བསྟན་འཛིན་སྐལ་ལྡན།
སྦེལ་ཀོབ་སཾ་བྷོ་ཊ། གཞི་རིམ་གོང་མའི་བོད་དགེ

༄༅། ། སློབ་གྲྭ་ཁག་གི་དགེ་རྒན་རྣམ་པས་འབྲི་རྩོམ་གྱི་ལམ་ནས་བརྗོད་གཞི་གང་རུང་ཞིག་གི་ཐོག་རང་གི་ཉམས་མྱོང་དང་འབྲེལ་ཏེ་ཕན་ཚུན་སྦྱང་བཤད་དང་བསམ་ཚུལ་བརྗེ་ལེན་གྱི་སྟེགས་བུ་གསར་པ་ཞིག་རང་གཞུང་ཤེས་རིག་ལས་ཁུངས་ནས་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང། སྤྱིར་ཁོ་བོ་ནི་ཤེས་ཡོན་གྱི་སྡེ་ཚན་ནང་ལས་ཀ་བྱས་ཏེ་ད་བར་ལོ་ངོ་དྲུག་ལས་འཁོར་མེད་ཀྱང། འདས་པའི་ཉམས་མྱོང་ཁག་ལ་གཙོ་བོར་གཞི་བྱས་ཏེ་སློབ་ཕྲུག་རྣམས་ལ་ནང་སྦྱོང་སྤྲོད་སྟངས་དང། ཞུ་དག་བྱེད་ཕྱོགས་ཐད་གླེང་སློང་གི་ཚུལ་དུ་མདོར་ཙམ་བྲི་རྒྱུ་ཡིན།
ཁོ་བོ་རང་ཉིད་ལ་ཆ་མཚོན་ན་གཞི་རིམ་བར་མར་སློབ་ཁྲིད་ལོ་གསུམ་བྱས་ཤིང་། དེ་རྗེས་གཞི་རིམ་གོང་མར་སློབ་ཁྲིད་བྱས་ནས་ད་ཆ་ལོ་གསུམ་པ་དེ་འགྲོ་བཞིན་མཆིས། སློབ་ཕྲུག་ཚོས་ནང་སྦྱོང་དུས་ཐོག་ཏུ་བྱེད་པ་དང། རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་འཇགས་ཐུབ་ཐབས་དེ་གཞི་རིམ་བར་མའི་སྐབས་སུ་འཐུས་ཚང་ཞིག་འབྱུང་ཐུབ་ཚེ་སློབ་ཕྲུག་ཚོར་གོམས་གཤིས་འཇགས་སླ་བ་དང། ཁེ་ཕན་ཆེ་བ་ཡོད་པའི་ཚོར་སྣང་ཤུགས་ཆེ་ཞིག་སྔར་ནས་བྱུང་སྟབས། གཤམ་གྱི་རྩོམ་ལུས་ནང་གི་གནད་དོན་རྣམས་ཀྱང་གཞི་རིམ་བར་མའི་སློབ་ཕྲུག་གཞིར་བཞག་གིས་བྲིས་པ་ཞིག་ཡིན་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།
སྐབས་བབས་ནང་སྦྱོང་སྤྲོད་ཕྱོགས་དང། ནང་སྦྱོང་ཞུ་དག་གནང་ཕྱོགས་སྐོར་ས་བཅད་བཞིར་བགོས་ནས་ཞུ་ན། ༡) ནང་སྦྱོང་སྤྲོད་པའི་དམིགས་ཡུལ་ངོས་གཟུང་བ། ༢) ནང་སྦྱོང་ཇི་འདྲ་ཞིག་སྤྲོད་དགོས་པ། ༣) ནང་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ལ་ཆ་རྐྱེན་ཇི་འདྲ་ཞིག་ཚང་དགོས་པ། ༤) སློབ་ཕྲུག་གི་ཕ་མས་གནང་དགོས་ཁག་བཅས་ཡིན།
