Skip to main content
ཤེས་རིག་ལས་ཁུངས།

ངའི་མ་འོངས་པའི་ཕ་ཡུལ་བོད།

ངའི་མ་འོངས་པའི་ཕ་ཡུལ་བོད།

བསྟན་འཛིན་ཕྱོགས་ལས་རྣམ་རྒྱལ། འཛིན་གྲྭ་བཅུ་གཉིས།རྫོང་སར་ཀནིཥྐ་སློབ་གྲྭ། གངས་ལྗོངས་བོད་པ་ཚང་གི་ཁྱིམ་དུ་རིས་མེད་བརྩེ་བས་གདུལ་བྱ་སྐྱོང་མཛད་པ།།ཕྱག་ན་པད་མོ་ལྷ་དཀར་སྤྱན་རས་གཟིགས་དབང་གང་དེའི་ཞབས་པད་སྤྱི་བོར་བཀུར།།མི་ཡི་ཡུལ་དུ་འཚོ་ཞིང་ནམ་ཞིག་རང་ཡུལ་ལོག་པའི་རེ་བ་དང་འདོད་ཀྱིས།།ང་ཡི་མ་འོངས་ཕ་ཡུལ་བོད་ཞེས་རྩོམ་ཞིག་ཤོག་དཀར་ཐོག་ཏུ་དབང་མེད་ཤོར།། སྐྱིད་ལ་སྔོ་ལྗང་ལྡན་ཞིང་ཐམས་ཅད་ཡིད་སྨོན་འཕྲོག་པ་བདག་གི་ཕ་ཡུལ་དེ།།དགུང་གནམ་ཨ་སྔོན་དབྱིངས་ནས་འབྲུག་སྐད་སྒྲོག་ཤིང་ས་གནས་ཡོངས་ལ་ཆར་པ་བབས།།སྟོན་ཐོག་ལེགས་པར་སྐྱེས་ཤིང་སྙེ་མ་མགོ་འཕངས་འཐོ་བའི་ཕ་ཡུལ་ཁ་བ་ཅན།།ས་གནས་དེ་ནི་ཐས་ཅད་ཡིད་དབང་འཕྲོག་པའི་བདག་གི་ཕ་ཡུལ་གངས་ལྗོངས་བོད།། ར་ལུག་གཡང་དཀར་འབའ་སྒྲ་ལྡིང་ཤིང་རྟ་མཆོག་འདོ་བ་འཚེར་སྐད་ལྷང་སེ་ལྷང་།།དྲིན་ཆེན་ཕ་མའི་ཞལ་རས་འཛུམ་གྱི་ཁེངས་ཤིང་བྱམས་བརྩེས་བུ་ཕྲུག་བསྐྱངས་སེ་བསྐྱངས།།རྩྭ་སྔོན་ཡར་སྐྱེས་ཐམས་ཅད་སྨན་རྩྭ་ཡིན་ཞིང་ཆུ་བོ་མར་རྒྱུགས་བདུད་བརྩིའི་ཆུ།།འོ་མ་ཞོ་དང་དར་གྱི་འཚོ་མོ་རྒྱས་པ་དེ་ནི་བདག་གི་ཕ་ཡུལ་བོད།། རིན་པོ་ཆེ་དང་བླ་མ་གཙག་ཏུ་བཀུར་ཞིང་རྒན་གཞོན་གོ་རིམ་བརྩི་ས་རེད།།ལྷ་ཆོས་མི་ཆོས་སངས་རྒྱས་བསྟན་པ་དར་ཞིང་དགེ་འདུན་དགྲ་བཅོམ་གནས་ས་རེད།།མི་དམངས་དམ་ཚིག་གཙང་ལ་གཉེན་དང་ཉེ་འབྲེལ་སྤུན་མཆེད་འབྲེལ་བརྩེ་ཟབ་པའི་གནས།།རྟག་ཏུ་ཀུན་སྤྱོད་བཟང་བའི་མི་སེར་འཚོ་བའི་གནས་དེ་ཕ་ཡུལ་གངས་ལྗོངས་བོད།། མེ་ཏོག་དཀར་དམར་མཛེས་ཞིང་གནག་ཕྱུགས་སྤངས་གཤོང་སྟེང་དུ་སྤང་རྩྭ་ཟ་བཞིན་གནས།།རི་བོ་མཐོན་པོའི་རྩེ་ནས་ལྷ་བྱ་གོང་མོས་འཇིགས་སྣང་མེད་པར་རྒུམ་འབུ་འཐུ།།ཡུལ་མི་ཞིང་པ་རྣམས་ཡང་སྤོབས་པ་ཆེན་པོས་ཟོར་བ་འཁྱེར་བཞིན་སྟོན་ཐོག་བསྡུ།།སྐྱེས་པ་ཕོ་མོས་སྐད་མདངས་སྙན་པོས་གླུ་གཞས་ལེན་པ་དེ་ནི་ཕ་ཡུལ་བོད།། རིན་ཆེན་གསེར་དངུལ་གཡུ་དང་བྱུར་གི་གང་བའི་གངས་ཅན་བདག་གི་ཕ་ཡུལ་བོད།།བྱམས་བརྩེ་ལྡན་ཞིང་གཞན་ཕན་སེམས་པའི་༸སྐྱབས་མགོན་ཕ་ཡུལ་བོད་ཀྱི་དབུ་ཁྲིད་མཆོག།གཅིག་ཕན་གཅིག་གྲོགས་ཡིད་ལ་འཆང་ཞིང་འཚོ་བའི་ཕ་ཡུལ་བོད་ཀྱི་མི་སེར་དག།མ་འོངས་དུས་སུ་ཁ་བ་ཅན་དུ་སླར་ཡང་མཉམ་འཛོམས་འབྱུང་བའི་གསོལ་བ་འདེབས།།

