བསྟན་འཛིན་སྐྱིད་འཛོམས། འཛིན་གྲྭ་དགུ་པ།
དྷ་སྟེང་བོད་ཁྱིམ་སློབ་གྲྭ།

གོ་ལ་འདིའི་ཡང་སྟེང་དུ་གངས་རིའི་རྭ་བས་ཡོངས་སུ་བསྐོར་ཞིང་། སྤྲིན་དཀར་གྱི་འདབ་མ་ལྡིང་བའི་མཛེས་ལྗོངས་ཤིག་ཡོད་པ་ནི་ངའི་ཕ་ཡུལ་བོད་ལྗོངས་ཡིན། ས་ཆ་འདིར་འཛམ་གླིང་གི་ཡང་ཐོག་ཅེས་ཡོངས་སུ་གྲགས་ཤིང་། ས་བབ་མཐོ་ལ་མཁའ་རླུང་གཙང་བའི་ཁྱད་ཆོས་ལྡན། ང་རང་གངས་ཅན་ལྗོངས་ཀྱི་བོད་པ་ཞིག་ཏུ་སྐྱེས་པར་ཧ་ཅང་དགའ་པོ་དང་སྤོབས་པ་ཡོད། ཕ་ཡུལ་གྱི་རི་ཆུ་སྐྱེད་ཚལ་དང་། ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་ནི་ངའི་སེམས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་ན། བོད་ནི་ས་ཁྱོན་ཆེ་ཞིང་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་གནས་མཆོག་ཅིག་ཡིན།

རང་བྱུང་གི་མཛེས་ལྗོངས་དང་ས་བབ།

བོད་ཀྱི་རང་བྱུང་ཁོར་ཡུག་ནི་བརྗོད་ཀྱིས་མི་ལང་བའི་རི་མོ་གསོན་པོ་ཞིག་དང་མཚུངས། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ནས་བཟུང་། དཀར་གསལ་གྱི་གངས་རི་མང་པོ་ནམ་མཁའི་དབྱིངས་སུ་ཟུག་ཡོད། གངས་རི་འདི་དག་གི་ཞུར་ཆུ་ལས་ཆུ་བོ་ཆེན་པོ་མང་པོ་ཆགས་ཡོད། དཔེར་ན། ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྫ་ཆུ་སོགས་ནི་བོད་ཀྱི་ས་གཞི་ཆེན་པོ་འདི་ཉིད་གསོ་སྐྱོང་བྱེད་མཁན་གྱི་མ་ཡུམ་གཙང་པོ་ཆགས་ཡོད། ཆུ་བོ་འདི་དག་གིས་བོད་ཙམ་མ་ཟད་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་མི་དམངས་ལའང་ཆུ་ཡི་ཐོན་ཁུངས་སྤྲོད་ཀྱི་ཡོད། དབྱར་དུས་སུ་སླེབས་སྐབས། མཐའ་ཡས་པའི་སྤང་ལྗོངས་རྣམས་གསེར་མདོག་དང་ལྗང་ཁུའི་མེ་ཏོག་གིས་བརྒྱན་ཞིང་། གཡུ་ཡི་མེ་ལོང་ལྟར་དྭངས་བའི་མཚོ་དང་མཚེའུ་མང་པོ་ཡོད། དཔེར་ན། གཉན་ཆེན་ཐང་ལྷ་དང་། གནམ་མཚོ། ཡར་འབྲོ་གཡུ་མཚོ་སོགས་ནི་ལྟ་ན་སྡུག་པའི་ས་ཆ་ཤ་སྟག་ཡིན། ས་ཆ་འདི་དག་ཏུ་གཡག་དང་ལུག་གིས་རྩྭ་ཆུ་སྤྱོད་བཞིན་ཡོད་པ་ནི་མི་རྣམས་ཀྱི་སེམས་པ་བཞི་བར་བྱེད་པའི་མཛེས་ལྗོངས་ཤིག་ཡིན། སྟོན་དུས་སུ་ལོ་ཏོག་སེར་པོར་སྨིན་པ་དང། དགུན་དུས་སུ་ཁ་བའི་རྡུལ་མང་འབབ་པ་བཅས་དུས་བཞིའི་འགྱུར་ལྡོག་རེ་རེར་རང་དབང་གི་མཛེས་པ་རེ་ཡོད།

བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས།

བོད་ཀྱི་ས་མཐོའི་གནམ་གཤིས་གྲང་ངར་ཆེ་ནའང་། འདི་གར་ཐུན་མོང་མ་ཡིན་པའི་རི་སྐྱེས་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་བཞིན་ཡོད། དེའི་ནང་ནས་སྐད་གྲགས་ཆེ་ཤོས་ནི་བོད་ཀྱི་གཙོད་ཡིན། ཁོང་ཚོ་ནི་མགྱོགས་པོ་རྒྱུག་ཐུབ་པའི་སྲོག་ཆགས་ཤིག་ཡིན། དེ་བཞིན་གངས་གཟིག་དང་། རྐྱང་། གཟིག་ལྟ་བུའི་རྩ་ཆེའི་སྲོག་ཆགས་མང་པོ་ཡོད། རེ་སྐྱེས་སྲོག་ཆགས་འདི་དག་ནི་བོད་ཀྱི་རང་བྱུང་ཁོར་ཡུག་གི་ཆ་ཤས་གལ་ཆེན་ཞིག་ཡིན། བོད་མི་ཚོས་འཚེ་བ་མེད་པའི་ཆོ་ལུགས་ཀྱི་ལྟ་བ་ལྡན་པས་རི་སྐྱེས་སྲོག་ཆགས་རྣམས་ལ་གནོད་འཚེ་མི་བྱེད་པར་སྲུང་སྐྱོབ་བྱེད་པའི་གོམས་གཤིས་བཟང་པོ་ཡོད། འདི་གའི་སྲོག་ཆགས་རྣམས་ནི་རང་བྱུང་ཁམས་དང་འཆམ་མཐུན་གྱིས་གནས་ཡོད།

ལོ་རྒྱུས་དང་རིག་གནས་ཀྱི་སྙིང་བཅུད།

རང་བྱུང་མཛེས་ལྗོངས་ཕུད། བོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་གནའ་བོའི་བཟོ་སྐྲུན་གྱི་སྙིང་བཅུད་མང་པོ་ཡོད། བོད་ཀྱི་ལོ་རྒྱུས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་པ་ཅན་སོགས་ལོ་རྒྱུས་མི་སྣ་རླབས་ཆེན་ཚོགས་ཀྱིས་བསྐྲུན་པ་ཞིག་ཡིན། ཁོང་ཚོས་བོད་ཀྱི་སྟོབས་འབྱོར་དང་རིག་གནས་གོང་འཕེལ་བཏང་གནང་ཡོད། ལྷ་སར་ཡོད་པའི་ཕོ་བྲང་པོ་ཏ་ལ་ནི་ང་ཚོའི་རིག་གནས་ཀྱི་བསྟི་གནས་གཙོ་བོ་ཞིག་ཡིན། དེ་ནི་དམར་པོ་རིའི་སྟེང་དུ་མཐོ་ཞིང་བརྗིད་ཆགས་པ་ཞིག་ཡོད་པས་འཛམ་གླིང་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་གི་ཡོད། དེ་བཞིན་གཙུག་ལག་ཁང་དང་བསམ་ཡས་དགོན་པ་སོགས་ལོ་རྒྱུས་ཅན་གྱི་གནས་མང་པོ་ཡོད། ང་ཚོའི་བོད་ཡིག་ནི་སློབ་དཔོན་ཐོན་མི་སཾ་བྷོ་ཊས་གསར་གཏོད་གནང་ནས་བཟུང་ལོ་གྲངས་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད། དེ་ནི་བྱམས་པ་དང་སྙིང་རྗེའི་བསླབ་བྱ་མང་པོ་ལྡན་པའི་ཕྱུག་པོའི་སྐད་ཡིག་ཅིག་ཡིན། བོད་ཀྱི་ཐང་ཀ་དང་། གླུ་གར། ཟློས་གར་སོགས་ཀྱིས་བོད་མིའི་ཤེས་རབ་མཚོན་གྱི་ཡོད།

