བསྟན་འཛིན་ཟླ་དཀར། འཛིན་གྲྭ་བཅུ་གཉིས།
མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།
ད་ལྟ་ཉིད་དུ་ཕྱི་རོལ་དུ་ཉི་མ་ཤར་ཡོད་ནའང་གློ་བུར་དུ་ཆར་པ་འབབ་འགོ་ཚུགས་སོང། དྷ་རམ་ས་ལའི་གནམ་གཤིས་དེ་དངོས་གནས་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ་པའི་གནམ་གཤིས་ཤིག་ཡིན་ཟེར་བ་དེ་རྒྱུ་མཚན་དང་ལྡན་པ་ཞིག་རེད་འདུག སྐར་ཆ་གཅིག་ལ་ཉི་མ་ཤར་ཡོད་ནའང་སྐར་ཆ་གཅིག་རྗེས་ལ་ཆར་པ་འབབ་སྲིད་པ་རེད། གང་ལྟར་དུས་ཡུན་ཅུང་ཙམ་རྗེས་སུ་གུས་མོ་ང་རྩོམ་ཞིག་བྲི་དགོས་པ་དང་རྩོམ་ཡིག་དེའི་བརྗོད་གཞི་ནི་<<ང་དང་བོད་ཀྱི་སྐད་ཡིག>>ཅེས་པ་ཡིན། བདག་གིས་ག་ལེར་དཀར་གཙང་ཤོག་བུ་ཞིག་བཏོན་ནས་ལག་པ་གཉིས་འགུལ་འགོ་བརྩམས་པ་ཡིན། ཐོག་མ་དེ་ལ་འབྲི་དུས་བསམ་བློ་ལ་ཅི་ཞིག་ཀྱང་འཁོར་གྱི་མི་འདུག་ཀྱང་གུས་མོས་བསམ་བློ་ཞིབ་མོ་ཞིག་བཏང་སྟེ་འབྲི་འགོ་བརྩམས་པ་ན་དྲན་པའི་ངོས་སུ་འཆར་སྣང་གི་རི་མོ་གཅིག་རྗེས་གཉིས་མཐུད་དུ་སླེབས་དང་སླེབ་བཞིན་འདུག
སྤྱིར་བཏང་བོད་ཀྱི་སྐད་ཡིག་ནི་འཛམ་གླིང་སྒོར་མོ་འདིའི་སྟེང་གི་ལོ་རྒྱུས་རིང་ཞིང་རིག་གནས་ཀྱི་བཅུད་ཀྱིས་ཕྱུག་པའི་སྐད་ཡིག་ཅིག་ཡིན། རང་ཉིད་ཀྱིས་ངོས་ནས་བཤད་ན་བོད་སྐད་ནི་ཕ་སྐད་གཅིག་པུ་ཙམ་མིན་པར་གུས་མོའི་སེམས་ཀྱི་བརྩེ་བ་མཚོན་བྱེད་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་སྲོག་ལྟ་བུ་ཞིག་ཡིན། བོད་སྐད་ནི་ངའི་རིག་གནས་ཀྱི་རྩ་བ་ཡིན། ཆུང་དུས་ནས་རྨོ་རྨོ་ལགས་ཀྱིས་བཤད་པའི་སྒྲུང་གཏམ་དང་སྤོ་བོ་ལགས་ཀྱི་བཤད་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ནས་ང་ལ་བོད་ཀྱི་སྐད་ཡིག་གི་སྙན་ཆ་དང་གཏིང་ཟབ་པའི་གོ་རྟོགས་ཟབ་མོ་ཞིག་ཐོབ་བྱུང། བོད་ཡིག་གི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་པོ་ནི་བོད་ཀྱི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་བོད་སྐད་ནི་བསམ་བློ་དང་བརྩེ་བའི་ཟམ་པ་ཡིན། ང་ཚོས་རྒན་པ་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང་བྱེད་པའི་སྐབས་སུ་བོད་སྐད་ཀྱི་ཞེ་ས་དང་འཇམ་པའི་ཚིག་རྣམས་ཀྱིས་མི་དང་མིའི་བར་གྱི་འབྲེལ་བ་དེ་སྔར་ལས་དམ་དུ་གཏོང་གི་ཡོད།
ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་རང་གི་ཕ་སྐད་ལ་བརྟེན་ནས་ད་གཟོད་རང་གི་སེམས་ཀྱི་ཚོར་བ་དང་རེ་བ་དེ་དག་དངོས་གནས་ཞིག་ཡིན་པ་མཚོན་ཐུབ་ཀྱི་ཡོད་པ་དང་། ང་རང་སེམས་པ་སྐྱོ་བའི་སྐབས་དང་དགའ་བའི་དུས་སུའང་རང་གི་ཕ་སྐད་ཀྱིས་བརྗོད་ནས་སེམས་ཚོར་བཤད་ཐུབ། བོད་སྐད་ནི་འཛམ་གླིང་གི་ནོར་བུ་ཞིག་ཀྱང་ཡིན། དེང་སང་གི་དུས་སུ་ཡར་ཐོན་ཅན་གྱི་འཛམ་གླིང་གོར་མོའི་མི་རྣམས་ལ་ནང་སེམས་ཀྱི་བདེ་སྐྱིད་དང་འབྲེལ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། འོན་ཀྱང་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་སྐྱེས་ཆེན་མང་པོས་དཀའ་ངལ་དེ་དག་སེལ་ཐུབ་པའི་ཐབས་ལམ་བཟང་པོ་ཞིག་གོ་ལ་ཧྲིལ་པོར་བསྟན་ཡོད། འོན་ཀྱང་དེ་ནི་ལུས་ཀྱི་ནད་ལ་སྨན་སྤྲད་པ་ལྟར་མ་ཡིན་པར་རང་རང་སོ་སོས་འབད་བརྩོན་བྱ་དགོས་པ་ཞིག་ཡིན། དེར་བརྟེན་བོད་ཀྱི་སྐད་ཡིག་ནི་བོད་པ་ཁོ་ནར་མ་ཡིན་པར་འཛམ་གླིང་གི་མི་མང་པོས་ནང་དོན་རིག་པ་དང་གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་ལ་སློབ་སྦྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་རབས་མང་པོར་བོད་རིགས་ཁོ་ནས་བདག་སྐྱོང་དང་སྲུང་སྐྱོབ་བྱས་པའི་བོད་ཀྱི་སྐད་ཡིག་དེ་དུས་རབས་ཉེར་གཅིག་པའི་དུས་ཚོད་འདི་ལ་སླེབས་དུས་འཛམ་གླིང་མི་རིགས་བརྒྱ་ཕྲག་དང་། མི་མང་འབུམ་ཕྲག་མང་པོར་བེད་སྤྱོད་དང་དགོས་མཁོ་ཆེ་བ་ཞིག་ཏུ་གྱུར་ཡོད། ཡུལ་ལུང་གང་ཡིན་ཡང་མི་རིགས་དེའི་སྐད་དང་ཡི་གེ་སྲུང་སྐྱོབ་བྱ་རྒྱུ་ནི་མི་བུ་མི་རེ་ངོ་རེའི་འགན་འཁྲི་དང་འོས་འགན་ཡིན། སྤྱིར་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པ་ལ་མི་རེ་ངོ་རེས་རང་རང་སྤྱི་ཚོགས་ཁྲོད་དུ་སྐད་དང་ཡི་གེ་བེད་སྤྱོད་བྱ་རྒྱུ་དང་། མ་འོངས་པའི་མི་རབས་རྣམས་ལ་བརྒྱུད་སྤྲོད་བྱ་རྒྱུ་དེ་ཡིན། གུས་མོ་ང་ལ་མཚོན་ན་རང་ཉིད་ཀྱི་སྐད་ཡིག་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་འགན་འཁྲི་ཡོད་པར་བསམ་གྱི་ཡོད།
མཐར་བོད་སྐད་དང་ང་ནི་ཆུང་བྱིས་པའི་དུས་ནས་ཆུ་དང་ཉ་ལྟར་གྱེས་རྒྱུ་མེད་པའི་འབྲེལ་བ་ཞིག་ཡིན། བོད་སྐད་མེད་ན་ང་ལ་རང་གི་མི་རིགས་ཀྱི་ངོ་བོ་མེད་པ་དང་གཅིག་མཚུངས་ཡིན། མ་འོངས་པར་གུས་མོས་མུ་མཐུད་ནས་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ཏེ་རིན་ཐང་བྲལ་བའི་རིག་གནས་འདི་མི་རབས་རྗེས་མ་དག་ལ་བརྒྱུད་སྤྲོད་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད།།

ད་བར་དཔྱད་མཆན་མེད།