ནས་ང་ཚོ་ལ་ཅ་ལག་བསྐུར་བའི་སྐོར་གསུངས་སོང་། ངས་དེ་གོ་བ་དང་དགའ་ཐག་ཆོད་ནས་མཚན་གང་གཉིད་ཀྱང་མ་ཤོར་ནས་ཉལ་སའི་ནང་ཕར་ཚུར་ཨ་ལོག་བརྒྱབ་པས། ཨ་མས་གཉིད་ཁུག་སང་ཉིན་སློབ་གྲྭར་འགྲོ་དགོས་རེད་གསུངས་སོང་། ཞོགས་པ་དེར་ཡང་བསྐྱར་པཱ་ལགས་ཀྱི་ཁ་པར་འབྱོར་ཏེ། བུ་མོ། ངས་བསྐུར་བའི་ཅ་ལག་དེ་ཚོ་ཚང་མ་བདུན་ཕྲག་གཅིག་དང་ཕྱེད་ཀ་ཡི་རྗེས་ལ་འབྱོར་གྱི་རེད་ཅེས་གསུངས་དུས། ང་ནི་སེམས་པ་སྐྱོ་ཐག་ཆོད་ནས་ཅ་ལག་དེ་དག་སླེབ་རྒྱུར་བསྒུགས་ནས་བསྡད། ཡང་དེའི་ཉིན་རྗེས་མ་དེར་སྒུག་མ་ཐུབ་ནས་པཱ་ལགས་ལ་ཁ་པར་བཏང་བས། པཱ་ལགས་ཀྱིས་འུ་ཐུག་མདོག་ཁ་པོའི་ངང་ནས་སྒུགས་དང་། ཉིན་ཁ་ཤས་རྗེས་ཅ་ལག་འབྱོར་གྱི་རེད་གསུངས། ཡང་ཉིན་གཉིས་གསུམ་ཞིག་གི་རྗེས་ལ་ངས་ཞོགས་པ་སྔ་པོ་སློབ་གྲྭ་ལ་མ་ཐོན་སྔོན་ལ་པཱ་ལགས་ལ་ཁ་པར་ཞིག་བཏང་ནས་འཚམས་འདྲི་མ་ཞུས་པར་ལམ་སང་ད་དུང་ཉིན་མང་པོ་སྒུག་དགོས་འདུག་ལབ་པས། པཱ་ལགས་ཀྱིས་ཉིན་མང་པོར་སྒུག་དགོས་ཀྱང་ཅ་ལག་དེ་འབྱོར་དུས་སེམས་དེ་བས་སྐྱིད་པ་ཡོང་གི་རེད། དེ་མ་ཟད་པཱ་ལགས་ཀྱིས་དཀའ་ལས་སྔོན་ལ་རྒྱོབ། སྐྱིད་པོ་རྗེས་ལ་བཏང་ཞེས་པའི་དཔེ་ཞིག་ཀྱང་གསུངས་བྱུང་། ངས་སེམས་གཏིང་ནས་བསྒུགས་ནས་བསྡད་པ་ཡིན། མཚམས་རེར་པཱ་ལགས་ལ་ཁ་པར་ཞིག་གཏོང་དགོས་བསམས་ཀྱང་རྩེད་མོ་ལ་མགོ་འཐོམས་ནས་དྲན་པ་བརྗེད་ཀྱི་འདུག ཡིན་ཡང་ཨ་མས་ང་ལ་སང་ཞོགས་པཱ་ལགས་ལ་ཁ་པར་བཏང་ཆོག་གི་རེད་ཅེས་བཤད་པས་ངས་ཁ་བཙུམས་ནས་བསྡད་པ་ཡིན། སང་ཞོགས་ཨ་མ་ལགས་ཀྱིས་དེ་རིང་ག་རེ་ཡིན་པ་ཧ་གོ་ཡི་ཡོད་དམ་ཞེས་དྲིས་བྱུང་བས། ངས་ཧ་གོ་ཡི་མེད་ལབ་པ་ཡིན། ཞོགས་པ་སྔ་པོ་པཱ་ལགས་ཀྱིས་བསྐུར་བའི་ཅ་ལག་ཆ་ཚང་འབྱོར་སོང་། དགོང་མོ་སློབ་གྲྭ་གྲོལ་བའི་རྗེས་ལ་བསྟན་ཆོག་ཟེར་བས་ང་རང་དགའ་ནས་སློབ་གྲྭར་ཕྱིན་པ་ཡིན། དེ་ནས་ཕྱི་དྲོ་ང་ནང་ལ་སླེབས་དུས་ཅོག་ཙེ་སྒང་ལ་ཤོག་སྒམ་ཆེན་པོ་ཞིག་བཞག་ཡོད་པ་མཐོང་། ངས་ལམ་སང་དེ་འཁྱེར་ཏེ་ཁ་ཕྱེས་པ་ན་དེའི་ནང་ཆོས་སྲུང་ཞེས་པའི་ཨིན་ཇིའི་ཐོག་བྲིས་པའི་སྨྱུག་སྒམ་ཟིང་སྐྱ་ཞིག་འདུག