འཛིན་གྲྭ་སྟངས་འཛིན་བྱེད་སྟངས།

 

བསྟན་འཛིན་མཐོ་རི།
ཅོན་ཏ་ར་བོད་ཁྱིམ། བོད་དགེ

བརྗོད་གཞི་བདམས་དགོས་པའི་དགོས་དམིགས་རགས་བསྡུས།
འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཞེས་པ་ནི་དགེ་རྒན་གྱི་བྱེད་ལས་ནང་ནས་ཀྱང་ཆེས་དཀའ་བ་ཞིག་ཡིན་ལ་འགན་འཁུར་ཆེན་པོ་ཞིག་ཕྲག་སྟེང་དུ་ཡོད་བསྡད་པ་ཞིག་ཡིན་མོད། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་དེ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་མཐོང་ནས་བརྗོད་གཞི་འདི་བདམས་པ་ཞིག་ཡིན། བརྗོད་གཞི་དེ་འདེམ་དགོས་དོན་ཡང་དགེ་རྒན་བྱེ་བྲག་པ་གཅིག་ལ་མ་ཡིན་པར་དགེ་བའི་བཤེས་གཉེན་གྱི་མཚན་གནས་ཡོད་ཕྱིན་ཆད་ལ་ངེས་པར་དུ་མཁོ་བ་ཞིག་རེད་འདུག་སྙམ། མ་ཟད་སློབ་ཕྲུག་ཚོའི་སློབ་སྦྱོང་གི་གྲུབ་འབྲས་ལེགས་སོན་ཡོང་མི་ཡོང་དེ་གཙོ་བོ་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་སྐབས་སུ་སློབ་མ་ཚོ་ལ་ཉན་རྩལ་ཡག་པོ་བཟོ་རྒྱུ་དེ་ཆགས་ཡོད། ཉན་རྩལ་ཡག་པོ་ཞིག་ཡོང་དང་མི་ཡོང་ནི་གཙོ་བོ་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ལ་རག་ལས་ཡོད།
༡) འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བའི་ཐོག་མའི་བསམ་བློའི་འཁྱེར་ཕྱོགས།
དགེ་རྒན་ཞིག་ཡིན་པའི་ཆ་ནས་ཐོག་མར་འཛིན་གྲྭ་ལ་མ་ཕེབས་གོང་ནས་ཀུན་སློང་བཟང་པོ་ཞིག་འཁྱེར་ཐུབ་ཐབས་ལ་འབད་བཙོན་ཤུགས་དྲག་དགོས་པ་དང་། ཀུན་སློང་བཟང་པོ་དེ་ཡང་ཉིན་གཅིག་ཙམ་མ་ཡིན་པར་ལོ་ནས་ལོ་གཏུད་མར་དགོས་པ་དང། དེ་བྱུང་བ་ཡིན་ན་ལམ་སེང་ཡར་རྒྱས་ཕྱིན་དཀའ་ནའང་སྔོན་གྱི་འཛིན་གྲྭའི་གནས་སྟངས་ཅུང་ཟད་ཞིག་ཡར་རྒྱས་ཡོང་གི་ཡོད་པ་རང་ངོས་ནས་འདས་པའི་ཉམས་མྱོང་ལ་གཞིག་པ་ཡིན། རང་ཉིད་ཀྱིས་འཁྲིད་སའི་འཛིན་གྲྭ་གཅིག་པུ་ཞིག་མ་ཡིན་པར་སྐབས་རེ་ཚོགས་ཐེངས་ངམ་འཛིན་གྲྭ་འགའ་ལ་དགེ་ཚབ་ཏུ་ཕེབས་དགོས་པའི་གནས་སྟངས་ཤིག་ཡོང་གི་ཡོད་པས། སྐབས་དེར་རང་ཉིད་ནས་ཉོབ་སྣང་དང་། ཁོང་ཁྲོའི་རྒྱུར་མ་ཕྱིན་པར་ཉོབ་སྣང་དང་ཁོང་ཁྲོའི་བློ་ལས་དོར་སྟེ་བསམ་བློའི་ནང་དགའ་ཞིང་སྤྲོ་བའི་ངང་འཛིན་གྲྭའི་ནང་བཅར་ཐུབ་པ་ཡིན་ན། རང་བཞིན་གྱིས་འཛིན་གྲྭའི་སྟངས་འཛིན་ལ་དོ་ཕོག་མི་ཡོང་བ་ཞིག་དང་། རང་ཉིད་ཀྱི་ཚོགས་ཐེངས་ཇི་འདྲ་རྫོགས་མིན་མ་ཤེས་པར་རྫོགས་ཏེ་བློ་བདེ་བག་ཕེབས་ཡོང་གི་ཡོད། གལ་ཏེ་འཛིན་གྲྭའི་ནང་ཉོབ་སྣང་དང་ཁོང་ཁྲོའི་རྒྱུ་རུ་ཕྱིན་པ་ཡིན་ན། འཛིན་གྲྭ་སྟངས་འཛིན་བྱ་རྒྱུ་ཕར་བཞག་ཁོང་ཁྲོའི་རྒྱུ་ཤུགས་ཆེ་རུ་ཕྱིན་པ་དང་ཚོགས་ཐེངས་རྫོགས་རྒྱུ་ལའང་དབུགས་རིང་ཐེངས་མང་པོ་ལེན་དགོས་པ་དང་། སང་ཉིན་འཛིན་གྲྭ་དེ་མཐོང་བ་ཙམ་གྱིས་ཁོང་ཁྲོའི་མེ་ལྕེ་འབར་བའི་ཚོར་སྣང་ཞིག་ཡོང་གི་ཡོད་པས། འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བའི་སྨན་གཙོ་བོ་ནི་རང་གི་ཀུན་སློང་བཟང་པོ་དེ་ཆགས་ཡོད། རང་ཉིད་འཛིན་གྲྭའི་ནང་དངོས་སུ་སློབ་ཚན་ཁྲིད་བཞིན་པའི་སྐབས་སུ་ལའང་སློབ་ཕྲུག་ཚོའི་ཉན་རྩལ་དང་སྤྱོད་ལམ་གང་ཙམ་ཞིག་རང་ཉིད་ཀྱིས་ཚོད་དཔག་ཞིག་རྒྱག་ཐུབ། དེ་ལ་བརྟེན་ནས་རང་ཉིད་ལ་མ་འོངས་པར་འཛིན་གྲྭ་དེ་སྟངས་འཛིན་གང་འདྲ་ཞིག་དང་། ཐབས་ལམ་གང་ཞིག་དགོས་མིན་ཐད་སློབ་ཚན་རོབ་ཙམ་ཞིག་འཐོབ་ཐུབ། དེ་ལ་བརྟེན་ནས་སང་ཉིན་འཛིན་གྲྭར་བཅར་སྐབས་སུ་སྔོན་ཚུད་ནས་འཛིན་གྲྭའི་ནང་གནང་སྟངས་གནང་ལུགས་ཐད་སྒྲིག་གཞི་བཟོ་དགོས་པ་དང་། སྒྲིག་གཞི་བཟོ་སྐབས་སུ་ལའང་དགེ་སློབ་གཉིས་ཀའི་མོས་མཐུན་ཡོད་པ་ཞིག་དགོས་ལ། གཏན་འབེབས་ཟིན་པའི་སྒྲིག་གཞི་དེར་དགེ་སློབ་མཉམ་རུབ་ཀྱིས་བརྩི་མཐོང་བྱ་དགོས་པ་ཡིན། དེ་མིན་ཉིན་མ་རེ་ལ་སྒྲིག་གཞི་མི་འདྲ་བ་རེ་བཟོས་ན་རང་བཞིན་གྱིས་བརྩི་མཐོང་སྟེ་རིམ་པས་ཉམས་འགྲོ་གི་ཡོད། དགེ་རྒན་གྱི་ལམ་སྟོན་དང་། སློབ་མས་དང་ལེན་གནང་བ་ཡིན་ན་འཛིན་གྲྭ་དེ་ཚགས་ཚུད་དང་། གྲུབ་འབྲས་དེ་ཡང་གཞན་དང་མི་འདྲ་བ་ཞིག་ཡོང་གི་ཡོད་པ་རང་ཉིད་ལ་དངོས་སུ་མྱོང་ཚོར་བྱུང་།
