བསྟན་འཛིན་ཟླ་གསལ། འཛིན་གྲྭ་དྲུག་པ།
གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན། དེ་ནི་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་། ལོ་རྒྱུས་བཅས་མཚོན་པའི་གཞི་རྩ་ཞིག་ཡིན། དེང་སྐབས་འཛམ་གླིང་སྟེང་སྐད་ཡིག་གི་རིན་ཐང་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་ང་ཚོས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། བོད་ཀྱི་སྐད་ཡིག་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ཞིང་དེའི་ནང་དུ་ནང་ཆོས་དང་རིག་གནས་མང་པོ་ཞིག་འདུས་ཡོད། སྐད་ཡིག་འདི་བརྒྱུད་ནས་ང་ཚོས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་། མེས་པོའི་ཤུལ་བཞག་བཅས་མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱེད་ཐུབ། དེ་བས་བོད་ཀྱི་སྐད་ཡིག་ནི་ང་ཚོའི་མི་རིགས་ཀྱི་ངོ་བོ་མཚོན་པའི་རྟགས་མཚན་གལ་ཆེན་ཞིག་ཡིན།

འོན་ཀྱང་དེང་སྐབས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་བཞིན་ཡོད། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་བོད་ཡིག་སློབ་འཁྲིད་དང་བོད་སྐད་བཀོལ་སྤྱོད་ལ་བཀག་འགོག་བྱེད་བཞིན་པ་དང། བོད་ཕྲུག་ཚོར་རྒྱ་ཡིག་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་ཡོད། དེ་ན་ང་ཚོས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་མ་བྱས་ཚེ་མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཡོད། དེར་བརྟེན་ང་ཚོས་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་དགོས། ང་ཚོས་བོད་ཡིག་སློབ་སྦྱོང་བྱེད་དགོས་པ་མ་ཟད་བོད་ཡིག་བཀོལ་སྤྱོད་བྱ་རྒྱུར་སྒོ་གང་ས་ནས་ཤུགས་སྣོན་དང་སྦྱང་བརྩོན་བྱེད་དགོས། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་གྱི་མི་རྣམས་ལ་ང་ཚོས་བསྔགས་བརྗོད་དང་རོགས་སྐྱོར། མཐུན་རྐྱེན་གང་དགོས་སྒྲུབ་ཐབས་ལ་ང་ཚོས་ངེས་པར་དུ་གཟབ་ནན་བྱ་དགོས། མཐའ་དོན། བོད་ཀྱི་སྐད་ཡིག་ནི་ང་ཚོའི་བླ་སྲོག་ཡིན། གལ་ཏེ་སྐད་ཡིག་དེ་མེད་པ་ཆགས་སོང་ན་ང་ཚོ་བོད་མི་རིགས་ཟེར་བ་ཐལ་བའི་རྡུལ་དུ་བརླག་རྒྱུ་རང་རེད། དེ་ན་ང་ཚོས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིགས་གཞུང་སྐད་དང་བཅས་པ་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་ལ་ང་ཚོ་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཉག་ཅིག་ཀྱང་ཡིན།