ངའི་མིང་བྲིས་པའི་དཔེ་ཁུག་གཅིག་འདུག ད་དུང་ང་ལ་གོས་ཐུང་ནག་པོ་ཞིག་དང་ལྷམ། འོག་འཇུག རྐང་ཤུབས་སོགས་གོས་ལོག་ཉོས་འདུག དེ་དང་གཅིག་པ་ངའི་སྤུན་མཆེད་སྣང་ས་དང་ཟླ་ཞལ་ལ་ཡང་ཉོས་འདུག ང་དགའ་ཐག་ཆོད་ནས་ལམ་སང་དེ་ཚོ་རེ་རེ་གྱོན་ཏེ་པཱ་ལགས་ལ་ཁ་པར་བརྒྱུད་བརྙན་པར་བསྟན་པ་ཡིན། ངའི་ངོ་གདོང་སྟེང་གི་འཛུམ་མདངས་མཐོང་ནས་པཱ་ལགས་ཀྱི་གདོང་ལ་ཡང་འཛུམ་མདངས་ཤིག་ཤར་སོང་། ངས་པཱ་ལགས་ལ་ཐུགས་རྗེ་ཆེ་ཐེངས་མང་ལབ་པ་ཡིན། དེ་དུས་སྔོན་མ་པཱ་ལགས་ཀྱིས་གསུངས་པའི་སྐད་ཆ་དེ་སེམས་ལ་ལྷང་ལྷང་དྲན་བྱུང་། དངོས་གནས་དེ་རིང་ངའི་སེམས་དགའ་སྤྲོས་ཁེངས་སོང་། པཱ་ལགས་ཐུགས་རྗེ་ལགས།
ངའི་ནང་མི་སྐོར།
བསྟན་འཛིན་ཆོས་ལྡན། འཛིན་གྲྭ་ལྔ་པ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། ངའི་ནང་ལ་ནང་མི་ཁྱོན་བསྡོམས་ལྔ་ཡོད། ནང་མི་དེ་དག་གི་ནང་ནས་རྒན་ཤོས་ནི་ངའི་རྨོ་རྨོ་ལགས་རེད། རྨོ་རྨོ་ལགས་ཀྱི་མིང་ལ་ཆོས་སྐྱིད་ལྷ་མོ་ཟེར། ངའི་རྨོ་རྨོ་ལགས་བོད་དུ་སྐྱེས་པ་དང་ལོ་བཅུ་དགུའི་ཐོག་རྒྱ་གར་དུ་སླེབས་པ་རེད། ཁོང་གིས་ང་དང་གཅུང་པོ་གཉིས་ལ་སྒྲུང་མང་པོ་བཤད་གནང་གི་ཡོད། ངའི་རྨོ་རྨོ་ལགས་བོད་ལ་འབྲོག་པ་ཞིག་རེད་འདུག ཁོང་རྒྱ་གར་ལ་སླེབ་སྐབས་དཀའ་ངལ་མང་དག་ཞིག་འཕྲད་འདུག ཁོང་གིས་སྒྲུང་བཤད་པ་རྣམས་གོ་དུས་ང་རང་སེམས་ཞེ་དྲག་སྐྱོ་བྱུང་། དེ་མ་ཟད་བོད་ནས་སླེབས་པའི་མི་རྣམས་སྙིང་རྗེ་སོང་། ངས་སྒྲུང་དེ་འདྲ་གོ་རྒྱུ་ཡོད་པ་བསོད་ནམས་རེད་བསམ་གྱི་འདུག