གཞི་རིམ་འོག་མའི་དགེ་རྒན་འཇིག་མེད། ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ།

ལྷག་པའི་ལྷ་དང་ངག་གི་ལྷ་ཡི་མཆོག། ། བདག་དང་འབྲེལ་བའི་སྨྱུག་འཛིན་སུ་མཆིས་ལ།
སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་བསྩལ་ནས། ། ངག་གི་དཔལ་ལ་རྫོགས་ལྡན་ཐོབ་པར་ཤོག། །
འཆད་བརྩོན་རྩོམ་ལ་མི་ལོ་ཉེར་གཉིས་རིང་། ། ངལ་བཞིན་འབད་པའི་མྱོང་བའི་ཕོར་པའི་ནང་། །
ཚད་ལྡན་མཁས་པའི་གསུང་གི་བདུད་རྩིའི་བཅུད། ། འབུལ་ལོ་གསོལ་ཅིག་སྐལ་ལྡན་དོན་གཉེར་ཅན། །
རང་གཞུང་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི། ། མགོ་ལས་ཡོངས་དང་ཁྱད་པར་འདི་འབྲེལ་བའི། །
ཀུན་ལ་ཕན་པའི་ལས་གཞི་འདི་དག་ལ། ། ཡི་རིང་བསྔགས་བཞིན་ངལ་བས་འབད་པར་བྱ། །

དགེ་རྒན་རང་ཉིད་འབྲི་རྩལ་ལ་བྱང་བ་ཞིག་དགོས།
དགེ་རྒན་རང་ཉིད་འབྲི་རྩལ་ལ་བྱང་བ་ཞིག་མིན་ན་སློབ་ཕྲུག་རྣམས་གྱི་འབྲི་རྩལ་ཡར་རྒྱས་སུ་ཇི་ལྟར་གཏོང་ཐུབ་བམ་མི་ཐུབ་པའི་ཕྱིར་རོ། ། དཔེར་ན། ལོང་བས་ལོང་བ་ལ་ལམ་སྟོན་མི་ནུས་པ་བཞིན་དགེ་རྒན་རྩོམ་ཡིག་མི་ཤེས་མཁན་ཞིག་གིས་སློབ་ཕྲུག་གི་རྩོམ་ཡིག་ཡར་རྒྱས་སུ་གཏོང་མི་ཐུབ་པ་ནི་མིག་མཐོང་ལག་ཟིན་ཡིན་ཡང་། དེ་སྐབས་ཨིན་བོད་སོགས་སྐད་ཡིག་གི་དགེ་རྒན་འགའ་རེས་སློབ་ཕྲུག་སོགས་ལ་རྩོམ་ཡིག་ཅིག་ཕྲིས་ཞེས་གང་ཡིན་འདི་ཡིན་མེད་པར་བཀའ་བཙན་པོ་རེ་བཏང་པས། སློབ་ཕྲུག་ཚོས་ཀྱང་གང་དྲན་དྲན་ཞིག་བྲིས་པ་ལ་དགེ་རྒན་གྱིས་ཀྱང་ཧམ་པས་ཀུན་ནས་བླངས་ནས་དག་བཅོས་བྱེད་ཁུལ་བྱས་པ་ཙམ་ལས། རྩོམ་ཡིག་དེའི་བརྗོད་བྱ་འགྲིག་མིན་དང་བརྗོད་སྙིང་ཡོད་མེད་ལ་སོགས་པ་ལ་སོགས་པ་ནི་དགེ་སློབ་གཉིས་ཀ་རི་བོང་གི་རྭ་ཡི་དཔེ་ལས་མ་འདས་པས་ན། ད་དུང་དགེ་རྒན་ཧམ་པ་ཅན་འགའ་རེས་སློབ་ཕྲུག་གི་རྩོམ་ཡིག་གི་ཡག་སྡུག་གླེང་བ་ནི་ཧ་ཅང་ཐད་དྲག་པ་ཡིན་མོད་དེ་ལྟ་བུ་ང་ཚོའི་སྤྱི་ཚོགས་ཁྲོད་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པའི་གནས་སྟངས་ཏེ་ལ་འགྱུར་བ་ཞིག་མ་ཕྱིན་པར་སློབ་ཕྲུག་གི་འབྲི་རྩལ་ཡར་རྒྱས་འགྲོ་བ་དེ་ཡང་མོ་གཤམ་ལ་བུ་སྐྱེ་དགོས་ཞེས་བཀའ་བཏང་བ་དང་གཅིག་མཚུངས་སུ་སྣང་པས། མ་སྐུལ་དང་དུ་བླངས་ནས་དགེ་རྒན་རང་ཉིད་ཀྱི་རྩོམ་ཡིག་གི་ཤེས་ཚད་ཅུང་ཡར་རྒྱས་ཀྱི་ཕྱོགས་སུ་གོ་སྟབས་བསྒྱུར་བར་འབད་པ་བྱེད་དགོས་སོ། །
དེང་སང་དགེ་རྒན་ཕལ་ཆེ་བའི་སློབ་ཕྲུག་རྣམས་ལ་རྩོམ་ཡིག་འབྲི་འཇུག་གི་ཡོད་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་མོད་ཀྱང་། དོན་དངོས་ཐོག་དགེ་རྒན་རང་ཉིད་ཀྱིས་ཀྱང་མཛུབ་མོ་རང་ལ་བཙུགས་ནས་བསམ་བློ་ཞིག་བཏང་ན། རང་ཉིད་ལ་རྩོམ་ཡིག་གི་ཤེས་ཚད་དང་མཉམ་མྱོང་རང་གི་བྲིས་པའི་རྩོམ་ཡིག་དྲ་ལམ་དང་ཚགས་དཔར་ཡང་ན་སྤྱི་ཚོགས་སོགས་སུ་འགྲེམ་སྤེལ་བྱེད་མྱོང་ཡོད་མེད་དང་། དེ་ལྟར་མེད་ཀྱང་རང་ཉིད་ཀྱིས་སློབ་ཕྲུག་ལ་རྩོམ་ཡིག་སོགས་འབྲི་རུ་འཇུག་པ་དང་དེ་ལ་དག་བཅོས་བྱེད་པའི་ཁྱོད་ལ་རྒྱབ་ལྗོངས་ཀྱི་རྩོམ་ཡིག་གི་ཤེས་ཚད་དང་གདེང་ཚོད་ཇི་འདྲ་ཡོད་མེད་ལ་བསམ་བློ་འཁོར་མྱོང་ངམ། སློབ་ཕྲུག་གི་རྩོམ་ཡིག་ལ་དག་བཅོས་ཡང་དག་པ་ཞིག་དང་རོགས་རམ་ངེས་ཅན་ཞིག་བྱེད་ཐུབ་པར། སྲོལ་རྒྱུན་རྐྱང་པའི་འབྲི་སྟངས་དང་། དེང་དུས་རྐྱང་པའི་འབྲི་སྟངས་དང་། དེང་སྲོལ་གཉིས་ཀྱི་ལམ་ནས་འབྲི་སྟངས་སོགས་ཐབས་ལམ་གང་ཞིག་སློབ་ཕྲུག་གི་འབྲི་རྩལ་ལ་ནུས་པ་ལྡན་པ་དང་རན་པ་ཡིན་མིན་ཁྱེད་ཀྱི་ཐུགས་བསམ་གཏོང་མྱོང་ངམ། མྱོང་ན་གང་ཞིག་ལེགས་པ་དང་རྒྱུ་མཚན་ཅི་ཞིག་ལ་བསྟེན་དེ་ལྟར་བྱུང་བ་སོགས་ཀྱི་དྲི་བ་འདི་དག་སློབ་ཕྲུག་ཅིག་གི་འབྲི་རྩལ་ཡར་རྒྱུས་སུ་གཏོང་མཁན་གྱི་དགེ་རྒན་རྣམས་ཀྱི་ཐུགས་ལ་ངེས་པར་དུ་ཤར་དགོས་པ་ཡིན།
