Skip to main content
ཤེས་རིག་ལས་ཁུངས།

ང་དང་བོད་ཀྱི་སྐད་ཡིག

ང་དང་བོད་ཀྱི་སྐད་ཡིག

བསྟན་འཛིན་དགྲ་འདུལ། འཛིན་གྲྭ་བཅུ་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྐད་ཡིག་ཅེས་པ་ནི་མིའི་རིགས་ཀྱིས་བེད་སྤྱོད་བྱེད་པའི་བཀོད་སྒྲིག་ཀྱི་བརྡ་སྤྲོད་མ་ལག་ཞིག་ལ་ཟེར། རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན། སྐད་ཡིག་ནི་ཧ་ལས་པའི་གལ་ཆེན་པོ་ཞིག་རེད། རྒྱུ་མཚན་ནི་སྐད་ཡིག་དེ་ཡིས་རྒྱལ་ཁབ་ཀྱི་རིག་གཞུང་དང་། ལོ་རྒྱུས། ངོ་བོ་བཅས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད། ད་དུང་སྐད་ཡིག་བརྒྱུད་ནས་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱེད་ཐུབ་པ་དང་། བསམ་ཚུལ་ཡང་བཤད་ཐུབ་ནས་སྤྱི་ཚོགས་མཉམ་དུ་འབྲེལ་བ་དམ་པོ་བཟོ་ཐུབ། སྐད་ཡིག་ཞིག་ཡོད་ན་མི་རྣམས་ཀྱི་ཤེས་ཡོན་འཕེལ་རྒྱས་སླ་བ་དང་། རྒྱལ་ཁབ་དེ་ཡར་རྒྱས་འགྲོ་རྒྱུ་སླ་རུ་གཏོང་གི་ཡོད། གལ་སྲིད་རྒྱལ་ཁབ་ཞིག་ལ་སྐད་ཡིག་མེད་ན་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱེད་བདེ་བ་ཡང་ཡོད། གང་ཡིན་ཟེར་ན། རྒྱལ་ཁབ་ཞིག་མངའ་འོག་ཏུ་བསྡུ་བའམ་ཡང་ན་རྩ་མེད་གཏོང་བ་ལ་དང་པོ་རྒྱལ་ཁབ་དེའི་སྐད་ཡིག་མེད་པ་བཟོ་དགོས་པ་རེད་ཅེས་བཤད་ཀྱི་ཡོད། སྐད་ཡིག་མེད་པ་བཟོས་པའི་རྗེས་རིམ་བཞིན་རྒྱལ་ཁབ་དེའི་མི་རིགས་དང་རྒྱལ་ཁབ་ཀྱི་མིང་ཡང་ག་ལེར་མེད་པར་གྱུར་གྱི་རེད། བྱས་ཙང་མི་རིགས་ཤིག་དང་དེའི་རིག་གཞུང་རྒྱལ་ཁབ་བཅས་གསོན་པོར་གནས་པ་ལ་དེའི་སྐད་ཡིག་ལ་སྦྱང་སྤྱོད་སྤེལ་གསུམ་གྱིས་ཡར་རྒྱས་དང་བདག་གཅེས་བྱེད་དགོས། སྔོན་མིའི་དུས་སུ་ང་ཚོ་བོད་ཀྱི་རྒྱལ་ཁབ་དང་འདྲ་བ་མན་ཇུ་ཞེས་པའི་རྒྱལ་ཁབ་ཞིག་ཡོད་རེད། རྒྱལ་ཁབ་དེ་ལ་སོ་སོའི་སྐད་ཡིག་ཡོད་ཀྱང་། སྐད་ཡིག་དེ་ལ་སོ་སོའི་མི་རིགས་དེས་སྦྱང་སྤྱོད་སྤེལ་གསུམ་གྱི་དོ་སྣང་མ་བྱས་སྟབས། རྒྱ་མི་རིགས་ཀྱིས་ག་ལེར་མན་ཇུའི་སྐད་ཡིག་རྩ་བརླག་ཏུ་བཏང་ནས་མཐར་མན་ཇུའི་མི་རིགས་རྒྱ་མི་རིགས་སུ་གྱུར་ནས་མན་ཇུ་ཞེས་པའི་རྒྱལ་ཁབ་དེ་རྩ་མེད་དུ་གྱུར་བའི་ལོ་རྒྱུས་ང་ཚོས་གོ་མཐོས་ཡོང་གི་ཡོད། དེ་འདྲ་བའི་འཆར་གཞི་དེ་ད་ལྟ་རྒྱ་ནག་གཞུང་གིས་ང་ཚོ་བོད་མི་དང་བོད་རྒྱལ་ཁབ་ཀྱི་ཐོག་ལ་བེད་སྤྱོད་དང་ལག་ལྟར་བྱེད་ཀྱིན་ཡོད། དཔེར་ན་རྒྱ་ནག་གཞུང་གིས་ང་ཚོ་བོད་ཕྲུག་ཆུང་ཆུང་མང་པོ་རྒྱ་ནག་གི་སློབ་གྲྭ་ལ་གཏན་བསྡོད་བྱེད་བཅུག་ནས་རྒྱ་སྐད་མ་གཏོགས་བོད་མི་ཡིན་ཡང་བོད་སྐད་རྩ་བ་ནས་བརྒྱག་མ་བཅུག་པར་རྒྱ་ཕྲུག་ལྟ་བུ་གྱུར་ཐབས་བྱེད་ཀྱིན་ཡོད། དེ་བཞིན་དུ་བོད་ཀྱི་དགོན་སྡེ་གྲྭ་ཚང་ལ་གྲ་བ་དང་ཨ་ནེ་འཛུལ་མ་བཅུག་པར་བོད་ཀྱི་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་མེད་པ་བཟོ་ཡི་ཡོད། བོད་ཀྱི་ས་ཆ་རང་ལ་ལས་ཁུངས་ནང་རྒྱ་སྐད་དང་རྒྱ་ཡིག་