༡) ཐོག་མར་ནང་སྦྱོང་སྤྲོད་པའི་དམིགས་ཡུལ་གང་ཡིན་ངོས་བཟུང་དགོས་པ་ནི་ཤིན་ཏུ་གལ་གནད་ཆེ་བ་ཡིན། འོན་ཏང་ནང་སྦྱོང་སྤྲོད་པའི་དགོས་དམིགས་དེ་རྟག་ཏུ་གཅིག་རང་ཡིན་དགོས་པའི་ངེས་པ་མེད། དགེ་རྒན་གཅིག་གིས་འཛིན་གྲྭ་གཅིག་གི་ནང་ལ་ཡང་། ནང་སྦྱོང་སྤྲོད་ཐེངས་རེར་དམིགས་ཡུལ་མི་འདྲ་བ་རེ་ཡོད་ཆོག སྤྱིར་ནང་སྦྱོང་སྤྲོད་པའི་དགོས་དམིགས་གཙོ་བོ་ནི། སློབ་ཁྲིད་ཟིན་པའི་ནང་དོན་རྣམས་སློབ་ཕྲུག་ཚོས་བསྐྱར་སྦྱོང་དང་སྦྱོང་ཚན་གྱི་ལམ་ནས་ཁོང་དུ་ཆུད་ཐབས་དེ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་ཡིན། འོན་ཀྱང་དེ་ནི་སྤྱི་ཡོངས་ཀྱི་དགོས་དམིགས་ཤིག་ཡིན་པས། ཞིབ་ཚགས་བྱས་ཏེ་ནང་གསེས་ཀྱི་དབྱེ་བ་བྱེ་བྲག་སོ་སོར་དབྱེ་དགོས་ཏེ། དཔེར་ན། བློ་འཛིན་གྱི་རྩལ། ཀློག་རྩལ། འབྲི་རྩལ། དཔྱད་ཞིབ་ཀྱི་རྩལ། མཚུངས་བསྡུར་གྱི་རྩལ། གནས་ཚུལ་མཁོ་སྒྲུབ་ཀྱི་རྩལ། གསར་གཏོད་ཀྱི་རྩལ་ལ་སོགས་པ་བྱེ་བྲག་གཅིག་དམིགས་ཡུལ་དུ་གཟུང་ཚེ། དགེ་རྒན་གྱི་ངོས་ནས་ནང་སྦྱོང་སྤྲོད་བདེ་བ་ཡོང་གི་འདུག་ལ། ནང་སྦྱོང་སྤྲོད་སྟངས་དེ་ཡང་འཆར་གཞི་དང་ལྡན་པ་ཞིག་ཡོང་གི་འདུག ཡང་གོང་སྨོས་དམིགས་ཡུལ་དེ་དག་ཀྱང་གཅིག་ཕན་གཅིག་གྲོགས་སམ་གཅིག་ལ་གཅིག་བརྟེན་ཇི་ལྟར་ཡིན་པ་ངོས་འཛིན་མ་ནོར་བའི་སྒོ་ནས་བང་རིམ་ངེས་ཅན་གྱིས་ནང་སྦྱོང་སྤྲད་ཚེ་ཕན་ཡོན་དེ་བས་ཆེ་བ་འདུག་པས་དམིགས་ཡུལ་དེ་དག་གི་སྔ་ཕྱི་མ་འཛོལ་བར་གནང་དགོས་གལ་ཆེ།
༢) ནང་སྦྱོང་ཇི་འདྲ་ཞིག་སྤྲོད་དགོས་མིན་ནི། གཙོ་བོ་གོང་སྨོས་ཀྱི་དགོས་དམིགས་ལ་གཞིགས་ནས་སྤྲོད་དགོས་ཀྱང། རྒྱུན་དུ་ནས་ཐུགས་ལ་བཞག་དགོས་པ་ནི། འཛིན་གྲྭ་གང་ཡིན་གྱི་སློབ་ཕྲུག་ཚོའི་བློའི་ནུས་སྟོབས་དང་རན་པའི་ནང་སྦྱོང་སྤྲོད་དགོས་གལ་ཆེ། ལྷ་རབ་བྱུང་ན་སློབ་ཕྲུག་ཡོངས་ལ་ནང་སྦྱོང་གཅིག་རང་མིན་པར། འཛིན་གྲྭ་གཅིག་གི་སློབ་ཕྲུག་ཚོའི་བློའི་ནུས་པས་ལྕོག་ཐུབ་མིན་ལ་ཡང་ཁྱད་པར་ཡོད་སྟབས། ནང་སྦྱོང་དཀའ་སླའམ། ཚད་གཞི་མཐོ་དམའ་ཡི་གདམ་ཀ་ཡོད་པ་ཞིག་སྤྲད་ཚེ་ཤིན་ཏུ་ཁེ་ཕན་ཆེ་བར་མངོན། ནང་སྦྱོང་ཕོན་ཆེན་པོ་སྤྲད་ཚེ་སློབ་ཕྲུག་ཚོར་ཉོབ་སྣང་ངམ། འབྲི་ཀློག་གི་བྱ་གཞག་ལ་བསུན་གཙེར་སྐྱེ་བ་སོགས་ཡོང་རྒྱུའི་ཉེན་ཁ་ཡོད་པ་དང། ཡང་ནང་སྦྱོང་ཡང་སེ་མ་བསྐུར་ན། འབྲི་ཀློག་གི་བྱ་གཞག་ལ་གོམས་གཤིས་སམ་སྤྲོ་སྣང་སླེབས་མི་ཐུབ་པ་བཅས་ཕྱོགས་ཡོངས་ཀྱི་དགེ་སྐྱོན་ལ་གཞིགས་ནས་འུ་ཅག་དགེ་རྒན་ཚོས་ནང་སྦྱོང་ནམ་སྐུར་བའི་ཚེ། མཚམས་རེ་ཕོན་ཆེན་པོ་དང་ཡང་མཚམས་རེར་ཅི་ཡང་མ་བསྐུར་བ་ལྟ་བུ་མ་ཡིན་པར། ཉུང་ཉུང་དང་ཡང་སེ་བསྐུར་དགོས་པ་ནི་གནད་འགག་གཅིག་ཡིན་པར་སེམས།
༣) དོན་ཚན་གསུམ་པ། ནང་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ལ་ཆ་རྐྱེན་གང་ཚང་དགོས་པའམ། ཡང་ན་དགེ་རྒན་གྱི་ངོས་ནས་གནང་དགོས་ཁག་ནི། སློབ་ཕྲུག་ཚོར་ནང་སྦྱོང་སྤྲད་པའི་ཕྱི་ཉིན་དེ་རང་ལ་དྲན་པ་བརྗེད་པ་ལ་སོགས་པ་མིན་པར་ཞུ་དག་ངེས་པར་དུ་གཏོང་གནང་དགོས་པ་དང། ནང་སྦྱོང་ཡང་སེ་བསྐུལ་བའི་རྒྱུ་མཚན་གྱིས་དག་བཅོས་ཀྱང་རྒྱུན་བསྲིངས་ནས་དུས་ཐོག་ཏུ་གནང་དགོས་པ་ནི་ཆ་རྐྱེན་གཙོ་བོ་གཅིག་ཡིན། ཞུ་དག་གཏོང་གནང་སྐབས་ཀྱང་སློབ་ཕྲུག་ཞན་པ་ཚོས་ནོར་འཁྲུལ་བྱས་ཚད་ལ་ནོར་བཅོས་ཀྱིས་ཤོག་ངོས་དམར་རྟགས་ཀྱིས་བཀང་ཚེ་ནང་སྦྱོང་བྱེད་པའི་སྤྲོ་དབྱིངས་ལ་འགལ་རྐྱེན་བྱེད་སྲིད་པས། དག་ཆ་ཡར་རྒྱས་སམ་ཕྲད་སྦྱོར་ཚུལ་ཡར་རྒྱས་ལ་སོགས་པའི་དམིགས་ཡུལ་གཅིག་གཞིར་བཞག་གིས་ནོར་བཅོས་གནང་སྟེ་རིམ་པས་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་བར་དམིགས་དགོས།