དེའི་རྗེས་ནས་ངའི་པཱ་ལགས་དང་ཨ་མ་ལགས་གཉིས་རྒན་པ་ཆགས་ཀྱི་ཡོད། བདག་གི་པཱ་ལགས་ཀྱི་མིང་ལ་རྣམ་རྒྱལ་ཕུན་ཚོགས་དང་ཨ་མ་ལགས་ཀྱི་མིང་ལ་ཉི་མ་སྒྲོལ་མ་ཟེར་གྱི་ཡོད། ངའི་པཱ་ལགས་ནི་ཀོ་ལེ་གྷལ་དོན་ལྡན་གླིང་ནས་ཡིན། ཁོང་ངའི་ཨ་མ་ལགས་ཀྱི་ནང་ལ་མག་པར་སླེབས་པ་ཞིག་ཡིན། ངའི་པཱ་ལགས་ལ་སྨན་གྱི་ཚོང་ཁང་ཞིག་ཡོད། དེ་ལ་ཁོང་ལས་ཀ་གནང་གི་ཡོད། ངའི་ཨ་མ་ལགས་ལ་ཆ་མཚོན་ན་ནང་དུ་བཞུགས་ནས་རྨོ་རྨོ་དང་ངེད་གཅེན་གཅུང་གཉིས་ལ་ལྟ་རྟོགས་གནང་གི་ཡོད། ངའི་ཕ་མ་གཉིས་ཀྱིས་ང་དང་སྤུན་ཆུང་བ་གཉིས་ཀྱི་མི་ཚེ་ཡག་པོ་ཞིག་ཡོང་ཆེད་དུ་དཀའ་ལས་མང་པོ་བསྐྱོན་གནང་གི་ཡོད། ཁོང་གཉིས་སེམས་བཟང་པོ་ཡོད་པ་མ་ཟད་གྲོང་པ་ཁྱིམ་མཚེས་དང་མཐུན་ལམ་ཡག་པོ་ཡོད། ཁོང་གཉིས་ནང་བཞིན་མི་དང་མཐུན་ལམ་དང་སེམས་བཟང་བྱེད་དགོས་པའི་བསླབ་བྱ་ཡང་ཡང་གནང་གི་ཡོད། བདག་ལ་ཕ་མ་ཁོང་གཉིས་ལྟ་བུ་རག་པ་དེ་༸གོངས་མཆོག་གི་བཀའ་དྲིན་ཡིན་ལ་དཀོན་མཆོག་གི་བཀའ་དྲིན་ཡང་ཡིན། ང་རང་ནང་མི་རྣམས་ལ་དགའ་པོ་ཞེ་དྲག་ཡོད། ཁོང་རྣམས་སྐུ་ཚེ་ཡུན་རིང་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་ཀྱི་ཡོད། ང་ཚོ་ཚང་མ་ནང་ལ་འཆམ་པོ་དང་སྐྱིད་པོའི་ངང་སྡོད་ཀྱི་ཡོད་ལ་གཅིག་གིས་གཅིག་ལ་རོགས་པ་བྱེད་ཀྱི་ཡོད། ང་རང་ལ་ནང་མི་དེ་འདྲ་ཞིག་ཡོད་པ་བསོད་ནམས་རེད་བསམ་གྱི་འདུག ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ནང་མི་གྲངས་ཉུང་ཉུང་རེད་དེ་ཁྱིམ་ཚང་མིག་དཔེ་འོས་པ་ཞིག་རེད་བསམ་གྱི་ཡོད། དེ་མ་ཟད་ང་ཚོ་ནང་མི་རྣམས་ཁྱི་ལ་དགའ་པོ་ཡོད་པས་ང་ཚོའི་ནང་ལ་ཁྱི་ཆེ་ཆུང་གཉིས་ཡོད། གཅིག་ཚོན་མདོག་དཀར་པོ་དང་གཟུགས་སྟོབས་ཆུང་བ་ཡོད། གཞན་དེ་ནག་པོ་ཡིན་ལ་གཟུགས་སྟོབས་ཆེ་བ་ཡོད། ཁྱི་དེ་གཉིས་ལ་ནང་མི་བཞིན་བྱམས་སྐྱོང་བྱེད་ཀྱིན་ཡོད། ད་ལྟ་སྐྱིད་པོ་ཡོད་པ་ནང་བཞིན་མ་འོངས་པར་བདེ་སྐྱིད་ཡོང་བར་ཤོག ཁྱེད་རྣམས་སྐྱེ་བ་ཕྱི་མ་ལ་ཡང་ངའི་ནང་མི་ཡོང་བར་ཤོག་བཅས་སྨོན་ལམ་འདེབས་ཀྱི་ཡིན། རྨོ་རྨོ་ལགས་དང་ཕ་མ་ཁྱེད་གཉིས་ལ་བཀའ་དྲིན་ཆེ། སྐུ་ཚེ་རིང་།