མ་གཏོགས་བོད་མི་ཡིན་ཡང་བོད་སྐད་དང་བོད་ཡིག་བེད་སྤྱོད་བྱེད་སའི་རང་དབང་དང་། ཁོར་ཡུག་མེད་པ་བཟོས་ཡོད། བཙན་དབང་དང་ཐབས་ཇུས་དེ་དག་བེད་སྤྱད་ནས་མན་ཇུ་རྒྱལ་ཁབ་ལྟར་ང་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཀྱང་རྩ་མེད་བཟོ་བཞིན་པ་རེད། བྱས་ཙང་ང་དང་བོད་ཀྱི་སྐད་ཡིག་ནི་ཁ་བྲལ་ཐབས་མེད་པའི་ཆུ་དང་ཉ་ལྟ་བུ་རེད། གལ་སྲིད་ང་ཚོས་གཞན་ལ་རེ་བ་བཅོལ་མི་དགོས་པའི་སོ་སོའི་སྐད་ཡིག་དེ་སྦྱོང་སྤྱོད་སྤེལ་གསུམ་མ་བྱས་ན་ང་ཚོ་ཡང་མན་ཇུ་ཞེས་པའི་མི་རིགས་དེ་ལྟ་བུ་གྱུར་ཉེན་ཡོད། ཡང་བསམ་བློ་གཞན་ཞིག་ནས་བཤད་ན། བོད་ནང་ལ་རྒྱ་མིས་བོད་སྐད་ཡིག་མེད་པ་བཟོ་རྒྱུའི་ཐབས་ཤེས་འདྲ་མིན་སྣ་ཚོགས་བེད་སྤྱོད་གཏོང་གི་ཡོད་ཀྱང་། དགའ་དགོས་པ་ཞིག་ལ་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞེན་ཆེ་བའི་བོད་མི་ཡང་མང་པོ་ཡོད། དཔེར་ན། སྐད་ཡིག་སྲུང་སྐྱོབ་དགོས་ལབ་མཁན་བཀྲ་ཤིས་དབང་ཕྱུག་ཟེར་བ་ཞིག་དང་། ད་དུང་དེང་སང་དྲ་ལམ་དུ་མཐོང་རྒྱུ་ཡོད་པའི་བུ་མོ་བསམ་གཏན་ཟེར་བ་ཞིག་གིས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་འདི་ཡིག་ཚད་ལོན་པ་བྱེད་རྒྱུ་ཙམ་མིན་པར་འདི་ནི་བོད་མི་རིགས་ཀྱི་ཟུང་ཁྲག་དང་འབྲེལ་བ་ཡོད་པའི་སྐད་ཆ་དེ་གང་སར་ཁྱབ་ཡོད། ཁོ་ཚོར་སྐད་ཡིག་སྦྱོང་སྤྱོད་སླེལ་གསུམ་བྱེད་པ་ལ་རང་དབང་དང་། ཁོར་ཡུག་མེད་ཀྱང་ཁོ་ཚོར་བོད་སྐད་ཡིག་སྦྱང་རྒྱུར་འདུན་པ་དང་། དམིགས་ཡུལ། ད་དུང་སྲོག་ལས་ལྷག་པའི་དགའ་ཞེན་འདུག ད་རེ་བ་གཅིག་རང་ཡོད་པ་ནི། བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་རེད། ལྷ་པར་དུ་ང་ཚོ་འདྲ་བའི་བཙན་བྱོལ་བོད་ཕྲུག་རྣམས་རེད། མི་རྒན་པ་ཚོས་ང་ཚོར་མ་འོངས་བོད་ཀྱི་བདག་པོ་དང་། སོན་རྩ་སོགས་མིང་བཏགས་ཀྱི་ཡོད། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་དང་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་གོ་སྐབས་ཡོད་ལ། རང་དབང་དང་། ལས་འགན་ཡང་ཡོད། འོན་ཀྱང་ང་རང་གིས་བསམ་པར་རྒྱ་གར་ལ་བོད་ཕྲུག་རྣམས་ལ་བོད་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་ཧ་ཅང་གི་ཡག་པ་ཡོད། དེ་ནི་༸གོང་ས་མཆོག་གིས་བཀའ་དྲིན་རེད། གལ་སྲིད་༸གོང་ས་མཆོག་གིས་སྔ་མ་བོད་མིའི་ཆེད་སློབ་གྲྭ་ལོག་ཁར་མ་བཙུགས་ན། ད་ལྟ་ང་ཚོའི་སྐད་ཡིག་དེ་ངས་ཀྱང་རྒྱག་མི་ཤེས་པ་གསལ་པོ་རེད། བློ་ཕངས་བ་ཞིག་ལ་བོད་མི་མང་པོ་ཨ་རི་སོགས་ཕྱི་རྒྱལ་ལ་ཡོད་པ་དེ་དག་ལ་ང་ཚོའི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཁོར་ཡུག་ཡོང་རྒྱུ་དཀའ་ལས་ཁག་པ་ཡོད། འོན་ཀྱང་ང་ཚོར་རང་དབང་དང་། ལས་འགན་ཡོད་ཙང་ཁོར་ཡུག་བསྐྲུན་རྒྱུ་ཐབས་ཤེས་སོ་སོས་བྱེད་དགོས་ངེས་རེད། དཔེར་ན་ཕ་མས་ནང་དུ་བོད་སྐད་བཤད་པ་དང་བོད་ཡིག་ཟུར་ཁྲིད་བྱེད་དགོས། […]