ངའི་མ་འོངས་པའི་ཕ་ཡུལ་བོད།

ངའི་མ་འོངས་པའི་ཕ་ཡུལ་བོད།

ཟླ་བ་བཟང་མོ་བླ་མ། འཛིན་གྲྭ་བཅུ་གཉིས།བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། ང་ཚོ་ཚང་མས་ཤེས་པ་ལྟར་བོད་ནི་གངས་ལྗོངས་ཡུལ་ཞིག་ཡིན་པ་མ་ཟད། བོད་མི་དང་ས་ཁུལ་ཡང་ཧ་ཅང་གྱི་རིན་ཐང་ཆེན་པོ་ཞིག་ཡིན། བོད་ཡུལ་ཆེན་པོ་ནང་ལ་མི་འབོར་མང་པོ་མེད་ཀྱང་། ཚང་མ་ས་ཁུལ་གང་སར་ཐོར་ནས་བསྡད་ཡོད། ཡིན་ན་ཡང་བོད་མི་ཚང་མ་འ་ལྡོག་རྩ་གཅིག་སྒྲིལ་སྐྲུན་མཁན་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན། བུ་མོ་ངས་དུས་རྒྱུན་དུ་མ་འོངས་པར་ང་རང་ཚོའི་ཕ་ཡུལ་བོད་གང་འདྲ་ཞིག་འབྱུང་རྒྱུ་ཡིན་ན་ཞེས་བསམ་བློ་བཏང་ནས། ངའི་བསམ་པར་མ་འོངས་པའི་བོད་དང་བོད་མི་རྣམས་དགོས་པ་གཙོ་བོ་གསུམ་འདུག རྒྱ་མིས་ཕྱོ་ལོ་ ༡༩༥༩ ནས་ད་ལྟ་བར་དུ་བོད་བཙན་བཟུང་བྱས་ནས་ལོ་ངོ་མང་པོ་ཕྱིན་ཡང་། བོད་ལ་སྐྱིད་པའི་ཉི་མ་ཤར་ནས་བོད་ཀྱི་རང་བཙན་ཐོབ་རྒྱུ་རེ་སྨོན་ཡོད། བོད་ཕྲུག་ང་རང་སློབ་མ་ཞིག་ཡིན་པས། མ་འོངས་པའི་ཕ་ཡུལ་བོད་དེ་གང་འདྲ་དགོས་པ་ཞེ་དྲག་བཤད་མི་ཤེས་ཀྱང་། མ་འོངས་པའི་ཕ་ཡུལ་བོད་དེ་ཧ་ཅང་སྐྱིད་ཉམས་ལྡན་པ་ཞིག་འབྱུང་རྒྱུ་ལ་དོན་ཚན་གསུམ་ཐོག་ནས་བཤད་རྒྱུ་ཡིན། དང་པོ། སྤྱིར་བཏང་གི་ཤེས་ཡོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་བཟུང་བྱས་ནས་བོད་ནས་རྒྱ་གར་དུ་སྐུའི་ཉེན་གཡོལ་དུ་ཕེབས་ནས། ཐོག་མར་ཁོང་གིས་བོད་དང་བོད་མི་ཚོའི་སྐད་དང་རིགས་གཞུང་མི་ཉམས་པའི་ཆེད་དུ་སྐུ་ཞབས་ནེ་རུ་མཆོག་ལ་བོད་ཕྲུག་གི་ཆེད་དུ་སློབ་གྲྭ་ཞིག་དགོས་ཞུས། དེའི་བཀའ་དྲིན་ལ་བརྟེན་ནས་དེང་སང་བོད་ཕྲུག་ང་དང་ང་འདྲ་པོ་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་གི་བླ་སྲོག་བདག་གཅེས་བྱ་རྒྱུའི་ཆེད་སློབ་གྲྭ་འགྲོ་བའི་དགོས་སྐབས་རྙེད། ང་རང་ཚོ་འདི་ལ་མིག་དཔེ་ལྟ་ནས་དུས་རབས་ད་ལྟ་ཡི་སློབ་གྲྭ་ལ་སློབ་བཞིན་པའི་ཤེས་ཡོན་གཅིག་པོ་གལ་ཆེ་བར་མ་བཟུང་ནས། སྤྱིར་བཏང་གི་ཤེས་ཡོན་ཡང་སྦྱོང་དགོས་པ་གལ་ཆེན་པོ་རེད། ང་ཚོ་ཚང་མ་ཤེས་པ་ལྟར་སློབ་གྲྭ་ལ་སློབ་པའི་ཤེས་ཡོན་གྱིས་ང་ཚོ་བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་བཟོ་བ་དང་། འདི་མཉམ་དུ་ང་ཚོ་ལ་སློབ་གྲྭའི་སློབ་ཚན་འགྲིག་པའི་ཤེས་ཡོན་གྱིས་མི་ཞིག་ལ་རྒྱལ་པོ་བཟོ་ཡི་རེད། ད་ལྟ་ངས་སྤྱིར་བཏང་གི་ཤེས་ཡོན་བཤད་དུས་མི་ཞིག་སྤྱི་ཚོགས་ལ་གནས་ཐུབ་པའི་རྩ་བ་དེ་ཡིན། དེའི་ཕྱིར། ངའི་བསམ་པ་ལ་མ་འོངས་བོད་མི་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་གྱི་མཉམ་དུ་རྩལ་འདྲ་མིན་སྣ་ཚོགས་སྦྱོང་བའི་ཐོག་ནས་ང་ཚོའི་མ་འོངས་པའི་ཕ་ཡུལ་བོད་ནི་ཤེས་ཡོན་གང་ཅི་ཐོག་ནས་ཕུན་སུམ་ཚོགས་པ་བསྐྲུན་དགོས་པའོ།། གཉིས་པ། བོད་ཀྱི་སྐད་དང་རིག་གཞུང་། ཁྱེད་ཚོས་རྒྱ་སྐད་བཤད་ཤེས་པ་ནི་ཁྱེད་ཚོའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ཁྱེད་ཚོས་བཤད་མ་ཤེས་ནའང་ང་ཚོ་དགོས་དོན་མེད། འོན་ཀྱང་གལ་སྲིད་ཁྱེད་ཚོས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ཁྱེད་ཚོའི་ཞབས་འདྲེན་ཡིན་པས་རང་ཉེད་ངོ་ཚོ་དགོས་པ་ཞིག་རེད། ཅེས་པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར། ང་ཚོ་བོད་མི་ཞིག་ཡིན་པས་བོད་སྐད་དེ་ང་ཚོའི་ངོས་ནས་བདག་གཅེས་བྱེད་དགོས་རེད། བོད་མི་ཞིག་གིས་རྒྱལ་ཁབ་གཞན་པའི་སྐད་ཡིག་ཤེས་ན་དེ་ནི་བོད་མི་རྣམས་ཀྱི་རྒྱན་ཆ་གྱོན་པ་དང་འདྲ་པོ་རེད། དེང་སང་བོད་པའི་སློབ་གྲྭ་ཁག་ནང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། བོད་མི་སློབ་ཕྲུག་དག་གིས་ཨིན་སྐད་དང་རྒྱ་གར་སྐད་ཧ་ཅང་སྙན་པོ་བཤད་ཀྱི་འདུག ཡིན་ན་ཡང་། བོད་ཕྲུག་རྣམས་ཀྱི་བོད་སྐད་བཤད་དུས་བོད་སྐད་གཙང་མ་བཤད་མི་ནུས་ནས་སྐད་ཆ་དགག་པ་དང་། རྒྱ་གར་དང་ཨིན་ཇིའི་ཚིག་མང་དག་བེད་སྤྱོད་གཏོང་གི་འདུག རྒྱ་ཁབ་གཞན་གྱི་སྐད་ཡིག་འདྲ་མིན་ཤེས་ན་བེད་སྤྱོད་མང་པོ་ཡོད་ཀྱང་། རང་ཉིད་ཀྱི་ཕ་སྐད་བོད་ཡིག་གོང་འཕེལ་བཏང་ནས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན། བུ་མོ་ངས་ཨིན་སྐད་དང་ཧིན་སྐད་ལ་སོགས་པའི་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཤེས་ན་ནོར་རེད་ལབ་ཀྱི་མེད། བོད་མི་ང་རང་ཚོའི་རིག་གཞུང་བློ་སྲོག་བོད་ཀྱི་སྐད་ཡིག་ཡིན་ཞིང་། བོད་སྐད་གཙང་མ་བཤད་ནས་བདག་གཅེས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱལ་ཁབ་ཅིག་གི་སྐད་དང་རིག་གཞུང་གཉིས་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། འདི་ནི་རྒྱལ་ཁབ་དེ་ཡི་ངོ་བོ་ཞིག་ཡང་ཡིན་། རྒྱལ་ཁབ་ཚང་མ་ལ་རང་རང་སོ་སོའི་རིག་གཞུང་ཡོད་རེད། ང་ཚོ་བོད་པ་རང་ལ་ཡང་རིག་གཞུང་མང་པོ་ཡོད་པ་མ་ཟད། […]