རྩོམ་ཡིག་ཅེས་པ་དེ་ག་འདྲ་ཞིག་ཡིན་མིན་དང་དེ་ཇི་ལྟར་འབྲི་དགོས་མིན་རྩོམ་ཡིག་ཅིག་མ་བྲིས་པའི་སྔོན་ལ་བསམ་བློ་ག་འདྲ་ཞིག་གཏོང་དགོས་པ་དང་། སློབ་ཕྲུག་ལ་ཡང་རྩོ་ཡིག་ནང་ལས་སོགས་འབྲི་རུ་འཇུག་སྐབས་ལམ་སྟོན་བཀོད་མངགས་ཇི་ལྟར་བྱེད་དགོས་སྐོར་དང་། དེ་ལྟར་བྱེད་པ་ལ་ཐབས་ཤེས་དང་ཐབས་ལམ་གང་ཡོད་སོགས་སྐབས་སྟུན་གྱི་ལམ་སྟོན་དཔྱིས་ཕྱིན་པ་ཞིག་བྱེད་དགོས་མོད། དགེ་རྒན་རང་ཉིད་ལ་ཡང་དེ་ཙམ་གྱི་ཆ་རྒྱུས་དང་མཉམ་མྱོང་ཅི་ཙམ་ཡོད་མེད་དྲི་པ་ཞིག་ཡིན་པ་མ་ཟད། རྩོམ་ཡིག་ཅེས་པའི་གོ་དོན་དང་སྒྲ་བཤད་ཙམ་འཇོག་ཤེས་མཁན་དང་མ་ཤེས་མཁན་གྱི་དགེ་རྒན་སློབ་ཚན་གཞན་གྱི་དགེ་རྒན་ཕར་ཞོག་སྐད་ཡིག་འཁྲིད་མཁན་གྱི་ཨིན་བོད་དགེ་རྒན་དག་གི་ནང་ན་ཡང་གྲངས་ཁ་བརྒྱག་དགོས་བྱུང་ན་ཤིན་ཏུ་ཉུང་བ་མ་ཟད་རྩོམ་ཡིག་ཐར་ཐོར་རེ་དྲ་ལམ་དང་ཚགས་པར་སོགས་ཀྱི་ཐོག་བཀོད་མྱོང་ཡོད་པའི་དགེ་རྒན་ཚོ་ལ་ཡང་རྩོམ་ཡིག་སྐོར་ལ་ཤེས་ཚད་ཅུང་ཞན་སྟབས་ངེས་པར་དུ་དགེ་རྒན་རང་ཉིད་རྩོམ་ཡིག་ལ་མཁས་པར་མ་གྱུར་ཀྱང་དེ་ལ་མྱོང་བ་ཟབ་མོ་ཞིག་དགོས་ངེས་ཡིན་པ་སྨོས་མ་དགོས།
འབྲི་ཐབས་ལམ་སྟོན་བྱེད་སྟངས།
དེང་སང་དགེ་རྒན་འགའ་རེས་རྩོམ་ཡིག་ཇི་ལྟར་འབྲི་སྟངས་སོགས་མི་བསླབ་པར་ཁ་བྱང་ཡང་སློབ་ཕྲུག་གི་གོ་བ་ལེན་ཐུབ་ལ་མི་ཐུབ་ལ་ཞིག་སྤྲད་ནས་འདིའི་སྐོར་རྩོམ་ཡིག་ཅིག་བྲིས་ཞེས་ནང་ལས་སོགས་བཀོད་པ་ནི་ཤིན་ཏུ་ནས་མི་འོས་ཏེ། རྩོམ་ཡིག་ཅིག་འབྲི་རུ་འཇུག་པ་ལ་དང་པོ་ལམ་བསྟོན་སོགས་ཁ་གང་གསལ་གསལ་དང་ཁ་བྱང་དེ་ཡང་སློབ་ཕྲུག་གིས་གོ་བ་ལེན་ཐུབ་པ་ཞིག་ཡིན་དགོས། དཔེར་ན་དྭངས་གསལ་ཆུ་ཡི་ནང་གི་རྡེའུ་མཐོང་སླ་བ་ལྟ་བུ་ཞིག་དགོས། རྩོམ་ལུས་ཀྱང་བཅད་ལྷུག་སྤེལ་མ་གང་ཡིན་དགོས་མིན་དང་། དེ་ཡང་གནའ་དེང་གང་གི་ལུགས་གང་ལྟར་འབྲི་སྟངས་སོགས་སློབ་ཕྲུག་གི་བློ་དང་གནས་ཚུལ་དང་ཤིན་ཏུ་མཐུན་པ་མ་ཟད། མགོ་མཇུག་བར་གསུམ་གྱི་འབྲི་སྟངས་ཆ་ཚང་བ་ཞིག་དགེ་རྒན་རང་ཉིད་ཀྱི་ལམ་སྟོན་བྱེད་དགོས་པ་ཡིན། དེ་ལྟར་བྱུང་ཚེ་སློབ་ཕྲུག་དེའི་འབྲི་རྩལ་གྱི་ནུས་པ་དབྱར་གྱི་མཚོ་མོ་བཞིན་རྒྱས་ཤིང་ཡར་དངོས་ཟླ་ལྟར་འཕེལ་བ་ལ་སུས་ཀྱང་དོག་པ་བྱེད་དགོས་པའི་གནས་ཡོད་མ་ཡིན།