མི་དམངས་དང་གོམས་གཤིས།

བོད་མི་ཚོ་ནི་རྒྱུད་དྲང་ཞིང་སྐྱོང་བྲལ་བ་དང་། སྐུ་མགྲོན་ལ་དགའ་ཞིང་ཕན་སེམས་ཆེ་བ་ཡོད། མི་རྣམས་ཕན་ཚུན་མཇལ་སྐབས་བཀྲ་ཤིས་བདེ་ལེགས་ཞེས་འཛུམ་མུལ་མུལ་གྱིས་མཚམས་འདྲི་བྱེད་པ་དང་། གཞན་ལ་རོགས་པ་བྱེད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ང་ཚོའི་ཁ་ཟས་གཙོ་བོ་ནི་རྩམ་པ་དང་། གཡག་ཤ། མར། ཕྱུར་བ། ཇ་མངར་མོ། བོད་ཇ་སོགས་ཡིན།  ཟས་རིགས་འདི་དག་ནི་བྲོ་བ་ཆེ་ཞིང་གངས་ལྗོངས་ཀྱི་གྲང་ངར་ལ་གདོང་ལེན་བྱེད་པར་ཧ་ཅང་ཕན་པོ་ཡོད། ལོ་གསར་དང་ཞོ་སྟོན་སོགས་ཀྱི་དུས་ཆེན་སྐབས། ཚང་མས་བོད་ཆས་མཛེས་པོ་གྱོན་ནས་སྐོར་བྲོ་འཁྲབ་པ་དང་གླུ་གཞས་ལེན་པ་ནི་ཧ་ཅང་སྤྲོ་སྐྱིད་ཀྱི་རྣམ་པ་ཞིག་ཡིན། བོད་མིའི་རྩེད་མོ་དང་ལུས་རྩལ་ནང་དུ་རྟ་རྒྱུག་དང་མདའ་རྩེད་ནི་གལ་ཆེན་པོ་ཡིན། རྟ་རྒྱུག་སྐབས་བོད་ཀྱི་ཕོ་གཞོན་ཚོས་རྟ་ཐོག་ནས་མགྱོགས་རྩལ་སྣ་ཚོགས་སྟོན་པ་ནི་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན།

བོད་ཀྱི་ཆོས་ལུགས་དང་བསམ་བློ།

བོད་མིའི་འཚོ་བའི་ནང་དུ་ནང་ཆོས་ནི་དབྱེར་མ་མཆིས་པ་ཞིག་ཡིན། བོད་མི་མང་ཆེ་བས་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་ཀྱི་ཡོད། དེས་མི་རྣམས་ལ་བྱམས་པ་དང་། སྙིང་རྗེ། གཞན་ཕན་གྱི་བསམ་བློ་སློབ་ཀྱི་ཡོད། མི་ཚོས་དགོན་པར་མཆོད་མཇལ་དུ་འགྲོ་བ་དང་། མ་ཎི་འདོན་པ། སྐོར་བ་རྒྱག་པ་སོགས་བྱས་ནས་རང་གཞན་ཚང་ མར་བདེ་སྐྱིད་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། བསམ་བློ་འདིས་བོད་མིའི་སྤྱི་ཚོགས་ནང་ཞི་བདེ་དང་འཆམ་མཐུན་བསྐྲུན་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ལ་བརྩེ་བ་བྱེད་དགོས་པར་ཡིད་ཆེད་བྱེད་ཀྱི་ཡོད། འདི་ནི་བོད་ཀྱི་རིག་གནས་ཀྱི་རིན་ཐང་ཆེ་ཤོས་ཤིག་ཡིན།

མ་འོངས་པའི་རེ་བ་དང་མཇུག་བསྡུའི་གཏམ།

མདོར་ན་ངའི་ཕ་ཡུལ་བོད་ནི་རང་བྱུང་གི་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་ཀྱིས་ཕྱུག་པའི་ས་ཆ་བཟང་པོ་ཞིག་ཡིན། འཛམ་གླིང་ཐོག་ས་ཆ་འདི་འདྲ་བའི་དག་ཞིང་ཞིག་རྙེད་པར་ཧ་ཅང་དཀའ། ས་ཆ་འདིར་སྐྱེས་པའི་བོད་ཕྲུག་ཅིག་གི་ངོས་ནས། ང་རང་མ་འོངས་པར་སློབ་སྦྱོང་ཡག་པོ་བྱས་ནས་རང་གི་ཕ་ཡུལ་གྱི་རིག་གནས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ནུས་པ་འདོན་རྒྱུའི་དམ་བཅའ་ཡོད། ང་ཚོས་རང་གི་སྐད་ཡིག་དང་རིག་གནས་མི་ཉམས་རྒྱུན་འཛིན་བྱེད་དགོས། ཕ་ཡུལ་བོད་ནི་ནམ་ཡང་ངའི་སེམས་ཀྱི་བརྩེ་བ་ཟབ་མོ་གནས་སའི་གཞི་རྟེན་ཉག་ཅིག་ཡིན། ང་རང་གང་དུ་ཕྱིན་ནའང་རང་གི་ཕ་ཡུལ་དང་རིག་གནས་ནམ་ཡང་བརྗེད་ཀྱི་མ་རེད། བོད་ལྗོངས་ཡུན་རིང་གནས་པར་ཤོག །