ང་དང་བོད་ཀྱི་སྐད་ཡིག

ང་དང་བོད་ཀྱི་སྐད་ཡིག

བསྟན་འཛིན་ཟླ་དཀར། འཛིན་གྲྭ་བཅུ་གཉིས།མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། ད་ལྟ་ཉིད་དུ་ཕྱི་རོལ་དུ་ཉི་མ་ཤར་ཡོད་ནའང་གློ་བུར་དུ་ཆར་པ་འབབ་འགོ་ཚུགས་སོང། དྷ་རམ་ས་ལའི་གནམ་གཤིས་དེ་དངོས་གནས་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ་པའི་གནམ་གཤིས་ཤིག་ཡིན་ཟེར་བ་དེ་རྒྱུ་མཚན་དང་ལྡན་པ་ཞིག་རེད་འདུག སྐར་ཆ་གཅིག་ལ་ཉི་མ་ཤར་ཡོད་ནའང་སྐར་ཆ་གཅིག་རྗེས་ལ་ཆར་པ་འབབ་སྲིད་པ་རེད། གང་ལྟར་དུས་ཡུན་ཅུང་ཙམ་རྗེས་སུ་གུས་མོ་ང་རྩོམ་ཞིག་བྲི་དགོས་པ་དང་རྩོམ་ཡིག་དེའི་བརྗོད་གཞི་ནི་<<ང་དང་བོད་ཀྱི་སྐད་ཡིག>>ཅེས་པ་ཡིན། བདག་གིས་ག་ལེར་དཀར་གཙང་ཤོག་བུ་ཞིག་བཏོན་ནས་ལག་པ་གཉིས་འགུལ་འགོ་བརྩམས་པ་ཡིན། ཐོག་མ་དེ་ལ་འབྲི་དུས་བསམ་བློ་ལ་ཅི་ཞིག་ཀྱང་འཁོར་གྱི་མི་འདུག་ཀྱང་གུས་མོས་བསམ་བློ་ཞིབ་མོ་ཞིག་བཏང་སྟེ་འབྲི་འགོ་བརྩམས་པ་ན་དྲན་པའི་ངོས་སུ་འཆར་སྣང་གི་རི་མོ་གཅིག་རྗེས་གཉིས་མཐུད་དུ་སླེབས་དང་སླེབ་བཞིན་འདུག སྤྱིར་བཏང་བོད་ཀྱི་སྐད་ཡིག་ནི་འཛམ་གླིང་སྒོར་མོ་འདིའི་སྟེང་གི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་བཅུད་ཀྱིས་ཕྱུག་པའི་སྐད་ཡིག་ཅིག་ཡིན། རང་ཉིད་ཀྱིས་ངོས་ནས་བཤད་ན་བོད་སྐད་ནི་ཕ་སྐད་གཅིག་པུ་ཙམ་མིན་པར་གུས་མོའི་སེམས་ཀྱི་བརྩེ་བ་མཚོན་བྱེད་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་སྲོག་ལྟ་བུ་ཞིག་ཡིན། བོད་སྐད་ནི་ངའི་རིག་གནས་ཀྱི་རྩ་བ་ཡིན། ཆུང་དུས་ནས་རྨོ་རྨོ་ལགས་ཀྱིས་བཤད་པའི་སྒྲུང་གཏམ་དང་སྤོ་བོ་ལགས་ཀྱི་བཤད་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ནས་ང་ལ་བོད་ཀྱི་སྐད་ཡིག་གི་སྙན་ཆ་དང་གཏིང་ཟབ་པའི་གོ་རྟོགས་ཟབ་མོ་ཞིག་ཐོབ་བྱུང། བོད་ཡིག་གི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་པོ་ནི་བོད་ཀྱི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་བོད་སྐད་ནི་བསམ་བློ་དང་བརྩེ་བའི་ཟམ་པ་ཡིན། ང་ཚོས་རྒན་པ་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང་བྱེད་པའི་སྐབས་སུ་བོད་སྐད་ཀྱི་ཞེ་ས་དང་འཇམ་པའི་ཚིག་རྣམས་ཀྱིས་མི་དང་མིའི་བར་གྱི་འབྲེལ་བ་དེ་སྔར་ལས་དམ་དུ་གཏོང་གི་ཡོད། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་ཕ་སྐད་ལ་བརྟེན་ནས་ད་གཟོད་རང་གི་སེམས་ཀྱི་ཚོར་བ་དང་རེ་བ་དེ་དག་དངོས་གནས་ཞིག་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་དང་། ང་རང་སེམས་པ་སྐྱོ་བའི་སྐབས་དང་དགའ་བའི་དུས་སུའང་རང་གི་ཕ་སྐད་ཀྱིས་བརྗོད་ནས་སེམས་ཚོར་བཤད་ཐུབ། བོད་སྐད་ནི་འཛམ་གླིང་གི་ནོར་བུ་ཞིག་ཀྱང་ཡིན། དེང་སང་གི་དུས་སུ་ཡར་ཐོན་ཅན་གྱི་འཛམ་གླིང་གོར་མོའི་མི་རྣམས་ལ་ནང་སེམས་ཀྱི་བདེ་སྐྱིད་དང་འབྲེལ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། འོན་ཀྱང་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་སྐྱེས་ཆེན་མང་པོས་དཀའ་ངལ་དེ་དག་སེལ་ཐུབ་པའི་ཐབས་ལམ་བཟང་པོ་ཞིག་གོ་ལ་ཧྲིལ་པོར་བསྟན་ཡོད། འོན་ཀྱང་དེ་ནི་ལུས་ཀྱི་ནད་ལ་སྨན་སྤྲད་པ་ལྟར་མ་ཡིན་པར་རང་རང་སོ་སོས་འབད་བརྩོན་བྱ་དགོས་པ་ཞིག་ཡིན། དེར་བརྟེན་བོད་ཀྱི་སྐད་ཡིག་ནི་བོད་པ་ཁོ་ནར་མ་ཡིན་པར་འཛམ་གླིང་གི་མི་མང་པོས་ནང་དོན་རིག་པ་དང་གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་ལ་སློབ་སྦྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་རབས་མང་པོར་བོད་རིགས་ཁོ་ནས་བདག་སྐྱོང་དང་སྲུང་སྐྱོབ་བྱས་པའི་བོད་ཀྱི་སྐད་ཡིག་དེ་དུས་རབས་ཉེར་གཅིག་པའི་དུས་ཚོད་འདི་ལ་སླེབས་དུས་འཛམ་གླིང་མི་རིགས་བརྒྱ་ཕྲག་དང་། མི་མང་འབུམ་ཕྲག་མང་པོར་བེད་སྤྱོད་དང་དགོས་མཁོ་ཆེ་བ་ཞིག་ཏུ་གྱུར་ཡོད། ཡུལ་ལུང་གང་ཡིན་ཡང་མི་རིགས་དེའི་སྐད་དང་ཡི་གེ་སྲུང་སྐྱོབ་བྱ་རྒྱུ་ནི་མི་བུ་མི་རེ་ངོ་རེའི་འགན་འཁྲི་དང་འོས་འགན་ཡིན། སྤྱིར་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པ་ལ་མི་རེ་ངོ་རེས་རང་རང་སྤྱི་ཚོགས་ཁྲོད་དུ་སྐད་དང་ཡི་གེ་བེད་སྤྱོད་བྱ་རྒྱུ་དང་། མ་འོངས་པའི་མི་རབས་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་དེ་ཡིན། གུས་མོ་ང་ལ་མཚོན་ན་རང་ཉིད་ཀྱི་སྐད་ཡིག་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་འགན་འཁྲི་ཡོད་པར་བསམ་གྱི་ཡོད། མཐར་བོད་སྐད་དང་ང་ནི་ཆུང་བྱིས་པའི་དུས་ནས་ཆུ་དང་ཉ་ལྟར་གྱེས་རྒྱུ་མེད་པའི་འབྲེལ་བ་ཞིག་ཡིན། བོད་སྐད་མེད་ན་ང་ལ་རང་གི་མི་རིགས་ཀྱི་ངོ་བོ་མེད་པ་དང་གཅིག་མཚུངས་ཡིན། མ་འོངས་པར་གུས་མོས་མུ་མཐུད་ནས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ཏེ་རིན་ཐང་བྲལ་བའི་རིག་གནས་འདི་མི་རབས་རྗེས་མ་དག་ལ་བརྒྱུད་སྤྲོད་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད།།