ངའི་ཁྱིམ་ཚང།
བསྟན་འཛིན་ཡེ་ཤེས། འཛིན་གྲྭ་གསུམ་པ།མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་གཞི་འོག་སློབ་གྲྭ། ངའི་མིང་ལ་བསྟན་འཛིན་ཡེ་ཤེས་ཟེར། ང་ལོ་བརྒྱད་ཡིན་ལ་འཛིན་རིམ་གསུམ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ཡི་ནང་མི་ནི་ངའི་མི་ཚེ་ནང་གི་ནོར་བུ་ལྟ་བུ་ཡིན། ངའི་ནང་མི་རྣམས་བྱམས་བརྩེ་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་ཞིག་ཡིན། ང་ཚོའི་ཁྱིམ་ཚང་ནང་ལ་ཁྱོན་བསྡོམས་ནང་མི་ལྔ་ཡོད། དེ་དག་ནི་ངའི་པཱ་ལགས་དང་། ཨ་མ་ལགས། གཅུང་པོ་གཉིས། ང་བཅས་ཡིན། ངའི་ཁྱིམ་ཚང་ནང་གི་ཕ་མ་གཉིས་ཀྱིས་ང་དང་། ངའི་གཅུང་པོ་གཉིས་ལ་དུས་རྒྱུན་དུ་ཧ་ཅང་གི་བྱམས་སྐྱོང་དང་། རྒྱབ་སྐྱོར། ལམ་སྟོན་གནང་གི་ཡོད། ངའི་གཅུང་པོ་གཉིས་ཀྱིས་ང་ལ་དགའ་པོ་གནང་གི་ཡོད་ལ། ངས་ཀྱང་ཁོང་གཉིས་ལ་བྱམས་པོ་བྱེད་ཀྱི་ཡོད། རང་ཉིད་ཁྱིམ་ཚང་འདིའི་ནང་སྐྱེས་པར་སྤོབས་པ་དང་བཀའ་དྲིན་ཆེན་པོ་ཡིན་བསམ་གྱི་ཡོད། ང་ཚོས་ནང་མི་ཕན་ཚུན་བར་བརྩེ་བ་དང་བྱམས་སྐྱོང་གནང་གི་ཡོད། ང་རང་གི་པཱ་ལགས་ནི་ཁྱིམ་ཚང་གི་ཀ་བ་ལྟ་བུ་ཡིན། ཁོང་ནི་ཤིན་ཏུ་བརྩེ་སེམས་ཅན་དང་། ལས་ཀ་ལ་བརྩོན་འགྲུས་ཆེ་བ་ཞིག་ཡིན། ཁོང་གིས་ང་ཚོའི་འཚོ་བའི་ཆེད་དུ་དཀའ་ལས་མང་པོ་རྒྱག་གི་ཡོད། པཱ་ལགས་ཀྱིས་ནམ་རྒྱུན་དུ་ང་ལ་ལམ་སྟོན་དང་སེམས་ཤུགས་གནང་གི་ཡོད། ཨ་མ་ལགས་ནི་ཁྱིམ་ཚང་གི་སྙིང་ལྟ་བུ་ཡིན། ཁོང་ནི་བྱམས་སེམས་ཆེ་བ་དང། ནང་ལས་ཚང་མ་བྱེད་མཁན་ཞིག་ཡིན། ཨ་མས་བཟོས་པའི་ཁ་ལག་ནི་འཛམ་གླིང་ནང་གི་ཞིམ་ཤོས་དེ་ཡིན། ཁོང་གིས་ང་ཚོའི་འཕྲོད་བསྟེན་དང་སློབ་སྦྱོང་ལ་དོ་སྣང་ཆེན་པོ་གནང་གི་ཡོད། ཨ་མ་ནི་ཁྱིམ་ཚང་གི་ཞི་བདེ་དང་ཡར་རྒྱས་གཏོང་མཁན་གཙོ་བོ་ཞིག་ཡིན། ངའི་ཕ་མ་གཉིས་ཀས་མོན་གྷོ་སྨན་རྩིས་ཁང་དུ་སྨན་སྤྲོད