ང་དང་བོད་ཀྱི་སྐད་ཡིག

ང་དང་བོད་ཀྱི་སྐད་ཡིག

ཁ་རམ་པདྨ་བདེ་སྐྱིད། འཛིན་གྲྭ་དགུ་པ།སྦེལ་ཀོབ་སཾ་བྷོ་ཊ་བོད་སློབ། ང་ཡི་སྐད་ཡིག་གཟི་བརྗིད་ལྡན།།མེས་པོ་རྣམས་ཀྱི་བཀའ་དྲིན་ཡིན།།མེས་པོས་བཞག་པའི་སྐད་ཡིག་རྣམས།།སྲུང་སྐྱོབ་བྱེད་རྒྱུ་ང་ཡི་འགན།། སྤྱིར་བཏང་སྐད་ཡིག་ཟེར་ན་སྐད་དང་ཡི་གེ་ལ་གོ་བ་ལེན་དགོས། མི་རིགས་ཀུན་ལ་སྐད་ཡིག་མི་འདྲ་བ་ཡོད་ལ་སྐད་ཡིག་འབྱུང་སྟངས་ཀྱི་གནས་ཚུལ་ཡང་མི་འདྲ་བ་ཡོད། འོན་ཀྱང་། ངའི་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཞན་དང་མི་འདྲ་བར་ཁྱད་ཆོས་མང་པོ་ཡོད། ང་རང་ལ་མཚོན་ན་ངའི་སྐད་ཡིག་དེ་མི་རིགས་གཅིག་གི་ཁོག་པའི་སྙིང་ལྟ་བུ་རེད། དཔེར་ན། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད་ཅེས་སྙན་གྲགས་ཅན་གྱི་མི་སྣ་སི་ཏཱ་ལིན་གྱིས་གསུངས་མྱོང་ཡོད། ང་རང་གི་མཐོང་སྣང་ལ་རྒྱ་མི་རིགས་ཀྱིས་ང་ཚོའི་མི་རིགས་རྩ་མེད་དུ་གཏོང་དགོས་བསམས་ཀྱང་ང་ཚོའི་བོད་ཀྱི་སྐད་ཡིག་མེད་པར་བཟོ་མི་ཐུབ་པས་བོད་མི་རིགས་དེ་རང་བཞིན་གྱིས་མེད་པ་ཆགས་མེད། བྱས་ཙང་ངས་བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་དགུ་བཅུ་སི་ཏཱ་ལིན་གྱིས་གསུངས་པ་དེ་ལ་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་ཡོད་ལ་བདེན་པ་རེད་བསམ་གྱི་ཡོད། ཡིན་ནའང་བརྒྱ་ཆ་བཅུ་དེ་ངའི་ལས་སླ་པོར་བཤད་ཐུབ་ཀྱི་མི་འདུག དེ་རིང་ངས་ལྷན་རྒྱས་ཡོངས་ལ་བོད་ཀྱི་སྐད་ཡིག་ཀྱི་འབྱུང་སྟངས་མདོར་བསྡུས་དང་། ང་རང་ཚོས་བོད་ཀྱི་སྐད་ཡིག་ཉམས་ཆག་གང་འདྲ་གཏོང་གི་ཡོད་པ་དེ་ལ་ང་རང་ངོས་ནས་སྲུང་སྐྱོབ་གང་འདྲ་བྱེད་ཀྱི་ཡོད་མེད་དང་བོད་ཀྱི་སྐད་ཡིག་དེ་རིན་ཐང་ག་ཚོད་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་ལ་གུས་མོར་བསམ་ཚུལ་གང་ཡོད་པ་ཆ་ཚང་ཞུ་ཡི་ཡིན། ང་ཚོའི་བོད་ཀྱི་སྐད་ཡིག་དེ་འབྱུང་སྟངས་ནི་བོད་ལ་གནའ་སྔ་མོའི་དུས་ནས་བོད་སྐད་གཙང་མ་བཤད་ཀྱི་ཡོད་ཀྱང་ཡི་གེ་མེད་པས། ཕྱི་ལོ་ ༦༡༧ ལོར་བོད་ཀྱི་རྒྱལ་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་བོད་ལ་ཡི་གེ་དར་སྤེལ་བྱུང་བ་རེད། དེ་ཡང་ཕྱི་ལོ་ ༦༤༦ ལོར་ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་དུ་མཛད་སྐབས་རྒྱ་གར་ལེགས་སྦྱར་ནས་དཔེ་བླངས་ཡོད། བོད་མི་རིགས་ཀྱི་བོད་སྐད་ནི་བྱིའུ་ཆུང་འཇོལ་མོའི་གསུང་སྐད་བཞིན་རྣ་ལ་ཧ་ཅང་སྙན་པོ་དང་བོད་སྐད་གཅིག་སྦྱངས་ན་བཤད་བདེ་པོ་དང་ལས་སླ་པོ་ཡོད། དེང་སང་ཆ་བཞག་ན་རྒྱ་གར་བ་མང་པོ་ཞིག་བོད་མི་མཉམ་དུ་འཚོ་བ་སྐྱེལ་བསྡད་ཡོད་པས་ཁོ་ཚོས་བོད་སྐད་བཤད་དུས་ང་རང་ཡང་ཨ་ཙི་རྒྱ་གར་བ་ཚོ་བོད་མི་རིགས་མ་ཡིན་ཡང་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་བསམ་པའི་ཚོར་བ་ཤུགས་ཆེན་པོ་སྐྱེས་བྱུང་ལ་ང་རང་ཡང་སེམས་ཤུགས་འཕར་བྱུང་། དེར་མ་ཟད་བོད་ཀྱི་སྐད་དང་ཡི་གེ་གཉིས་རྩ་མེད་དུ་ཕྱིན་མེད་པས་ང་རང་ཡང་སྤོབས་པ་སྐྱེས་བྱུང་ལ་ང་རང་གིས་བོད་ཀྱི་སྐད་ཡིག་དེ་གཉིས་བདག་གཅེས་ངེས་པར་དུ་བྱེད་དགོས་ཀྱི་འདུག་བསམ་བྱུང་། གུས་མོ་ང་རང་ལ་མཚོན་ན་བོད་པ་གཙང་མ་ཞིག་མ་ཡིན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་གནས་པའི་མི་རྣམས་ཕལ་ཆེ་བ་ནི་བོད་རིགས་ཡིན་པས། ང་ཚོའི་མོན་སྐད་དང་བོད་སྐད་གཉིས་འདྲ་པོ་འདུག དཔེར་ན། ཨ་མ་དང་། ལྟོ། ཚྭ། བོད་ཇ་ལྟ་བུ་མོན་སྐད་དང་གཅིག་པ་གཅིག་རྐྱང་རེད་འདུག ང་རང་ཆུང་དུས་ནས་བོད་པའི་སྤྱི་ཚོགས་ཤིག་གི་ནང་དུ་འཚོ་བ་སྐྱེལ་བསྡད་ཡོད་པས་ད་ལྟ་བོད་སྐད་ཤོད་ཐུབ་པ་དང་བོད་ཡིག་འབྲི་ཐུབ་པ་སོགས་ང་རང་ལ་ཆ་རྐྱེན་ཆ་ཚང་ཚང་ཡོད་པས་ད་དུང་དེ་ལས་མང་བ་ངས་ད་ལྟ་ནས་བོད་ཀྱི་སྐད་ཡིག་དེ་བདག་གཅེས་དང་འཕེལ་རྒྱས་གཏོང་བ། བཀོལ་སྤྱོད་གཏོང་བ་སོགས་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། མ་ཟད་དམིགས་ཡུལ་དེ་ཡང་བོད་ཀྱི་སྐད་ཡིག་དེ་དང་མཐུན་པའི་མ་འོངས་པའི་དམིགས་ཡུལ་ཞིག་ཟིན་ཡོད། དཔེར་ན། བོད་ཡིག་དགེ་རྒན་ལྟ་བུ། གང་ཡིན་ཟེར་ན་དེང་སང་བོད་ཕྲུག་མང་ཆེ་བས་བོད་ཡིག་ལ་དོ་སྣང་མ་བྱས་པར་སྐད་ཡིག་གཞན་ལ་མགོ་གཡེངས་ནས་བསྡད་ཡོད། ང་རང་ནི་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་ལ་དགའ་པོ་དང་དབྱིངས་ཀྱང་ཡོད། གལ་ཏེ་ང་མི་གཅིག་མ་འོངས་པར་བོད་ཡིག་དགེ་རྒན་འདྲ་པོ་ཆགས་པ་ཡིན་ནའང་ངས་བོད་ཕྲུག་མང་པོ་ཞིག་ལ་བོད་ཀྱི་སྐད་ཡིག་དེ་ལ་གོ་རྟོགས་སྤེལ་ཐུབ་ཀྱི་རེད་ལ་བོད་ཕྲུག་ཚོས་བོད་ཀྱི་སྐད་དང་ཡི་གེ་ལ་བདག་གཅེས་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག མཚམས་རེར་ང་རང་གིས་ཀྱང་བོད་ཀྱི་སྐད་ཡིག་དེ་ཉམས་ཆག་གཏོང་གི་ཡོད་པ་ངས་ཚོར་གྱི་འདུག དཔེ་བཞག་ན་ངས་ཅ་ལག་འདི་ཉར་ཨང་ལབ་རྒྱུའི་ཚབ་ལ་ཅ་ལག་འདི་ཉམ་ཨང་ལབ་ཀྱི་ཡོད། ད་དུང་ཁོང་ཁྲོ་ལངས་ལབ་རྒྱུའི་ཚབ་ལ་ཁོང་ཁྲོ་ཟ་ལབ་ཀྱི་ཡོད། དེ་དག་ནི་ཐ་ན་བོད་ཀྱི་ཚིག་མཛོད་ནང་ལ་མེད་ལ་བོད་ཀྱི་སྐད་ཀྱང་མ་རེད། ངས་བོད་སྐད་དེ་འདྲ་བརྒྱབ་དུས་ངའི་བོད་དགེ་རྣམས་ཀྱིས་སྐད་ཡིག་འདི་དག་བོད་སྐད་ནང་ལ་མེད་རེད་གསུངས་ནས་བཟོ་བཅོས་གནང་གི་འདུག དེ་འདྲའི་སྐབས་སུ་ང་རང་འཚེར་སྣང་སྐྱེ་གི་འདུག ངས་བོད་སྐད་འདི་དག་བེད་སྤྱོད་བྱས་ན་རྗེས་ལ་བོད་མི་རྣམས་ཀྱིས་ང་འདྲ་པོ་བོད་སྐད་བཤད་ཀྱི་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་དུས་ད་ནས་བཟུང་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན། ང་རང་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གོམས་གཤིས་བཟང་པོ་ཁ་ཤས་འཇགས་ཡོད་པ་ནི། ངས་ཁ་པར་ནང་དུ་ཡོད་པའི་མི་ཚང་མའི་མིང་བོད་ཡིག་ཐོག་བྲིས་ཡོད་ལ། བོད་མི་གཞན་ལ་གླེང་མོལ་བྱེད་པའི་སྐབས་སུ་བོད་ཡིག་ཐོག་ནས་འབྲི་བའམ་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། དེར་མ་ཟད་ངས་བོད་ཀྱི་ཐ་སྙད་གསར་པ་རྣམས་བེད་སྤྱོད་བྱེད་ཀྱི་ཡོད། ང་རང་གིས་སྐད་ཡིག་ཉམས་ཆག་གཏོང་དུས་གུས་ལ་གྱོང་མང་པོ་ཕོག་བྱུང་། ཕྲུ་གུ་རྣམས་ཀྱིས་འཕྱ་སྨོད་བྱེད་པ་དང་ངོ་ཚ་བ། […]

