བསྟན་འཛིན་སྒྲོལ་དཀར། འཛིན་གྲྭ་བཅུ་པ།
ཀ་སྦུག་སཾ་བྷོ་གཏན་སློབ།

ཐོན་མི་ཨ་ནུ་མཆོག་གིས།།
དཀའ་བ་དུ་མར་སྤྱད་དེ།།
བོད་ཡིག་གསོལ་གཏོད་གནང་བར།།
བཀའ་དྲིན་རྗེས་དྲན་ཞུས་ཡོད།།

བདག་ནི་བོད་ཕྲུག་རྩམ་ཟན་ཞིག་ཡིན་པས། བདག་ནི་རང་གི་ཆོས་དང་རིག་གཞུང། སྐད་ཡིག ཆས་གོས། ཟས་རིགས་དང་བདག་གི་རྩ་ཆེའི་བོད་ཀྱི་ལོ་རྒྱུས་ལ་ཧ་ཅང་དགའ་མོས་དང་གུས་ཞབས་ཞུ་ཡི་ཡོད། ང་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་གཙོ་བོ་ནི་བདག་ཅག་བོད་མི་རྣམས་ལ་སོ་སོའི་ལུང་པ་དང་རང་དབང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཀྱང་བོད་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་ཆེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་མེད་པར་བཟོ་རྒྱུའི་ཐབས་ཤེས་སྣ་མང་བྱས་དང་བྱེད་མུས་རེད།

བཤད་སྒྲུབ་བསྟན་འཛིན་རྒྱལ་མཚན་མཆོག་གིས་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། གལ་ཏེ་སྐད་ཡིག་དེ་དོར་སོང་ན་མི་རིགས་འདི་ཡང་ཡལ་འགྲོ་བས། ང་ཚོས་ངེས་པར་དུ་རིག་གནས་ཡོད་ཚད་སྦྱོང་བར་བྱེད་པ་དང། མི་རིགས་འདིའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་ཐུབ་པ་ཞིག་རེད་ཅེས་གསུངས་ཡོད།

གཞིས་སུ་ལུས་པའི་སྤུན་ཟླ་རྣམས།།
སེམས་ཤུགས་ནམ་ཡང་མ་ཆག་པར།།
ང་ཚོའི་གཅེས་པའི་རིག་གཞུང་དག།
སྔར་བཞིན་བདག་གཅེས་ལེགས་པར་གནང་།།
བྱེས་སུ་འབྱོར་བའི་སྤུན་ཟླ་ངས།།
ཕྱུག་པའི་རིག་གནས་སྦྱང་བརྩོན་གྱིས།།
མགྱོགས་མྱུར་བོད་ལ་ཞལ་འཛོམས་ནས།།
ཁྱེད་ལ་ལེགས་པར་རྩིས་འབུལ་ཞུ།།

ང་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་རྣམས་གལ་གནད་ཆེ་ཚུལ་ཁོ་ནའི་སྐོར་གསུངས་པ་ཙམ་གྱིས་མི་ཕན། ང་ཚོས་དེ་ལ་བདག་གཅེས་དང་སྲུང་སྐྱོབ་ཇི་ལྟར་བྱ་ཚུལ་སྐོར་ཡང་དགོངས་པ་ནན་པོ་བཞེས་དགོས། འོ་ན་ང་ཚོས་སྐད་ཡིག་དང་རིག་གཞུང་གང་འདྲ་བྱེད་ནས་སྲུང་སྐྱོབ་བྱེད་ཐུབ་བམ་ཞེ་ན། གུས་མོ་ང་རང་ད་ཆ་ལོ་བཅོ་ལྔ་ཙམ་ལས་སོན་མེད་པས་གུས་མོས་དེ་སྐོར་བསམ་ཚུལ་གཏིང་ཟབ་པོ་བརྗོད་དཀའ་མོད། འོན་ཀྱང་རྒྱུན་གཏན་སློབ་གྲྭའི་བྱེད་སྒོ་རྣམ་གཞག་གི་རྒྱུད་རིམ་ཁག་དང། འཛིན་གྲྭའི་སློབ་ཁྲིད་སྐབས་རྒན་ལགས་རྣམས་ཀྱིས་གནང་བའི་སློབ་གསོ་དག་ལ་ཕྱོགས་བསྡོམས་བྱས་ནས་བརྗོད་ན་ཐོག་མར་ང་ཚོ་སློབ་ཕྲུག་ཅིག་གི་ངོས་ནས་སྐད་ཡིག་གི་རྩལ་བཞི་པོ་ལ་དོ་སྣང་སྤྲོད་དགོས།