་ཀྱི་ཕྱག་ལས་གནང་གི་ཡོད། ཁོང་གཉིས་ཁྱིམ་གྱི་ལས་ཀ་ལ་བརྩོན་གྱི་ཡོད་པ་བཞིན། སྤྱི་བའི་ལས་ཀྱང་ཧུར་ཐག་གནང་མཁན་ཞིག་རེད། ངའི་ཕ་མ་གཉིས་ཀ་སློབ་སྦྱོང་ཡོད་མཁན་ཡིན་པས། ང་ཚོ་ཕྲུ་གུ་གསུམ་ལ་སློབ་སྦྱོང་དང་། སློབ་གྲྭའི་ནང་ལས་ལ་ཕྱག་རོགས་ཡག་པོ་གནང་གི་རེད། ང་ལ་གཅུང་པོ་གཉིས་ཡོད། ཁོང་གཉིས་ང་ཡི་མི་ཚེ་ནང་གི་གྲོགས་པོ་ཡག་ཤོས་ཡིན། ངའི་གཅུང་པོ་ནི་ང་ཚོའི་ཁྱིམ་ཚང་གི་དགའ་པོ་བྱེད་ས་དེ་ཡིན། ཁོང་གཉིས་ང་མཉམ་དུ་སློབ་སྦྱོང་བྱེད་པ་དང་། མཉམ་དུ་རྩེད་མོ་ཡང་རྩེ་ཡི་ཡོད། ང་ཚོའི་ཁྱིམ་ཚང་ནང་ནང་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ངའི་ཕ་མ་གཉིས་ཀོ་ལེ་གྷལ་དོན་ལྡན་གླིང་གི་གཞིས་ཆགས་ནས་ཡིན་ཡང་། ཁོང་གཉིས་མོན་གྷོ་ལ་ཕྱག་ལས་གནང་གི་ཡོད། མོན་གྷོ་གཞིས་ཆགས་ལ་འབྲས་སྤུངས་དང་། དགའ་ལྡན་གྱི་དགོན་པ་གཉིས་ཡོད་པས། དུས་ཆེན་ཁག་ལ་ང་ཚོ་མཉམ་དུ་དགོན་པ་ལ་མཆོད་མཇལ་འགྲོ་གི་ཡོད། དེས་ང་ཚོའི་ནང་མི་བར་གྱི་འབྲེལ་བ་སྔར་ལས་བརྟན་དུ་གཏོང་གི་ཡོད། ངའི་ནང་མི་ནི་ངའི་སེམས་ཤུགས་དང་། བདེ་སྐྱིད། རེ་བའི་འབྱུང་ཁུངས་ཡིན། ཁོང་ཚོའི་བྱམས་སྐྱོང་འོག་ང་འཚར་ལོངས་བྱུང་བ་ཡིན་པས། ངས་མ་འོངས་པར་ཕ་མའི་ཐུགས་དགོངས་ལྟར་སྤྱི་ཚོགས་ནང་འགན་ཁུར་ཅན་གྱི་མི་ཞིག་བྱས་ནས། ནང་མི་ལ་ཞབས་ཕྱི་ཞུ་རྒྱུ་ཡིན། ང་ནི་ངའི་ནང་མི་ལ་དགའ་པོ་དང་བརྩི་བཀུར་ཆེན་པོ་ཡོད། […]
ངའི་སློབ་གྲྭ།
བསྟན་འཛིན་དགེ་འདུན། འཛིན་གྲྭ་གསུམ་པ།མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་གཞི་འོག་སློབ་གྲྭ། ང་ཚོའི་རྒྱ་གར་ལུང་པ་ལ་སཾ་བྷོ་ཊ་སློབ་གྲྭ་མང་པོ་ཡོད། ང་ཚོ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་འདིའི་ནང་ལ་སཾ་བྷོ་ཊ་སློབ་གྲྭ་གསུམ་ཡོད། སློབ་གྲྭ་གཅིག་གཞིས་གྲོང་གསུམ་པ་ལ་ཡོད། དེ་ལ་