ངའི་མ་འོངས་པའི་བོད།

ངའི་མ་འོངས་པའི་བོད།

བསྟན་འཛིན་གསལ་སྒྲོན། འཛིན་གྲྭ་དགུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ང་ཡི་མ་འོངས་བོད་དེ།།བསམ་བློ་ཞིབ་མོར་བཏང་དུས།།སོ་སོའི་སེམས་པ་འདི་ནི།།སྐྱོ་བའི་ཚོར་སྣང་བྱུང་སོང།། བསྟན་དགྲ་རྒྱ་དམར་གཞུང་གིས།།བོད་ལ་བཙན་འཛུལ་བྱས་པས།།ང་ཚོ་བཙན་བྱོལ་ལུང་པར།།མི་ཡོང་ཐབས་མེད་ཆགས་ཡོད།། ང་ཚོ་རང་ཡུལ་བཞག་ནས།།མི་ཡུལ་གྱར་དགོས་བྱུང་ཡང་།།རང་གི་ཕ་ཡུལ་བོད་ལྗོངས།།མ་བརྗེད་སེམས་ལ་གཞག་རོགས།། བཙན་བྱོལ་བོད་མི་རྣམས་ཀྱིས།།རང་གི་རྩ་ཆེའི་སྐད་ཡིག།།རིག་གཞུང་ཕྱུག་པོ་རྣམས་ལ།།བདག་གཅེས་ཡག་པོ་གནང་དགོས། ། ང་ཚོས་རིག་གཞུང་ཕྱུག་པོར།།སྣང་མེད་གཞག་པ་ཡིན་ན།།ནམ་ཞིག་བོད་པ་ཟེར་བ།།མིང་ནས་བརྗོད་པ་ཙམ་ཡིན།། དེང་སང་བོད་ཕྲུག་རྣམས་ཀྱིས།།ཕན་ཚུན་སྐད་ཆ་བཤད་སྐབས།།ཡུལ་སྐད་གཞན་དག་བསྲེས་ནས།།བོད་སྐད་གཙང་མ་མི་བརྒྱབ།། གནས་སྟངས་དེ་འདྲའི་འོག་ལ།།རིང་མིན་ང་ཚོའི་བོད་སྐད།།སྐད་ཡིག་གཞན་དག་ནང་བཞིན།།བརླག་པའི་ཉེན་ཁ་ཆགས་སྲིད།། ༸གོང་ས་༸སྐྱབས་མགོན་ཆེན་པོས།།ཐུགས་དགོངས་རྒྱ་ཆེར་གཟིགས་ཏེ།།བོད་ཀྱི་རིག་གཞུང་གནས་ཕྱིར།།བོད་སློབ་ཟུར་དུ་བཙུགས་ཡོད།། བོད་ཀྱི་སྐད་ཡིག་གཉིས་ནི།།བོད་ཀྱི་བླ་སྲོག་ཡིན་པས།།བོད་ཀྱི་མི་རིགས་ཡོངས་ནས།།བོད་ཀྱི་བླ་སྲོག་སྐྱོབ་རོགས།། གཞིས་ལུས་སྤུན་ཟླ་རྣམས་ཀྱིས།།རྒྱ་དམར་གདུག་རྩུབ་འོག་ལ།།སོ་སོའི་རིག་གཞུང་སྐྱོབ་ཆེད།།རང་ལུས་ཕངས་མེད་བཏང་ཡོད།། འོན་ཀྱང་བཙན་བྱོལ་ནང་དུ།།གནས་པའི་བོད་མི་རྣམས་ཀྱིས།།སོ་སོའི་རིག་གཞུང་ཕྱུག་པོར།།རིན་ཐང་ཆེན་པོར་མ་སྤྲད།། ང་ཡི་མ་འོངས་བོད་དེ།།གསོན་པོར་གནས་དགོས་སྙམ་ན།།དེ་ཡི་རྩ་ཆེའི་རིག་གཞུང་།།ལེགས་པར་གཅེས་སྤྲད་བྱ་གལ།། གུས་མོ་ང་རང་ངོས་ནས།།ཉིན་རེའི་འཚོ་བའི་ནང་དུ།།བོད་ཀྱི་ལ་རྒྱ་བཟུང་ནས།།བོད་དོན་སེམས་ལ་བཅངས་ཡོད།།

ངའི་མ་འོངས་པའི་བོད།

ངའི་མ་འོངས་པའི་བོད།

བསྟན་འཛིན་སྒྲོལ་དཀར། འཛིན་གྲྭ་བཅུ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ཐོན་མི་ཨ་ནུ་མཆོག་གིས།།དཀའ་བ་དུ་མར་སྤྱད་དེ།།བོད་ཡིག་གསོལ་གཏོད་གནང་བར།།བཀའ་དྲིན་རྗེས་དྲན་ཞུས་ཡོད།། བདག་ནི་བོད་ཕྲུག་རྩམ་ཟན་ཞིག་ཡིན་པས། བདག་ནི་རང་གི་ཆོས་དང་རིག་གཞུང། སྐད་ཡིག ཆས་གོས། ཟས་རིགས་དང་བདག་གི་རྩ་ཆེའི་བོད་ཀྱི་ལོ་རྒྱུས་ལ་ཧ་ཅང་དགའ་མོས་དང་གུས་ཞབས་ཞུ་ཡི་ཡོད། ང་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་གཙོ་བོ་ནི་བདག་ཅག་བོད་མི་རྣམས་ལ་སོ་སོའི་ལུང་པ་དང་རང་དབང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཀྱང་བོད་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་ཆེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་མེད་པར་བཟོ་རྒྱུའི་ཐབས་ཤེས་སྣ་མང་བྱས་དང་བྱེད་མུས་རེད། བཤད་སྒྲུབ་བསྟན་འཛིན་རྒྱལ་མཚན་མཆོག་གིས་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། གལ་ཏེ་སྐད་ཡིག་དེ་དོར་སོང་ན་མི་རིགས་འདི་ཡང་ཡལ་འགྲོ་བས། ང་ཚོས་ངེས་པར་དུ་རིག་གནས་ཡོད་ཚད་སྦྱོང་བར་བྱེད་པ་དང། མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་ཐུབ་པ་ཞིག་རེད་ཅེས་གསུངས་ཡོད། གཞིས་སུ་ལུས་པའི་སྤུན་ཟླ་རྣམས།།སེམས་ཤུགས་ནམ་ཡང་མ་ཆག་པར།།ང་ཚོའི་གཅེས་པའི་རིག་གཞུང་དག།སྔར་བཞིན་བདག་གཅེས་ལེགས་པར་གནང་།།བྱེས་སུ་འབྱོར་བའི་སྤུན་ཟླ་ངས།།ཕྱུག་པའི་རིག་གནས་སྦྱང་བརྩོན་གྱིས།།མགྱོགས་མྱུར་བོད་ལ་ཞལ་འཛོམས་ནས།།ཁྱེད་ལ་ལེགས་པར་རྩིས་འབུལ་ཞུ།། ང་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་རྣམས་གལ་གནད་ཆེ་ཚུལ་ཁོ་ནའི་སྐོར་གསུངས་པ་ཙམ་གྱིས་མི་ཕན། ང་ཚོས་དེ་ལ་བདག་གཅེས་དང་སྲུང་སྐྱོབ་ཇི་ལྟར་བྱ་ཚུལ་སྐོར་ཡང་དགོངས་པ་ནན་པོ་བཞེས་དགོས། འོ་ན་ང་ཚོས་སྐད་ཡིག་དང་རིག་གཞུང་གང་འདྲ་བྱེད་ནས་སྲུང་སྐྱོབ་བྱེད་ཐུབ་བམ་ཞེ་ན། གུས་མོ་ང་རང་ད་ཆ་ལོ་བཅོ་ལྔ་ཙམ་ལས་སོན་མེད་པས་གུས་མོས་དེ་སྐོར་བསམ་ཚུལ་གཏིང་ཟབ་པོ་བརྗོད་དཀའ་མོད། འོན་ཀྱང་རྒྱུན་གཏན་སློབ་གྲྭའི་བྱེད་སྒོ་རྣམ་གཞག་གི་རྒྱུད་རིམ་ཁག་དང། འཛིན་གྲྭའི་སློབ་ཁྲིད་སྐབས་རྒན་ལགས་རྣམས་ཀྱིས་གནང་བའི་སློབ་གསོ་དག་ལ་ཕྱོགས་བསྡོམས་བྱས་ནས་བརྗོད་ན་ཐོག་མར་ང་ཚོ་སློབ་ཕྲུག་ཅིག་གི་ངོས་ནས་སྐད་ཡིག་གི་རྩལ་བཞི་པོ་ལ་དོ་སྣང་སྤྲོད་དགོས། ༡། ཀློག་རྩལ། དེང་སང་ང་ཚོ་སློབ་ཕྲུག་ཚོས་བོད་ཡིག་ཀློག་དེབ་དང་སྒྲུང་དེབ་ཀློག་མཁན་ཧ་ཅང་དཀོན་པོ་ཆགས་ཡོད། སྐད་ཡིག་གང་འདྲ་ཞིག་ཡིན་རུང་། དེ་ཡར་རྒྱས་འགྲོ་བ་ལ་ཐོག་མར་ཀློག་རྩལ་གྱི་གོམས་གཤིས་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ང་ཚོས་བོད་ཡིག་ཀློག་དེབ་དང་སྒྲུང་དེབ་རིགས་གང་མང་ཀློག་དགོས། ཀློག་དེབ་ཇི་ཙམ་མང་བ་བཀླགས་པ་དེ་ཚོད་ཀྱིས་བོད་ཡིག་རྩོམ་འབྲི་སྐབས་ཚིག་ལ་རྨོངས་ཀྱི་མ་རེད། ༢། བཤད་རྩལ། ང་ཚོས་བོད་སྐད་དེ་ཉིན་ལྟར་བཤད་དགོས་པ་མ་ཟད། བཤད་དུས་སྐབས་སུ་ཡང་སྐད་གཞན་མཉམ་བསྲེས་མ་བྱས་པར་བོད་སྐད་གཙང་མ་བརྒྱབ་རྒྱུའི་འབད་བརྩོན་བྱེད་དགོས། ༣། ཉན་རྩལ། ང་ཚོས་ཕ་མ་དང་དགེ་རྒན་གྱིས་སློབ་གསོ་བསྐྱོན་པ་རྣམས་དོ་སྣང་བྱེད་ནས་ཉན་དགོས། དེ་ལྟར་བྱས་ན་ང་ཚོས་བོད་པའི་ཐ་སྙད་འདྲ་མིན་དང་། གཏམ་དཔེ། ལེགས་བཤད་སོགས་འདྲ་མིན་ཤེས་ཐུབ། དེ་མ་ཟད་ང་ཚོས་སྔོན་མའི་ལོ་རབས་རྒན་པའི་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་སྐོར་དང། ཁོང་ཚོ་རྒན་རབས་པ་ཚོའི་མྱོང་ཚོར་རྣམས་ཀྱང་ཉན་ཐུབ་ན། དེ་ལས་བློ་རྒྱ་བསྐྱེད་པའི་གནས་ཚུལ་མང་པོ་ཤེས་ངེས། ༤། འབྲི་རྩལ། ང་ཚོས་བོད་ཡིག་ཐོག་ནས་འབྲི་རྩོམ་དང། ཚིགས་བཅད། སྙན་ངག་རྣམས་ཉིན་ལྟར་འབྲི་རྒྱུའི་འབད་བརྩོན་བྱེད་དགོས། སྤྱིར་བཏང་བོད་ཡིག་ཐོག་རྩོམ་ཞིག་འབྲི་སྐབས་དག་ཆ་དང། ཚིག་སྦྱོར། ཕྲད་རྣམ་དབྱེ་སོགས་ནོར་བའི་སེམས་འཚབ་ཀྱིས་དེ་འབྲི་བར་འགོག་རྐྱེན་འཕྲད་སྲིད་ཀྱང། ཐོག་མར་རྩོམ་ཐུང་ཐུང་ནས་འགོ་བཙུགས་ཏེ་རྒན་ལགས་ལ་ཞུ་དག་ཆེད་འབུལ་བ་དང། རྒན་ལགས་ནས་དག་ཆ་སོགས་ནོར་བཅོས་བྱས་པ་དག་ལ་ནན་པོས་ལྟ་ཞིབ་ཀྱིས་ཕྱིས་སུ་གཟབ་སྟེ་རིམ་པས་འབྲི་རྩོམ་ལ་སྤྲོ་བ་བསྲིང་ཐུབ། ད་ལྟ་བོད་ནང་ཡོད་པའི་བོད་མི་རྣམས་ལ་སོ་སོའི་སྐད་དང་ཡི་གེ་སྦྱང་རྒྱུའི་རང་དབང་མ་སྤྲད་པར་བོད་པའི་ངོ་བོ་དང་རང་བཞིན་རྩ་བརླག་ཏུ་གཏོང་རྒྱུའི་འཆར་གཞི་ངན་པ་འདིང་བཞིན་ཡོད་ལ། ལྷག་པར་དུ་ཁོང་ཚོར་ཆུང་དུས་ནས་བཙན་དབང་གིས་རྒྱ་མིའི་སློབ་གྲྭ་ཁག་ཏུ་བཏང་བ་དང་། འདོད་པ་མེད་བཞིན་དུ་རྒྱ་ཡིག་དང་རྒྱ་ནག་གི་རིག་གཞུང་སོགས་སྦྱང་དུ་བཅུག་ནས་དེ་ཚོར་རྒྱ་མིའི་ཕྲུ་གུར་སྒྱུར་ཐབས་ཀྱི་བྱུས་ངན་འདིང་བཞིན་ཡོད། […]