༡། ཀློག་རྩལ། དེང་སང་ང་ཚོ་སློབ་ཕྲུག་ཚོས་བོད་ཡིག་ཀློག་དེབ་དང་སྒྲུང་དེབ་ཀློག་མཁན་ཧ་ཅང་དཀོན་པོ་ཆགས་ཡོད། སྐད་ཡིག་གང་འདྲ་ཞིག་ཡིན་རུང་། དེ་ཡར་རྒྱས་འགྲོ་བ་ལ་ཐོག་མར་ཀློག་རྩལ་གྱི་གོམས་གཤིས་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ང་ཚོས་བོད་ཡིག་ཀློག་དེབ་དང་སྒྲུང་དེབ་རིགས་གང་མང་ཀློག་དགོས། ཀློག་དེབ་ཇི་ཙམ་མང་བ་བཀླགས་པ་དེ་ཚོད་ཀྱིས་བོད་ཡིག་རྩོམ་འབྲི་སྐབས་ཚིག་ལ་རྨོངས་ཀྱི་མ་རེད།

༢། བཤད་རྩལ། ང་ཚོས་བོད་སྐད་དེ་ཉིན་ལྟར་བཤད་དགོས་པ་མ་ཟད། བཤད་དུས་སྐབས་སུ་ཡང་སྐད་གཞན་མཉམ་བསྲེས་མ་བྱས་པར་བོད་སྐད་གཙང་མ་བརྒྱབ་རྒྱུའི་འབད་བརྩོན་བྱེད་དགོས།

༣། ཉན་རྩལ། ང་ཚོས་ཕ་མ་དང་དགེ་རྒན་གྱིས་སློབ་གསོ་བསྐྱོན་པ་རྣམས་དོ་སྣང་བྱེད་ནས་ཉན་དགོས། དེ་ལྟར་བྱས་ན་ང་ཚོས་བོད་པའི་ཐ་སྙད་འདྲ་མིན་དང་། གཏམ་དཔེ། ལེགས་བཤད་སོགས་འདྲ་མིན་ཤེས་ཐུབ། དེ་མ་ཟད་ང་ཚོས་སྔོན་མའི་ལོ་རབས་རྒན་པའི་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་སྐོར་དང། ཁོང་ཚོ་རྒན་རབས་པ་ཚོའི་མྱོང་ཚོར་རྣམས་ཀྱང་ཉན་ཐུབ་ན། དེ་ལས་བློ་རྒྱ་བསྐྱེད་པའི་གནས་ཚུལ་མང་པོ་ཤེས་ངེས།