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་ཡོད། འཛིན་གྲྭ་དང་པོ་ནས་ལྔ་པའི་བར་སློབ་གྲྭ་གཉིས་ཡོད། གཅིག་ནི་དགའ་ལྡན་དགོན་པའི་འགྲམ་དུ་ཡོད། གཅིག་ནི་གཞིས་གྲོང་དྲུག་པ་ལ་ཡོད། གཞིས་གྲོང་དྲུག་པའི་སློབ་གྲྭ་ལ་གཞིས་གྲོང་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་སློབ་ཕྲུག་ཡོད། ངའི་ནང་གཞིས་གྲོང་དྲུག་པ་ལ་ཡོད་པས། ང་རང་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན། སློབ་གྲྭ་ངའི་ནང་དང་ཧ་ཅང་ཉེ་པོ་ཡོད། ངའི་ནང་གི་རྒྱལ་སྒོ་ཕྱི་ལ་ཐོན་ནས་སྐར་མ་གཅིག་ཀྱང་མ་འགོར་བར་སློབ་གྲྭ་ལ་སླེབས་ཀྱི་རེད། ང་ཚོའི་སློབ་གྲྭའི་ཁོར་ཡུག་གཙང་མ་དང་སྙིང་རྗེ་མོ་ཡོད། སློབ་གྲྭའི་ནང་དུ་མེ་ཏོག་ལྡུམ་ར་ཡག་པོ་ཞིག་ཡོད། དེའི་མིང་ལ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཟེར། དེའི་ནང་མེ་ཏོག་མང་པོ་ཡོད། ད་ལོ་དེའི་ནང་ཕོ་བྲང་པོ་ཏཱ་ལའི་རྡོ་བརྐོས་ཧ་ཅང་སྙིང་རྗེ་མོ་ཞིག་བརྒྱབས་ཡོད་པ་མ་ཟད། ལྡུམ་རའི་ནང་སློབ་ཕྲུག་ཚོའི་སྡོད་ས་རྐུབ་བཀྱག་དང་། ལྕགས་ཤོག་གི་ཐོག་གཡབ་ཞིག་ཀྱང་ཡོད། སྔོན་མ་ང་ཚོའི་སློབ་གྲྭ་ལ་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་ཡོད། ལོ་ཁ་ཤས་སྔོན་ལ་འཛིན་གྲྭ་ལྔ་པ་བར་ཆགས་རེད། དེ་ནས་གཞིས་གྲོང་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་སྔོན་འགྲོ་ང་ཚོའི་སློབ་གྲྭ་ལ་སྤོས་པ་རེད། ད་ལྟ་སློབ་གྲྭ་ལ་སློབ་ཕྲུག་ཁྱོན་བསྡོམས་ ༩༠ ཙམ་ཡོད། ང་ཚོའི་སློབ་གྲྭའི་སློབ་ཕྲུག་རྣམས་ཡག་པོ་དང་བཟང་པོ་ཡོད། སློབ་གྲྭའི་ནང་ང་ལ་གྲོགས་པོ་མང་པོ་ཡོད། གྲོགས་པོ་ཡག་ཤོས་ནི་བསྟན་འཛིན་དགེ་འདུན་དང་བསྟན་འཛིན་མཆོག་རབ་ཡིན། གྲོགས་པོའི་མཉམ་དུ་སློབ་གྲྭའི་རྩེད་ཐང་དུ་རྩེད་མོ་རྩེ་གི་ཡོད། ང་ཚོའི་སློབ་གྲྭའི་ནང་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་དགེ་རྒན་ ༡༠ དང་། སྔོན་འགྲོ་ལ་དགེ་རྒན་གཉིས་ཡོད། ང་ཚོའི་དགེ་རྒན་ཚོས་ང་ཚོ་ལ་བོད་ཡིག་དང་། ཨང་རྩིས། དབྱིན་ཡིག རྩེད་མོ། ལུས་རྩལ། ཟློས་གར། རི་མོ་བཅས་སློབ་ཀྱི་ཡོད། ང་ཚོའི་སློབ་གྲྭའི་དགེ་ཆེ་ཕུར་བུ་སྒྲོལ་དཀར་ལགས་ཡིན། མོ་རང་ང་ཚོ་ལ་རང་བྱུང་ཚན་རིག་སློབ་ཀྱི་ཡོད། དགེ་ཆེ་ལགས་ཡག་པོ་འདུག ཟློས་གར་རྒན་ལགས་བདུན་ཕྲག་གཅིག་ནང་ང་ཚོ་སློབ་གྲྭ་ལ་ཐེངས་གཉིས་དང་། རི་མོ་དང་ལུས་རྩལ་རྒན་ལགས་ཉིན་གསུམ་གསུམ་སློབ་འཁྲིད་གནང་གི་རེད། ང་འཛིན་གྲྭ་གསུམ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོའི་འཛིན་གྲྭའི་རྒན་ལགས་ནི་རྒན་པ་སངས་ལྷ་མོ་ལགས་ཡིན། ང་རང་སློབ་ཚན་ཚང་མའི་ནང་ནས་དགའ་ཤོས་བོད་ཡིག་ཡིན། ང་ཚོར་བོད་ཡིག་སློབ་མཁན་རྒན་པ་སངས་ལྷ་མོ་ལགས་རེད། […]
སེམས་ཅན་དགའ་ཤོས།
བསྟན་འཛིན་སྒྲོན་གསལ། འཛིན་གྲྭ་གསུམ་པ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། ངའི་སེམས་ཅན་དགའ་ཤོས་གཉིས་ནི་རི་བོང་དང་ཁྱི་ཡིན། ང་རི་བོང་ལ་དགའ་པོ་ཡོད་ན་ཡང་དེང་སང་རི་བོ་དེ་ཙམ་མཐོང་རྒྱུ་མི་འདུག་གང་ཡིན་ཟེར་ན་རི་བོང་ནི་ཤིང་ནགས་ནང་སྡོད་ཀྱི་ཡོད། དེང་སང་ཤིང་ནགས་མང་ཆེ་བ་མེད་པར་བཟོས་ཏེ་ཁང་པ་མང་པོ་རྒྱག་གི་ཡོད་ཙང་རི་བོང་མཐོང་རྒྱུ་མི་འདུག ཡིན་ན་ཡང་ང་རང་ཁྲོམ་ནས་རི་བོང་གི་ཨ་ལད་པད་ཀོ་གཅིག་ཉོས་ཡོད། དེ་དང་མཉམ་དུ་རྩེད་མོ་རྩེས་ནས་ང་རང་སེམས་པ་སྐྱིད་པོ་ཡོང་གི་འདུག རི་བོང་ནི་ཆུང་ཆུང་དང་ཚོན་མདོག་དཀར་པོ་དང་རྨྱུག་པོ་སོགས་ཡོད། རི་བོང་གི་ཨ་མཆོག་རིང་པོ་དང་སངས་པོ་ཡོད། སོ་སོ་ཉེན་ཁ་ལས་སྐྱོབ་ཆེད་ག་དུས་ཡིན་ན་གྲུང་པོ་བྱས་ནས་སྡོད་ཀྱི་ཡོད་རེད། རི་བོང་ནི་རྩ་གཟན་སེམས་ཅན་དང་སའི་འོག་ལ་ཁུང་བུ་བཟོས་ནས་སྡོད་ཀྱི་ཡོད། རི་བོང་གིས་སེམས་ཅན་གཞན་པ་ལ་གནོད་སྐྱེལ་གྱི་མེད། རི་བོང་ལ་དམིགས་བསལ་ཁྱད་ཆོས་མང་པོ་ཡོད་ཙང་ང་རང་སྙིང་རྗེ་མོ་མཐོང་གི་འདུག