༢) དངོས་སུ་འཛིན་གྲྭའི་ནང་སྟངས་འཛིན་བྱེད་སྐབས།
དགེན་ལགས་རྣམ་པས་ཉིན་ཤེས་མྱོང་བ་གཞིར་བཞག་སྟེ་འཛིན་གྲྭའི་སྟངས་འཛིན་ལ་གྲུབ་འབྲས་སོན་ཐབས་མེད་ཀྱང་སེམས་ཤུགས་ཞུམ་པ་མེད་པའི་ཐོག་བློ་གཟུ་བོར་གནས་ཏེ་ཕུགས་རྒྱང་རིང་པོར་ཕན་པའི་བློ་རྒྱ་ཆེན་པོ་ཞིག་བཞེས་ཏེ་གནང་དགོས་ལ། སྐབས་དེར་དཀའ་ངལ་དུ་མ་ཞིག་འཕྲད་སྲིད་ཀྱང་དེ་དག་ལ་གདོང་ལེན་གནང་སྟེ་མདུན་མཆོང་ཤིག་གནང་བ་ཡིན་ན་རང་གཞན་གཉིས་ཀར་ཕན་སྲིད། དེ་ཡང་འཛིན་གྲྭ་སྟངས་འཛིན་གནང་སྐབས་སུ་ཞི་དྲག་གཉིས་ཀའི་ལམ་ནས་གནང་ཆོག་ཀྱང་། རབ་བྱུང་ན་ཞི་བའི་ལམ་ནས་འཛིན་གྲྭ་སྟངས་འཛིན་གནང་ཐུབ་ན་བཟང་སྤྱོད་དང་མི་འགལ་བའི་ཕན་ནུས་ཆེ། དཔེ་མཚོན་ཙམ་ཞུས་ན། སཱི་ཤེས་ཡོན་ནམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་སློབ་ཚན་དང་པོའི་ནང་<<འཛིན་གྲྭའི་ནང་གི་དམ་བཅའ། >>ཞེས་པའི་བྱེད་སྒོ་ཆུང་ཆུང་ཞིག་ཡོད་ཀྱང་ཕན་རླབས་བསམ་གྱི་མི་ཁྱབ་པ་ཡོད། དེ་འཛིན་གྲྭའི་ནང་གནང་ཐུབ་པ་ཡིན་ན་སློབ་མ་ཚོའི་ཉིན་རེའི་བྱ་གཞག་ལ་འགྱུར་བ་འགྲོ་བ་དང་། སློབ་མ་ཚོའི་ཉན་རྩལ་ཡར་རྒྱས་དང་། ལུས་སེམས་གཉིས་ཀར་འགྱུར་བ་ཞིག་ཕྱིན་ཏེ་རྙོག་གླེང་གི་རྩ་བ་ཉུང་དུ་ཕྱིན་པ་དང་སྟངས་འཛིན་གནང་བདེ་བ། དགེ་རྒན་ཀྱང་ཉིན་ལྟར་འཛིན་གྲྭ་སྟངས་འཛིན་རང་ལ་དུས་ཚོད་གཏོང་མི་དགོས་པར་ཉིན་རེའི་སློབ་ཁྲིད་ཤར་མར་འགྲོ་ཐུབ་པའི་དགེ་མཚན་དང་། ཕན་རླབས་ཆེན་པོ་ཞིག་ཡོད་པ་རང་ཉིད་ལ་མྱོང་བ་བྱུང་། ཡང་དྲག་པོའི་སྒོ་ནས་འཛིན་གྲྭ་སྟངས་འཛིན་གནང་མ་ཆོག་པ་རྩ་བ་ནས་མིན། གནང་ན་འགྲིག་ཀྱང་གནས་སྐབས་རིང་ལ་སློབ་ཕྲུག་ཚོའི་ཞེད་སྣང་དང་དངངས་འཚབ་ཀྱི་ཐོག་ནས་རེ་ཞིག་འགྲིག་འགྲོ་ནའང་། མ་འོངས་པར་སློབ་མ་ཚོ་ལ་དྲག་པོའི་ལམ་ནས་མ་གཏོགས་ཞི་བའི་ལམ་ནས་འདུལ་དཀའ་བའི་གནས་སྟངས་ཤིག་ཆགས་དུས་རང་གཞན་གཉིས་ཀའི་སེམས་ལ་དཀའ་ངལ་ཞིག་འཕྲད་རྒྱུ་ལས་གཞན་ཅི་ཡང་མ་མཆིས། ང་ཚོ་དགེ་བའི་བཤེས་གཉེན་ཞིག་གི་མཚན་གནས་ཡོད་པའི་འཛིན་གྲྭ་སྟངས་འཛིན་བྱ་རྒྱུ་དེ་ཞི་བའི་སྒོ་ནས་གནང་ཐུབ་པ་ཡིན་ན་འཕྲལ་ཕུགས་གཉིས་ཀར་ཕན་པའི་བྱ་བ་རླབས་ཆེན་ཞིག་རེད་འདུག་སྙམ།
༣) འཛིན་གྲྭ་སྟངས་འཛིན་གནང་སྐབས་དཀའ་ངལ་ལ་ལྟ་བ།
འཛིན་གྲྭ་གཅིག་གི་ནང་དུ་སློབ་མ་ཉུང་མཐར་སུམ་ཅུ་ཙམ་ཡོད་ཀྱང་ཚང་མའི་བསམ་བློའི་གནས་ཚད་གཅིག་པ་མིན། སློབ་མ་འགའ་ཞིག་བསམ་བློའི་གནས་ཚད་ཧ་ལས་པའི་མཐོ་བོ་དང་བསམ་རྒྱུ་དྲན་རྒྱུ་ཟབ་པོ་དེ་འདྲ་ཡོད། ཡང་སློབ་མ་འགའ་ཞིག་བརྩོན་འགྲུས་ཆེ་ནའང་རིག་པས་མི་འདང་བའི་དབང་གིས་དཀའ་ངལ་ནང་ཚུད་མཁན་མང་པོ་ཡོད་པས་དགེ་རྒན་གྱི་ངོས་ནས་ཉིན་གཅིག་གི་ནང་འཛིན་གྲྭ་སྟངས་འཛིན་བྱ་རྒྱུར་ཧ་ཅང་གི་ཁག་པོ་ཡོད། ཡིན་ན་ཡང་དཀའ་ངལ་ལ་གདོང་ལེན་གནང་སྟེ་མདུན་མཆོང་ཞིག་རྒྱག་པ་ཡིན་ན་རིམ་པས་དཀའ་དེ་ཞི་འགྲོ་བ་ཞིག་ཡིན། འཛིན་གྲྭ་སྟངས་འཛིན་གནང་བའི་སྐབས་སུ་སློབ་མ་གནས་ཚད་བཟང་བ་དེར་གཞི་མ་བཅོལ་བར་སློབ་མ་གནས་ཚད་ཞན་པ་དེར་གཞི་བཅོལ་ཏེ་འཛིན་གྲྭའི་ནང་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། ཐུབ་ཚོད་མེད་པ། འཕྱ་སྨོད་སོགས་མེད་པའི་རིགས་འགའ་ཞིག་ཟུར་འདོན་གྱིས་འཛིན་གྲྭའི་ནང་སྦྱར་ཏེ། སློབ་མ་ཚང་མས་འགན་མཉམ་འཁུར་དགོས་པའི་ལམ་སྟོན་སོགས་གནང་སྟེ། ཉིན་ལྟར་རྒྱུན་མ་ཆད་པར་སྐར་ཆ་ལྔ་ཙམ་བསམ་བློ་གཏང་གཅུག་པ་ཡིན་ན་རིམ་པས་གོམ་གཤིས་བཟང་པོ་ཞིག་འཇགས་ཏེ། རང་བཞིན་གྱི་འབྲས་བུ་བཟང་པོ་ཞིག་ཐོབ་བསམ་པའི་རེ་བ་དང་ཡིད་ཆས་ཡོད།
༤) བྱམས་བརྩེ་ལྡན་པའི་འཛིན་ཁང་བསྐྲུན་ཐབས།