ངའི་མ་འོངས་པའི་ཕ་ཡུལ་བོད།

ངའི་མ་འོངས་པའི་ཕ་ཡུལ་བོད།

བསྟན་འཛིན་ཆོས་འཛིན། འཛིན་གྲྭ་དགུ་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ངས་ཡ་ཆུང་གི་མིག་གཉིས་གདངས་ནས་བཟུང་སྟེ་དྲིན་ཅན་ཨ་མའི་བརྩེ་བ་དང་བྱམས་བརྩེའི་འོག་ཏུ་འཚར་ལོངས་བྱུང་རྐྱེན་གྱིས་ཞེད་སྣང་དང་དངངས་འཚབ་ཞི་བར་གྱུར་ནས་ཨ་མའི་པང་དུ་དེ་སྔ་ཚོར་མྱོང་མེད་པའི་བདེ་་སྐྱིད་ཀྱི་ཚོར་བ་ཞིག་སྐྱེས་བྱུང། ངས་ཆུང་དུས་ནས་རང་གི་བརྩེ་བའི་ཕ་ཡུལ་མངོན་སུམ་དུ་མཐོང་མྱོང་མེད་ལ་རང་གི་ཕ་ཡུལ་གྱི་ས་སྟེང་དུ་གོམ་སྟབས་ཡང་སྤོས་མྱོང་མེད། གུས་མོ་ང་རང་མཛེས་སྡུག་ལྡན་པའི་འཛམ་གླིང་འདིའི་ནང་མ་སྐྱེས་གོང་ནས་བོད་ཅེས་པའི་ཡུལ་ནི་རང་བཙན་མེད་པའི་ལུང་པ་ཞིག་ཆགས་འདུག།ང་གོ་ལ་འདིའི་ནང་སྐྱེས་བ་ནས་བཟུང་ངས་བསམ་པར་ང་ནི་རྒྱ་གར་ནང་དུ་བསྡད་མཁན་གྱི་མི་དཀྱུས་མ་ཞིག་རེད་སྙམ་བྱུང། འོན་ཀྱང་མི་དང་མི་ཕན་ཚུན་གྱི་སྐད་རིགས་དང་རིག་གཞུང་མི་འདྲ་བའི་ཁྱད་པར་དེ་མཐོང་དུས་སེམས་ནང་ལ་རང་ཉིད་ནི་རྒྱལ་ཁབ་གཞན་ཞིག་ནས་ཡིན་པ་མངོན་སུམ་གྱི་ཤེས་བྱུང། འོན་ཀྱང་སོ་སོའི་ལུང་པའི་རྒྱབ་ལྗོངས་མང་པོ་ཞིག་མི་ཤེས་པས། ངའི་སེམས་ནང་དུ་རང་གི་ཕ་ཡུལ་ཤོར་བའི་སྐྱོ་གདུང་གི་ཚོར་བ་གང་ཡང་ཚོར་མ་བྱུང། ད་ལྟ་ང་འཛིན་རིམ་དགུ་པའི་སློབ་མ་ཞིག་ཆགས་དུས། བོད་ཀྱི་དཀའ་ངལ་དང་སྡུག་བསྔལ་དེ་ཚོར་ཐུབ་པ་དང་ཤེས་ཀྱི་ཡོད་པས། རང་བཞིན་གྱི་བོད་ཡུལ་ལ་ཞེན་ཁོག་བསླེབས་ཀྱི་འདུག།གང་ཡིན་ཟེར་ན། བཀའ་དྲིན་ཅན་གྱི་བོད་དགེ་ཚོས་དཀའ་ངལ་ལ་མ་འཛེམས་པར་བོད་ཀྱི་རིག་གཞུང་དང་ཆོས། གོམས་གཤིས་སོགས་ཀྱི་སྐོར་ལ་འགྲེལ་བཤད་བསྐྱོན་གནང་གི་ཡོད་པར་མ་ཟད། རྒྱ་ནག་གིས་བོད་མིར་གདུག་རྩུབ་གཏོང་ཚུལ་གྱི་དངོས་སྒྲུང་རྣམས་གསུང་དུས་མིག་ཟུར་ནས་རང་དབང་མེད་པར་མིག་ཆུ་ཤོར་གྱི་འདུག་ལ། རང་བཞིན་གྱིས་རྒྱ་ནག་གི་འགོ་འཛིན་ཚོར་ཁོང་ཁྲོ་ཟ་ཡི་འདུག དེ་མ་ཟད་མི་གཞན་པ་ཚོས་རྒྱ་གཞུང་སྐོར་ལ་བཤད་པའི་སྐད་ཆ་ལ་བསམ་བློ་བཏང་ན་རྒྱ་གཞུང་གིས་བོད་ཡུལ་ལ་གདུག་རྩུབ་གཏོང་གི་ཡོད་པ། ཁོར་ཡུག་འབགས་འཙོག་བཟོས་པ། གཏེར་ཁ་སྔོག་འདོན་སོགས་བྱས་ནས་བོད་ཀྱི་ཡུལ་ལུང་འདི་གནོད་སྐྱོན་ཉིན་དང་ཉིན་བརྩེགས་ནས་བྱེད་ཀྱི་ཡོད་པ་མིག་མདུན་དུ་འཆར་གྱི་འདུག།དེ་ཡང་གཙུག་ལག་ཁང་དུ་རྨོ་ལགས་དང་སྤོ་ལགས་༸གོང་ས་མཆོག་གི་བཀའ་སློབ་ཉན་ནས་མིག་ཆུ་ལྷུང་ལྷུང་བཏང་དུས་རང་དབང་མེད་པར་ངའི་མིག་ནང་དུ་མཆི་མ་འཁོར་གྱི་འདུག། དེ་ནས་ངས་ཁ་ཁུ་སིམ་པོའི་ངང་ཡིད་སེམས་ནང་དུ་བོད་མི་རྣམས་ལ་མྱུར་གྱི་རང་བཙན་འཐོབ་པ་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། ངས་མིག་དེ་བཙུམ་ནས་ཕ་ཡུལ་བོད་ཀྱི་སྐོར་ལ་རྒན་ལགས་ཀྱིས་གང་གསུང་པ་ནང་བཞིན་བསམ་བློ་བཏང་དུས་ཕ་ཡུལ་བོད་ནི་མཛེས་ལྗོངས་དང་ཁ་བཏགས་ལས་དཀར་བའི་གངས་རི་ཡིན་པ་དང་སྔོ་ལྗང་རྩ་ཐང་གི་སྟེང་དུ་གུར་དང་རྟ་ནོར་ལུག་གསུམ་གྱི་འབའ་སྒྲ་ཡིན་ལ་། ད་དུང་དྭངས་ཤིང་གཙང་བའི་རྒྱུགས་ཆུ་རྒྱུགས་བཞིན་ཡོད་པ་དང་དེ་ནང་གི་ཚོན་མདངས་རྣམ་པར་བཀྲ་བའི་ཉ་མོ་རྣམས་ཞབས་བྲོ་འཁྲབ་བཞིན་ཡོད་པ། གདོང་དམར་ཕྲུ་གུ་ཞིག་བོད་ཀྱི་ཁམས་ཆས་དང་ཨམ་ཆས་སྤྲས་ནས་གཡག་དང་འབྲུ་འཚོལ་བཞིན་ཡོད་པ། གནམ་ནི་ཚོན་མདངས་སྤྲིན་དཀར་གནམ་སྔོན་དང་ལྡན་པ་ཞིག་ངའི་སེམས་ནང་དུ་ཡོད་པའི་བོད་ཀྱི་འཆར་སྣང་ཞིག་ངའི་སེམས་ནང་དུ་ཡོད་པའི་བོད་ཀྱི་འཆར་སྣང་ཞིག་ཡིན། གུས་མོ་ང་རང་གིས་རང་གི་ཕ་ཡུལ་བོད་འདི་མངོན་སུམ་དུ་མཐོང་མྱོང་མེད་དུས་རང་བཞིན་གྱིས་དམྱལ་བའི་ནང་དུ་ཡོད་པའི་བདུད་དང་འདྲ་བར་ཚོར་སྣང་སྐྱེས་ཀྱི་འདུག