ནང་སྦྱོང་ཧ་ཅང་ལེགས་པོ་བྲིས་པའི་སློབ་ཕྲུག་ཚོར་འཛིན་གྲྭའི་ནང་དུ་སྐབས་རེ་བསྔགས་བརྗོད་བྱེད་པ་དང། བློ་རིག་ཞན་པའི་སློབ་ཕྲུག་ཚོར་ནོར་བཅོས་བྱེད་དགོས་ན་ཡང་། གཤམ་དུ་བསྔགས་བརྗོད་ཀྱི་མཆན་ཐུང་རེ་འགོད་པའམ། ཡང་ན་སྔར་བས་ཡར་རྒྱས་ཕྱིན་པ་ལ་སོགས་པའི་རྒྱུ་མཚན་དྲངས་ནས་ནོར་བཅོས་བྱས་ཏེ་སློབ་ཕྲུག་གི་སྤྲོ་སེམས་བརྟས་ཐབས་གནང་དགོས།
དེ་བཞིན་སློབ་ཕྲུག་ཚོའི་ངོས་ནས་ཀྱང་དགེ་རྒན་གྱིས་ཉི་མ་རྟག་པར་རྒྱུན་མཐུད་ནས་ནང་སྦྱོང་ཞུ་དག་གནང་རྒྱུ་དེ་ནི་དོན་དངོས་སུ་ལས་སླ་པོ་ཞིག་གཏན་ནས་མིན་པ་དེ་ངེས་པར་དུ་ཤེས་རྟོགས་ཐུབ་དགོས་སྙམ། དེ་ཡང་སློབ་ཕྲུག་ཚོའི་ནང་སྦྱོང་ཞུ་དག་བྱེད་པར་དུས་ཚོད་ཇི་ཙམ་འགོར་གྱི་ཡོད་པ་དང་། ནང་སྦྱོང་ཇི་ཙམ་མང་བ་སྐུར་བ་དེ་ཙམ་གྱིས་དགེ་རྒན་ལ་ཕྱག་ལས་མང་དུ་འགྲོ་ཡི་ཡོད་པ་སོགས་སློབ་ཕྲུག་ཚོས་ཤེས་རྟོགས་ཐུབ་པ་ཞིག་འབྱུང་ན། སློབ་ཕྲུག་ཚོས་དགེ་རྒན་གྱིས་ནང་སྦྱོང་སྐུར་བ་རྣམས་རང་ཉིད་ཀྱི་ཡར་རྒྱས་ཀྱི་ཆེད་ཡིན་པ་དང། དགེ་རྒན་གྱི་ངོས་ནས་ཀྱང་སྐུ་ལས་དེ་ཙམ་རྒྱག་གི་ཡོད་པ་ཤེས་རྟོགས་འབྱུང་བ་ལ་བརྟེན་ནས་ནང་སྦྱོང་བྱེད་པར་སྤྲོ་བ་སྔར་བས་ལྷག་པ་སྐྱེ་བའི་རེ་བ་ཡོད་ལ། སློབ་ཕྲུག་ཚོའི་ངོས་ཀྱང་དགེ་རྒན་གྱི་བསླབ་བྱ་ལམ་སྟོན་ལ་དོ་སྣང་ཆེ་བ་སླེབས་པའི་རེ་བ་ཡང་ཡོད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དགེ་རྒན་ཚོ་ཡང་སོ་སྐྱེ་ཕལ་པ་ཞིག་ཡིན་སྟབས། སློབ་ཕྲུག་རང་ཉིད་དམ་སློབ་ཕྲུག་གི་ཕ་མ་ལ་སོགས་པ་དང་མི་མཐུན་པ་ལྟ་བུ་ཆགས་པའི་རྐྱེན་གྱིས་ཆགས་སྡང་གི་གཞན་དབང་དུ་སོང་ནས་སློབ་ཕྲུག་ཅིག་གིས་ནང་སྦྱོང་སྤུས་ལེགས་བྱས་ཡོད་ཀྱང། དེ་ལ་དཔག་པའི་བསྟོད་བསྔགས་དང་ཨང་ཐོབ་ལྟ་བུ་ཡིག་ངག་གཉིས་ཐོག་ནས་སྤྲོད་འདོད་མེད་པ་དེ་འདྲའང་ཡོང་སྲིད་པས། དུས་རྟག་ཏུ་དེ་ལྟ་བུའི་ཅོལ་ཆུང་གི་བསམ་པའི་རྗེས་སུ་མ་སོང་བར་བློ་གཟུ་བོར་གནས་སྟེ་ཆེད་ལས་ཀྱི་བཟང་སྤྱོད་དང་མི་འགལ་བའི་ཐོག་ནས་ཕྱག་ལས་གནང་དགོས་པ་ནི་ཧ་ཅང་གལ་ཆེ།