སཱི་ཤེས་ཡོན་གྱི་བསླབ་གཞི་ལས་ཟུར་འདོན་བྱས་པའི་སློབ་ཚན་ཟུར་ཅིག(བྱམས་བརྩེ་ལྡན་པའི་འཛིན་ཁང་བསྐྲུན་ཐབས། ) ཞེས་པ་ནི་བྱམས་བརྩེ་ལྡན་པའི་འཛིན་ཁང་ཞིག་བསྐྲུན་པར་བྱེད་པར་སློབ་དགེ་གཉིས་ཟུང་འབྲེལ་བྱ་དགོས་པའི་ལས་རིམ་གལ་གནད་ཆེན་པོ་ཞིག་རེད་འདུག་ལ་དགེ་རྒན་གཅིག་པུས་ཡོང་ཐབས་མིན་འདུག་ལ། སློབ་ཕྲུག་གཅིག་པུས་ཡང་ཡོང་ཐབས་མིན་འདུག བྱེད་སྒོ་དེ་གཙོ་བོ་བྱམས་དང་བརྩེ་བ་གཉིེས་ཡིན་འདུག་ལ་དགེ་རྒན་གྱིས་སློབ་ཕྲུག་ལ་སྒོ་གསུམ་གྱི་ཐོག་ནས་བྱམས་དང་བརྩེ་བ་གནང་དགོས་པ་དང་། གཞན་གཅེས་པར་འཛིན་པའི་བློ་དང་། ཕན་ཚུན་དབར་བསམ་ཤེས་ལས་གྲུབ་པ་ཞིག་དགོས་འདུག་ལ་དེ་ཡང་ཕུགས་རྒྱང་རིང་པོ་ཞིག་དང་། བཟོད་བསྲན་དང་ལྡན་པ་ཞིག་དགོས་འདུག་ལ་སློབ་མ་ཚོར་ལམ་སྟོན་གང་ཞིག་གནང་ཡང་ཁ་འཇམ་ཚིག་འཇམ་དང་། ཕན་སེམས་ཀུན་ནས་བསླངས་བའི་ཀུན་ཁྱབ་སྙིང་རྗེ་དེ་དགོས་འདུག སློབ་ཕྲུག་ཞིག་ཡིན་ན་དགེ་རྒན་གྱིས་གང་གསུངས་པ་དེར་བརྩི་མཐོང་དང་། ལག་ལེན་གནས་ལ་འཁེལ་ཐུབ་པ་བྱུང་ན་བྱམས་བརྩེ་ལྡན་པའི་འཛིན་ཁང་ཞིག་བསྐྲུན་ཐུབ་ཀྱི་འདུག་ལ་རང་ངོས་ནས་གང་ཐུབ་བྱམས་བརྩེ་དང་ལྡན་པའི་འཛིན་ཁང་ཞིག་བསྐྲུན་ཐབས་ལ་འབད་དང་འབད་མུས་ཡིན།
༥༽ འཛིན་གྲྭ་སྟངས་འཛིན་ཡོངས་སུ་བསྒྲུབས་པའི་མཇུག་འབྲས།
ཉིན་མང་པོར་དཀའ་ལས་རྒྱག་པའི་འབྲས་བུ་སྨིན་དང་མ་སྨིན་ནི་གཙོ་བོ་སློབ་ཕྲུག་ཚོའི་འཛིན་གྲྭའི་ཉིན་རེའི་ལས་དོན་གནང་ཕྱོགས་ལ་རག་ལས་ཡོད་པས། སྔར་རྒྱུན་དང་མི་འདྲ་བར་འཛིན་གྲྭའི་ཀུན་ཁྱབ་བྱམས་བརྩེ་དང་། གཅིག་ཕན་གཅིག་གྲོགས། རང་ལས་གཞན་གཅེས་ཀྱི་བསམ་བློ་དང་། ཕན་ཚུན་བསམ་ཤེས་སོགས་ཅུང་ཟད་རེ་ཡོད་ཚེ་ལས་འགུལ་སྤེལ་དགོས་པའི་དགོས་དམིགས་དང་ལྡན་ཡོད་ལ། དེ་མིན་སྔོན་གྱི་འཛིན་གྲྭའི་སྤྱོད་ལམ་རྩུབ་པོ་དེ་རང་འཇགས་གནས་ཡོད་ན་དཀའ་ལས་རྒྱག་པ་ཚང་མ་རྒྱུག་ཆུར་བསྐུར་བ་དང་མཚུངས་པས་བྱ་ཐབས་བྲལ། སྤྱིར་འཛིན་གྲྭ་སྟངས་འཛིན་གནང་སྟངས་ནི་ཆེས་དཀའ་བའི་ལས་ཤིག