གལ་སྲིད་བོད་དེ་སྔར་བཞིན་རང་བཙན་ཡོད་པའི་ལུང་པ་ཞིག་ཆགས་ན་ནམ་མཁའི་སྟེང་དུ་འཕུར་ལྡིང་བྱེད་མཁན་གྱི་བྱིའུ་ལྟར་ཚོར་བ་དང་ན་ཆུང་མིག་གི་ཆ་རྒྱུས་མེད་པའི་མཛེས་པའི་ཕ་ཡུལ་གྱི་ཡུལ་ལྗོངས་དང་རང་གི་རིན་ཆེན་ལས་རྩ་ཆེ་བའི་སྤུན་མཆེན་རྣམས་མཐོང་ན་འཛམ་གླིང་གི་སྟེང་དུ་མི་བསོད་བདེ་ཆེ་ཤོས་ལྟར་ཚོར་ས་རེད། གལ་སྲིད་ང་ཚོ་བོད་ལ་བསླེབས་ན་བོད་ནང་དུ་ཡོད་པའི་རྒྱུན་སྲོལ་དེ་མི་འདྲ་བ་ཞིག་འགྱུར་གྱི་རེད། དེ་ཡང་འབྲོག་པའི་འཚོ་བ་སྐྱེས་མཁན་ཉུང་དུ་འགྲོ་ཡི་རེད། གང་ཡིན་ཟེར་ན་རྒྱ་གར་ནས་བསླེབས་པའི་བོད་མི་རྣམས་གྲོང་ཁྱེར་ནང་བསྡད་ཀྱི་ཡོད་པའི་གྲོང་གསེབ་ཀྱི་འཚོ་བ་དེ་སྐྱེས་ཤེས་ཀྱི་མ་རེད། བོད་གཞུང་གིས་ལས་བྱེད་རྣམས་ཀྱིས་བོད་ཡུལ་དེ་ཡར་རྒྱས་གཏོང་འགོ་བཙུགས་པ་དང་དེ་ནས་རིམ་གྱི་་བོད་མི་ཚང་མ་ལག་པ་གཅིག་ཏུ་སྦྲེལ་ཏེ་ལས་ལ་ཧུར་གྱི་བརྩོན་གྱི་རེད། དེ་མ་ཟད་བོད་གཞུང་གིས་བོད་ཡུལ་གྱི་སྐམ་ས་ཚང་མར་ཤིང་སྡོང་གང་མང་བཏབ་འགོ་བཙུགས་པ་དང་སློབ་གྲྭ་གསར་པ་འཛུགས་སྐྲུན་བྱེད་པ། ལྷག་པར་དུ་བོད་མི་རྣམས་ལ་ཁང་པ་གསར་འཛུགས་བྱེད་ཀྱི་རེད། ག་ལེར་བོད་ནང་ཟླ་བ་ཁ་ཤས་སོང་བའི་རྗེས་བོད་གཞུང་གིས་བོད་རང་གི་དམག་དཔུང་བཀོད་པ་མ་ཟད་ཉེ་འཁོར་གྱི་ཉེན་རྟོག་པའི་ལས་སྣེ་ཡང་བསྐོ་གནང་གི་རེད། བརྒྱུད་རིམ་དེ་ལག་བསྟར་བྱེད་པའི་རྐྱེན་བོད་མི་རྣམས་རང་ཉིད་ཀྱི་ཉེ་འཁོར་ལ་ཞི་བདེ་བསྐྲུན་ཐུབ་པ་དང་རྐུ་མ་ཁ་རྩོད་ཤོར་བའི་དཀའ་ངལ་འཕྲད་ཀྱི་མ་རེད། ད་དུང་བོད་མི་རྣམས་ཆོས་དང་རིེག་གཞུང་གོང་སྤེལ་གཏང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་ཀྱི་རེད། དེ་ནས་བོད་གཞུང་གིས་སློབ་གྲྭ་ནས་ཚན་རིག་པ་མང་པོ་ཞིག་ཐོན་ཏེ་མ་འོངས་པ་ཕྱི་ཡི་རྒྱལ་ཁབ་ཀྱི་བཟོས་མྱོང་པའི་ཅ་དངོས་རྣམས་འཛུགས་སྐྲུན་བྱེད་ཀྱི་རེད། དེ་རྗེས་བོད་ཅེས་པའི་རྒྱལ་ཁབ་དེ་འཛམ་བུ་གླིང་ནང་དེ་སྔ་བྱུང་མ་མྱོང་པའི་ཤེས་རབ་དང་རྙིང་རྗེ། བྱམས་བརྩེ་དང་ལྡན་པའི་རྒྱལ་ཁབ་སྐད་གྲགས་ཆེན་པོ་ཞིག་ཏུ་འགྱུར་གྱི་རེད། དེ་ནས་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་མ་ཟད། ཕྱིའི་རྒྱལ་ཁབ་ཚང་མ་ཁོང་ལ་ཡིད་ཆེས་དང་དད་པ་ཤུགས་ཆེན་ཞིག་སྐྱེས་ཀྱི་རེད། སྐྱོ་བ་ཞིག་ལ་༸གོང་ས་མཆོག་གིས་བོད་ནང་དུ་སྐུ་ལས་མང་དུ་བསྐྱོན་པར་བརྟེན་ཁོང་རྒྱལ་ཁབ་གཞན་ལ་མང་པོ་བསྐྱོད་ཐུབ་ཀྱི་མ་རེད། ད་དུང་ཁོང་བཙན་བྱོལ་དུ་མེད་པའི་བོད་མི་རྣམས་ལ་ཉིན་ལྟར་ཆོས་གསུངས་དགོས་བྱུང་བའི་ལས་སྣོན་དུ་འགྱུར་གྱི་རེད། མཐར་མ་དེར་ང་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ནུས་པ་ཡོད་ཚད་བཏོན་ཏེ་རང་གི་ཕ་ཡུལ་བོད་འདི་འཛམ་བུ་གླིང་ནང་དུ་ཐོས་ཐུབ་པ་དང་མི་རིགས་གཞན་ལ་མིག་དཔེ་བཟང་པོ་སྤེལ་ཐུབ་པ་ཞིག་བཟོ་ཐུབ་པར་ཐབས་ཤེས་བྱེད་ཀྱི་ཡིན། ད་དུང་ང་ཚོ་བོད་ཀྱི་རྒྱུན་སྲོལ་དང་ཆོས་ལུགས་རིག་གཞུང་སྐད་ཡིག་དར་ཁྱབ་ཡོང་ཐུབ་པ་དང༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་ཉམས་ལེན་བྱེད་ནས་བོད་དེ་རང་བཙན་དང་རང་དབང་ཡོད་པ་ཞིག་ཡོང་རྒྱུ་ནི་ངའི་སེམས་ནང་གི་མ་འོངས་པའི་བོད་ཡིན། མཐའ་བཞི་གངས་རི་སྐོར་བའི་ཕ་ཡུལ་བོད།།མཛེས་སྡུག་ལྡན་ཀྱང་རྒྱ་མི་ལག་ཏུ་ཤོར།།རྒྱ་གཞུང་བོད་མིར་གདུག་རྩུབ་ཆེན་པོ་བཏང།།མཐའ་ན་ཕྲུ་གུ་ཚོ་ལ་ལྷོད་ཡངས་མེད།།རྒྱ་གཞུང་ཁྱོད་རང་དེ་འདྲ་བྱེད་དོན་གང།།དངུལ་གྱིས་ཁྱོད་ལ་ག་རེ་ཐོབ་ཀྱི་འདུག།མཛེས་པའི་ཕ་ཡུལ་གཏོར་བཤིག་བཏང་བའི་རྗེས།།སེམས་ནང་བདེ་སྐྱིད་བསླེབས་སམ་རྒྱུན་མཚན་ཤོད།།