ང་དང་ངའི་ཕ་ཡུལ་བོད།

ང་དང་ངའི་ཕ་ཡུལ་བོད།

བསྟན་འཛིན་དབྱངས་སྐྱིད། འཛིན་གྲྭ་བཅུ་གཉིས།སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། ཁོ་མོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་སྟེ་བོད་ཀྱི་མ་འོངས་ཤེས་བརྗོད་ན། སེམས་ནང་གདུང་སེམས་དང་རེ་བ་ཆེན་པོ་གཉིས་ཀ་ལྷན་ཞིག་ཏུ་སྐྱེས། འདི་གཉིས་ཀ་བདེན་པ་ཡིན། དེར་མ་ཟད་བདེན་པ་འདི་ཉིད་ཀྱི་ཕྱིར་རང་གི་རིགས་རུས་དང་ཕ་ཡུལ་ལ་བརྩེ་སེམས་མི་མཉམ། བོད་ཀྱི་རི་རྒྱུད་མཐོ་ཞིང་དམར་བ་དེར་བརྗེད་ཐབས་བྲལ་བའི་སྔོན་བྱུང་ལོ་རྒྱུས་རིང་མོ་འདུག གངས་རིས་མུ་ཁྱུད་ཀྱིས་བཅིངས་པའི་བོད་ལྗོངས་མཛེས་ཤིང་ཡིད་དུ་འོང་། བོད་ཀྱི་ཆུ་བོ་རྒྱལ་མཚན་གྱི་ཁ་བ་ལ་འབབ་ཞིིང་རི་མོ་རྒྱུ་བ་དེར་ས་གཞི་ཞིག་གི་གདུང་སེམས་མངོན། བོད་མི་གང་ཞིག་ས་གཞི་དེའི་ཆུ་བོ་དང་གངས་རིའི་ཐོག་ཏུ་མ་ཐུབ་ཀྱང་། སེམས་ལ་ཕ་ཡུལ་དེའི་དབུགས་ཀྱི་སྒྲ་རྒྱུན་དུ་གྲགས་ཀྱི་ཡོད། ང་ཚོའི་མ་འོངས་པའི་བོད་ནི་ད་ལྟར་གྱི་ང་ཚོའི་བྱེད་ཐབས་ལ་བརྟེན་ཡོད། གལ་ཏེ་བོད་ཀྱི་གཞོན་ནུ་ཚོས་ད་ལྟ་བོད་ཀྱི་སྐད་ཡིག་དང། ལོ་རྒྱུས། ཆོས་ལུགས། རིག་གཞུང་རྣམས་སྒོ་ཀུན་ནས་སྲུང་སྐྱོབ་དང་གཅེས་སྐྱོང་ཚུལ་བཞིན་མ་བྱས་ན། མ་འོངས་པར་དེ་ཚོ་གསོན་པོར་གནས་ཐུབ་ཀྱི་མ་རེད། སྐད་ཡིག་ནི་རི་མོ་ཡང་ན་གཞས་ལྟར་མིན། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་སྲོག་ལྟར་ཡིན། བོད་མི་རྣམས་འཛམ་གླིང་ཡུལ་གྲུ་མང་པོར་ཁ་འཐོར་ནས་གནས་སྡོད་བྱེད་ཀྱི་ཡོད། སེམས་ལ་ཕ་ཡུལ་བོད་ཅེས་པ་ནི་ཉི་མ་ཤར་ཕྱོགས་ནས་ཤར་བ་ལྟ་བུ་རྒྱུན་དུ་མདུན་ལ་སྣང་གི་འདུག གལ་ཏེ་མི་ཞིག་རང་གི་སེམས་ལ་ཕ་ཡུལ་གྱི་ལ་རྒྱ་དང་དྲི་མ། རི་རྒྱུད་ཀྱི་ལྗང་མདོག་དང་གངས་ཀྱི་དཀར་མདོག་བཞག་ཡོད་ན། མི་དེའི་སེམས་ཀྱི་གཏིང་ནས་མི་རིགས་དང་སྐད་ཡིག་རིག་གཞུང་སོགས་ནམ་ཡང་ཁ་བྲལ་འགྲོ་མི་སྲིད་པས་དེ་དག་ཉམས་གུད་དུ་འགྲོ་དཀའ། མི་རིགས་དེའི་ལོ་རྒྱུས་ཟུབ་མི་སྲིད་ལ། འཆི་བ་ནི་དེ་བས་དཀའ། མར་མེ་ཞིག་གི་འོད་དེ་མར་མེ་གཞན་མང་པོའི་དཀྱིལ་དུ་གསོན་པོར་གནས་པར་ཐེ་ཚོམ་མེད། དེར་བརྟེན་ངའི་རེ་བར་བོད་མི་ཡོད་དོ་ཅོག་གི་དུས་དང་རྣམ་པ་ཀུན་ཏུ་སེམས་ཀྱི་ནང་ནས་རང་གི་རིག་གཞུང་། སྐད་ཡིག། ངོ་བོ་སོགས་སྲུང་སྐྱོབ་ལེགས་པར་ཐུབ་ན་བོད་རྒྱལ་ཁབ་ཀྱི་བདེན་མཐའ་ཇི་ཙམ་མ་གསལ་ན་ཡང་བོད་ཀྱི་ངོ་བོ་བརླགས་ཐབས་མེད་པས་འདི་ནི་ཁོ་མོས་རེ་བ་ཙམ་ཡིན། བོད་མི་རྣམས་ཀྱི་སེམས་ཀྱི་ས་གཞིིའི་སྟེང་དུ་བོད་མི་རིགས་ཀྱི་གོང་ཞུས་ཁྱད་ཆོས་རྣམས་རྒྱུན་མི་ཆད་པར་ཉར་ཐུབ་ན་མ་འོངས་པར་བོད་འདི་མ་ཉམས་རྒྱུན་རིང་གནས་ཐུབ་ངེས། ང་ཚོ་བོད་མི་རྣམས་ས་གནས་གང་དུ་བཞུགས་ཀྱང་རང་གི་རྩ་བ་དེ་ནམ་ཡང་བརྗེད་མི་རུང་། མུ་མཐུད་ནས་སེམས་ཤུགས་ཆགས་རྒྱུ་མེད་པར་སྙིང་སྟོབས་དགོས། ཉིན་གཅིག་བོད་ལ་སྐྱིད་པའི་ཉི་མ་ཤར་གྱི་མ་རེད་ཅེས་སུས་བཤད་ཐུབ། སོང་ཙང་ང་ཚོ་བཙན་བྱོལ་བ་རྣམས་ལ་སྙིང་སྟོབས་དང་བརྩོན་འགྲུས་ཐང་མ་ཆད་པར་བྱས་ན་ང་ཚོའི་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད། ང་ཚོའི་ཁ་བའི་ལྗོངས་ཀྱི་བོད་དེ་རྒྱ་ནག་གི་དྲག་པོའི་དབང་བསྒྱུར་དང་བཙན་གནོན་གྱི་དུས་ཡུན་ལོ་ངོ་ཇི་ཙམ་སོང་ན་ཡང་། མུན་ནག་དེ་ནི་རྒྱུན་རིང་མ་གནས་པར་ནམ་ཞིག་གསལ་བར་ངེས། ལོ་རེར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་མུ་མཐུད་ནས་དཀའ་ལས་མེད་པར་བྱེད་དགོས། ང་ཚོའི་ལུང་པ་དེ་མེད་བསམ་པའི་བསམ་བློ་མེད་པར་ཉིན་གཅིག་ང་རང་གི་ཕ་ཡུལ་མི་གཞན་ལ་གཡར་བཞག་པ་རྗེས་སུ་རང་འཇགས་ཐོབ་ངེས་བསམ་ནས་སྨོན་ལམ་རྒྱག་རྒྱུ་ཡང་ཧ་ཅང་གལ་ཆེན་པོར་མཐོང་། གུས་མོ་ང་རང་ཡིན་ན་ཡང་ཉིན་ལྟར་སྨོན་ལམ་རྒྱག་གི་ཡོད། ངའི་རྨི་ལམ་ནང་དུ་ཤར་བའི་མ་འོངས་པའི་ཕ་ཡུལ་བོད་དེ་བཙན་འོག་མགོ་བོ་བསྒུགས་ནས་བསྡད་རྒྱུ་མེད་པར་འཇིགས་སྣང་དང་ཞུམ་པ་མེད་པར་རང་གི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་ལ་ལོངས་སུ་སྤྱོད་ཐུབ་པ་ཞིག་བྱུང་ན་བསམ་གྱི་ཡོད། ཆུང་བྱིས་པའི་དུས་ཡུན་ཆ་ཚང་ཞིག་བཙན་བྱོལ་ཡུལ་དུ་བསྐྱལ་ཞིང་། མ་འོངས་པ་རང་ཡུལ་རང་གི་ཕ་ཡུལ་ངོ་མ་དེར་འགྲོ་རྒྱུ་བྱུང་ན་སྐྱིད་པ་ལ་ཨང་། མ་འོངས་པའི་བོད་ཀྱི་གསོན་རྩ་ཚོས་ད་ལྟ་ནས་སློབ་སྦྱོང་ལ་སྦྱང་བརྩོན་བྱས་ཏེ་ནམ་ཞིག་བོད་ལ་ལོག་ཐུབ་ཀྱི་ཡོད་ན་དྲན་ནས་ཡོད། མ་འོངས་པར་བོད་ལ་ང་ཚོ་བཙན་བྱོལ་བ་ཡོད་དོ་ཅོག་རང་ཡུལ་དུ་འཛོམས་ནས་རང་དབང་དང་ཞི་བདེ་དཔལ་ལ་ལོངས་སྤྱོད་ཐུབ་པ་ཞིག་མཐོང་འདོད་འདུག མ་འོངས་པའི་བོད་དེ་འགྱུར་བ་ཆེན་པོ་བཏང་འདོད་ཡོད། ང་ཚོའི་རྒྱུན་སྤྱོད་ལམ་སྲོལ་ངན་པ་རྣམས་དོར་ཏེ་བོད་གསར་པ་ཞིག་ཏུ་གྱུར་པར་བསམ། མཐར་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དང་བོད་མི་རིགས་ཡོངས་རྫོགས་བོད་ལ་ལོག་ཐུབ་པ་དང་། ཕ་ཡུལ་གྱི་ཁོར་ཡུག་མ་ཉམས་པར་རང་བཞིན་གྱི་ཁོར་ཡུག་གནས་པ་དང་། […]

ངའི་མ་འོངས་པའི་ཕ་ཡུལ་བོད།

ངའི་མ་འོངས་པའི་ཕ་ཡུལ་བོད།

བསྟན་འཛིན་དབྱངས་སྐྱིད། འཛིན་གྲྭ་བཅུ་པ།ཧ་པ་པུར་སཾ་བྷོ་ཊ་སློབ་གྲྭ། བོད་ཀྱི་ལོ་རྒྱུས་ནི་རི་བོ་ཧི་མ་ལ་ཡའི་རླུང་བསིལ་ཁྲོད་དུ་བྲིས་པའི་བཟོད་བསྲན་དང་སྙིང་སྟོབས་ཀྱི་ལེའུ་ཞིག་རེད། ང་ཚོས་བོད་དང་བོད་མིའི་མ་འོངས་པའི་སྐོར་ལ་བསམ་བློ་གཏོང་སྐབས། དེ་ནི་ས་ཁམས་ཀྱི་གནས་བབས་ཙམ་མ་ཡིན་པར། དཀའ་ངལ་གཉན་འཕྲང་དུ་མའི་ཁྲོད་ནས་གསོན་པོར་གནས་པའི་མི་རིགས་ཤིག་གི་ངོ་བོ་ཡར་རྒྱས་ལ་གོ་དགོས། བོད་ཀྱི་མ་འོངས་པ་ནི་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་བྱས་པའི་ནུས་པ་དང་། གཞོན་སྐྱེས་ཚོས་ཕ་མེས་ཀྱི་ཤུལ་བཞག་རྣམས་འཛམ་གླིང་ཅན་གྱི་ཁོར་ཡུག་གསར་པའི་ནང་དུ་ཇི་ལྟར་སྐྱེལ་ཐུབ་མིན་ལ་རག་ལས་ཡོད། ༡། ས་མཐོའི་ཁོར་ཡུག་དང་འཛམ་གླིང་གི་སྣེ་གསུམ་པ། བོད་ཀྱི་མ་འོངས་པའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ནི་ཁོར་ཡུག་རེད། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་གྲགས་ཤིང་། སྣེ་ལྷོ་བྱང་གཉིས་ཕུད་པའི་འཛམ་གླིང་གི་འཁྱག་རོམ་དང་ཆུ་མཛོད་ཆེ་ཤོས་དེ་རེད། བོད་མིའི་མ་འོངས་པ་ནི་ས་ཆ་འདིའི་གནས་བབས་དང་དམ་པོར་འབྲེལ་ཡོད། འཛམ་གླིང་གི་ནམ་ཟླའི་འགྱུར་ལྡོག་ལ་བརྟེན་ནས་བོད་མིའི་ལས་འགན་དེ་ཁོར་ཡུག་སྲུང་སྐྱོབ་པ་ཞིག་གི་ངོ་བོར་འགྱུར་རྒྱུ་ནི་གདོན་མི་ཟ་བ་ཞིག་རེད། མ་འོངས་པར་བོད་མི་ཚོས་སྲོལ་རྒྱུན་གྱི་འབྲོག་པའི་ཤེས་རབ་དང་དེང་རབས་ཀྱི་ཚན་རིག་ཟུང་འབྲེལ་བྱས་ཏེ། ཨེ་ཤེ་ཡའི་རྨ་ཆུ་དང་འབྲི་ཆུ་སོགས་ཆུ་བོ་ཆེན་པོ་རྣམས་ཀྱི་མགོ་ཁུངས་སྲུང་སྐྱོབ་བྱེད་མཁན་གྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བའི་རེ་བ་ཡོད། འདི་ནི་བོད་མི་རིགས་ཀྱི་གནས་སྟངས་ཙམ་མ་ཡིན་པར། ཨེ་ཤེ་ཡའི་མི་འབོར་ཐེར་འབུམ་མང་པོའི་འཚོ་གནས་དང་འབྲེལ་བའི་གནད་དོན་ཞིག་ཀྱང་རེད། ༢། འཕྲུལ་རིག་དུས་རབས་ཀྱི་རིག་གནས་གསོན་པོ། སྔོན་དུས་སུ་བོད་ནི་ཁེར་རྐྱང་དུ་གནས་ཡོད་ཀྱང་། མ་འོངས་པའི་བོད་མི་ནི་འབྲེལ་མཐུད་ཀྱི་དུས་རབས་ནང་གནས་ཡོད། དེང་སང་ང་ཚོས་འཕྲུལ་རིག་གི་བོད་ཅིག་མཐོང་བཞིན་ཡོད། བོད་ནང་དང་ཕྱི་སྡོད་བོད་པའི་གཞོན་སྐྱེས་ཚོས་བརྡ་འཕྲིན་འཕྲུལ་རིག་དང་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་གསོན་པོར་ཉར་བཞིན་ཡོད། མ་འོངས་པའི་བོད་མིའི་ངོ་བོ་ནི། ༣། བཙན་བྱོལ་དང་གཞིས་ལུས་ཀྱི་ཟུང་སྦྲེལ། བོད་མིའི་མ་འོངས་པ་ནི་བོད་གངས་ཅན་ལྗོངས་ཙམ་མ་ཡིན་པར། རྒྱ་གར་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོའི་སྙིང་སྟོབས་ལའང་རག་ལས་ཡོད། བོད་མི་ཚོས་རང་གི་ས་ཆ་མེད་ཀྱང་རིག་གཞུང་གསོན་པོར་ཉར་ཐུབ་པ་དེས་འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། མ་འོངས་པར་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོ་ནི་སྤྱི་ཚོགས་ཀྱི་དྲ་བ་གཅིག་གི་འོག་ཏུ་གནས་ཏེ། བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པའི་ལྟ་བ་བཅས་ཀྱི་སྒོ་ནས་འཛམ་གླིང་ལ་ཞབས་འདེགས་ཞུ་མཁན་ཞིག་ཏུ་འགྱུར་རྒྱུ་རེད། ལྷག་པར་དུ་གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་གནས་ཚད་མཐོ་རུ་འགྲོ་བ་དང་ཆབས་ཅིག ཁོང་ཚོས་རང་གི་ལོ་རྒྱུས་དང་ཐོབ་ཐང་རྩོད་ལེན་བྱེད་པའི་ནུས་པ་དེ་སྔར་ལས་རྣོ་ངར་ལྡན་པ་ཞིག་ཏུ་འགྱུར་བའི་ངེས་པ་ཡོད། ༤། བྱམས་བརྩེ་དང་ཞི་བདེའི་ལམ་སྟོན། འཛམ་གླིང་འདིའི་ནང་འཚེ་བ་དང་དམག་འཁྲུག་གི་རྦ་རླབས་ཇི་ལྟར་ཆེ་ཡང་། བོད་མིའི་མ་འོངས་པའི་རིན་ཐང་ཆེ་ཤོས་ནི་བྱམས་པ་དང་སྙིང་རྗེ་རེད། ༸གོང་ས་མཆོག་གི་ལམ་སྟོན་འོག་བོད་མི་ཚོས་འཛམ་གླིང་ལ་སེམས་ཁམས་རིག་པ་དང་། སེམས་ཀྱི་ཞི་བདེ་བཟོ་སྟངས་ཀྱི་སློབ་གསོ་སྤྲོད་ཐུབ། འདི་ནི་བོད་མིའི་མ་འོངས་པའི་སྟོབས་ཤུགས་ཆེ་ཤོས་དེ་རེད། མ་འོངས་པའི་བོད་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཙམ་མ་ཡིན་པར། བསམ་བློའི་རིན་ཐང་གི་སྟོབས་ཤུགས་ལ་བརྟེན་ནས་གནས་ཐུབ་པ་ཞིག་ཡོང་རྒྱུ་རེད། མཇུག་བསྡོམས་ཀྱི་གཏམ། བོད་ཀྱི་མ་འོངས་པ་ནི་འགྱུར་བ་གཏོང་མི་ཐུབ་པའི་ལས་དབང་ཞིག་མ་ཡིན་པར། དེ་ནི་འགྱུར་བ་དང་བསྟུན་མཁས་ཀྱི་ལམ་བུ་ཞིག་རེད། དེ་ནི་ལོ་ངོ་སྟོང་ཕྲག་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ཤེས་བྱ་གཉིས་ཟུང་དུ་འབྲེལ་བའི་མ་འོངས་པ་ཞིག་རེད། དཀའ་ངལ་ཇི་ལྟར་ཆེ་ཡང་། བོད་མིའི་སེམས་ནང་གི་གངས་སེང་གི་སྙིང་སྟོབས་དེ་ནམ་ཡང་ཉམས་པ་མེད། བོད་མི་ཚོས་རང་གི་སྐད་ཡིག་དང་། དད་པ། ས་གཞི་ལ་བཅངས་པའི་བརྩེ་བ་བཅས་རྒྱུན་འཛིན་བྱས་ན། བོད་ཀྱི་མ་འོངས་པ་ནི་འོད་ཟེར་འཕྲོ་བ་ཞིག་དང་། […]