་ཡིན་ལ་ཧ་ཅང་གི་འགན་འཁུར་ཆེན་པོ་ཞིག་ཀྱང་ཡིན། ཡིན་ན་ཡང་དེང་གི་འཆར་འཕྲུལ་རིག་གི་འཇིག་རྟེན་ཞིག་ཡིན་པར་སོང་། ཕྱོགས་གང་སར་སྐད་ཡིག་འདྲ་མིན་ཐོག་དྲྭ་ཐོག་ནས་གཟིགས་ཐུབ་ཀྱི་ཡོད་ལ། སཱི་ཤེས་ཡོན་སློབ་གསོའི་དྲྭ་ཚིག་ནང་དུ་ཕྱིན་པ་ཡིན་ན་ཧ་ཅང་གི་གོ་བདེ་པོ་དང་། སྟབས་བདེ་པོ་དེ་བཞིན་བྱེད་སྒོ་འདྲ་མིན་ཐོག་ནས་རང་ཉིད་ལ་སྦྱོང་རྒྱུ་དང་བསླབ་རྒྱུ་མང་པོ་ཡོད་པ་ཞིག་འདུག རང་ཉིད་ཀྱང་གཞི་བཅོལ་ས་གཙོ་བོ་ནི་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་ཁག་ཆགས་ཡོད་པས་ཧ་ཅང་ཕན་རླབས་ཆེན་པོ་བྱུང་། རྒྱ་ཆེ་ཀློག་པ་པོ་དང་། དགེ་ལགས་རྣམ་པས་སཱི་ཤེས་ཡོན་གྱི་བསླབ་གཞི་ལ་གཟིགས་པ་ཡིན་ན་འཛིན་གྲྭ་སྟངས་འཛིན་བྱ་རྒྱུ་ཙམ་མ་ཡིན་པར་བཟང་སྤྱོད་གོང་སྤེལ་གཏོང་ཐབས་སྐོར་ཡང་རབ་དང་རིམ་པ་མང་པོ་གསུངས་འདུག་པས་ཧ་ཅང་ཕན་ནུས་ལྡན་པ་ཞིག་ཡོང་ངེས་རེད་འདུག་ལ་སྐད་ཡིག་འདྲ་མིན་ཐོག་ནས་གཟིགས་ཐུབ་ཀྱི་འདུག་པས་ལྷན་རྒྱས་ནས་གང་ཐུབ་གཟིགས་རོགས་གནང་།
མཐའ་དོན་རང་ཉིད་ཤེས་བྱ་དམན་པས་ཚིག་སྦྱོར་མི་བདེ་བ་དང་། ཚིག་རྒྱན་སོགས་ལ་རྨོངས་པ་ཤིན་ཏུ་ཆེ་བས་བརྗོད་མི་བདེ་བ་དང་ཡིག་ནོར་སོགས་གཏན་གཏན་ཡོད་སྲིད་ཀྱང། དེ་དག་ལ་དགོངས་སེལ་ཞུ་རྒྱུ་དང་། གོང་གི་བརྗོད་གཞི་རྣམས་རང་ངོས་ནས་གང་མྱོང་བ་དང་། ཐོས་པ། བསམ་པ་གང་ཡོད་པ་བཞིན་ཡིག་ཐོག་ཏུ་བཀོད་པ་ལས་གཞན་གྱི་འབྲི་རྩོམ་ལས་བཤུས་པ་དང་། གཞན་གྱི་ཅི་ཟེར་ལ་ཉན་ཏེ་བཀོད་པ་རྩ་བ་ནས་བྲིས་པ་ཞིག་མིན། གང་བྲིས་པ་རྣམས་ལོ་ཤེས་ཀྱི་མྱོང་ཚོར་རང་བཀོད་པ་ཡིན།
ལྷག་པ་དང་ནི་ཆད་པ་དང་། ། ཆོ་གའི་ཡན་ལག་ཉམས་པ་དང་། །
བདག་གི་རྗེས་ངེས་ཅི་མཆིས་པ། ། དེ་ཡང་བཟོད་པར་མཛད་དུ་གསོལ། །
བཅས་ཅོན་ཏ་ར་བོད་ཁྱིམ་གྱི་བོད་དགེ་བསྟན་འཛིན་མཐོ་རི་ནས། ཕྱི་ལོ་༢༠༢༡ཟླ་༦ཚེས་༧ཉིན་དགོང་མོ་ཆུ་ཚོད་༤པར་རང་ཤག་ཏུ་བྲིས།