༤། འབྲི་རྩལ། ང་ཚོས་བོད་ཡིག་ཐོག་ནས་འབྲི་རྩོམ་དང། ཚིགས་བཅད། སྙན་ངག་རྣམས་ཉིན་ལྟར་འབྲི་རྒྱུའི་འབད་བརྩོན་བྱེད་དགོས། སྤྱིར་བཏང་བོད་ཡིག་ཐོག་རྩོམ་ཞིག་འབྲི་སྐབས་དག་ཆ་དང། ཚིག་སྦྱོར། ཕྲད་རྣམ་དབྱེ་སོགས་ནོར་བའི་སེམས་འཚབ་ཀྱིས་དེ་འབྲི་བར་འགོག་རྐྱེན་འཕྲད་སྲིད་ཀྱང། ཐོག་མར་རྩོམ་ཐུང་ཐུང་ནས་འགོ་བཙུགས་ཏེ་རྒན་ལགས་ལ་ཞུ་དག་ཆེད་འབུལ་བ་དང། རྒན་ལགས་ནས་དག་ཆ་སོགས་ནོར་བཅོས་བྱས་པ་དག་ལ་ནན་པོས་ལྟ་ཞིབ་ཀྱིས་ཕྱིས་སུ་གཟབ་སྟེ་རིམ་པས་འབྲི་རྩོམ་ལ་སྤྲོ་བ་བསྲིང་ཐུབ།

ད་ལྟ་བོད་ནང་ཡོད་པའི་བོད་མི་རྣམས་ལ་སོ་སོའི་སྐད་དང་ཡི་གེ་སྦྱང་རྒྱུའི་རང་དབང་མ་སྤྲད་པར་བོད་པའི་ངོ་བོ་དང་རང་བཞིན་རྩ་བརླག་ཏུ་གཏོང་རྒྱུའི་འཆར་གཞི་ངན་པ་འདིང་བཞིན་ཡོད་ལ། ལྷག་པར་དུ་ཁོང་ཚོར་ཆུང་དུས་ནས་བཙན་དབང་གིས་རྒྱ་མིའི་སློབ་གྲྭ་ཁག་ཏུ་བཏང་བ་དང་། འདོད་པ་མེད་བཞིན་དུ་རྒྱ་ཡིག་དང་རྒྱ་ནག་གི་རིག་གཞུང་སོགས་སྦྱང་དུ་བཅུག་ནས་དེ་ཚོར་རྒྱ་མིའི་ཕྲུ་གུར་སྒྱུར་ཐབས་ཀྱི་བྱུས་ངན་འདིང་བཞིན་ཡོད། གནས་སྟངས་ཛ་དྲག་པོ་དེ་འདྲའི་འོག་ཏུ་ཡང་ཁོང་ཚོས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་བདག་གཅེས་གང་ལེགས་སྤྲོད་བཞིན་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པའི་ཕྲུ་གུ་ཚོར་དཀའ་ངལ་དང་དམ་དྲག་དེ་རིགས་རྩ་བ་ནས་མེད་ཁར། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་ང་ཚོར་བོད་པའི་སྐད་ཡིག་དང་རིག་གཞུང་རྣམས་སློབ་སྦྱོང་བྱ་རྒྱུའི་རང་དབང་དང་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཡོད། ང་ཚོ་བོད་རིགས་རྒན་གཞོན་བར་གསུམ་དང་། ལྷག་དོན་དུ་བོད་པའི་སློབ་ཕྲུག་ཚོས་གོ་སྐབས་བཟང་པོ་དེ་ལ་དམ་འཛིན་བྱེད་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་རྣམས་གང་དྲག་སྦྱང་ཐབས་ལ་འབད་བརྩོན་བྱེད་དགོས།

མཐའ་དོན་གུས་མོས་འབྲི་རྩོམ་འདི་བརྒྱུད་ནས་ང་ཚོ་བོད་རིགས་ཡོངས་ལ་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཕྱུག་པོ་དག་ལ་གལ་འགངས་ཆེན་པོ་བརྩིས་པ་ཙམ་མ་ཟད། རྒྱུན་གཏན་དུ་བོད་ཡིག་གང་མང་སྤྱོད་པའི་ཐོག་དེའི་འཛིན་སྐྱོང་སྤེལ་གསུམ་ལེགས་པར་གནང་སྟེ། འབྱུང་འགྱུར་བྱེས་སུ་ལུས་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་ཡིག་རྩིས་སྤྲོད་ལེགས་པར་གནང་རྒྱུ་ཡོད་པའི་རེ་སྨོན་ཞུ།།