ངའི་ནང་ལ་རི་བོང་མེད་ན་ཡང་ང་ལ་ཁྱི་དཀར་ཆུང་ཞིག་ཡོད། དེ་ནི་ངའི་སེམས་ཅན་དགའ་ཤོས་གཉིས་པ་ཡིན། གང་ཡིན་ཟེར་ན་དཀར་ཆུང་ཁོ་རང་རི་བོང་འདྲ་པོ་སྙིང་རྗེ་མོ་ཡོད། ཁྱི་དཀར་ཆུང་གི་མིང་དེ་ངས་བཏགས་པ་ཡིན། དཀར་ནི་ཚོན་མདོག་དཀར་པོ་ཡིན་པ་དང་ཆུང་ནི་གཟུགས་པོ་ཆུང་ཆུང་ཡིན་ཙང་མིང་འདི་བཏགས་པ་ཡིན། དཀར་ཆུང་ནི་གཟུགས་པོ་ཆུང་ཆུང་དང་མིག་གི་ཚོན་མདོག་རྒྱ་སྨུག་རེད། དཀར་ཆུང་ང་དང་མཉམ་དུ་རྩེད་མོ་རྩེ་དུས་ང་རང་སྐྱིད་པོ་ཡོང་གི་འདུག ཁོ་ནི་ངའི་གྲོགས་པོ་ཡག་ཤོས་དང་གཅིག་པ་ཡིན། ཁོས་མཇུག་མ་གཡུག་དུས་ང་རང་སེམས་པ་སྐྱིད་པོ་ཡོང་གི་འདུག ཁོ་ནི་ངའི་ནང་མི་དང་གཅིག་པ་ཡིན། ང་ཉོབ་བསྡད་དུས་ཁོས་ངའི་སེམས་པ་སྐྱིད་པོ་བཟོས་མྱོང་། དཀར་ཆུང་གི་རྔན་པ་དགའ་ཤོས་ནི་ཁྱིའི་རྔན་པ་པེ་ཊི་ཀི་རི་ཡིན། ཁོའི་ཁ་ལག་དགའ་ཤོས་ནི་ཤ་དང་འབྲས་སྒང་ལ་ཞོ་ཡོད་པ་དེ་ཡིན། དཀར་ཆུང་ཆུང་དུས་ནས་པ་ལགས་དང་ཨ་མ་ལགས། སྤོ་ལགས་དང་རྨོ་ལགས་ང་ཚོས་གསོས་པ་ཡིན། དེ་རིང་དཀར་ཆུང་གཟུགས་པོ་གཙང་མ་བཀྲུས་པ་ཡིན་ཙང་དཀར་ཆུང་དཀར་པོ་དཀར་རྐྱང་ཆགས་སོང་། དཀར་ཆུང་དང་མཉམ་དུ་རྩེད་མོ་རྩེ་རྒྱུར་དགའ་པོ་ཡོད་ནའང་མཚམས་རེ་ཁོ་ཉོབ་ནས་སྡོད་ཀྱི་འདུག། ཡིན་ནའང་ངས་ཁོའི་གཟུགས་པོ་ལ་ཕུར་ཕུར་བྱེད་ཀྱི་ཡོད། དཀར་ཆུང་ད་ལྟ་ལོ་གཅིག་དང་ཕྱེད་ཀ་སླེབས་ཀྱི་ཡོད། ཁོ་ཅ་ལག་སོབ་སོབ་རིགས་ལ་སོ་རྒྱག་རྒྱུར་དགའ་པོ་ཡོད། ང་རང་གུང་གསེང་སྐབས་ཁོ་དང་མཉམ་དུ་དུས་ཚོད་མང་པོ་གཏོང་གི་ཡོད། ཁོ་ཕྱི་ལོག་ལ་འགྲོ་རྒྱུར་དགའ་པོ་ཡོད་ཙང་ཞོགས་པ་ང་སློབ་གྲྭ་འགྲོ་དུས་དཀར་ཆུང་ཡང་ང་དང་མཉམ་དུ་གང་འཚམས་ཡོང་གི་རེད། ངས་མཚམས་མཚམས་རི་མོ་དང་ནང་ལས་འབྲི་དུས་དཀར་ཆུང་ངའི་འགྲམ་ལ་སྡོད་ཀྱི་ཡོད། ང་རང་དཀར་ཆུང་ལ་དགའ་པོ་ཞེ་དྲག་ཡོད།