དགེ་རྒན་གྱིས་མཁས་ཉམས་སྟོན་པ་ནི་མི་འོས་སོ། །
སྐབས་རེ་དགེ་རྒན་འགའ་རེས་རང་ཉིད་རྩོམ་ཡིག་སོགས་ལ་མཁས་ཉམས་སྟོན་ཕྱིར་རྩོམ་ཡིག་གོ་རྒྱུ་ཡོད་ལ་མེད་ལ་རེ་རང་གིས་བྲིས་པ་དང་གཞན་གྱིས་བྲིས་པ་ལ་འགྲེལ་བཤད་རྒྱག་ཐུབ་ལ་མི་ཐུབ་པའི་ངང་ནས་གང་བྱུང་མང་བྱུང་མང་དག་ཅིག་བཤད་ནས་དུས་ཚོད་རྫོགས་པར་བྱས་བ་མ་ཟད་སློབ་ཕྲུག་རྣམས་ཀྱི་མགོ་བོ་ཡང་རྨོངས་བར་བྱས་ནས། རྩོམ་ཡིག་ཅེས་པ་ནི་ཤིན་ཏུ་གོ་དཀའ་བ་དང་། སློབ་སྦྱོང་གི་ཚད་མཐོ་བོ་སླེབས་ན་མ་གཏོགས་གོ་བ་ལེན་དཀའ་བ་མ་ཟད་འབྲི་ཡང་མི་ཤེས་པ་ལ་སོགས་པའི་ཚོར་བ་སྦྱིན་ནས་ལམ་ལོག་པར་འཁྲིད་མཁན་གྱི་དགེ་རྒན་རྣམས་ཀྱི་ཐུགས་གཟབ་གནང་ན་མ་གཏོགས་རང་ཉིད་ཀྱང་འདི་ཕྱི་གཉིས་མེད་འགྱུར་ཉེན་ཡོད་པས་ཐུགས་གཟབ་གང་ལེགས་གནང་དགོས་པ་ཡིན།

འབྲི་རྩལ་ཞེས་པ་དེ་ཇི་ལྟར་སྦྱང་དགོས་མིན་གྱི་སྐོར་གླེང་པ།
དེ་ཡང་སློབ་དཔོན་ཐོན་མིའི་སུམ་ཅུ་པར། འབྲི་དང་ཀློག་དང་བཤད་རྣམས་ཀྱི་ཞེས་སོགས་གསུངས་བ་བཞིན། སྐད་ཡིག་ཅེས་པའི་ཡིག་འབྲུ་གཉིས་པོ་འདིའི་དོན་བདེ་བླག་ཏུ་རྟོགས་པའམ་ཁུངས་སུ་ཆུད་པར་བྱེད་པ་ལ་ངེས་པར་དུ་ཐབས་ལམ་བཞི་སྟེ། བྲི་རྩལ་དང་ཀློག་རྩལ། དག་ཆ་དང་ཉན་རྩལ་བཅས་བཞི་བོ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ལམ་འདི་ལ་བསྟེན་ནས་སྐད་ཡིག་ཅེས་པ་སྦྱང་དགོས་པ་ཡིན་ན་ངེས་པར་དུ་འདི་བཞི་ལ་སྦྱང་བ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་ནི་མེད་དུ་མི་རུང་པའི་ཐབས་ཤེས་བླ་ན་མེད་པ་དེ་ཡིན་པས་ཡིད་ཀྱི་དབུས་སུ་བཅངས་པར་བྱས་ནས་སྦྱང་དགོས་སོ། །
རྩོམ་ཡིག་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ་ཡིན་པར་བརྗོད་པ།
མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། ། སྙན་ངག་མཁན་ཚེ་བདེ་གཤེགས་རྩྭ་མཆོག་ལ། ། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། ། ཞེས་གསུངས་པ་ལྟར་སྟོན་པས་ཀྱང་། སྔོན་བྲམ་ཟེ་ཁྱེའུར་གྱུར་སྐབས་སངས་རྒྱས་ལ་བསྟོད་པ་བྱས་པས། བསྐལ་བ་བཞི་ཁྲིའི་ཚོགས་འདུམས་པར་གསུངས་པས། སྙན་ངག་དང་རྩོམ་ཡིག་སོགས་ཀྱི་འབྲི་རྩལ་ལ་དོ་སྣང་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ་ཚེ་འདི་དང་ཕྱི་མ་གཉིས་ཀྱི་དོན་རླབས་པོ་ཆེ་བསྒྲུབ་པར་བྱེད་པ་ལ་རྩོམ་ཡིག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དེ་ཤེས་ན་ཆོས་དང་འཇིག་རྟེན་གཉིས་ཀྱི་ལུགས་མཐའ་དག་དང་རིགས་པའི་གནས་སོགས་སམ་གནང་དེང་གི་ཤེས་བྱ་ཐབས་ཅད་ལ་འཇུག་པར་སླ་ཞིང་ལམ་ཡང་པར་འགྱུར་པས་དེ་ལ་ཅི་ནས་ཀྱང་བརྩོམ་པར་བྱེད་དགོས་སོ། །
རྩོམ་ཡིག་ཅེས་པ་ནི་ཇི་འདྲ་ཞིག་ཡིན་མིན་བཤད་པ།
རྩོམ་ཡིག་ཅེས་པ་ནི་ཇི་འདྲ་ཞིག་ཡིན་ནམ་ཟེར་ན། སྤྱི་བཏང་རྩོམ་ཡིག་ནི་འགྲོ་བ་མིའི་རིག་གི་སེམས་ནང་གི་འཚོར་བ་ཞིག་སྟེ། དགའ་སྐྱོ་ཆགས་སྡང་སོགས་སྙན་འཇེབས་ལྡན་པའི་ཚིག་གི་སྡེ་སྦྱོར་དག་ཡིག་ཐོག་ལ་བྲིས་པ་ཞིག་གམ། མཐོང་ཐོས་མྱོང་གསུམ་སོགས་བརྗོད་པར་འདོད་པའི་དོན་གནད་དག་ཡིག་གེར་ཚིག་སྦྱོར་སོགས་ཀྱི་མཛེས་པར་བྱས་ནས་བཀོད་པ་ཞིག་ལ་ཟེར།
འབྲི་རྩལ་ཇི་ལྟར་ཡར་རྒྱས་སུ་གཏོང་དགོས་སམ།
སློབ་ཕྲུག་ཚོའི་འབྲི་རྩལ་གྱི་ནུས་པ་ཡར་རྒྱས་གཏོང་ཐུབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགང་ཆེན་པོ་ཞིག་ཡིན་པ་བརྗོད་མ་དགོས་པ་ཡིན། སྐད་ཡིག་དགེ་རྒན་ཞིག་གི་དངོས་ནས་བཤད་ན་སློབ་ཕྲུག་གི་འབྲི་རྩལ་ཡར་རྒྱུས་སུ་གཏོང་བར་བྱེད་པ་དེ་ནི་ཡོལ་བར་བྲལ་བའི་འགན་འཁྲིའི་གཙོ་བོ་དང་ལས་འགན་གལ་ཆེ་ཤོས་ཤིག་ཏུ་བརྩི་དགོས་པ་ཡིན་ཙང་འབྲི་རྩལ་གྱི་ཐབས་ལམ་དང་རྒྱུ་རྐྱེན་སོགས་ངོ་སྤྲོད་གང་ལེགས་བྱེད་དགོས་པ་ཡིན།
བྲི་རྩལ་ཡར་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་དཔེ་དེབ་གང་མང་བཀླགས་དགོས།