ང་དང་ངའི་མ་འོངས་པའི་བོད།

ང་དང་ངའི་མ་འོངས་པའི་བོད།

བསོད་ནམས་དཔལ་སྐྱིད། འཛིན་གྲྭ་བཅུ་གཉིས།སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།  འཛམ་གླིང་གི་ཡང་རྩེ་རུ་གངས་རི་རྭ་བས་བསྐོར་བའི་ལྗོངས་ཤིག་ཡོད་པ་ནི་ངའི་མེས་པོ་ཚོའི་ཕ་ས་སྟེ་བོད་ལྗོངས་ཡིན། ང་ནི་བོད་ཀྱི་ས་གཞི་ཆེན་པོའི་སྟེང་དུ་སྐྱེས་བའི་བསོད་ནམས་མ་ཐོབ་ཀྱང་། ངའི་ལུས་ཀྱི་ཁྲག་དང་ཤ་རུས་ནང་བོད་པའི་ངོ་བོ་འཐིམས་ཡོད། ཕ་མེས་ཀྱི་ལོ་རྒྱུས་དང་རྒན་རབས་ཚོའི་ཞལ་ལས་ཐོན་པའི་གཏམ་རྒྱུད་ཀྱིས་ངའི་སེམས་ཁོངས་སུ་བོད་ལྗོངས་ཀྱི་བརྙན་རིས་ཤིག་བྲིས་ཡོད། ང་ལ་མཚོན་ན་ང་རང་བོད་ལ་སྐྱེས་མེད་རུང་བོད་ནི་ཐག་རིང་བའི་ཡུལ་ཞིག་ཙམ་མ་ཡིན་པར་ངའི་རེ་བ་དང་། ངའི་ངོ་བོ། ངའི་མ་འོངས་པའི་རྨི་ལམ་གྱི་ལྡུམ་ར་ཞིག་ཡིན། ང་རང་ནི་ཡུལ་གྱར་བ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་ཤིང་ནར་སོན་པའི་བརྒྱུད་རིམ་ནང་ངས་གཏན་དུ་རང་ཉིད་ལ་ང་སུ་ཡིན་ཞེས་པའི་དྲི་བ་འདི་དུས་ནམ་ཡང་འདྲི་ཀྱི་ཡོད། ངས་བོད་སྐད་རྒྱག་པ་དང་། བོད་ཡིག་སྦྱོང་བ། བོད་ཀྱི་གོམས་གཤིས་བཟུང་བ་ནི་སྲོལ་རྒྱུན་ཙམ་མ་ཡིན་པར་འདི་ནི་མ་འོངས་པའི་བོད་ལྗོངས་དང་འབྲེལ་བ་བྱེད་པའི་ཟམ་པ་དེ་ཡིན། ང་བོད་དུ་མ་སྐྱེས་ཀྱང་ངའི་སེམས་ཀྱི་ཁོངས་སུ་ཇོ་མོ་གླང་མའི་མཐོ་ཚད་དང་ཡར་ལུང་གཙང་པོའི་རྦ་རླབས་ཀྱི་སྟོབས་ཤུགས་དང་སེམས་ཤུགས་ཀྱིས་བཏུམས་ནས་ཡོད། ང་ཚོ་ཕྱི་སྡོད་བོད་རིགས་གཞོན་སྐྱེས་ཚོ་ནི་མ་འོངས་པའི་བོད་ཀྱི་ས་བོན་ལྟ་བུ་ཡིན་པས་ས་མཐའ་གང་དུ་སོང་ཀྱང་རང་གི་རྩ་བ་བརྗེད་མི་རུང་ལ་དུས་ནམ་ཡང་བརྗེད་མི་སྲིད། ཁོ་མོའི་སེམས་ཁོངས་ཀྱི་མ་འོངས་པའི་བོད་ལྗོངས་ནི་འཛམ་གླིང་སྟེང་ལ་ཞི་བདེ་དང་། རང་བྱུང་ཁམས་ཀྱི་མཛེས་སྡུག་རྣམ་པར་བཀྲ་བའི་ལྗོངས་ཤིག་ཡིན། དེ་ནི་བོད་མི་རྣམས་རང་གི་ས་ཆའི་སྟེང་དུ་རང་དབང་དང་། གཟི་བརྗིད། འདྲ་མཉམ་གྱི་ངང་ནས་འཚོ་བ་སྐྱེལ་ཐུབ་པའི་གནས་ཤིག་ཡིན། མ་འོངས་པའི་བོད་ལྗོངས་སུ་བོད་ཀྱི་སྐད་ཡིག་གོང་འཕེལ་དང་ནུས་པ་ཆེས་ཆེར་རྒྱས་ཏེ་སློབ་གྲྭ་དང་། སྨན་ཁང། ཚན་རིག་བརྟག་དཔྱད་ཁང། གཞུང་གི་ལས་ཁང་བཅས་ཀྱི་ཁྲོད་དུ་གཙོ་བོ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་། བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གནས་དང་དེང་རབས་རིག་གསར་གྱི་ཤེས་ཡོན་གཉིས་ཟུང་འབྲེལ་སློབ་སྦྱོང་བྱེད་སའི་ལྟེ་གནས་ཞིག་ལ་ཁོ་མོས་རེ་སྒུག་བྱེད་ཀྱི་ཡོད། བོད་ཀྱི་ཁོར་ཡུག་ལ་ཆ་མཚོན་ན་སྔར་བཞིན་དྭངས་གཙང་དུ་གནས་ཤིང་། རི་སྐྱེས་སྲོག་ཆགས་དང་རང་བྱུང་གཏེར་ཁ་རྣམས་གཏོར་བཤིག་མ་སོང་བར་སྲུང་སྐྱོབ་བྱེད་མཁན་གྱི་ཡུལ་ཤིག་ལ་རེ་སྒུག་བྱེད་ཀྱི་ཡོད། མ་འོངས་པའི་བོད་ལྗོངས་ནི་རང་བྱུང་ཁམས་ཀྱི་འབྱུང་བ་གཅེས་འཛིན་བྱེད་ས་འཛམ་གླིང་ཀུན་ལ་དཔེ་མཚོན་དང་མིག་དཔེ་ལྟ་བུ་ཞིག་ཏུ་གྱུར་པ་དང་། དེ་བཞིན་དེང་རབས་ཀྱི་ལག་རྩལ་དང་ཤེས་ཡོན་གྱིས་ཕྱུག་ཅིང་དཔལ་འབྱོར་གྱི་སྟོབས་དང་ལྡན་པ་ཞིག་ཀྱང་ཆགས་པའི་རེ་བ་ཡོད། ཕྱི་རྒྱལ་གྱི་བོད་མི་ཐམས་ཅད་ཀྱང་ཕྱིར་རང་གི་ཕ་ཡུལ་དུ་འཛོམས་ནས་མཉམ་དུ་ལས་ཀ་བྱས་ནས་བདེ་སྐྱིད་ཀྱི་གནས་ཤིག་ཏུ་འགྱུར་བར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ངའི་མ་འོངས་པའི་བོད་ལྗོངས་དེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་རྩིས་མཐོང་བྱེད་མཁན་ཞིག་ཡིན་པ་མ་ཟད། དེང་རབས་ཀྱི་ཚན་རིག་དང་འཕྲུལ་ཆས་ཀྱི་ཤེས་བྱས་ཕྱུག་པ་ཆགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད། མ་འོངས་པའི་བོད་ལྗོངས་འདི་གང་འདྲ་ཞིག་གྲུབ་པར་ངས་ད་ལྟ་ནས་གྲ་སྒྲིག་བྱེད་ཀྱི་ཡིན། ང་བོད་དུ་མ་སྐྱེས་པ་དེ་གྱོང་གུད་ཅིག་ཏུ་མི་བརྩི་བར་དེ་ནི་འཛམ་གླིང་གི་ཤེས་བྱ་གསར་པ་སྦྱོང་བའི་གོ་སྐབས་ཤིག་ཏུ་བཟུང་ནས། རང་ཉིད་ལ་ཤེས་ཡོན་དང་ལག་རྩལ་གྱི་གཤོག་པ་བསྐྲུན་པ་ཞིག་ཏུ་བརྩི་ཡི་ཡོད། ང་ཚོ་ཡུལ་གྱར་བ་ནམ་ཞིག་ཕ་ཡུལ་དུ་ལོག་པའི་ཉི་མ་དེ་ཤར་གྱི་རེད་བསམ་གྱི་འདུག ང་ཚོ་གཞོན་སྐྱེས་ཚོ་ནི་བོད་ཀྱི་མ་འོངས་པའི་ཀ་བ་ལྟ་བུ་ཡིན་པས། ཀ་བ་བརྟན་པོ་མེད་ན་ཁང་བཟང་བརྟན་པོ་མི་ཡོང་བ་ལྟར་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་དགོས། ཤེས་ཡོན་ནི་སྟོབས་ཤུགས་ཡིན་པ་མ་ཟད་དེ་ནི་མ་འོངས་པའི་བོད་ལྗོངས་ཀྱི་ལྡེ་མིག་ཀྱང་ཡིན། མདོར་ན་ང་དང་ངའི་མ་འོངས་པའི་བོད་ལྗོངས་ནི་སེམས་གཅིག་ཏུ་འབྲེལ་ཡོད། ངའི་ཤ་རུས་ཁྲག་ལས་གྲུབ་པའི་ལུས་པོ་འདི་ཇི་ཙམ་ཐུབ་པ་དང་། དབུགས་ཀྱི་གཏོང་ལེན་མ་འགག་པར་ཇི་ཙམ་གནས་པ་དང་། ཡུལ་ལུང་གང་དུ་བསྡད་པ་དང་། ཚ་གྲང་དང་སྐྱིད་སྡུག་བཟང་ངན་གང་འདྲ་ཆགས་པ་ཡིན་ན་ཡང་ངའི་སྙིང་གཏམ་ནི་བོད་ཡིན། ངའི་རྨི་ལམ་ནི་བོད་ཡིན། ངའི་མཐར་ཐུག་གནས་ཚང་ཡང་བོད་ཡིན། ངའི་མ་འོངས་པའི་བོད་ལྗོངས་དེ་མཛེས་སྡུག་དང་། རང་དབང་། ཞི་བདེ་ལྡན་པ་ཞིག་བསྐྲུན་པའི་ཆེད་དུ་ནམ་ཡང་ཕྱིར་འཐེན་མེད་པར་དཀའ་ལས་རྒྱབ་རྒྱུ་ཡིན། ཁོ་མོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་ངའི་མི་ཚེ་ལམ་བུ་ནི་དཀའ་ངལ་དང་རེ་བའི་འོག་སྒོ་བཙུགས་པ་ཞིག་ཡིན། ཡུལ་གྱུར་བ་ཞིག་བྱ་རྒྱུ་ནི་ལས་སླ་པོ་ཞིག་ནམ་ཡང་མིན། འོན་ཀྱང་༸གོང་ས་མཆོག་གིས་རྟག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མིའི་སྲོག་རྩ་ཡིན་པ་གསུངས་ཡོད། མ་འོངས་པའི་བོད་ལྗོངས་ནི་བོད་ཀྱི་སྐད་ཡིག་དང་ཆོས་ལུགས། གོམ་གཤིས་བཅས་གསོན་པོར་གནས་སའི་ས་ཆ་ཞིག་ཡིན་དགོས། ང་རང་ངོས་ནས་༸གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཅངས་ཏེ་རང་གི་མི་རིགས་ཀྱི་ངོ་བོ་མ་བརླགས་པར་རྒྱུན་འཛིན་བྱེད་རྒྱུ་ནི་མི་རིགས་ཀྱི་ལས་འགན་དང་པོ་ཡིན། […]