༤) མཐར་སློབ་ཕྲུག་གི་ཕ་མས་གནང་དགོས་ཁག་ནི། ཉེ་བའི་ཆར་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་སྒོ་རྒྱ་བསྡམས་ཏེ་དྲ་ཐོག་སློབ་ཁྲིད་བྱེད་དགོས་བྱུང་བ་ལ་བརྟེན་ནས། ཕ་མ་ཚོས་རང་གི་ཕྲུ་གུ་དང་མཉམ་དུ་བསྡད་དེ་འཛིན་གྲྭ་ཚོགས་པ་དང། ཡང་ནང་སྦྱོང་བྱེད་པར་རོགས་སྐྱོར་སོགས་གནང་ཡོད། སྐབས་དེ་དག་ཏུ་ཕ་མ་མང་པོས་དགེ་རྒན་གྱི་ལས་རིགས་ནི་ཤིན་ཏུ་དཀའ་རྙོགས་ཆེ་བའི་ལས་རིགས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཞིང་། ཤེས་བྱ་ཡོན་ཏན་སྤྲོད་ལེན་གྱི་བྱ་བའི་བརྒྱུད་རིམ་དེ་ཡང་ཀ་ཤ་སྦུབས་སྐྱེས་ལྟར་ཉིན་གཅིག་དང་མཚན་གཅིག་ལ་གློ་བུར་ཐོག་རྒྱག་ལ་སྒྲུབ་ཐུབ་པ་ཞིག་མིན་པར། ཉི་མ་ནས་ཉི་མ། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུད་དེ་ཤེས་ཡོན་སྤྲོད་པ་པོ་དང། ལེན་པ་པོ་གཉིས་ཀའི་ངོས་ནས་རྒྱུན་བསྲིངས་ནས་བསྒྲུབ་རྒྱུ་ཞིག་ཡིན་པའི་ངེས་ཤེས་གཏིང་ནས་སྐྱེས་ཏེ་དེ་ལྟར་བརྗོད་མཁན་གྱི་ཕ་མ་ཡང་མི་ཉུང་བ་ཞིག་བྱུང་ཡོད།
ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་ཤེས་ཡོན་གྱི་སྡེ་ཚན་ནང་དགེ་སྐྱོན་གཉིས་ཀ་བྱུང་ཡོད་ལ། དགེ་བའི་ཆའམ་ལེགས་པའི་ཆ་གཅིག་ནི། ཕ་མ་ཚོས་རང་གི་ཕྲུ་གུ་མཉམ་དུ་དུས་ཚོད་གཏོང་རྒྱུའི་གོ་སྐབས་ཐོབ་པ་དེ་ཡིན། དུས་སྐབས་དེའི་རིང་ཕ་མ་ཚོས་རང་གི་ཕྲུ་གུས་འཛིན་གྲྭའི་ནང་ཆ་ཤས་ཇི་ལྟར་ལེན་པ་དང། རང་གི་འཛིན་གྲོགས་ལྷན་འབྲེལ་འདྲིས་ཇི་ལྟར་བྱེད་པ། ནང་སྦྱོང་ཇི་ལྟར་བྱེད་པ། འབྲི་དེབ་དང་སློབ་དེབ་གཅེས་ཉར་ཇི་ལྟར་བྱེད་པ་ལ་སོགས་པར་ཞིབ་ཚགས་གཟིགས་པའི་གོ་སྐབས་མི་ཉུང་བ་ཞིག་ཐོབ་ཡོད། དེར་བརྟེན་ཕ་མ་ཚོས་སྒོ་རྒྱ་བསྡམས་པའི་སྐབས་རང་གི་ཕྲུ་གུར་ལྟ་རྟོག་དང་དོ་ནན་གནང་བ་དེ་ཉིད་མུ་མཐུད་ནས་གནང་དགོས་ལ། ཁོ་བོས་ཉམས་མྱོང་གི་ཐོག་ནས་ཞུ་རྒྱུ་ཞིག་ལ་གཞི་རིམ་བར་མའི་སློབ་ཕྲུག་ཅིག་ལ་ཟླ་ཤས་རིང་ཕ་མ་སྤུན་མཆེད་སུ་རུང་གིས་དོ་ནན་ཐབས་མཁས་ཀྱི་སྒོ་ནས་རོགས་སྐྱོར་གང་ཐུབ་བྱས་ནས་ནང་སྦྱོང་དུས་ཐོག་ཏུ་བྱེད་བཅུག་པའི་འབྲས་བུར། ཕྲུ་གུ་དེའི་རྒྱུད་ལ་ནང་སྦྱོང་དུས་ཐོག་ཏུ་བྱ་རྒྱུའི་གོམས་གཤིས་འཇགས་ཐུབ་པ་ཙམ་མ་ཟད། འབྲི་ཀློག་བྱེད་པར་བསུན་སྣང་མེད་པར་རང་འགུལ་གྱིས་སློབ་སྦྱོང་བྱེད་མཁན་ཞིག་ཏུ་ཡང་གྱུར་ཐུབ་པ་འདུག
དེར་བརྟེན་ཕ་མ་ཚོས་གནང་དགོས་པ་ཁག་ནི། ཕྲུ་གུ་ཚོར་ནང་སྦྱོང་བྱེད་དུ་འཇུག་ཚུལ་ནི། ཕ་མ་རང་ཉིད་ཕྲུ་གུའི་མཉམ་དུ་བསྡད་པའི་ཐོག་ནས་ནང་སྦྱོང་བྱེད་པར་རོགས་སྐྱོར་གནང་དགོས་ལ། ཡང་རོགས་སྐྱོར་གནང་སྟངས་ནི། འཇམ་རྩུབ་འཚམ་པ་དང། གཙོ་བོ་ཕྲུ་གུ་རང་ཉིད་ཀྱི་བསམ་ཚུལ་ལམ་འཆར་སྒོ་གཞི་ལ་བཞག་པའི་སྒོ་ནས་རང་གི་བསམ་ཚུལ་བསྣན་ཏེ་རོགས་སྐྱོར་གནང་དགོས། ཡང་དུས་ཡུན་ཇི་ཙམ་གྱི་རིང་མཉམ་དུ་བསྡད་དེ་རོགས་སྐྱོར་བྱེད་དགོས་སམ་ཞེ་ན། ཕྲུ་གུ་དེས་དགའ་དད་སྤྲོ་གསུམ་གྱི་ངང་ནས་རང་འགུལ་གྱིས་ནང་སྦྱོང་བྱེད་པའི་གོམས་གཤིས་མ་འཇགས་ཀྱི་བར་དུ་ཐབས་མཁས་ཀྱིས་རོགས་སྐྱོར་གནང་དགོས།
གཞན་ཡང་ཕ་མ་ཚོས་ངེས་པར་དུ་སེམས་ལ་བཞག་གནང་དགོས་པ་ཁག་ཅིག་ནི། ཕྲུ་གུ་ཚོར་དུས་ཡུན་རིང་པོ་མིན་པར་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་ནང་སྦྱོང་བྱེད་འཇུག་དགོས་པ་དང། དེ་ཡང་ཆུ་ཚོད་ཕྱེད་ཀ་དེའི་སྐབས་ཁ་གཡེང་མིག་གཡེང་མེད་པར་བློ་རྩེ་གཅིག་སྒྲིམ་གྱིས་ནང་སྦྱོང་བྱེད་པའི་གོམས་གཤིས་འཇགས་ཐབས་གནང་རྒྱུ་དེ་ཡིན། དེ་མིན་རང་སྦྱོང་གི་དུས་ཡུན་རིང་ཡང་ཁ་གཡེང་མིག་གཡེང་ཁོ་ནས་དུས་འདའ་བར་བྱས་ཚེ། རྗེས་སོར་ཕྲུ་གུ་དེ་ཉིད་བློ་རྩེ་གཅིག་ལ་གཏད་མ་ཐུབ་པར། སྐབས་རེ་བསམ་བློ་གཞན་ལ་འཕྲོས་དྲགས་ནས་དོ་ནན་མེད་པ་དང་། ཡང་སྐབས་རེར་བསམ་བློ་ནང་དུ་འདུས་དྲགས་ནས་འཐོམ་འཐོམ་ལྟ་བུ་ཆགས་རྒྱུུའི་ཉེན་ཁ་ཆེན་པོ་ཡོད། ཐོག་མར་རང་སྦྱོང་བྱེད་དུ་འཇུག་པའི་སྐབས་འབོར་ཚད་ལས་སྤུས་ཚད་གལ་གནད་ཆེ་བར་བརྩི་དགོས་པ་དང། རིམ་པས་དུས་ཡུན་ཆུ་ཚོད་ཕྱེད་ཀ་ནས་གཅིག་དང། ཆུ་ཚོད་གཅིག་ནས་གཉིས་བཅས་སྤར་ཀྱང་ཆོག
དེ་ལྟར་དོན་ཚན་བཞི་ཡི་སྒོ་ནས་རང་གི་ཉམས་མྱོང་གཞི་ལ་བཞག་པའི་འཆར་སྒོ་རྣམས་ཡིག་ཐོག་ཏུ་ཕབ་ཁུལ་བྱས་ཡོད་ཀྱང་། ནང་དོན་དོན་ཕན་ལྡན་པ་ཞིག་དང། ཚིག་གི་སྡེབ་སྦྱོར་སྙན་པ། སྔ་ཕྱི་བང་སྒྲིག་པ་བཅས་བྱུང་ཡོད་པའི་རེ་བ་མེད་གཤིས། འོན་ཀྱང་ཀུན་སློང་ལ་ལྷད་མེད་པས་རང་དང་འདྲ་བའི་དགེ་རྒན་ཁག་ཅིག་དང་འབྲེལ་ཡོད་ཕ་མ་ཚོ་ལ་ཕན་པའི་རེ་བ་ཅུང་ཟད་ཅིག་མཆིས།
མཐར་ད་བར་གྱི་ཁོ་བོའི་ཉམས་མྱོང་ལ་གཞི་བཅོལ་བའི་བསྡོམས་ནི། དགེ་རྒན་ཚོས་སློབ་ཕྲུག་ཚོར་ནང་སྦྱོང་སྐུལ་བའི་དམིགས་ཡུལ་མི་གྲུབ་པའི་རྒྱུ་མཚན་གཙོ་བོ་དེ། དགེ་རྒན་དང་ཕ་མའི་མཉམ་ལས་མེད་པ་དེ་ཡིན་པར་སེམས། དགེ་རྒན་ནམ་སློབ་གྲྭ་དང་ཕ་མ་གཉིས་ཟུང་དུ་འབྲེལ་ནས་ཕྱག་ལས་གནང་ཚེ། སྤྱོད་པ་ཆེས་རྩིང་བ་དང་། དབང་པོ་ཆེས་རྟུལ་བའི་སློབ་ཕྲུག་སུ་འདྲ་ཞིག་ཡིན་རུང་། དེའི་རྒྱུད་ལ་བཟང་སྤྱོད་དང་ཤེས་ཡོན་ཡར་རྒྱས་གཏོང་ཐུབ་ངེས་ཡིན། ད་ལྟ་བོད་པའི་སྤྱི་ཚོགས་ཁྲོད་དགེ་རྒན་ཚོ་ནི་སློབ་གྲྭའི་བྱེད་སྒོ་རྣམ་གཞག་མང་དག་ཅིག་ལ་དབུ་འཁོར་ནས་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྒྲོག་སྦྱང་སྐབས་མ་གཏོགས་ཕ་མ་དང་ཡང་སེ་འབྲེལ་བ་བྱེད་མི་ཐུབ་པ་དང། ཕ་མ་ཚོ་ཡང་དགེ་རྒན་གྱི་སར་ཡང་སེ་བཅར་ཏེ་རང་གི་ཕྲུ་གུའི་ཀུན་སྤྱོད་ཤེས་ཡོན་སྐོར་འདྲི་རྩད་བྱེད་པ་དང། ལམ་སྟོན་ཞུ་བ་ལ་ངོ་ཚ་འཚེར་སྣང་གི་རྒྱ་ལས་གྲོལ་མེད་པའི་གནས་སྟངས་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན། དེར་བརྟེན་དགེ་རྒན་ནམ་སློབ་གྲྭ་དང་ཕ་མ་ཟུང་འབྲེལ་ཡོང་ཐུབ་པའི་ཐབས་ལམ་ལ་འབད་རྒྱུ་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན་འདུག
དེ་བཞིན་གལ་གནད་ཆེ་བ་གཞན་ཞིག་ནི། སློབ་ཕྲུག་ཚོར་ནང་སྦྱོང་ཇི་འདྲ་ཞིག་སྐུར་ཡོད་མིན་ཕ་མས་ཤེས་རྟོགས་མི་ཐུབ་པ་དེ་ཡིན། དེ་སྔ་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་(CTSA)ཀྱི་འོག་ཏུ་ཡོད་སྐབས་སློབ་གྲྭ་ཁག་ལ་དགེ་རྒན་གྱི་ཉིན་ཐོ་(Teacher’s Diary)ཡོད་པ་ལྟར། བརྗེད་ངས་འཁྲུལ་སྣང་གི་བློས་བྲིད་པ་མིན་ཚེ་སློབ་ཕྲུག་ལ་ཡང་སློབ་ཕྲུག་གི་ཉིན་ཐོ་(Student’s Diary)ཞེས་པ་ཞིག་ཡོད་པ་དྲན་པའི་མེ་ལོང་དུ་གསལ། ཉིན་ཐོ་དེའི་ནང་སློབ་ཕྲུག་ཚོས་དེ་ཉིན་ནང་སྦྱོང་གང་བསྐུར་བ་དག་ཐོ་འགོད་ཀྱིས། ནང་དུ་འབྱོར་མ་ཐག་ཉིན་ཐོ་ལ་བལྟས་ནས་ནང་སྦྱོང་ཆ་ཚང་བ་བྱེད་པའི་སྲོལ་ཞིག་འདུག ཕ་མ་ཚོས་ཀྱང་ཉིན་ཐོ་དེ་ལ་བལྟས་ནས་དེ་ཉིན་གྱི་ནང་སྦྱོང་གང་ཡིན་མིན་དང་། ཕྲུ་གུ་དེས་ནང་སྦྱོང་ལྷག་ལུས་མེད་པ་བྱས་ཟིན་མིན་ལྟ་རྟོག་བྱེད་སླ་བ་ཡོད་ངེས་ཡིན་གཤིས། ཐབས་ལམ་དེས་སློབ་ཕྲུག་ཚོར་ཁེ་ཕན་ཇི་ཙམ་ཞིག་ཐོགས་ཡོད་མིན་ནམ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་སློབ་ཕྲུག་ཚོར་ཤེས་ཡོན་མཁོ་སྤྲོད་འཐུས་ཚང་ཡོང་བར་འགལ་རྐྱེན་རྣམས་སེལ་བར་ཐབས་ཤེས་ཡོད་རྒུ་གནང་བ་དེར་ཡི་རང་བསྔགས་བརྗོད་ཀྱི་ཡུལ་ཡིན་པས། དེ་ལྟ་བུའི་ཐབས་ལམ་ཞིག་བཙལ་ཏེ་ལག་བསྟར་གནང་དགོས་རྒྱུ་ནི་ཕྱིས་དྲགས་མེད་ནའང་སྔ་དྲགས་མེད་པར་སྙམ་མོ། ། ། །