དེ་ཡང་ཇི་སྐད་དུ་དཔེ་དེབ་བརྒྱ་ཕྲག་བཀླགས་གྱུར་ན་སྨྱུག་རྩེ་ལྷ་ཡི་བསྐྲུན་པ་འདྲ་ཞེས་གསུངས་བ་བཞིན་དཔེ་དེབ་གང་མང་ལ་བལྟ་ཀློག་བྱེད་རྒྱུ་དེ་ནི་འབྲི་རྩལ་གྱི་ནུས་པ་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན། སྦྲང་མས་མེ་ཏོག་འདྲ་མིན་གྱི་སྟེང་ནས་སྦྲང་བརྩི་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བཞིན། ང་ཚོས་ཀྱང་གནའ་དེང་རྩོམ་པ་པོ་གྲགས་ཅན་རྣམས་ཀྱི་བརྩམས་ཆོས་རྣམས་ལ་བལྟ་ཀློག་བྱས་ནས་དེ་དག་གི་བརྩམས་ཆོས་ཀྱི་ཚིག་གི་འགྲོས་དང་བརྗོད་བྱ་དང་བརྗོད་བྱེད་སོགས་ཀྱི་སྙིང་བཅུད་རྣམས་ཕྱོགས་གཅིག་བསྡུས་ནས་ལེན་ཐུབ་པ་བྱ་དགོས། དེ་ལྟར་བྱས་ནས་གང་མཚམས་ཤིག་ནས་ང་ཚོ་ཡང་ཁོང་ཚོ་ལྟར་མི་རིང་བར་སྨྱུ་གུ་འཛིན་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ཆགས་པ་ལ་ཐེ་ཚོམ་སོགས་གང་ཡང་བྱེད་དགོས་དོན་མེད།
སྤྱི་ཚོགས་ལ་རྒྱུས་མངའ་ཕུན་སུམ་ཚོགས་པ་དགོས།
གལ་ཏེ་ཁྱེད་ཀྱི་རྩོམ་ཡིག་ཕུན་སུམ་ཚོགས་པ་ཞིག་འབྲི་འདོད་ན་སྤྱི་ཚོགས་ལ་རྒྱུས་མངའ་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་པ་ཡིན། དེ་ལྟར་མ་བྱུང་ཚེ་གང་འབྲི་འདི་འབྲི་མེད་པར་འགྱུར་འགྲོ་བ་དང་། མཐར་དོན་གྱི་སྙིང་པོ་མི་གསལ་བར་ཚིག་གི་ལོ་མས་ཁེངས་འགྲོ་སྟབས་སྤྱི་ཚོགས་ལ་རྒྱུས་མངའ་མང་ཙམ་དང་མཉམ་ཞིབ་མང་ཙམ་གནང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན།
ཁྱེད་རང་དུས་རྒྱུན་དུ་གནས་གང་ཞིག་ཏུ་ཕྱིན་པ་དང་གང་ཞིག་ཏུ་བྱ་དངོས་སོགས་དང་འབྲེལ་པའི་མཐོང་ཐོས་མྱོང་གསུམ་གང་བྱུང་བ་རྣམས་ཡིག་ཐོག་གམ་ངག་ཐོག་སོགས་སུ་དྲན་པ་མི་བརྗེད་པའི་ཆེད་བརྗེད་ཐོ་བཀོད་པ་དང་ཟིན་བྲིས་སུ་བཀོད་པ་སོགས་བྱེད་དགོས་པ་ཡིན།
དུས་རྒྱུན་དུ་ནས་རི་ཆུ་ལུང་གསུམ་སོགས་འཇིག་རྟེན་འདིའི་སྒང་གི་ཅ་དངོས་གང་ཞིག་ཡིན་ཡང་དེ་ཁྱད་ཆོས་སོགས་དང་དབྱིབས་དང་ཁ་དོག