ང་དང་བོད་ཀྱི་སྐད་ཡིག

ང་དང་བོད་ཀྱི་སྐད་ཡིག

བསྟན་འཛིན་ཟླ་གསལ། འཛིན་གྲྭ་དྲུག་པ།གོ་པལ་པུར་བོད་ཁྱིམ་སློབ་གྲྭ། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན། དེ་ནི་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་། ལོ་རྒྱུས་བཅས་མཚོན་པའི་གཞི་རྩ་ཞིག་ཡིན། དེང་སྐབས་འཛམ་གླིང་སྟེང་སྐད་ཡིག་གི་རིན་ཐང་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་ང་ཚོས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། བོད་ཀྱི་སྐད་ཡིག་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ཞིང་དེའི་ནང་དུ་ནང་ཆོས་དང་རིག་གནས་མང་པོ་ཞིག་འདུས་ཡོད། སྐད་ཡིག་འདི་བརྒྱུད་ནས་ང་ཚོས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་། མེས་པོའི་ཤུལ་བཞག་བཅས་མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱེད་ཐུབ། དེ་བས་བོད་ཀྱི་སྐད་ཡིག་ནི་ང་ཚོའི་མི་རིགས་ཀྱི་ངོ་བོ་མཚོན་པའི་རྟགས་མཚན་གལ་ཆེན་ཞིག་ཡིན། འོན་ཀྱང་དེང་སྐབས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་བཞིན་ཡོད། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་བོད་ཡིག་སློབ་འཁྲིད་དང་བོད་སྐད་བཀོལ་སྤྱོད་ལ་བཀག་འགོག་བྱེད་བཞིན་པ་དང། བོད་ཕྲུག་ཚོར་རྒྱ་ཡིག་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་ཡོད། དེ་ན་ང་ཚོས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་མ་བྱས་ཚེ་མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཡོད། དེར་བརྟེན་ང་ཚོས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་དགོས། ང་ཚོས་བོད་ཡིག་སློབ་སྦྱོང་བྱེད་དགོས་པ་མ་ཟད་བོད་ཡིག་བཀོལ་སྤྱོད་བྱ་རྒྱུར་སྒོ་གང་ས་ནས་ཤུགས་སྣོན་དང་སྦྱང་བརྩོན་བྱེད་དགོས། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་གྱི་མི་རྣམས་ལ་ང་ཚོས་བསྔགས་བརྗོད་དང་རོགས་སྐྱོར། མཐུན་རྐྱེན་གང་དགོས་སྒྲུབ་ཐབས་ལ་ང་ཚོས་ངེས་པར་དུ་གཟབ་ནན་བྱ་དགོས། མཐའ་དོན། བོད་ཀྱི་སྐད་ཡིག་ནི་ང་ཚོའི་བླ་སྲོག་ཡིན། གལ་ཏེ་སྐད་ཡིག་དེ་མེད་པ་ཆགས་སོང་ན་ང་ཚོ་བོད་མི་རིགས་ཟེར་བ་ཐལ་བའི་རྡུལ་དུ་བརླག་རྒྱུ་རང་རེད། དེ་ན་ང་ཚོས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིགས་གཞུང་སྐད་དང་བཅས་པ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ལ་ང་ཚོ་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཉག་ཅིག་ཀྱང་ཡིན།