བཟོ་ལྟ་རིང་ཐུང་ལ་སོགས་པ་དང་། མཐའ་ན་ཁྱོད་ཀྱིས་མི་ཞིག་དང་མཉམ་དུ་སྐད་ཆ་འགའ་ཤས་ཤིག་བཤད་ན་ཡང་དེའི་སྐབས་ཀྱི་རྣམ་འགྱུར་སྟོན་སྟངས་དང་སྐད་ཆ་བཤད་སྟངས་ལག་བརྡ་བྱེད་སྟངས་སོགས་ལ་དོ་སྣང་ངེས་པར་དུ་བྱེད་དགོས་པ་ཡིན་དེ་ལྟར་བྱས་ཚེ། རྗེས་མ་ཁྱེད་ཀྱི་རྩོམ་ཡིག་ཅིག་འབྲི་དགོས་ཚེ་ཁྱེད་རང་རྒྱུ་ཆའི་ཕྱུག་པའི་རྩོམ་པ་པོ་ཞིག་ཆགས་པར་ཕན་རླབས་ཆེ་པོ་ཡོད། རྩོམ་པ་པོ་གྲགས་ཅན་རྣམས་ཀྱིས་ཀྱང་ལམ་ཁ་འདི་ལ་རྒྱུད་ནས་སྤྱི་ཚོགས་སོགས་ལ་དོ་སྣང་དང་རྒྱུས་མངའ་གནང་བ་ལ་བརྟེན་ནས་རྩོམ་ཡིག་ཕུན་སུམ་ཚོགས་པ་བྲིས་བ་སོགས་ཀྱང་རྒྱུ་རྐྱེན་གཙོ་བོ་འདི་ཡིན་ན། དོན་དེ་ཡིད་ལ་ངེས་པར་དུ་བཅངས་དགོས་པ་ཡིན།
རྩོམ་ཡིག་ལ་དགའ་སྣང་དང་དབྱིངས་ཡོད་པ་ཞིག་ཡིན་དགོས།
རྩོམ་ཡིག་ཅེས་པ་དེ་གློ་བུ་དུ་འབྲི་ཆོག་ཆོག་ཅིག་མིན་སྟབས་དེ་ལ་དུས་རྒྱུན་དུ་ནས་རྩོམ་ཡིག་ལ་དོ་སྣང་དང་དབྱིངས་ཡོད་པ་ཞིག་བྱེད་དགོས་པ་ཡིན། གཞན་གྱིས་བྲིས་པའི་རྩོམ་ཡིག་བཀླག་པ་དང་དེ་དང་འབྲེལ་པའི་སྐོར་ལ་གྲོས་བསྡུར་དང་ལེགས་ཉེས་གང་ཡོད་སོགས་ཀྱི་སྐོར་ལ་ཡང་ཡང་ལྟ་ཀློག་བྱེད་པ་དང་སྒྲོ་འདོགས་ཆོད་པ་བྱེད་དགོས་པ་ཡིན། དེ་ཡང་ཉིན་གཅིག་གཉིས་རེ་དང་མཚམས་མཚམས་ལ་རྩོམ་ཡིག་སོགས་ལ་ལྟ་ཀློག་བྱས་པ་ཙམ་གྱིས་རྩོམ་ཡིག་གི་འཁོར་ཡུག་དང་དེའི་བྲོ་བ་ངོ་གནས་དེ་མྱོང་བར་ཅུང་རྒྱང་ཐག་རིང་བ་ཡིན་པས། དུས་རྒྱུན་དུ་ནས་དོ་སྣང་དང་འབད་བརྩོན་བྱེད་དགོས་པ་ཡིན།
འབྲི་རྩལ་གྱི་ལེགས་ཉེས་ཇི་ལྟར་བལྟ་དགོས་པ།
དེ་ཡང་རྩོམ་ཡིག་ཇི་ལྟར་བྲིས་ཡོད་མེད་དང་དེའི་རྣམ་དཔྱོད་དང་རིག་པའི་རྩལ་གྱི་ནུས་སྟོབས་དང་། མགོ་མཇུག་བར་གསུམ་སོགས་ཇི་ལྟར་འབྲི་སྟངས་ཀྱི་ཐབས་ཤེས་དང་འཚོ་བའི་རྒྱུ་ཆ་འཚོལ་བསྡུ་བྱེད་སྟངས། བརྩེ་དུང་དང་གསར་གཏོད་ཀྱི་ནུས་པ་བེད་སྤྱོད་བྱེད་སྟངས་སོགས་རྩོམ་ཡིག་ཏུ་བཀོད་སྟངས་བྱང་ཆུབ་པ་ཞིག་བྱུང་ཡོད་མེད་སོགས་ལ་བརྟག་དགོས་སོ། ། མཇུག་བསྡུ་པའི་ཚུལ་དུ་སྨྲས་པ།
མདའ་མདོང་ཕུབ་སོགས་ལུས་ལ་མ་ཐོགས་པར། ། དཔའ་རྒོད་ངར་ནས་གཡུལ་དུ་ཕྱིན་པ་བཞིན། །
གནའ་དེང་རྩོམ་གྱི་གཞུང་ལུགས་མ་ཤེས་ན། ། ལག་འཁྱེར་ཅི་ཙམ་མཐོ་ཡང་ཕན་འབྲས་ཅི། །
སརྦམངྒལཾ། ། ། །